དགྱེས་པ་རྡོ་རྗེའི་མངོན་རྟོགས་ཚིགས་བཅད་མ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དགྱེས་པ་རྡོ་རྗེའི་མངོན་རྟོགས་ཚིགས་བཅད་མ་བཞུགས་སོ། །[1]

༄༅། །ན་མོ་ཤྲཱི་ཧེ་བཛྭ་ཡཱ། གང་ཞིག་ཟག་མེད་མཉེས་ཀྱང་ཟག་པ་ཅན་ལ་རྗེས་ཆགས་མཛད། །ཐུགས་རྗེ་ཆེ་མངའ་རྒྱལ་བ་མཆོག་གིས་རིམས་བཞིན་དབང་བསྐུར་ཞིང་། །རྡོ་རྗེའི་ཚིག་དོན་མངོན་དུ་མཛད་པས་རིམ་གཉིས་མཐར་ཕྱིན་པ། །བླ་མ་དམ་པ་རིན་ཆེན་ཞབས་པད་གུས་པས་ཕྱག་འཚལ་ལོ། །ལུས་ཀྱི་འཆིང་བ་གཅོད་བྱེད་གཟུགས་སྐུའི་འབྲས་འབྱིན་པ། །དགྱེས་པའི་རྡོ་རྗེ་དཔལ་ལྡན་བསྒྲུབ་ཐབས་གསལ་བར་བྱ། །དང་པོར་རེ་ཤིག་བསྒྲུབ་པ་པོ། །དབང་ཐོབ་དམ་ཚིག་སྡོམ་ལྡན་པས། །གནས་ནི་གང་དུ་བསྔགས་པའི་སར། །བདེ་བའི་སྟན་ལ་འདུག་བྱས་ཏེ། །ཁྲག་འཐུང་དཔལ་གྱི་ང་རྒྱལ་གྱི། །ཐ་མལ་ལུས་ཀྱི་མངོན་ཞེན་བཟློག །ཁ་ལག་བདུད་རྩིའི་རི་ལུས་སྦྱང་། །ཡིད་དང་ངག་ཀྱང་རབ་དག་ནས། །རང་གི་སྙིང་ཁར་རེ་པ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ནོ། །འོད་འཕྲོས་ནམ་མཁར་རྗེ་བཙུན་ནི། །བླ་མ་དང་བཅས་དཀྱིལ་འཁོར་བསམ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་སྤྲོས་ལ་མཆོད།། རི་ཁྲོད་མས་ནི་རོ་སྣ་ཚོགས། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །རེག་བྱ་གཟུགས་དང་དྲི་སྣ་ཚོགས། །ནམ་མཁའི་ཁམས་ཁྱབ་རྣམ་པར་སྤྲོ། །དཀར་མོས་རི་དྭགས་མཚན་མ་འཛིན། །ཆོམ་ཀུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་དྲི་ཆུའི་བདག །གྷ་སྨ་རི་ནི་སྨན་འཛིན་ཅིང་། །པུ་ཀ་སི་ནི་དབུས་གནས་བཅུད། །འཛིན་པ་རྣམས་ཀྱི་གཙོ་བོ་མཆོད། །བདེ་བ་ཆེན་པོ་རྗེས་ཆགས་པས། །གཡུང་མོ་སྐུ་ལ་འཁྱུད་པ་ཉིད། །དེ་ལྟར་བླ་མ་སངས་རྒྱས་མཆོད། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང་། །སངས་རྒྱས་བྱང་ཆུབ་ཡིད་ལ་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱི་སྟེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་མགྲོན་ཀུན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་བསྒོམ་བྱ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐའ་མར་བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །མཆོད་བྱ་མཆོད་བྱེད་བསྡུས་ཏེ་བསྒོམ། །ཨོཾ་ཤུ་ནྱ་ཏ་ཛྙྱ་ན་བཛྭ་ན་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ། །སྐྱེ་བ་མེད་པའི་སྦྱོར་བ་ཡིས། །སྐྱེ་བ་འདིར་ནི་རབ་གྲགས་ཏེ། །དཔའ་བོས་བདེན་བརྫུན་རྣམ་སྤྱད་པས། །བརྟགས་པས་ཉེ་བར་བརྟག་མི་བྱ། །རེ་པས་ཉི་མ་རྣམས་བསྒོམས་ནས། །ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེའི་ར་བ་གྲུ་བཞི་སྟེ། །མཚམས་བཅིང་པ་ཡང་རྣམ་པར་བསྒོམ། །ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ། །འཇིག་དུས་ལྟ་བུའི་མེ་དཔུང་གིས། །ཕྱོགས་བཅུར་བགེགས་ཀྱི་ཚོགས་རྣམས་བསྲེག །དེ་མ་ཐག་པར་རྡོ་རྗེའི་དབུས། །ཆོས་འབྱུང་ཁ་དོག་སྣ་ཚོགས་པ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་དཀྱིལ་འཁོར་བསྒོམ། །ཡྃ་ལས་གཡོ་བ་སྔོན་པོའི་དབུས། །རྃ་ལས་མེ་ཡི་དཀྱིལ་འཁོར་དམར། །བྃ་ལས་ཆུ་ཡི་དཀྱིལ་འཁོར་དཀར། །ལྃ་ལས་དབང་ཆེན་གསེར་གྱི་མདོག །བྷྲུྃ་ལས་འཁོར་ལོ་དཀར་པོ་སྟེ། །བདག་གི་རྣམ་ཤེས་ན་ད་ལས། །འོད་ཟེར་ཐིགས་པ་རབ་འཕྲོས་ཏེ། །ཞུ་བ་ལས་ནི་གཞལ་མེད་ཁང་། །གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །རེ་ག་ལྔ་དང་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རྡོ་རྗེ་སྲད་བུས་རྣམ་པར་སྤྲས། །དོ་ཤལ་དོ་ཤལ་ཕྱེད་པས་འཕྱང་། །ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར། །སྣ་ཚོགས་འོད་ཀྱིས་ཡང་དག་འཁྲུགས། །ལྟེ་བར་པད་མ་འདབ་བརྒྱད་དབུས། །བདུད་བཞིའི་རོ་ནི་གནས་པ་སྟེ། །ཤར་ལྷོ་ནུབ་བྱང་མཚམས་རྣམས་སུ། །ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐག་བཟང་རིས། །གྷོ་རི་མ་ལ་སོགས་པའི་གདན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནི་ལ་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ། དེ་ནས་ཨ་ལི་ཀ་ལི་ལས། །ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སོ་སོར་རྟོག་པར་བརྗོད། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོ་འཇིགས་ཆེན་པོ། །སྤྲོ་བསྡུ་དོན་བྱས་ཞུ་བ་ལས། །བྱ་བ་ནན་ཏན་ངོ་བོ་ཉིད། །རྫོགས་པ་ཆོས་དབྱིངས་རང་བཞིན་དུ། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཡང་ན་སྔོ་དང་ཉི་མའི་མདོག །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་ལ་འཇིགས་པ་པོ། །བདག་མེད་མས་ནི་མགུལ་ནས་འཁྱུད། །དགའ་བ་གཉིས་གཉིས་སྙོམས་འཇུག་པའི། །མཁའ་དབྱིངས་པྃ་དང་ཨྃ་ལས་ནི། །རྡོ་རྗེ་ཆུས་སྐྱེས་མཛེས་པ་ཡི། །རྗེས་སུ་མཐུན་པར་བསྐྱེད་པར་བྱ། །ཨོཾ་བཛྭ་མ་ཧཱ་དྷེ་ཤ་ཙ་ཏུ་ར་ནན་ཏ་ཡ་ཀ་ཁ་ཁ་མུ་ཁཱ་ཀ་ར་སོ་ན་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀ་ཏྱྃ་ཀུ་རུ་ཤ་མེ། ཨོཾ་པད་མ་སུ་ཁྃ་དྷ་ར་མ་ཧཱ་ར་ཁཱ་སུ་ཁྃ་དྷ་ར་ཙ་ཏུ་ར་ཨ་ནན་ཏ་བི་ཀ་ས་ཧཱུྃ་ཧཱུྃ་ཧཱུྃ་ཀ་རྻྃ་ཀུ་རུ་ཤ་མེ། དེ་ལྟར་ལན་གཅིག་མཉམ་སྦྱོར་བས། །ཕྱོགས་བཅུའི་རྒྱལ་བ་ཀུན་བསྡུས་ནས། །རྦ་རླབས་མེད་པའི་བདེ་བ་ཐོབ། །རློམ་སེམས་མེད་པའི་རང་བཞིན་ཅན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ། གྲོང་ཁྱེར་ཉམས་དགར་རོལ་པ་ལས། །ཐིག་ལེ་ལས་བྱུང་ཡི་གེ་ནི། །གྷྃ་ཙྃ་བྃ་གྃ །པྃ་ཥྃ་ལྃ་ཌྃ། འདི་ཡི་ས་བོན་ཕྱུང་བ་དང་། །བདག་མེད་བྷ་གའི་དཀྱིལ་འཁོར་ནས། །གྷྃ་ལས་བྱུང་བའི་གྷོ་རི་ནི། །ནག་མོ་གཡས་ན་གྲི་གུག་སྟེ། །དེ་བཞིན་གཡོན་ན་རོ་ཧི་ཏ། །ཤར་གྱི་སྒོ་རུ་ཕྱུང་ནས་གནས། བསྲུབ་དང་བསྲུབ་པའི་སྦྱོར་བ་ལས། །ཙྃ་ལས་བྱུང་བའི་ཆོམ་རྐུན་མའི། །བཙོད་ཀྱི་ཁ་དོག་གཡས་ཅང་ཏེའུ། །གཡོན་པའི་ཕྱག་ན་ཕག་པ་ཉིད། །ཕྱུང་ནས་ལྷོ་ཡི་སྒོ་ཕྱོགས་སུ། །བྷོ་ལ་ཀ་ཀྐོ་ལ་སྦྱོར་བས། །བྃ་ལས་བྱུང་བའི་རོ་ལངས་མ། །གསེར་མདོག་གཡས་ན་རུ་སྦལ་ཏེ། །གཡོན་པ་པད་མའི་སྣོད་འཛིན་པ། །ཕྱུང་ནས་ནུབ་ཀྱི་སྒོ་རུ་ནི། །བདུད་འཇོམས་མ་ནི་རྣམ་པར་གནས། །དགའ་བ་ཆེན་པོའི་སྙོམས་འཇུག་ལས། །གྷྃ་ལས་བྱུང་བའི་གྷ་སྨ་རི། །མར་གད་མདོག་ཅན་གཡས་ན་སྦྲུལ། །གཡོན་པས་རྣལ་འབྱོར་ལྷུང་བཟེད་ཉིད། །འཛིན་པ་ཕྱུང་ནས་བྱང་གི་སྒོར། །འཇིགས་པའི་གཟུགས་ཅན་མ་ཉིད་གནས། །དེ་བཞིན་པྃ་ལས་པུ་ཀ་སི། །དབང་སྔོན་མདོག་ཅན་གཡས་སེང་གེ །གཡོན་པ་དགྲ་སྟ་འཛིན་པ་ཉིད། །དྲག་གཟུགས་མ་ནི་དབང་ལྡན་མཚམས། །ཡང་ནི་ཥྃ་ལས་རི་ཁྲོད་མ། །ཟླ་བའི་འོད་ཅན་གཡས་དགེ་སློང་། །གཡོན་པ་བསིལ་བྱེད་འཛིན་པ་ནི། །འཚེད་པའི་མཚམས་སུ་ལེགས་པར་དགོད། །དེ་བཞིན་ལྃ་ལས་གདོལ་པ་མོ། །སྔོ་བསངས་གཡས་ན་འཁོར་ལོ་སྟེ། །གཡོན་པས་ཐོ་བ་དེ་བཞིན་ནོ། །སྲིན་པོའི་མཚམས་སུ་རྣམ་པར་གནས། །དེ་ལྟར་ཌྃ་ལས་གཡུང་མོ་ནི། །སྣ་ཚོགས་མདོག་ཅན་རྡོ་རྗེ་གཡས། །གཡོན་པ་ཡིས་ནི་སྡིག་མཛུབ་མཛད། །རླུང་གི་མཚམས་སུ་བཀོད་ནས་ནི། །ཐམས་ཅད་དཀྱིལ་ཀྲུང་ཕྱེད་པའི་གར། །སྣ་ཚོགས་བརྒྱན་རྣམས་ཀུན་གྱིས་མཛེས། །མ་མོའི་དཀྱིལ་འཁོར་རབ་རྫོགས་ནས། །དེ་ནས་རྡོ་རྗེ་ཆགས་ཆེན་ལ། །ན་ད་ཉེ་བར་ཞུགས་གྱུར་པས། །རིག་མར་བཅས་པ་ཁུ་བར་གྱུར། །དེ་ཚེ་ཚད་མེད་བཞི་ལྡན་པའི། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །མྱུར་བར་ལྷ་མོ་རྣམས་ཀྱིས་བསྐུལ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུ་ཀ་སི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་འདོད་པར་སྦྱོར། །ཁྱོད་མེད་ན་ནི་བདག་འགུམ་པས། །དགྱེས་པ་རྡོ་རྗེ་ཁྱོད་བཞེངས་ཅིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅིང་། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །དེ་ནས་ཨོཾ་ཧཱུྃ་རྡོ་རྗེ་འཆང་། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་རྡེབས་པ་དང་། །ལྷ་དང་ལྷ་མིན་སྡིགས་པར་མཛད། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཚངས་པ་དབང་ཕྱུག་ཁྱབ་འཇུག་དང་། །བརྒྱ་བྱིན་ལ་སོགས་བདུད་བཞི་མནན། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ནི། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ན་ནི་ཀུན་ད་མཚུངས། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །ལྷག་མའི་ཞལ་ནི་བུང་བ་བཞིན། །སྤྱན་ནི་ཉི་ཤུ་རྩ་བཞིས་ཆེ། །བཅུ་དྲུག་རང་བཞིན་སྟོང་ཉིད་ཕྱག །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །ནད་རྣམས་སེལ་བར་མཛད་པའི་ཕྱིར། །གཡས་ཀྱི་ཐོད་པ་བརྒྱད་ན་འཛིན། །ས་དང་ཆུ་དང་རླུང་དང་ནི། མེ་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་དག །དབང་ཕྱུག་ཡོན་ཏན་རྩོལ་བའི་ཕྱིར། །གཡོན་པའི་ཐོད་པ་བརྒྱད་ནའོ། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཁ་དོག་ནག་པོ་འཇིགས་པ་པོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ནས་ཧཱུྃ་སྤྲོ་ཞིང་། །ཐལ་བས་ལུས་ལ་བྱུགས་པ་དང་། །འཁོར་ལོ་རྣ་ཆ་ནོར་བུ་དང་། །ལག་གདུབ་དང་ནི་སྐ་རགས་ཉིད། །ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །སྒེག་པ་དཔའ་བོ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་རུང་པ། །སྙིང་རྗེ་རྔམ་ཞིང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །བདག་མེད་མ་ནི་མདུན་བཞུགས་ཏེ། །ཞལ་གཅིག་མ་ལ་ཕྱག་གཉིས་མ། །གཡས་ན་གྲི་གུག་གཡོན་ཐོད་ཁྲག །སྐུ་མདོག་ནག་ཅིང་ཆེར་འབར་མ། །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །གྷོ་རི་ལ་སོགས་ལྷ་མོ་ཀུན། །སྔ་མ་བཞིན་དུ་གསལ་བར་བསྒོམ། །སངས་རྒྱས་གྲོང་ཁྱེར་ཉམས་དག་པར། །རྫོགས་ནས་ཡན་ལག་རྣམ་པར་བསྒོམ། །མིག་ལ་གཏི་མུག་རྡོ་རྗེ་མ། །མྃ་ལས་བྱུང་བའི་ཁ་དོག་ནག །རྣ་བར་ཞེ་སྡང་རྡོ་རྗེ་མ། །ས་བོན་དྷྃ་ལས་ཁ་དོག་དམར། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཨཾ་ལས་སྐྱེས་པ་ཁ་དོག་སེར། །ལྕེ་ལ་འདོད་ཆགས་རྡོ་རྗེ་མ། །ཡི་གེ་རྃ་ལས་ཁ་དོག་ལྗང་། །རེག་ལ་ཕྲག་དོག་རྡོ་རྗེ་མ། །སཾ་ལས་དབང་པོ་སྔོན་པོའི་མདོག །ཡིད་ལ་བདག་མེད་རྣལ་འབྱོར་མ། །ནྃ་ཡིག་ལས་བྱུང་བཅོམ་ལྡན་མདོག །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ། །གྲི་ཐོད་ཕྱག་རྒྱ་ལྔ་ཡིས་བརྒྱན། །སྤྱི་བོར་ཨོཾ་ལས་སྐྱེས་པ་ཡིས། །སྐུ་ཡི་རྡོ་རྗེ་ཟླ་བའི་མདོག །མགྲིན་པར་ཨཿལས་གསུང་རྡོ་རྗེ། །དམར་པོ་ཉི་མའི་འོད་ལྟར་གསལ། སྙིང་ཁར་ཧཱུྃ་ཡིག་ལས་བྱུང་པ། །ཐུགས་ཀྱི་རྡོ་རྗེ་ནམ་མཁའི་མདོག །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །རང་རིག་ཡུམ་གྱིས་སྐུ་ལ་འཁྱུད། །རྡོ་རྗེ་དྲིལ་བུ་འཛིན་པའོ། །ཐུགས་ཀྱི་རྡོ་རྗེའི་ཐུགས་ཀ་རུ། །རྩེ་ལྔ་ཧཱུྃ་གིས་མཚན་པ་ལ། །འོད་ཟེར་དྲ་བ་འཕྲོ་བ་བསྒོམ། །དེ་ལས་འོད་འཕྲོས་སྤྲོ་བསྡུ་ཡིས། །བཅོམ་ལྡན་དཀྱིལ་འཁོར་རབ་ཏུ་གཞུག །ཨོཾ་གྷོའུ་རི་ཨ་གྷུ་ཤ་ཛ། ཙོའུ་རི་པ་ཤ་ཧཱུྃ། བེ་ཏ་ལི་པོ་ཏ་བྃ། གྷ་སྨ་རི་གྷན་དྷ་ཧོ། རྣམ་པ་བཞི་ནི་རྫོགས་པ་དང་། །དེ་མ་ཐག་ཏུ་ལྷ་དབང་བསྐུར། །ནམ་མཁའི་དཀྱིལ་འཁོར་ཁྱབ་པའི་འོད། །ས་བོན་ལས་བྱུང་ལྕགས་ཀྱུའི་དབྱིབས། །ཕྱུང་ནས་སངས་རྒྱས་ཀུན་བཀུག་སྟེ། །མ་མོ་རྣམས་ཀྱིས་ཡང་དག་མཆོད། །ཨོཾ་བཛྭ་པུཥྤེ་ཨ་ཧཱུྃ་སྭཱཧཱ། བཛྭ་དྷུ་པེ། བཛྭ་དྷི་པེ། བཛྭ་གྷན་དྷེ། བཛྭ་ནེ་པེ་ཏེ། ཨ་ཧཱུྃ་སརྦ་པན་ཙ་ཨརྨི་ཏ་པུ་ཙ་ཨ་ཧཱུྃ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མྃ། དེ་མ་ཐག་ཏུ་སངས་རྒྱས་ཀུན། །ཧེ་རུ་ཀ་ཡི་གཟུགས་ཀྱིས་ནི། །རིན་ཆེན་བུམ་པས་དབང་བསྐུར་བསམ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །གཉིས་མེད་སྦྱོར་བའི་མེ་ཏོག་ཆར། །ངག་གི་ལམ་དུ་འབབ་པར་འགྱུར། །ལྷན་ཅིག་སྐྱེས་པའི་སྦྱོར་བ་ཡིས། །གཟུགས་ཀྱི་རྡོ་རྗེ་སོགས་ཀྱིས་མཆོད། །སྤྱན་སོགས་དགའ་བའི་གླུ་ཡིས་ནི། །རྫོགས་པས་རིགས་ཀྱི་བདག་པོར་འགྱུར། །རྡོར་སེམས་མི་བསྐྱོད་རྣམ་སྣང་མཛད། །རིན་ཆེན་དཔག་མེད་གོ་རིམས་བཞིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ། །དེ་ནས་དམ་ཚིག་རྫས་སྦྱར་བ། ཡང་ན་ཡིད་ཀྱི་སྦྱོར་བ་ཡིས། །ཡྃ་ལས་རླུང་དང་རྃ་ལས་མེ། །ཐོད་པའི་སྟེང་དུ་ཨ་ལས་སྣོད། ཤ་ལྔ་བདུད་རྩི་ལྔ་དང་ལྡན། །གྷོ་ཀུ་དྷ་ཧ་ན། བྷི་མུ་མ་ར་ཤུ། ཧཱུྃ་བྷྲུྃ་ཛིཾ་ཨཱྃ་ཁྃ། སྟེང་དུ་རྡོ་རྗེ་ཟླ་བ་ནི། ཨོཾ་ཨཱཿཧཱུྃ་དང་བཅས་པ་ལས། །འོད་འཕྲོས་སྦྱངས་སྦར་བདུད་རྩིར་གྱུར། །རྡོ་རྗེའི་ལྕེ་ཡིས་མྱང་བར་བྱ། །འཕྲོ་བའི་སྦྱོར་བས་ཚིམ་པར་བྱ། །ཨོཾ་སརྦ་ཐ་ག་ཏ་ཨརྨ྄ི་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ། །དེ་མ་ཐག་པར་ལྷ་མོ་རྣམས། །སྔ་མ་ལྟ་བུར་རབ་འཕྲོས་ཏེ། །ནམ་མཁའི་ཁམས་རྣམས་ཀུན་བཀང་ནས། །མཆོད་སྤྲིན་དཀྱིལ་འཁོར་རབ་ཏུ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྭ་སྭ་བྷ་བཱ་ཨད་མ་ཀོ་ཧྃ། །གཞན་ཡང་མཁའ་འགྲོ་མ་རྣམས་ཀྱིས། །མངོན་པར་བསྟོད་པ་དུ་མ་བསམ། །ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཉིད་ནི་ཁྱོད་ཀྱི་ཐུགས་ཀྱིས་དོན་རྣམས་འགྲུབ། །རྒྱུ་དང་མི་རྒྱུའི་འགྲོ་ཀུན་དོན་བསྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་ཙམ་དུ་བསྒྲུབ་མཛད་པ། །དགྱེས་པའི་རྡོ་རྗེ་ཧེ་རུ་ལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་སྟུ་ཏི་ར་བཛྭ་སྭ་བྷ་བཱ་ཨད་མ་ཀོ་ཧྃ། སྤྲོས་ལ་དགའ་བར་གྱུར་པ་ཡིས། །ཕྱི་ནང་གསང་བའི་མཆོད་པ་ནི། །དུ་མས་མཆོད་དང་བསྟོད་པ་བྱ། །དེ་ལྟར་ཡན་ལག་དྲུག་རྫོགས་ནས། །སྐྱོ་ན་རྣམ་པར་དག་པ་བསྒོམ། །སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཡིན་ནོ། །བདུད་དག་པས་ཀྱང་ཞབས་རྣམས་བཞི། རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། དབང་པོ་དྲུག་ནི་སེམས་དཔའ་དྲུག །ཤ་ནི་པུ་ཀ་སི་ཡིན་ལ། །དེ་བཞིན་ཁྲག་ནི་རི་ཁྲོད་མ། གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་ཉིད། །ལྤགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །དེ་ནས་གཞན་ཡང་བརྗོད་པ་ནི། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བཤད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མར་གནས་སོ། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རི་རབ་གྲགས། །རེག་ལ་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ས་ནི་པུ་ཀ་སི་ཞེས་བཤད། །ཆུ་ཁམས་རྔོན་པ་མོ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེ་སྡང་ཞེས་བརྗོད་བདག་མེད་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། སེར་སྣ་གསང་བའི་དཀར་མོར་བཤད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ལྷ་མོ་རྣམས་ཀྱི་དག་པའོ། །དེ་ནས་བཟླས་པ་བྱེད་པར་འདོད་ན། ཐུགས་ཁའི་ས་བོན་ལ་འོད་ཟེར་ལས་ཀྱི་བྱེ་བྲག་དང་མཐུན་པའི་ཁ་དོག་ཅན་སྤྲོ་བ་དང་བསྡུ་བའི་སྦྱོར་བའམ། མདའི་ཤུགས་ལྟ་བུ་གང་ཡང་རུང་སྟེ། ཅི་སྲིད་མི་སྐྱོའི་བར་རམ། མཚན་མ་མ་མཐོང་གི་བར་དུ་བཟླས་སོ། །ཨོཾ་ཨཥྚ་ན་ན་ཡ། པིང་ཀཱཽ། དྷ་ཀེ་ཤ་ཝར་ཏ་མ་ན། ཙ་ཏུར་བི་ཤ་ཏི་ནཻ་ཏྲ་ཡ། ཤོ་ཌ་ཤ་བྷུ་ཛ་ཡ། ཀྲིཥྞ་ཛི་མུ་ཏ་ཝ་པུ་ཤེ་ཀ་པ་ལ་མཱ་ལ། ཨ་ཎེ་དྷ་རི་ནི། ཨ་དྷ་མ་ཏ་ཀྲུ་ར་ཙི་ཏ་ཡཱ། ཨ་དྷེན་དྷུ་དཾཥྞི་ནི། ཨོཾ་མ་ར་ཡ་མ་ར་ཡ། ཀ་ར་ཡ་ཀ་ར་ཡ། གརྫ་ཡ་གརྫ་ཡ། ཏ་རྫ་ཡ་ཏ་རྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཨ་ཏ་པཾ་ཀ་ར་ན། བྷན་དྷ་བྷན་དྷ། ན་ཀ་ཨཥྚ་ཀ་ན། གྷྲྀ་་གྷྲི་ནྷ། ཤ་ཏྲུྃ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ། ཧེ་ཧཱེ་ཧོ་ཧཱཽ། ཧཾ་ཧཱ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་དེ་བ་པི་ཙུ་བཛྭ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི་། ལི་ལཱི། ཨེ་ཨཱེ། ཨོ་ཨཱཽ། ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ཡུལ་དང་རྣལ་འབྱོར་མ་བཅོ་ལྔའི་སྔགས་སོ། །ཨོཾ་ཨ་གོ་རི་གྷཾ་ཧཱུྃ། དེ་བཞིན་དུ། ཙོ་རི་ཙཾ། བྷེ་ཏ་ལི་བཾ། གྷ་སྨ་རུ་གྷཾ། པུ་ཀ་སི་པྃ། ཤ་བྷ་རི་ཥཾ། ཙན་དྷ་ལི་ལཾ། ཌཾ་བྷི་ནི་ཌཾ་ཧཱུྃ་ཕཊ་སྭཱ་ཧཱ། སྤྱིའམ་བྱེ་བྲག་གི་རིམ་པ་ཤེས་པར་བྱའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་པས། བརཏལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་འདྲ་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །འོད་ཟེར་སྤྲོས་ནས་བསྡུ་བྱ་སྟེ། །ཞལ་དུ་ལྷ་མོ་རྣམས་བསྡུ་ནས། །ཞུ་བ་ལས་ནི་ལྷན་ཅིག་སྐྱེས། །གོང་བུ་ན་དའི་གཟུགས་ཀྱིས་ཀྱང་། །དམིགས་པ་ལས་འདས་ཕྱག་རྒྱ་ཆེ། །སྤྲོས་བྲལ་ནམ་མཁའི་དབྱིངས་ལྟ་བུ། །དེ་བཞིན་ཉིད་དོན་མངོན་དུ་བྱ། །ཡང་ན་བཅོམ་ལྡན་རང་བཞིན་གྱི། །ལྟེ་བར་གཏུམ་མོ་སྤ ར་བྱ་སྟེ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། བསྲེགས་པས་རི་བོང་ཅན་ཧྃ་འཛག །ཞུ་བའི་ལྷན་ཅིག་སྐྱེས་པ་ལ། སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ། དུ་བ་ལ་སོགས་མཚན་མ་དག །མཐོང་བར་མ་གྱུར་བར་དུ་བསྒོམ། །ཐུན་མཚམས་ལྷའི་ཚོགས་རྣམས་ལ། །ཅི་སྐད་བཤད་པའི་གཏོར་མ་ཡིས། །ཆོ་ག་བཞིན་དུ་ཚིམ་པར་བྱ། །དེས་ནི་བར་ཆད་ཞི་བར་འགྱུར། །ཐུན་མཚམས་ལྷའི་ང་རྒྱལ་གྱིས། །སྤྱོད་ལམ་རྣལ་འབྱོར་ཐམས་ཅད་བྱ། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །མྱུར་དུ་དངོས་གྲུབ་མཆོག་ཐོབ་འགྱུར། དེ་ལྟར་རང་གཞན་དོན་གཉིས་བསྒྲུབ་ཕྱིར་འབད་པ་ཡིས། །དགྱེས་པའི་རྡོ་རྗེ་ཧེ་རུ་ཀ་དཔལ་བསྒྲུབ་ཐབས་འདིར། །བྱས་ལས་དགེ་བ་དྲི་མེད་ཟླ་ལྟར་གསལ་གྱུར་པས། །ཡེ་ཤེས་ཀུ་མུ་ཏ་ཡི་ཚལ་རབ་རྒྱས་གྱུར་ཅིག དཔལ་དགྱེས་པ་རྡོ་རྗེའི་མངོན་པར་རྟོགས་པ་འདི་ནི། རྒྱུད་ཀྱི་རྒྱལ་པོ་དང་བླ་མ་དམ་པ་མཆོག་གི་དགོངས་པ་ཅི་ལྟ་བར། རབ་ཏུ་གསལ་ཞིང་གོ་བདེ་བའི་ངག་ཏུ། རང་བྱུང་རྡོ་རྗེ་ཞེས་བྱ་བས་མཚུར་ཕུའི་དབེན་གནས་སུ་སྦྱར་བའོ། །མཚམས་སྦྱོར་མང་པོ་དོར་བྱས་ཏེ། །ཚིག་ཉུང་ཤིན་ཏུ་གསལ་བ་དེ། །གངས་ཅན་ཁྲོད་འདིར་འདོད་མིན་ཀྱང་། །རྒྱུད་དང་མི་འགལ་སྤྱི་བོས་ལོང་། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །། ༈ དགྱེས་པ་རྡོ་རྗེ་ལྷ་དགུའི་མངོན་རྟོགས་ཚིག་ལྷུག་མ་བཞུགས་སོ། །དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསྒྲུབ་པ་པོ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། གནས་དབེན་པར་བསྟན་བདེ་བ་ལ་འདུག་ཏེ། བདུད་རྩི་རི་ལུ་དང་སྦྱར་བའི་དམ་ཚིག་གི་རྫས་ཀྱིས་ཁ་དག་པར་བྱ་ཞིང་། གནས་ཁང་ལའང་གཏོར་ནས། བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་ཧེ་བཛྭ་ཞེས་བརྗོད་པས་སྐད་ཅིག་གིས་དགྱེས་པའི་རྡོ་རྗེར་བསྒོམས་པའི་སྙིང་ཁར། ཧྲཱི་ལས་པད་མ་འདབ་བརྒྱད་པ་དམར་པོ། དབུས་སུ་རྃ་ལས་ཉི་མའི་དཀྱིལ་འཁོར་དམར་པོ། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་དང་བཅས་པ་བསྒོམས་ནས། དེའི་འོད་ཟེར་གྱིས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣལ་འབྱོར་མ་དང་བཅས་པ་ཤར་འཁྱམས་ན་རང་གི་བླ་མ་བཞུགས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས། ཨོཾ་གྷོ་རི་གྷྃ་ཨ་ཧཱུྃ་སྭཱ་ཧཱ། ཞེས་པས་གྷོ་རི་མ་ནག་མོ་བདུད་རྩི་བྱང་སེམས་ཀྱི་སྣོད་ཐོད་པ་བཀང་ནས་མཆོད་པར་བསམ། དེ་ཟིན་པའི་བརྡར་སེ་གོལ་གཅིག་བཏོག དེ་བཞིན་དུ། ཨོཾ་ཙོའུ་རི་ཙཾ་ཨ་ཧཱུྃ། ཨོཾ་བྷེ་དྷ་ལི་བྷཾ་ཨ་ཧཱུཾ་སྭ་ཧཱུྃ་སྭཱཧཱ། ཨོཾ་གྷ་སྨ་རི་གྷ་ཨ་ཧཱུྃ་སྭཱ་ཧཱ། ཨོཾ་པུ་ཀ་སི་པྃ་ཨ་ཧཱུྃ་སྭཱཧཱ། ཨོཾ་ཤ་བ་རི་ཤཾ་ཨ་ཧཱུཾ་སྭཱ་ཧཱ། ཨོཾ་ཙན་དྷ་ལི་ཙཾ་ཨ་ཧཱུྃ་སྭཱ་ཧཱ་། ཨོཾ་དྷོཾ་བི་ནི་དྷྃ་ཨ་ཧཱུྃ་སྭཱ་ཧཱ། ལྷ་མོ་དེ་རྣམས་སྐུ་མདོག་དམར་མོ། སེར། ལྗང། སྔོ། དཀར། སྔོ་སངས། ཁྲ་མོ་རྣམས་ཀྱིས་པད་མ་རག་ཏ་དང་། དྲི་ཆུ་དང་། དྲི་ཆེན་དང་། ཤ་སྣ་ཚོགས་དང་། ཆང་དང་ཅང་ཏེའུ་དང་། སྙོམས་འཇུག་གི་མཆོད་པས་མཆོད་དོ། །དེ་ནས་སྡིག་པ་བཤགས་ཤིང་སྡོམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་བརྟན་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་གྱི་དོན་དུ་དགེ་བའི་རྩ་བ་བསྔོ་བ་རྣམས་བསྒོམས་ཏེ། དེ་ནས་ཚིག་གི་གསལ་གདབ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ལ་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱི་སྟེ། །བདག་དང་གཞན་དོན་བསྒྲུབ་པའི་ཕྱིར། བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཧེ་བཛྭ་མ་དྷ་ལ་མུ་ཞེས་པས་རྟེན་དེ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། བདེ་བ་དེ་ཡང་རྒྱུན་དུ་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། དགྲ་གཉེན་མེད་པའི་གཏང་སྙོམས་བསྒོམ། དེ་ནས་རང་གི་སྙིང་ཁའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུས། དེ་རང་གི་ལུས་ལ་བསྡུས། དེ་ཡང་སྙིང་པད་མ་འདབ་བརྒྱད་ལ་ཐིམ། དེ་ཉི་མ་ལ་ཐིམ། དེ་ཧཱུྃ་གི་ཞབས་ཀྱུ་ལ། དེ་ཟླ་ཚེས་ཐིག་ལེ་ཐིམ་པས་ན་དའི་རྣམ་པ་ལྟ་བུར་བསྒོམ་ལ། ཨོཾ་ཤུ་ནྱ་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ན་ད་ལས་རང་སྒྲ་བྱུང་བར་བསམས་ལ་བརྗོད། དེ་ནས་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པའི་རྩེ་མོ་ལས་རྡོ་རྗེ་རྒྱ་གྲམ་དཔག་ཏུ་མེད་པ་འཕྲོས་པས། འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་ར་བ་དང་དྲ་བ། སྟེང་དུ་སོང་བས་རྡོ་རྗེའི་གུར། དེ་ནས་གཞི་མའི་ཉི་མ་ལས་འོད་ཟེར་འཕྲོས་པས་མེ་རི། གཞི་མའི་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་དྲ་དམིགས་བཀག་པར་བསམ་ལ། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་བརྟན་པར་བསྒོམ། དེའི་ནང་དུ་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་པ་རྩ་བའི་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་མཆེ་བ་གྱེན་ལ་བསྟན་པ་ཅིག་བསྒོམ། དེའི་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི་པ། དེའི་སྟེང་ཏུ་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ་པ་ཅིག་བསྒོམ། འབྱུང་བ་བཞིའི་སྟེང་དུ་བྷྲུྃ་ལས་ཙཀྲ་རྩིབས་སུམ་ཅུ་སོ་གཉིས་པའི་དབུས་སུ་ན་ད་ཅིག་ཞུ་བར་བསྒོམ་། དེ་རྣམས་འདྲེས་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞི་དང་ལྡན་པ། དབུས་སུ་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ཅིག་བསྒོམས་ལ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་ནི་ལ་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧྃ་ཞེས་པས་རྒྱས་གདབ་སྟེ། ཕོ་བྲང་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །དེ་ནས་གཞལ་ཡས་ཁང་གི་ནང་དུ་པད་མ་འདབ་མ་བརྒྱད་པའི་དབུས་སུ་བདུད་བཞིའི་རང་བཞིན། ཚངས་པ། དབང་པོ། ཉེ་དབང་། དྲག་པོ་བཞི། ཤར་དུ་ཚངས་པ། ལྷོར་དབང་པོ། ནུབ་ཏུ་ཉེ་དབང་། བྱང་དུ་དྲག་པོ། བྱང་ཤར་གཤིན་རྗེ། ཤར་ལྷོར་ནོར་བདག ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་ཐགས་བཟང་རིས་རྣམས་གན་རྒྱལ་དུ་བསམ། དབུས་ཀྱི་པདྨ་ལ་གནས་པའི་བདུད་རྨས་ཀྱི་སྟེང་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལི་ལཱི་ཨེ་ཨཱཻ་ཨོ་ཨཱཽ་ཨཾ་ལས་བྱུང་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་རང་བཞིན་ནོ། །དེའི་སྟེང་དུ་ཨཾ་ཧཱུྃ་སྔོན་པོ་གནས་པས་སོ་སོར་རྟོགས་པའི་རང་བཞིན་ནོ། །དེའི་སྟེང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌྷྜྷ་ཌ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་རང་བཞིན། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཐོད་པ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ཨས་མཚན་པར་གྱུར་ཏེ། ཐམས་ཅད་ཞུ་ཞིང་ཅིག་ཏུ་འདྲེས་པ་བྱ་བ་ནན་ཏན་གྱིས་རང་བཞིན། དེ་གྱུར་པ་ལས། རྒྱུའི་རྡོ་རྗེ་འཆང་སྐུ་མདོག་ནག་པོ་བདག་མེད་མ་དང་བཅས་པ། ཞལ་བརྒྱད། ཞབས་བཞི་བསྒྲད་པ། ཁྲོ་བོའི་ཆས་དང་ལྡན་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ནས་ཡབ་ཀྱི་གསང་བའི་གནས་སྟོང་པར་བསམ། དེའི་ངང་ནས་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་བསྐྱེད་ལ། ཨོཾ་དཀར་པོ་ལས་ནོར་བུ་རྗེས་སུ་མཐུན་པའི་སྦུ་གུ་ཅན་དུ་བསྐྱེད་ལ། ཨོཾ་བཛྭ་མཧཱ་དྷེ་ཤ་ཙ་ཏུ་ར་ཨ་ནན་ཏ་ཡ་ཀ་ཁ་མུ་ཀེ་ཀ་ར་སོ་ན་ཐ་ཧཱུྃ་ཧཱུྃ་ཧཱུྃ། ཀརྻ་ཀུ་རུ་ཤ་མེ་ཞེས་པས་བྱིན་གྱིས་བརླབ་པའོ། །ཡུམ་གྱི་གསང་གནས་སྟོང་པའི་ངང་ལས་བཾ་དམར་པོ་ལས་པད་མ་འདབ་བརྒྱད་དམར་པོ་བསྐྱེད་ལ་ཨ་དམར་པོ་ལས་ཟེ་འབྲུ་རྗེས་སུ་མཐུན་པའི་སྦུ་གུ་ཅན་དུ་བསྐྱེད་ལ། ཨོཾ་པད་མ་སུ་ཁ་དྷ་ར་མ་ཧ་ར་ཁ་ན་ཙ་ཏུ་ར་ཨ་ནན་ཏ་བྷ་ཀི་བ་ཤོ་ཧཱུྃ་ཧཱུྃ་ཧཱུྃ་ཀར་ཡང་ཀུ་རུ་ཤ་མེ་། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པས་སྙོམས་པར་ཞུགས་པས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་དགའ་བ་སྒྱུ་མ་ལྟ་བུ་སི་དང་ཕཊ་ཀྱི་སྒྲས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐུལ་ནས། ཞལ་དུ་ཞུགས་ཐུགས་ཁར་ཞུ། རྩ་དབུ་མ་ནས་སོང་རྡོ་རྗེའི་ལམ་ནས་བྱུང་ཡུམ་གྱི་མཁའ་ཁམས་སུ་བབས། ཡབ་ཡུམ་གཉིས་དང་སངས་རྒྱས་ཐམས་ཅད་ཟག་པ་མེད་པའི་བདེ་བའི་རོ་ཡིས་ཚིམ་པར་བསམ་མོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་ནུ་ར་ག་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་བརྗོད་དེ། རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་མཁའ་ནས། གྷཾ་ཙཾ་བཾ་གྃ་པྃ་ཤྃ་ལྃ་ཌྃ་རྣམས་ཡུམ་གྱི་མཁར་སྤྲོས་ཏེ། རྣལ་འབྱོར་མ་རྣམས་སུ་གྱུར་ཞིང་ཕྱོགས་མཚམས་སུ་སྤྲོ་བ་ནི། ཤར་གྱི་འདབ་མར་གྷོ་རི་མདོག་ནག་མོ་གཡས་ན་གྲི་གུག གཡོན་ན་རོ་ཧི་ཏའི་ཉ་བསྣམས་པའོ། །ལྷོ་ཙོའུ་རི་དམར་མོ་ཕྱག་གཡས་ན་རྔེའུ་ཆུང་། གཡོན་ན་ཕག་པ་བསྣམས་པའོ། །ནུབ་ཏུ་རོ་ལངས་མ་དམར་སེར་གཡས་ན་རུ་སྦལ་གཡོན་ཐོད་པ་བསྣམས་པའོ། །བྱང་དུ་གྷ་སྨ་རི་ལྗང་ཁུ་ཕྱག་གཡས་ན་སྦྲུལ། གཡོན་ན་ཐོད་པ། བྱང་ཤར་དུ་པུ་ཀ་སི་སྔོན་མོ། གཡས་པ་སེང་གེ་གཡོན་དགྲ་སྟ་བསྣམས་པའོ། །ཤར་ལྷོ་མཚམས་སུ་ཤ་བ་རི་དཀར་མོ། ཕྱག་གཡས་ན་དགེ་སློང་གཡོན་ན་བསིལ་བྱེད་བསྣམས་པའོ། །ལྷོ་ནུབ་ཀྱི་མཚམས་སུ་ཙན་དྷ་ལི་སྔོན་མོ། ཕྱག་གཡས་ན་འཁོར་ལོ་འཛིན་པ་གཡོན་ན་ཐོད་པ་བསྣམས་པ། ནུབ་བྱང་གི་མཚམས་སུ་ཌོཾ་བི་ནི་སྣ་ཚོགས་ཀྱི་མདོག་ཅན། ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་པ་སྡིག་མཛུབ་མཛད་པ་བསྒོམས་པར་བྱའོ། །ལྷ་མོ་བརྒྱད་པོ་དེ་དག་ཀྱང་སྤྱན་གསུམ་པ་ཞལ་ཅིག་པ་ཕྱག་གཉིས་པ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བསྒྲེང་ལ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ་ཕྱེ་དཀྲུང་དང་བཅས་པའི་གར་གྱིས་བཞུགས་པའོ། །དེ་རྣམས་ནི་རྒྱུའི་ཧེ་རུ་ཀ་འཁོར་རྣལ་འབྱོར་མ་བརྒྱད་དང་བཅས་པ་བསྐྱེད་དོ། །དེ་ནས་ནམ་མཁའི་ན་ད་སྐར་མདའ་འཕོས་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ནས། ཡུམ་གྱི་པད་མར་བབ་པས་ཡུམ་བདེ་བའི་ངོ་བོར་ཞུ། ཡུམ་ཞུ་བས་ཡབ་ཀྱང་བདེ་བའི་རང་བཞིན་དུ་ཞུ་ནས། དངུལ་ཆུའི་རྣམ་པ་ལྟ་བུར་བསྒོམས་མོ། །དེ་ནས་མཚམས་ཀྱི་ལྷ་མོ་བཞིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པའི་གླུས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུ་ཀ་སི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་ཞེས་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱེད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱེད་ཀྱི་ཐུགས་འཚལ་གྱིས། །མི་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཞེས་ཤིན་ཏུ་སྙན་པའི་གླུས་བསྐུལ་ལོ། །དེ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་ཧཱུྃ་གིས་རང་བཞིན་དུ་གྱུར་ཞིང་འོད་ཟེར་འཕྲོས་འདུས་པ་ལས། བཅོམ་ལྡན་འདས་སྐུ་མདོག་ནག་པོ་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ། དབུ་སྐྲ་དམར་སེར་གྱེན་ལ་འབར་བ། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་ཡི་ཕྲེང་བ་བརྒྱན་པ། དེའི་སྟེང་དུ་ཐོད་པ་གསུམ་གྱི་མཚན་པ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། སྤྱི་བོར་རུས་པའི་འཁོར་ལོ། རྣ་བ་ལ་རྣ་ཆ། མགུལ་པ་ལ་མགུལ་བརྒྱན། ལག་པ་ལ་ལག་གདུབ། སྐེད་པ་སྐ་རགས་ཏེ་འོག་ཕག་གི །དེ་ལྟར་ཕྱག་བརྒྱ་དྲུག་དང་ལྡན་པའོ། །རྩ་བའི་ཞལ་སྔོན་པོ། །གཡས་ཀྱི་དཀར་པོ། གཡོན་གྱི་དམར་པོ། ཡང་གཡོན་གྱི་ཞལ་གཉིས་སྔོ་བ། གཡས་ཀྱི་གཉིས་ཀྱང་སྔོ་བ། སྟེང་གི་ཞལ་དུ་བའི་ཁ་དོག་སྔོ་སྐྱ། ཞལ་དེ་དག་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་སྤྱན་གསུམ་པའོ། །གཡས་ཀྱི་ཕྱག་གི་ཐོད་པ་བརྒྱད་ན་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པའི་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོང་དང་། མི་དང་། ཤ་ར་བ་དང་། བྱི་ལའོ། །དེ་བཞིན་དུ་གཡོན་པའི་ཐོད་པ་བརྒྱད་ན། སའི་ལྷ་མོ་དང་། ཆུའི་ལྷ་མོ་དང་། མེའི་ལྷ་མོ་དང་། རླུང་ལྷ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་ནོ། སྐུ་ལ་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཅེར་བུ་ཞབས་བཞིའི་གཉིས་གཡས་བརྐྱང་གཡོན་བསྐུམ་པ། གཉིས་དཀྱིལ་ཀྲུང་ཕྱེད་པའི་བཞུགས་པ། ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་མནན་པ། གར་གྱི་རོ་དགུ་དང་ལྡན་པའོ། །ཡུམ་བདག་མེད་མ་སྔོན་མོ་ཕྱག་གཡས་ན་གྲི་གུག གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྤྱན་གསུམ་པ། ཐོད་པ་ལྔའི་ཕྲེང་བས་མགོ་བོར་བརྒྱན་པ། སྐུ་ལ་སྐྱེས་པའི་མགོ་བོ་སྐམ་པོ་ལྔ་བཅུའི་འཕྲེང་བས་བརྒྱན་པ། ཞབས་གཡོན་བརྐྱང་བ་གཡས་བསྐུམས་པས་ཡབ་ལ་འཁྱུད་པ་བསྒོམ་པར་བྱའོ། །སྐབས་འདིར་རྣལ་འབྱོར་མ་རྣམས་ཀྱང་གསལ་གདབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་ཚོན་གང་བ་ཅིག་བསྒོམ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ནས་ཙམ་དེའི་ལྟེ་བ་ལ་སྲན་ཆུང་བཤགས་པའི་གའུ་ཙམ་པ་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུྃ་སྔོན་པོ་སྤུས་བྲིས་པ་ཙམ་ཅིག་བསྒོམ། ཡུམ་གྱི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་སྔོན་པོ་འོད་ཟེར་དང་བཅས་པ་ཅིག་བསྒོམ་དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྷཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་ཨཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རོ་མ་ལྗང་གུ། སྙིང་ཁར་ཨ་ལས་བདག་མེད་མ་སྔོན་མོ། དེ་རྣམས་ཐམས་ཅད་ཞལ་ཅིག་ཕྱག་གཉིས་པ། གཡས་གྲི་གུག གཡོན་ན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱྃ་ག་བཅུག་པ་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་རོ་ཡི་སྟེང་ན་བཞུགས་པའོ། །དེ་ནས་སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ། མགྲིན་པར་ཨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ། །ཐུགས་ཁར་ཧཱུྃ་ལས་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་ཐམས་ཅད་ཞལ་ཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་ཅན་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུ་ཙ་རི་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཨོཾ་སརྦ་ཏ་ཐ་ག་ཏ་ལ་ཝ་སི་ནི་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་པས་རྒྱས་གདབ་བོ། །དེ་ནས་རང་གི་སྙིང་ཁའི་ཧཱུྃ་ལས་འོད་འཕྲོས་ཏེ། ཡེ་ཤེས་ཀྱི་མཎྜྻལ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་བྱིན་གྱིས་བརླབ་ནས་འབུལ་ཞིང་། ཨོཾ་ཛ་ཧཱུྃ་བྃ་ཧོ་ཁཾ་རཾ་ཨ་ཧཱུྃ་སྭཱཧཱ། ཞེས་པས་མཆོད་ཡོན་འབུལ། ཨོཾ་ནི་སི་ཏི་ཧཱུྃ་ཁཾ་ཨ་ཧཱུྃ། ཞེས་པས་ཞབས་བསིལ་དབུལ། ཨོཾ་བཛྭ་པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷན་དྷེ། ནེ་པེ་ཏེ། ཤཔྟ་ཨ་ཧཱུཾ་སྭཱཧཱ། ཞེས་མཆོད་ལ་ཨོཾ་བཛྭ་གོ་རི་ཨ་ཀར་ཥ་ཡ་ཛ་ཞེས་པས་དམ་ཚིག་སེམས་པའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཨོཾ་བཛྭ་ཙོ་རི་པྲ་པེ་ཤ་ཡ་ཧཱུྃ་ཞེས་པས་གཞུག ཨོཾ་བཛྭ་བྷེ་ཏ་ལི་བན་དྷ་བྃ་ཞེས་པས་བཅིང་། ཨོཾ་བཛྭ་གྷས་མ་རི་པ་ཤྃ་ཀུ་རུ་ཧོ་ཞེས་པས་མི་དགྱེས་པ་མེད་པར་དགྱེས་པར་བསམ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་བཞུགས་པའོ། །དེ་ནས་རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་ན་བཞུགས་པའི་བྷུདྷ་ཐམས་ཅད་སྤྱན་དྲངས་ལ། གོང་བཞིན་དུ་གྷོ་རི་ལ་སོགས་པ་བརྒྱད་ཀྱིས་མཆོད་ནས། མགོན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་ཅིག ཞེས་གསོལ་བ་བཏབ་པས་བྷུ་དྷ་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས། བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བསྒོམ། དེའི་དུས་ན་མེ་ཏོག་གི་ཆར་དབབ་པ་དང་། རྔའི་སྒྲ་བསྒྲགས་པ་དང་། གུར་གུམ་གྱི་ཆར་འབབ་པ་དང་། གཟུགས་རྡོ་རྗེ་ལ་སོགས་པས་མཆོད་པ་དང་། རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པས་ལེན་པར་བསྒོམ། ལུས་ཐམས་ཅད་བྱང་སེམས་ཀྱི་ཆུ་རྒྱུན་གྱིས་ཁེངས་པར་བསམ། བག་ཆགས་ཀྱི་དྲི་མ་དག་པ་བསམ། ཆུ་ཅུང་ཟད་ཡར་འཁྱིལ་བས། རིགས་ཀྱི་བདག་པོས་དབུ་བརྒྱན་པ་ནི། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། པུ་ཀ་སི་དང་གྷོ་རི་མ་ལ་མི་བསྐྱོད་པ། ཤ་བ་རི་དང་ཙོའུ་རི་མ་ལ་རྣམ་པར་སྣང་མཛད། ཙན་དྷ་ལི་དང་བེ་ཏ་ལི་ལ་རིན་ཆེན་འབྱུང་ལྡན། དྷོ་བི་ནི་དང་། གྷས་མ་རི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསྒོམ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བེ་ཥེ་ཀ་ཏ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གོ །དེ་ནས་བདུད་རྩི་མྱོང་བ་ནི། གཏོར་མའམ་དམ་ཚིག་གི་རྫས་ལ་ཡཾ་ལས་རླུང་། རྃ་ལས་མེ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཅིག་བསྐྱེད། གཏོར་རྫས་ཤ་ལྔ་བདུད་རྩི་ལྔར་བསམ་མོ། །ཕྱིའི་རྣམ་པ་ཨོཾ། སྲོག་ཨ། སྟེང་ཟླ་ཕྱེད་རྡོ་རྗེ། རྩེ་མོ་ལ་ཧཱུྃ་མགོ་ཐུར་དུ་བལྟ་བ་ཅིག་བསམ། དེ་ནས་རླུང་གིས་མེ་སྦར། ཐོད་པ་དྲོས་པས་ཤ་ལྔ་དང་། བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨ་ལས་འོད་ཟེར་འཕྲོས་ཏེ། ཟླ་བ་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ། དེ་གཉིས་འདྲེས་པ་ལས། ཨོཾ་ཨཱ་ཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་དེར་ཞུ། དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལ་རྡོ་རྗེ་ནས་འབྲུ་ཙམ་པ་བསྒོམས་ལ། རྡོ་རྗེའི་འོད་ཀྱིས་བདུད་རྩི་གསོལ་བས་ཤིན་ཏུ་མཉེས་པར་བསྒོམ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་མྲི་ཏ་ཨ་ས་ཏ་དང་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་རྒྱས་གདབ་སྟེ། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་གོ །དེ་ནས་བདག་གི་ཐུགས་ཁ་ནས་འོད་ཟེར་སྤྲོས་པ་འཇིག་རྟེན་ན་གཟུགས་སྡུག་པ་དང་། སྒྲ་སྙན་པ་ལ་སོགས་པ་འོད་ཟེར་གྱིས་བསྡུས་ནས། ལྷ་རྣམས་ལ་པུ་ཙའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ལ་དེ་རྣམས་ཀྱིས་བདག་ལྷ་དགུར་བསྒོམས་པ་ལ་མཆོད་པར་བསམས་ཏེ། དངོས་སུ་བདག་ཉིད་ཀྱིས་ཕྱི་དང་། ནང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་པུ་ཙ་རྣམས་ཀྱིས་གོང་བཞིན་དུ་མཆོད་དོ། །ཨོཾ་སརྦ་ཏ་ཐཱ་ག་པུ་ཙ་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་རྒྱས་གདབ་བོ། །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་གོ །དེ་ནས་ལྷ་མོ་རྣམས་ཀྱིས་བདག་ལ་བསྟོད་པར་བསམས་ཏེ། །ཁྱོད་ཀྱི་རྣལ་འབྱོར་མའི་ཚོགས་ཡོངས་སུ་བསྐོར། ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱེད་དགོངས་འགྲུབ། །རྒྱུ་དང་མི་རྒྱུའི་འཁོར་བ་ཀུན་བསྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱི་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་ཙམ་དུ་བསྒྲུབ་མཛད་པའི། །དགྱེས་པའི་རྡོ་རྗེ་ཧེ་རུ་ཀ་ལ་བསྟོད། །ཞེས་བྱ་བའམ། པ་ར་ཀ་ལ་སོགས་པས་བསྟོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏོད་ཏ་རི་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་རྒྱས་གདབ་བོ། །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དེ་ལྟར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ལྡན་དུ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམས་ནས། བཟླས་པ་བྱེད་པར་འདོད་པས། ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བ། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་མཁའ་ནས་ཞལ་དུ་བྱུང་ཞིང་བཅོམ་ལྡན་འདས་ཀྱི་ཞལ་ནས་ཐུགས་ཁར་བརྒྱུད་པའམ། འཕྲོ་འདུའི་དམིགས་པ་གང་ཡང་རུང་བས་བཟླས་ཏེ། ཨོཾ་ཨ་ན་ན་ཡ། པིང་ཀ་ལཱཽ་དྷ་ཀེ་ཤ་ཝ་དྷ་མ་ནེ། ཙ་ཏུར་བིང་ཤ་ཏི་ནེ་ཏྲ་ཡ། ཤོ་ཊ་ཤ་བྷུ་ཛ་ཡ་གྷྲིས་སྣ་ཛི་མུ་ཏ། ཝ་པུ་ཤེ། ཀ་པ་ལ་མ་ལ་ཨ་ནེ་ཀཾ་དྷ་རི་ནི་ཨ་དྷ་མ་ཏ་ཀྲུ་ར་ཙིཏྟ་ཡ། ཨར་དྷེན་དྷུ་དྷཾ་ི་ནེ་ཨོཾ་མ་ར་ཡཱ། མ་ར་ཡ་། ཀ་ར་ཡཱ་ཀ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སྃ་གྷ་ཏེ་ས་ཀ་ར་ན། བྷན་དྷ་བྷན་དྷ། ན་ག་ཨཥྚ་ཀ་ན། གྷྲི་་གྷྲི་། ཤ་ཏྲུན། ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧྃ་ཧ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། ཨོཾ་དྷེ་བ་པི་ཙུ་བཛྭ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཛྭ་ཀ་ཏ་རི་ཧེ་བཛྭ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཨ་སྭཱ་ཧཱ། ཡུམ་གྱིའོ། །ཨོཾ་ཨ་གོ་རི་གྷཾ་ཧཱུྃ་སྭཱ་ཧཱ། །ཨོཾ་ཨ་ཙོ་རི་ཙཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་བྷེ་ཏ་ལི་བཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་གྷ་སྨ་རི་གྷཾ྄་ཧཱུྃ་སྭཱཧཱ། ཨོཾ་ཨ་པུ་ཀ་སི་བྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་ཤ་བ་རི་ཤཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་ཙན་དྷ་ལི་ཙཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་ཌོཾ་བྷི་ནི་དྷོཾ་ཧཱུྃ་སྭཱ་ཧཱ། ཞེས་ཅི་རིགས་པས་བཟླས་སོ། །སྐྱོ་ན་རྣམ་པར་དག་པ་དྲན་པར་བྱ་སྟེ། ཐུགས་བྱམས་པ་མི་འགྱུར་བའི་ཕྱིར་སྐུ་མདོག་ནག་པོའོ། །སྙིང་རྗེས་སེམས་ཅན་ལ་ཆགས་པའི་ཕྱིར་སྤྱན་དམར་བ། རྣམ་པར་ཐར་པ་བརྒྱད་ཀྱི་ཞལ་ཅན། རྡོ་རྗེ་གསུམ་དག་པའི་སྤྱན་སྟོང་པ་ཉིད་བཅུ་དྲུག་གི་ཕྱག། །ལྤགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། རུས་པ་ནི་བདེན་པ་བཞི། ཞབས་ནི་བདུད་བཞི་དང་བསྡུ་བའི་དངོས་པོ་བཞི་དག་པ། ཤ་ནི་པུ་ཀ་སི། ཁྲག་ནི་རི་ཁྲོད་མ། ཁུ་བ་ནི་གདོལ་པ་མོ། རྐང་དང་ཚིལ་བུ་ནི་གཡུང་མོ། དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི། ལྷ་མོ་རྣམས་རྣམ་པར་དག་པའོ་ཞེས་མཉམ་པར་བཞག་གོ །དེ་ཡང་རྣམ་པར་ཤེས་པ་དང་། ཞེ་སྡང་དང་། ནམ་མཁའི་ཁམས་དག་པ་བདག་མེད་མའོ། །གཟུགས་ཀྱི་ཕུང་པོ་དང་། གཏི་མུག་དག་པ་རྡོ་རྗེ་མའོ། །ཚོར་བ་དང་སེར་སྣ་དག་པ་དཀར་མོའོ། །འདུ་ཤེས་དང་འདོད་ཆགས་དག་པ་ཆུའི་རྣལ་འབྱོར་མ། འདུ་བྱེད་དང་ཕྲག་དོག་དག་པ་རྡོ་རྗེ་མཁའ་འགྲོའོ། །ས་དག་པ་པུ་ཀ་སི། ཆུ་དག་པ་རྔོན་པ་མོའོ། མེ་དག་པ་གཏུམ་མོ། རླུང་དག་པ་གཡུང་མོ། གཟུགས་དག་པ་དཀར་མོ། སྒྲ་དག་པ་ཙོ་རི་མ། དྲི་དག་པ་རོ་ལངས་མ། རོ་དག་པ་གྷས་མ་རི། རེག་དག་པ་ས་སྤྱོད་མ། ཆོས་དག་པ་མཁའ་སྤྱོད་མའོ། །དེ་ནས་ཐུན་བསྡུ་བ་ནི། ས་བོན་གྱི་འོད་ཟེར་གྱིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཀྱི་ཁང་ལ་བསྡུས་ཏེ། དེ་ཡང་ལྷ་མོ་བརྒྱད་ལ། དེ་རྣམས་ཞལ་དུ་བསྡུ། ཡབ་ཡུམ་གྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་ཧཱུྃ་ལ་ཧཱུྃ་ཡང་ཐིག་ལེ་དང་ན་དའི་རང་བཞིན་དུ་བསྡུས་ཏེ། ཆོས་ཐམས་ཅད་འོད་གསལ་བའི་རང་བཞིན་དུ་བསྒོམས་པར་བྱའོ། །ཐུན་མཚམས་ནི་ཞལ་ཅིག་ཕྱག་གཉིས་པའི་སྤྱོད་ལམ་གྱིས་བྱ་བ་ཐམས་ཅད་བསྒྲུབ་པར་བྱའོ། །མཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་པས་བདག་གི་དེ་ཁོ་ན་ཉིད་བསྐྱེད་པའི་རིམ་པ་སྔར་ལྟར་བསྒོམ་པའམ། གཞན་དུ་ཞལ་ཅིག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས། མགྲོན་གྱི་དེ་ཁོ་ན་ཉིད་ནི། ཨེ་ལས་ཆོས་འབྱུང་དཀར་ལ་དམར་བའི་དབུས་སུ་སྟེང་དུ་པད་མ་དཀར་པོ། བར་དུ་སྔོན་པོ། འོག་ཏུ་དམར་པོ། འདབ་མ་བརྒྱད་པ་བསམ་སྟེ། བདག་གི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་དཀར་དམར་མཐིང་ཁ་སྤྲོས་ཏེ་ས་བླ་ས་འོག་ས་སྟེངས་ཀྱི་འགྲོ་བ་ཐམས་ཅད་ལ་ཕོག་ཚུར་བསྡུས། སྟེང་དུ་ཨོཾ་དཀར་པོ། དབུས་སུ་ཧཱུྃ་སྔོན་པོ། འོག་ཏུ་ཨ་དམར་པོ། དགུ་དགུར་གྱུར་པར་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས། སྟེང་མ་ལ་སྐུ་རྡོ་རྗེ་ལྷ་ཆེན་པོ་བརྒྱད་དང་བཅས་པ་དཀར་པོ། བར་མ་ལ་ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་མཐིང་ཁ། འོག་མ་ལ་གསུང་རྡོ་རྗེ་ཀླུ་ཆེན་པོ་བརྒྱད་དང་བཅས་པ་དམར་པོའི་མདོག་ཅན་ཐམས་ཅད་ཀྱང་ཞལ་ཅིག་ཕྱག་གཉིས་ཡུམ་དང་བཅས་པ་རྡོ་རྗེ་དང་དྲིལ་བུ་ཅན་དུ་བསྒོམས་ལ། སྤྱི་བོར་ཨོཾ། མགྲིན་པ་ཨཱ། སྙིང་ཁར་ཧཱུཾ་བཀོད་ལ་གྷོའུ་རི་ཨ་གྷུ་ཤ་ཛ། ཙོའུ་རི་པ་ཤ་ཧཱུྃ། བེ་ཏ་ལི་པོ་ཏ་བྃ། གྷས་མ་རི་གྷན་དྷ་ཧོ། ཞེས་དགུག་གཞུག་བཅིང་བ་བྱས་ནས། ཐམས་ཅད་ཀྱི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབ་བོ། །གཏོར་མའི་དེ་ཁོ་ན་ཉིད་ནི། ཡྃ་ལས་རླུང་། རཾ་ལས་མེ་ཀྃ་ལས་ཐོད་པའི་སྒྱིད་པོ་གསུམ། ཨ་ལས་སྣོད་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་གྷོའུ་ཀུ་དྷ་ཧ་ན་ལས་ཤ་ལྔ། བི་མོ་མ་ར་ཤུ་ལས་བདུད་རྩི་ལྔ། ཧཱུྃ་བྷྲུྃ་ཛིཾ་ཨོཾ་ཁཾ་ལྔ་ལས་ཡེ་ཤེས་ཀྱི་རང་བཞིན། ཨོཾ་ཨཱ་ཧཱུྃ་ལས་རྡོ་རྗེ་ཟླ་བ་དང་ཁ་ཆོད་དང་བཅས་པར་བསམས་ཏེ། མེ་རླུང་འབར་ཞིང་རྡོ་རྗེ་ཐོད་པའི་སྦྱོར་བས་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་གཉིས་སུ་མེད་པར་གྱུར་པ་འཕྲོ་བའི་སྦྱོར་བས་ཚིམ་པར་བསྒོམས་ཏེ། ཕྱི་ནང་གི་མཆོད་པ་རྣམས་ཀྱང་སྤྲོས་ཤིང་མཆོད་ལ། བླ་མ་དང་བཅོམ་ལྡན་འདས་ལ་ཡང་མཆོད་པས་མཉེས་པར་བསམས་ཏེ། མགྲོན་སྤྱི་ལ་འབུལ་བའི་སྔགས་ནི། ཨོཾ་ཨིན་དྷ། ཛ་མ། ཛ་ལ། ཛ་ཀྵ། བྷུ་ཏ། བྷ་ནི། བ་ཡུ། རཀྵ། ཙན་དྷ། པུ་ཛ། མ་ཏ། པ་ཏ། ཏ་ལ་ས་ཏ་ལ། ཨ་ཏ་ས་བྷྱ་སྭཱ་ཧཱ། ཨི་དཾ་བྷ་ལིང་། བྷུ་ཛ། ཛཱི་ག ཕུ་ལ། དྷུ་པ། མྃ་ས། བྷིཾ་ག ཨདྨ། སཔྤ། ཀཛྫ། ས་ཏ། ཁན་ནི། ཁུ་ནི། ཕེཌ་ཊ། ག་ཏ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨདྱེ་ནུད་པན་ནད་ད་ཏྱ། ཨོཾ་ཨ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་དེ་ཕུལ་བས་གསོལ་ཞིང་ཤིན་ཏུ་མཉེས་པར་བསྒོམ་ཞིང་། བསྟོད་པ་བྱས་ཏེ། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་རྣམ་པར་འཇོམས་པ་དང་། བསད་པ་དང་། བསྐྲད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ་ཞེས་བརྗོད་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་། སྨོན་ལམ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །མཉམ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལས་གུས་སྙིང་རྗེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་རྣམས་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཞེས་བརྗོད་ལ་བཛྭ་མུ་ཡིས་གཤེགས་སུ་གསོལ་ལོ། །གཏོར་མའི་ཆོ་གའོ། །མངོན་རྟོགས་གཏོར་མའི་ཆོ་ག་དང་བཅས་པ་འདི་ནི། བླ་མ་མར་པའི་མདོ་དང་སྦྱར་བ་ཅི་ལྟ་བ་བཞིན་དུ། རང་བྱུང་རྡོ་རྗེ་ཡིས་མཚུར་ཕུའི་གཙུག་ལག་ཁང་དུ་སྦྱར་བའོ། །རྒྱུད་ཅི་ལྟ་བའི་ཚིགས་སུ་བཅད་པ་ནི་ཁོ་བོས་སྔར་བྱས་ཟིན་ཏོ། །ཤེས་རབ་དང་ལྡན་པ་རྣམས་དེ་ཉིད་ལ་བལྟའ་བར་བྱའོ། །ཤིན་དུ་རྒྱས་པ་ནི་བླ་མ་མར་པ་ཉིད་ཀྱི་མདོ་སྦྱར་དང་། མེ་རྔོག་དང་། མདོ་སྡེ་དཔལ་རྒྱལ་མཚན་གྱིས་སྦྱར་བ་རྣམས་ན་ཡོད་པས་དེ་རྣམས་སུ་ལྟོས་ཤིག འདི་སྦྱར་བའི་བསོད་ནམས་ཀྱིས། སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ཐོབ་པར་གྱུར་ཅིག། །། ༈ དགྱེས་པ་རྡོ་རྗེའི་ལུས་དཀྱིལ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྒོམ་པར་འདོད་པས། རང་དམ་ཚིག་སེམས་དཔར་བསྒོམ་པ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པའི་མཐུས། རང་གི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཅིག་ཆར་གྱུར་པར་དམིགས་ནས། རིམས་གསལ་གདབ་པར་བྱ་སྟེ། སྤྱི་བོར་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབས་ལོགས་རྡོ་རྗེའི་ར་བ་ལྤགས་པ་རྡོ་རྗེའི་གུར་དང་བླ་བྲེས། བ་སྤུ་མདའི་དྲ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་སྟེ། བསྲུང་བའི་འཁོར་ལོའོ། །རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་སྟོད་ཀྱི་ཆ་ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་འབྱུང་བ་བཞིའི་རླུང་རྒྱུ་བས་སྒོ་བཞི། མིག་པཉྩྨ་ར་གའི་བརྩིགས་པ། སྣ་རིན་ཆེན་ཕ་གུ སོ་དྲ་བ་དྲ་ཕྱེད། ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུ། རྣ་བ་རྟ་བབས། རྐང་བརྒྱད་ཀ་བ་བརྒྱད་དེ། གཞལ་ཡས་ཁང་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུཾ་ལས་རྣམ་པར་ཤེས་པའི་ཕུང་པོ་དག་པས་མི་བསྐྱོད་པར་གྱུར་པ། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་ཆུ་དག་པ་མ་མ་ཀི་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨོཾ་ལས་ཚོར་བ་དག་པ་རིན་ཆེན་འབྱུང་ལྡན་དུ་གྱུར་པ་སྐུ་མདོག་སེར་པོ། རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་ས་དག་པ་རིན་ཆེན་སྒྲོལ་མ་སེར་མོ། གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་འདྲ་བའི་ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར་བ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར། ཧཾ་ལས་གཟུགས་དག་པ་རྣམ་པར་སྣང་མཛད་དུ་གྱུར་པ། སྐུ་མདོག་དཀར་པོ་འཁོར་ལོ་དང་། དྲིལ་བུ་འཛིན་པའི་ཕྱག་གིས། ཡུམ་ནམ་མཁའ་དག་པ་ནམ་མཁའ་ཆོས་ཀྱི་དབང་ཕྱུག་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་ལས་འདུ་ཤེས་དག་པ་འོད་དཔག་མེད་དུ་གྱུར་པ་སྐུ་མདོག་དམར་པོ། པད་མ་དང་དྲིལ་བུ་འཛིན་པའི་ཕྱག་གིས། ཡུམ་མེ་དག་པ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་བཅུ་དྲུག་གིས་བསྐོར་བ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོའོ། །གསང་གནས་བདེ་ཆེན་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧ་ལས་འདུ་བྱེད་དག་པ་དོན་ཡོད་གྲུབ་པར་གྱུར་པ་སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པའི་ཕྱག་གིས། ཡུམ་རླུང་དག་པ་དམ་ཚིག་སྒྲོལ་མ་ལྗང་ཁུ། གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོའོ། །གཙོ་བོ་ལྔ་པོ་ནི། དབུའི་གཙུག་གཏོར་ལྟར་མི་མཐོང་བ་ལ་སོགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །དེ་དག་ནི་ཕོ་བྲང་ལྔས་བསྡུས་པའི་ལྷ་བརྒྱ་ལྔ་ཅུ་ང་བདུན་གྱི་རྩ་བའི་དཀྱིལ་འཁོར་རོ། །གཞན་ཡང་མིག་གཏི་མུག་རྡོ་རྗེ་ནས། ཡིད་བདག་མེད་མའི་བར་ནང་གི་སྐྱེ་མཆེད་དག་པ་དང་། ལུས་ངག་ཡིད་གསུམ་ལ་རྡོ་རྗེ་མ་གསུམ་དང་། མིག་ལ་སོགས་པ་ཕྱིའི་ཆ་ལ་བརྟེན་པའི་མིག་ཏུ་གཟུགས། གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ། རྣ་བར་སྒྲ། སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝང་འཛིན་པ། སྣར་དྲི། དྲི་རྡོ་རྗེ་མ་སེར་མོ་དྲིའི་དུང་ཆོས་འཛིན་པ། ལྕེར་རོ། རོ་རྡོ་རྗེ་མ་དམར་མོ་ཞལ་ཟས་ཀྱིས་གང་བའི་སྣོད་འཛིན་པ། དཔྲལ་པར་རེག་བྱ། རེག་རྡོ་རྗེ་མ་ལྗང་ཁུ་ན་བཟའ་འཛིན་པ། སྙིང་ཁར་ཆོས་ཀྱི་ཁམས་ཆོས་ཀྱི་དབྱིངས་ཕྱུག་མ་སྔོན་མོ། ཆོས་ཀྱི་འབྱུང་གནས་འཛིན་པ་བསྒོམ་མོ། །ལག་པ་གཡས་པ་གཤིན་རྗེ་གཤེད། གཡོན་པ་ཤེས་རབ་མཐར་བྱེད། ཁ་པད་མ་མཐར་བྱེད། གསང་གནས་བགེགས་མཐར་བྱེད། དཔུང་པ་གཡས་པ་མི་གཡོ་བ། གཡོན་པ་འདོད་པའི་རྒྱལ་པོ། རྗེ་ངར་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོ་བསྒྱུར་བ། རྐང་མཐིལ་གནོད་མཛེས་རྒྱལ་པོའོ། །ལྷའི་སྐུ་དེ་དག་ཐམས་ཅད་ཀྱི་སྐུའི་དབྱིངས་རྣམ་པ་བདེ་བ་རང་བཞིན་གསལ་བའོ། །ངོ་བོ་ཟུང་འཇུག་ཏུ་མོས་པར་བྱའོ། །གཞན་ཡང་ལུས་རྩ་སྤྲུལ་པའི་སྐུ། རྩ་ཡིག་རྫོགས་པའི་སྐུ། སྙིང་པོ་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུར་བསྒོམས་ཏེ་ཅུང་ཟད་མཉམ་པར་བཞག་གོ །ལུས་དཀྱིལ་བསྡུས་པ་རང་བྱུང་རྡོ་རྗེས་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ལུས་དཀྱིལ་གྱི་ལྷ་རྣམས་ལ། དབང་བསྐུར་ནས་རིགས་བདག་གིས་དབུ་རྒྱན་པ་ནི། གཙོ་བོ་ལྔ་པོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་རང་རང་གི་གཙོ་བོ་དང་སྐྱེ་མཆེད་ཀྱི་ལྷ་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག་དང་། ཁྲོ་བོ་བཅུ་ལ་བསྲུང་འཁོར་གྱི་སྐབས་ནས་འབྱུང་བ་བཞིན། རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ་མོ།། ༈ །།ཡིག་བརྒྱ་ཁྲོ་བཅུ་བསྡུས་པ་བཞུགས། བླ་མ་དམ་པའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་བསྒྲུབ་ཐབས་བསྒོམ་པར་འདོད་པས། ཐོག་མར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རྡོ་རྗེ་སེམས་དཔའ་བསྒོམ་པར་འདོད་པས། རང་གི་སྤྱི་བོར་པཾ་ལས་པད་མ་འདབ་མ་བརྒྱད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་རྡོ་རྗེ་ལ་ཐིམ་པས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། དཀྱིལ་ཀྲུང་དུ་བཞུགས་པའི་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ། གཡས་གྲི་གུག་དང་བཅས་པའི་སྡིག་མཛུབ་བརྐྱང་པ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི། དཔྲལ་བར་ཨོཾ། མགྲིན་པར་ཨ། ཐུགས་ཁར་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པས། ཛཿཧཱུཾ་བྃ་ཧོ་གཉིས་སུ་མེད་པར་བསྟིམ་མོ། །ཡང་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། ཟག་མེད་ཀྱི་བདེ་བས་ལུས་ཀྱི་རྒྱུད་གང་། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་བབས། ཟག་མེད་ཀྱི་བདུད་རྩི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབ། བདག་གི་སྤྱི་གཙུག་ནས་ཞུགས་པས། ལུས་ཐམས་ཅད་ཁེངས་སྡིག་སྒྲིབ་དང་། དམ་ཚིག་གི་ཉེས་པ་ཐམས་ཅད་གཤང་གཅིའི་ལམ་དང་། བ་སྤུའི་བུ་ག་ནས་ཕྱིར་ཐོན། ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་བསྒོམ་ཞིང་། ཨོཾ་ཤྲཱི་བཛྭ་ཧེ་རུ་ཀ་ས་མ་ཡ། མ་ནུ་པ་ལ་ཡ། བཛྭ་ཧེ་རུ་ཀ་ཏེ་ནོ་པ་ཏིཥྚ། ཌི་ཏོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རག་ཏོ་མེ་བྷ་བ། སརྦ་སི་དྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏཾ་ཤྲཱི་ཡང་ཀུ་རུ་ཧཱུྃ། ཧཿཧཿཧཿཧཿཧོ། བྷ་ག་བན་སརྦ་ཏ་ཐཱ་ག་ཏ། བཛྭ་ཧེ་རུ་ཀ་མ་མེ་མུནྩ་བཛྭ་བྷ་བ། མ་ཧ་ས་མ་ཡ་སྭ་ཏྭ་ཨཿཧཱུྃ་ཕཊ་སྭཱཧཱ། ཅེས་ཅི་ནུས་པ་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་ལ་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམས་ནས། ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །སྣ་ཚོགས་རྡོ་རྗེ། དེའི་ནང་དུ་པཾ་ལས་པད་མ། རཾ་ལས་ཉི་མའི་སྟེང་དུ་བྷྲུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོང་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བ། ལྟེ་བ་དང་རྩིབས་ཀྱི་བར་ན་མུ་ཁྱུད་བསྐོར་ཁང་ལྟ་བུ་ཡོད་པ། ལྟེ་བའི་སྟེང་འོག་དང་ཕྱོགས་མཚམས་ཀྱི་རྩིབས་ཀྱི་ཐད་ཀའི་མུ་ཁྱུད་ཀྱི་ནང་དུ་ས་གཞི་ལ་མ་རེག་པའི་བར་སྣང་ལ། རྃ་ལས་ཉི་མའི་དཀྱིལ་འཁོར་བཅུ་གཅིག ལྟེ་བ་ཉི་མའི་སྟེང་དུ་བྷྲུྃ་སེར་པོ། ཉི་མ་གཞན་རྣམས་ཀྱི་སྟེང་དུ་ཧཱུྃ། དེ་ལས་ཁྲོ་བོ་བཅུ་སྐད་ཅིག་གིས་བསྐྱེད། རིམས་ཀྱིས་གསལ་གདབ། དབུས་ཀྱི་ལྟེ་བར་གཙུག་གཏོར་འཁོར་ལོས་བསྒྱུར་བ། གཡས་འཁོར་ལོ། གཡོན་སྡིག་མཛུབ་ཐུགས་ཀར་མཛད་པ། དབུ་སྐྲ་སེར་པོ་གྱེན་ལ་བརྫེས་པ། སྤྱན་གསུམ་བསྒྲད་པ། རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཤར་གྱི་རྩིབས་ཀྱི་ཐད་སོའི་མུ་ཁྱུད་ཀྱི་ནང་དུ། གཤིན་རྗེ་མཐར་བྱེད་སྔོན་པོ། གཡས་རྡོ་རྗེ་ཐོ་བ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་གཡས་བེ་ཅོན། ནུབ་ཏུ་པད་མ་མཐར་བྱེད་དམར་པོ་གཡས་ན་པད་མ། བྱང་དུ་བགེགས་མཐར་བྱེད་ནག་པོ་གཡས་རྡོ་རྗེ། བྱང་ཤར་དུ་མི་གཡོ་བ་སྔོན་པོ། གཡས་ན་རལ་གྲི། ཤར་ལྷོར་འདོད་པའི་རྒྱལ་པོ་ནག་པོ་གཡས་ན་ལྕགས་ཀྱུ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ། ནུབ་བྱང་དུ་སྟོབས་པོ་ཆེ་ནག་པོ་གཡས་ན་རྩེ་གསུམ་འཛིན་པ། སྟེང་དུ་ཧཱུྃ་མཛད་ནག་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། འོག་ཏུ་གནོད་མཛེས་ལྗང་ཁུ་གཡས་གཏུན་ཤིང་འཛིན་པ། ཕྱོགས་བཞི་སྟེང་འོག་གི་ཁྲོ་བོ་རྣམས། སྐུ་སྦོམ་ཞིང་རགས་པ། སྤྱན་དམར་ཞིང་བསྒྲད་པ། སྤྱི་བོར་མཐའ་ཡས་སྔོན་པོ། རྣ་བ་ལ་འཇོག་པོ་དམར་པོ། མགུལ་པ་ལ་པད་མ་ཆེན་པོ་སྔོ་སྐྱ། དཔུང་པ་ལ་རིགས་ལྡན་ཁྲ་བོ། ལག་འཁྲིགས་ལ་ནོར་རྒྱས་དཀར་པོ། སྐེ་རགས་ལ་དུང་སྐྱོང་སེར་པོ། སེ་རལ་ཁར་ཀར་ཀ་ཏ་ལྗང་ནག རྐང་པར་པདྨ་སྔོ་སྐྱ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མཚམས་ཀྱི་ཁྲོ་བོ་རྣམས་མཛེས་པ་རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཧཱུྃ་མཛད་མ་གཏོགས་པ་རྣམས་གཡས་རང་རང་གི་ཕྱག་མཚན་འཕྱར་བ། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པའོ། །ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨ་དམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་བསམ། དེ་ནས་རང་གི་སྙིང་ཁར་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཁྲོ་བོ་བཅུ། བསྲུང་བའི་འཁོར་ལོའི་ནང་ན་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། ཨོཾ་ཨརྒཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྭ་པུཥྤེ་ཨ་ཧཱུྃ། དྷུ་པེ། གྷན་དྷེ། ཨོཾ་བཛྭ་ནེ་ཝེ་ཏེ་ཨ་ཧཱུྃ། ཅེས་པས་མཆོད། ཛ་ཧཱུྃ་བཾ་ཧོ་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་སངས་རྒྱས་རིགས་ལྔ་སྤྱན་དྲངས། དེ་ལས་སྔ་མ་ལྟར་མཆོད་ནས། ཨོཾ་སརྦ་ཏ་ཐ་ག་ཏ། ཨ་བྷི་ཥིན་ཙ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་བུམ་པའི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡོངས་སུ་གང་། དྲི་མ་ཐམས་ཅད་དག །དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས། གཤིན་རྗེ་གཤེད་ལ་རྣམ་པར་སྣང་མཛད། པད་མ་མཐར་བྱེད་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུ་རྒྱན་པར་བསམ་མོ། །དེ་ནས་རང་ཉིད་གཙུག་གཏོར་འཁོར་ལོས་བསྒྱུར་བའི་སྙིང་གི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེའི་ལྟེ་བའི་ནང་དུ། ཉི་མའི་སྟེང་གི་བར་སྣང་ལ། རང་གི་རྣམ་པར་ཤེས་པ་ཧཱུྃ། དེའི་སྟེང་དུ་རང་གི་བླ་མ་སློབ་དཔོན། གཡས་སུ་ཕ་དང་བུ། མདུན་དུ་སྤུན། གཡོན་དུ་མ་དང་ཆུང་མ། རྒྱབ་ལ་སོགས་པར་འཁོར་གཡོག །འོག་ཏུ་ནོར་རྫས་ལ་སོགས་པ་བསམ་མོ། །གང་མི་བསྲུང་བ་སྟོང་པར་བཞག་གོ །དེ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་པས་བ་སྤུའི་བུ་ག་ཐམས་ཅད་གཏམས་པར་བསམ། གཞན་རྣམས་ཀྱིའང་རང་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས། ལུས་ཐམས་ཅད་ལ་རྡོ་རྗེའི་གོ་བགོས། དེ་ནས་འཁོར་ལོའི་རྩིབས་ཀྱི་བར་རྣམས་སུ་ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ་དགྲ་བགེགས་ལ་སོགས་པ་ལུས་རིད་ཅིང་སྐྲ་འཛིངས་པ། སྤྱི་བོ་ཚུགས་སུ་འདུག་པ་ཁ་ནས་ཁྲག་སྐྱུག་པ་བསམ་ལ། དེ་དག་གི་རྣམ་པར་ཤེས་པ་བཀུག་ལ་བསྟིམ། དེ་ནས་ཁྲོ་བོ་རྣམས་ཞལ་ཕྱིར་བལྟས་པ། འཁོར་ལོ་གཡོན་དུ་མྱུར་དུ་འཁོར་བས་འཁོར་ལོའི་རྩིབས་ཀྱིས་དགྲ་བགེགས་ཀྱི་ལུས་ཕྱེ་མར་གཏུབས། དེའི་སྡིག་སྒྲིབ་དག་ནས་མི་བསྐྱོད་པའི་ཞིང་དུ་སྐྱེས་བར་བསམ་ཞིང་། ན་མ་ས་མན་ཏ་བྷུ་དྷ་ནཾ། ན་མ་ས་མན་ཏ་དྷརྨ་ནཾ། ན་མ་ས་མན་ཏ་པཾ་ག་ནྃ། ཨོཾ་སི་ཏ་ཏ་པ་ཏྲེ། ཨོཾ་བྷི་མ་ལ། ཨོཾ་ཤང་ཀ་ར། ཨོཾ་པ་ཏྱཾ་གི་ར། བཛྭ་ཨུ་ཥྞི་ཥ། ཙཀྲ་ཝར་ཏི། སརྦ་སྣ་ཏྲ། མན་ཏྲ། མུ་ལ་ཀརྨ། བྷན་དྷན། ཏ་ཏྲ་ན། ཀི་ལ་ནཾ་བྷ། མ་མ་ཀྲི་ཏི། ཡཱཻ་ན་ཀེ་ན། ཙིདྷ་ཀྲྀ་ཏྃ་ཏད། སརྦ་དུ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཙི་རི་ཙི་རི་། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ཅི་རིགས་པར་བཟླས་པའི་རྗེས་ལ། ཨོཾ་བྷ་ཡང་ན་ས་ནི། ཏྲ་ས་ནི། ཏྲ་ས་ནི། སརྦ་མ་ར་པྲ་ཏྱཾ་གི་ར་བྷི་ན་ས་ནི། ཡེ་ཀེ་ཙི་དྷ། དུཥྚ་ས་ཏ་མ་མ་བྷི་རུ་བ་ཀྱི། ཀུ་རུ་པན་ཏི་ཏ་ནི། སརྦ་ནི་ཏྲ་ཏྱཱཾ་གི་ར་ནི། ས་ཏུ་ཧཱུྃ་སྭཱཧཱ། ཅེས་ཅི་རིགས་པར་བཟླས་ལ། གང་དག་སུ། བླ་མ་དམ་པ་སྐུ་འཁོར་དང་ཅས་པ་དང་། བདག་ཅག་འཁོར་དང་བཅས་པ་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། བསམ་པ་ངན་པ་སྦྱོར་བ་རྩུབ་པར་བྱེད་པའི་དགྲ་དང་བགེགས་གང་ཡིན་པ་དེ་དག་ཐམས་ཅད་ཞི་བར་གྱུར་ཅིག ཞི་བར་མ་གྱུར་པ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་པར་བགྱིའོ། །ངག་བཅིང་པར་བགྱིའོ། །མཐུ་རླག་པར་བགྱིའོ། །རྫུ་འཕྲུལ་བརླག་པར་གྱུར་ཅིག དེས་མ་སྒྲུབ་པའི་ལྷ་འདྲེ་ཉིད་ཀྱི་དེའི་ཤ་ལ་ཟ་བར་གྱུར་ཅིག དེས་བཟླས་པའི་སྔགས་ཀྱིས། དེ་ཉིད་ཀྱི་མཐུ་དང་ནུས་པ་ཐམས་ཅད་འཇོམས་པར་གྱུར་ཅིག ཅེས་བརྗོད་ཅིང་ཐལ་མོ་བརྡབ། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཕཊ་ཅེས་པས་བརྟན་པར་བྱའོ། །ཡིག་བརྒྱ་དང་ཁྲོ་བཅུའི་བཟླས་པ་རང་བྱུང་རྡོ་རྗེས་ཁྱུང་རྫོང་དུ་བྲིས་པ་རྫོགས་སོ། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ དགྱེས་པ་རྡོ་རྗེའི་མཆོད་ཁྲིགས་བཞུགས།། །བླ་མ་དང་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བསྒྲུབ་མཆོད་དང་། ཚོགས་ཀྱི་མཆོད་པ་དང་། རབ་གནས་དང་། སྦྱིན་བསྲེགས་ལ་སོགས་པ་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་བཤད་པར་བྱའོ། །རྒྱུད་འདིར་དབང་བསྐུར་བ་ཐོབ་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དང་། སློབ་མས་དུར་ཁྲོད་རིའི་བྱ་སྐྱིབས་ལ་སོགས་པ། རྒྱུད་ལས་གསུངས་པ་གང་ཡང་རུང་བའི་གནས་སུ། གོང་དུ་བརྗོད་པའི་བྱ་བའམ། ཁྱད་པར་དུ་ཚོགས་ཀྱི་འཁོར་ལོ་ལ་ནི། ཚོགས་ཀྱི་ཁང་པ་རིམ་པ་གསུམ་པ་ཕྱག་དར་དང་། ལེགས་པར་བརྒྱན་ཞིང་ཡོ་བྱད་འཚོགས་པར་བྱ་སྟེ། གཞུང་ལས་གསུངས་པའི་གདན་ལ་ཐོག་མར་རྡོ་རྗེ་སློབ་དཔོན་འཁོད་ནས། འདུ་བར་འོས་པ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ཏེ། སྒོ་བསྲུང་བ་མི་གཡོ་བའི་རྣམ་པར་བྱས་པ་ལ། སྒོ་དབྱེ་བར་གསོལ་བ་གདབ་པ་ནི། ཀྱེ། ཁྱོད་ཀྱི་དམ་ཚིག་མཛེས་པ་འཇམ་པ་སྔོ་མདོག་ཐུགས། །འཁོར་བ་ལས་རྒལ་དཔའ་བོ་འདུ་བའི་ཚོགས་མཐོང་ངོ་། །རིན་ཆེན་བཀོད་པའི་དབྱུག་པ་ཕྱག་ན་བསྣམས་པ་ཀྱེ། །རྣལ་འབྱོར་མ་རྣམས་དབུས་སུ་བདག་མཆི་སྒོ་དབྱེར་གསོལ། ཞེས་བརྗོད་ནས། བརྡའ་དང་། བརྡའིི་ལན་དང་ལྡན་པས་གྲལ་ལ་འཁོད་དེ། དེ་ནས་ལས་ཀྱི་རྡོ་རྗེ་ཡིས་མཎྜྻལ་ཕུལ་ཞིང་ཕྱག་བྱས་ལ། ཡོ་གི་ས་མ་ཏི་ཀྲ་མ་ཧཱུྃ། ཞེས་བྱ་བའམ་གང་ཡང་རུང་བས་ཏིང་ངེ་འཛིན་ལ་བསྐུལ་ནས། བགེགས་ཉེ་བར་ཞི་བའི་དོན་དུ་གཏོར་མ་བཏང་ཞིང་། བསྲུང་བའི་འཁོར་ལོ་དང་། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བལྟས་ལ། བླ་མ་དག་པའི་ཆོ་ག་ལ་སོགས་པ་ཡན་ལག་བདུན་པ་བྱ་སྟེ། བསྐྱེད་པའི་རིམ་པ་རྒྱས་བསྡུས་གང་ཡང་རུང་བ་བསྒོམས་ནས། ཁྱད་པར་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་དུས་སུ། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པས། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་དོན་སླད་དུ། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ཅིང་། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོས་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་རིན་ཆེན་འབར་བའི་རིམ་པ་ལས་བཤད་པ་འདི་བྱའོ། །བཞུགས་སུ་གསོལ་བ་ནི། འདིར་ནི་དག་ཏུ་བཞུགས་ནས་ཀྱང་། །བརྩེ་བ་རྗེས་སུ་བཟུང་བ་དང་། །བྱང་ཆུབ་སེམས་ནི་རབ་འཕེལ་ཕྱིར། །བརྟན་པར་འདིར་ནི་བཞུགས་སུ་གསོལ། །དེ་ལྟར་ཡེ་ཤེས་གཞུག་ཅིང་དབང་བསྐུར་རྫོགས་ནས། བདུད་རྩི་མྱང་བའི་སྐབས་སུ། དཔལ་ཀྲི་ཥྚ་བའི་ཚོགས་ཀྱི་ཆོ་ག་ལས་གསུངས་པ། རྡོ་རྗེ་སློབ་དཔོན་གྱིས་ཐོད་པ་བདུད་རྩི་ཡིས་གང་བ་ལ། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱིད་པོ། ཨ་ལས་ཀ་པ་ལ། ཧཱུྃ་བྷྲུྃ་ཨྃ་ཛི་ལྃ་ལས་གྲུབ་པའི་བདུད་རྩི་ཨོཾ་གྱིས་མཚན་པ། ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་ཕྱེད་པ་དང་ལྡན་པ་བསྒོམས་ཏེ། འབར་བའི་ཕྱག་རྒྱས་རེག་ཅིང་། ཧ་དམར་པོ་ཁ་དོག་ངན་པ་སྦྱངས། ཧོ་དཀར་པོ་དྲི་བསལ། ཧ་ཧོ་ཧྲི་ཨོཾ་ཨཱ་ཧཱུྃ་ཞེས་བརྗོད་པས་བདུད་རྩིར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཡང་བཀུག་ནས། བདུད་རྩི་དང་བཅས་པའི་སྲིན་ལག་གིས། གྲུ་གསུམ་བྲིས་པ་ལ་བདུད་རྩི་གཏོར་ལ་ཟླ་བའི་གདན་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམས་བདུད་རྩི་འཐེབ་སྲིན་གྱིས་མཆོད་ཅིང་རང་གིས་ཀྱང་མྱང་ངོ་། །དེ་ནས་མཆོད་པའི་སྐབས་སུ་རྩ་བའི་སྔགས་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་ཤིང་། ཧཱུྃ་གིས་བསངས་ལ། ཨོཾ་ན་མ་སརྦ་ཏ་ཐ་ག་ཏ་ཤྲི་ཧེ་རུ་ཀ་ས་པ་རི་ཝ་ར་ཛ་ཧཱུྃ་བྃ་ཧོ་ཁྃ་རྃ། ཞེས་མཆོད་ཡོན་དབུལ། གོང་གི་སྔགས་ལ་ཨོཾ་ནི་རི་ཏི་ཧཱུྃ་ཁྃ་ཞེས་ཞབས་བསིལ་འབུལ། ཕྱིའི་མཆོད་པ་ནི་མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལ་དག་པ། །བདག་གིས་དད་པས་འབུལ་ལགས་ན། བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ན་མ་སརྦ་ཏ་ཐ་ག་ཏ་ཤྲི་ཧེ་རུ་ཀ་ས་པ་རི་ཝ་ར་ཨོཾ་བཛྭ་པུཥྤེ་ཨ་ཧཱུྃ་སྭཱཧཱ། །ནགས་ཚལ་ལས་བྱུང་ཕན་པ་ཡི། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གིས་ལས་སོགས་འགྲེའོ། །བཞེས་ནས་བདག ཨོཾ་ན་མ་ལ་སོགས་པའི་མཐར། །ཨོཾ་བཛྭ་དྷུ་པེ་ཨ་ཧཱུྃ། །སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིྎ བཞེསྎ ཨོཾ་བཛྭ་དྷི་བཾ་ཨོཾ་ཧཱུྃ་སྭཱ་ཧཱ། །ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །ཚིམ་བྱེད་དག་པའི་བདུད་རྩི་འདི། །བདག་གིྎ བཞེས་ནསྎ ཨོཾ་བཛྭ་གྷན་དྷེ་ཨ་ཧཱུྃ་སྭཱ་ཧཱ། བཤོས་གཙང་བཟའ་དང་བཅས་པ་ཡི། །ཁ་དོག་དྲི་དང་རོ་ལྡན་པ། །བདག་གིྎ བཞེས་ནསྎ ཨོཾ་བཛྭ་ནེ་ཝེདྱེ་ཨ་ཧཱུྃ་སྭཱ་ཧཱ། །སྣ་ཚོགས་དྲིལ་བུའི་སྒྲ་རྣམས་དང་། །ཅང་ཏེའུ་ལ་སོགས་སྒྲ་ཡི་ཚོགས། །བདག་གིྎ བཞེས་ནསྎ ཨོཾ་བཛྭ་ཤཔྟ་ཨ་ཧཱུྃ་སྭཱ་ཧཱ། ཞེས་ཐུབ་དཀའ་ཟླ་བའི་ཆོ་ག་ལས་གསུངས་པ་དང་། གཞན་ཡང་། ཧཱུྃ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་འབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་བ་ནི། །རྣམ་སྣང་མཛད་ཀྱིས་བཞེས་སུ་གསོལ། །སྒྲ་ལ་རྣམ་གསུམ་ཤེས་བྱས་ཏེ། །ལྷ་རྣམས་ལ་ནི་འབུལ་བར་བྱ། །དེ་ཉིད་བཅོམ་ལྡན་གྲགས་ཆེན་པོ། །རྡོ་རྗེ་སེམས་དཔའ་བཞེས་སུ་གསོལ། །དྲི་ལ་རྣམ་གསུམ་ཤེས་བྱས་ཏེ། །ལྷ་རྣམས་ལ་ནི་འབུལ་བར་བྱ། དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཆེན་པོས་བཞེས་སུ་གསོལ། །རོ་ལ་རྣམ་གསུམ་ཤེས་བྱས་ཏེ། །ལྷ་རྣམས་ལ་ནི་འབུལ་བར་བྱ། དེ་ཉིད་བཅོམ་ལྡན་འདོད་ཆགས་ཉིད། །རྡོ་རྗེ་ཆོས་ཀྱིས་བཞེས་སུ་གསོལ། །རེག་ལ་རྣམ་གསུམ་ཤེས་བྱས་ཏེ། །ལྷ་རྣམས་ལ་ནི་འབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་བདག་པོས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རུ་པ། ཤཔྟ། གྷན་དྷེ། ར་ས། པར་ཤེ། པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ན་ས་མ་ཡེ་ཧཱུྃ། ཞེས་གུར་ལས་གསུངས་པ་དང་གཞན་ཡང་རིག་མ་བཅུ་དྲུག་གིས་མཆོད་པ་ནི། ཧཱུྃ། པི་ཝང་འགྱིང་བ་སྔོན་མོ་སྟེ། །གླུ་མ་གླིང་བུ་སེར་མོ་ཉིད། བཞད་མ་རྔ་ཟླུམ་དཀར་ཞིང་དམར། །བདུག་པ་སྔོན་མོ་མེ་ཏོག་དཀར། །མར་མེ་དམར་སྐྱ་དྲི་ཆབ་དཀར། །དྲི་མ་རོ་མ་ཁ་དོག་དམར། རེག་བྱ་མེ་ལོང་ལྗང་དང་དཀར། །ཆོས་མ་དཀར་ཞིང་རང་རྟགས་ཅན། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །ཞེས་དེ་ཁོ་ན་ཉིད་ཀྱི་བསྒྲུབ་ཐབས་སུ་བྱུང་བས་རིག་མ་བཅུ་དྲུག་གིས་ཀྱང་མཆོད་པར་བྱའོ། །ཐུན་མོང་མ་ཡིན་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པ་ནི། ནམ་མཁའི་ཁམས་གང་བར་སྤྲོས་ནས། གྷི་རི་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་དྲི་ཆུ་ལག །གྷས་སྨ་རི་ནི་སྨན་འཛིན་ཅིང་། །པུ་ཀ་སི་ནི་དབུས་གནས་བཅུད། །རི་ཁྲོད་མས་ནི་རོ་སྣ་ཚོགས། །གདོལ་པ་མོས་ནི་ཅང་ཏེའུ་བརྡུང་། །བདེ་བ་ཆེ་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཨོཾ་གྷ་རི་གྷཾ་ཨ་ཧཱུྃ་སྭཱ་ཧཱ། ཙོ་རི་ཙཾ། བྷེ་ཏ་ལི་བྃ། གྷ་སྨ་རི་གྷྃ། པུ་ཀ་སི་པྃ། ཤ་བ་རི་ཤྃ། ཙན་དྷ་ལི་ཙྃ། ཌྷྜྷོཾ་བྷི་ནི་ཌཾ། ཨ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་དོ། །སྤྲོས་པ་ལ་དགའ་ན་མཆོད་པ་གཞན་ནས་གསུངས་པ་རྣམས་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་བསྟོད་པ་བྱ་བ་ནི། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེའི་རྡོ་རྗེ་བདག་ཕྱག་འཚལ། བདག་མེད་མས་ནི་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པོ། མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོ་དངས་སྟེངས་ནག་པོ་མཛེས། དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །ནག་པོ་ཆེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོང་། །སྐྱེས་པ་ཁྱི་དང་མ་ཧེ་ཅན། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་ཕྱག་འཚལ་ལོ། །ས་དང་ཆུ་དང་རླུང་དང་མེ། ཉི་ཟླ་གཤིན་རྗེ་གསང་བ་པོ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་ཕྱག་འཚལ་ལོ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །གར་མཛད་དེ་ལ་བདག་ཕྱག་འཚལ། འཁོར་ལོ་བཞི་ཡི་བདག་ཉིད་མཛེས། འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པར་དགའ་བ་ཡང་དག་ཐོབ། བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གྷྃ་ལས་སྐྱེས་པའི་གྷོ་རི་མས། །ཡན་ལག་གནག་ཅིང་གཡོན་པ་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་གནན་ལ་བདག་ཕྱག་འཚལ། །ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནི། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡི། །རུས་སྦལ་འཛིན་ལ་བདག་ཕྱག་འཚལ། །གྷ་སྨ་རི་ནི་བྱང་གི་སྒོར། །ལྗང་ཁུ་གྷྃ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པ་འབྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཅིང་པྃ་ལས་བྱུང་། །གཡོན་ན་དགྲ་སྟ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུ་ཀ་སི་སྔོན་ལའོ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་པའི་བསིལ་བྱེད་གཡས་པ་ན། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་བསང་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོང་བ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་ཉེད་པ་ལ། །དྷཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐག་བཟངས་རིས་སྟེང་གཤེགས། །ཕྱག་ན་སྡིག་མཛུབ་དང་རྡོ་རྗེ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་རྣམས་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་བ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་འཚལ་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལ་འདི་དག་ཐམས་ཅད་མ་ལུས་པའི། །བཞི་པོ་བདེ་གསོལ་རིག་མ་བསྡུས་བྱེད་པའི། །ཤེས་རབ་ཆགས་པ་བདུད་རྩིའི་རོ་ཉིད་ཀྱིས། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱེ་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གི་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་བདེ་མཚུངས་ཤོག སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའོ། །ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་རྣམ་སྦྱོང་ཞིང་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །འགྲོ་བ་སྡང་བས་གནོད་གཟིགས་ནས། །ཞེ་སྡང་ཀུན་ཏུ་ཟད་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །བུད་མེད་འདུལ་བ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་འགྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །འགྲོ་བ་རྨོངས་པས་གཟིར་གཟིགས་ནས། །གཏི་མུག་ཀུན་དུ་ཟད་མཛད་པ། །མགོན་པོ་རྒྱལ་བ་རྣམ་སྣང་མཛད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །འགྲོ་བ་ཁེངས་པས་གཟིར་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །རྡོ་རྗེ་དྲེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཆགས་པས་གཟིར་གཟིགས་ནས། ཆགས་པ་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །རྡོ་རྗེ་ཆགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཕྲག་དོག་གཟིར་གཟིགས་ནས། །ཐམས་ཅད་ཀྱི་ནི་ཟད་མཛད་པ། །རྟ་བདུན་རྒྱལ་པོ་ཆེན་པོ་སྟེ། །ཐམས་ཅད་གཟུགས་ལ་ཕྱག་འཚལ་བསྟོད། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣའི་རྡོ་རྗེ་ཕྱག་འཚལ་བསྟོད། འདོད་ཆགས་རྡོ་རྗེ་བདག་ལ་གསོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་བདག་མགུར་འགྱུར། །ཞེས་གུར་ལས་བྱུང་བའི་བསྟོད་པ་རྣམས་སམ། ལྷ་མོ་བཅོ་ལྔའི་བསྟོད་པ། ཨ་ལས་སྐྱེས་པའི་ནེ་རིག་མ། །ནམ་མཁའི་མདོག་ཅན་ཁྲོ་རྒྱལ་ཡུམ། །སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ། །གྲི་གུག་སྡིག་མཛུབ་བདུད་རྣམས་སྡིག །བན་དྷའི་རག་ཏ་ཡབ་ལ་སྟོབ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ནི་རང་ཤུ་ཡིས་བརྒྱན་པ་ཅན། །མི་མགོ་སྐམ་པོའི་དོ་ཤལ་ཅན། །གཉིས་མེད་ཚུལ་གྱིས་ཡབ་ལ་འཁྲིལ། །གཡོན་བརྐྱང་ཚུལ་གྱིས་གར་མཛད་མ། །དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ཡུམ། །རྣམ་རྟོག་ཐམས་ཅད་འཇོམས་མཛད་མ། །བདག་མེད་ཡུམ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར། །ཆོས་དབྱིངས་མི་བསྐྱོད་འགག་པ་མེད་པ་ལ། །ཐབས་ཀྱིས་སྤྲུལ་སྐུ་སྣ་ཚོགས་སྟོན་མཛད་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་ཡི་བདག་ཉིད་ཨ་ལས་སྐྱེས། །བདུད་བཞི་ཟིལ་གྱིས་མནན་པ་འཇིགས་པའི་སྐུ། །མི་བསྐྱོད་བདེ་བ་ཆེན་པོའི་ངང་། །ཡེ་ཤེས་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་ལོ། །ཨ་ལས་སྐྱེས་པ་མཛེས་པའི་རྡོ་རྗེ་མ། །རྟག་ཏུ་དགྱེས་པ་ཁ་ཊྶཱཾ་ག་ལ་གཟིགས། །གདུག་པ་སྐྲག་མཛད་རྣམ་སྣང་ཅོད་པན་མཐོ། །དུར་ཁྲོད་རྒྱན་དང་ལྡན་ལ་ཕྱག་འཚལ་ལོ། །ཨི་ལས་སྐྱེས་པའི་གསང་བའི་གྷོ་རི་མ། །གཟི་བརྗིད་མི་མཚུངས་གར་ལྡན་རོ་མཆོག་མྱོང་། །དོན་དམ་ཐུགས་ཆུད་དབུ་རྒྱན་རིན་ཆེན་ཏོག །སྤྱན་གསུམ་ཐོད་རློན་ཅན་ལ་ཕྱག་འཚལ་ལོ། །ཨ་ལི་ཀ་ལིའི་སྙོམས་འཇུག་རྣལ་འབྱོར་མ། །བདེ་བས་རྟག་དགྱེས་བྱང་ཆུབ་སེམས་ཀྱི་ངང་། །འོད་དཔག་མེད་ཀྱིས་དབུ་རྒྱན་ཨི་ལས་སྐྱེས། །གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ། །ཨུ་ལས་སྐྱེས་པ་རྡོ་རྗེ་མཁའ་འགྲོ་མ། །ཁམས་གསུམ་དག་བྱེད་སྒྲོལ་མ་ལས་ཀྱི་མཆོག། དོན་གྲུབ་དབུ་རྒྱན་ཆགས་པ་སྤྱན་དང་ལྡན། །མཚུངས་མེད་ཆགས་པར་ལྡན་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་དག་ཆོས་དབྱིངས་པུ་ཀ་སི། །མི་བསྐྱོད་དབུ་རྒྱན་དྲི་མ་དག་མཛད་ཅིང་། །ཨུ་ལས་སྐྱེས་པ་རྒྱ་ཕྱེད་ཕྲེང་བར་ལྡན། །འཇིག་རྟེན་ཞི་མཛད་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་འདུས་མ་བྱས་ཀྱི་རི་ཁྲོད་མ། །སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས། །རི་ལས་བྱུང་བ་གར་གྱི་ཕྱོགས་བཅུར་གཟིགས། །མཆུ་ཟླ་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་ཉེ་བའི་གནས་སོགས་བགྲོད་མཛད་ཅིང་། འདུ་བྱེད་མ་ལུས་བསྲེགས་མཛད་ཙན་དྷ་ལི། །རིན་ཆེན་དབུ་རྒྱན་བརྗིད་པ་རི་ལས་སྐྱེས། འཛག་པ་གསལ་མཛད་དེ་ལ་ཕྱག་འཚལ་ལོ། །མི་གནས་མྱ་ངན་འདས་པའི་མཚན་ཉིད་ལས། །ཐུགས་རྗེ་སྤྲུལ་མཛད་ཡོད་པའི་དྷོཾ་བི་ནི། །སྒེག་མོ་སྣང་མཐའ་ཡས་བརྒྱན་ལི་ལས་བྱུང་། །མཁའ་ལྟར་དྲི་མེད་སྐུ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོ་རྟ་ཡི་སྐད་སྦྱོར་ཞིང་། །རོ་ཧི་ལ་དང་ཨ་ཏྲ་ལ་དག་དགའ། །ཞེས་སྡང་རྡོ་རྗེ་ཨུ་རྒྱན་ལཱི་ལས་བྱུང་། །གྷོ་རི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚལ་ལོ། །ཆོས་ཉིད་གསང་བའི་ཡུམ་གྱུར་ཆོམ་རྐུན་མ། །མི་རྟོག་མཉམ་ཉིད་འགྲོ་བའི་དོན་ལ་བརྩོན། །དབུ་རྒྱན་གཏི་མུག་རྡོ་རྗེ་མི་འགྱུར་རྟགས། །ཨེ་ལས་སྐྱེས་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མ་ལུས་ཆགས་པ་དབང་དུ་བསྡུད། །དཔལ་དང་གཟི་བརྗིད་བསྐྱེད་མཛད་བྷེ་ཏ་ལི། །ང་རྒྱལ་རྡོ་རྗེ་དབུ་རྒྱན་ཨེ་ལས་སྐྱེས། །སྙོམས་འཇུག་མི་གནས་ངང་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་སུ་ལྡན་པའི་གྷ་སྨ་རི། །དེ་ཉིད་ལ་དགྱེས་འདོད་ཆགས་རྡོ་རྗེས་བརྒྱན། །ཨོཾ་ལས་བྱུང་བ་དྲག་པོའི་ལས་ལ་དགའ། །སྐྱེ་མེད་སྐྱེ་བར་སྟོན་ལ་ཕྱག་འཚལ་ལོ། །སྒྱུ་མ་སྨིག་སྒྱུ་ལྟ་བུ་མཁའ་ལ་སྤྱོད། །བར་སྣང་མཁའ་ལ་མངའ་མཛད་ཧེ་རུའི་ངང་། །ཅོད་པན་སྣང་བ་མཐའ་ཡས་ཨེ་ལས་སྐྱེས། །ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཀྱིས་དབུ་རྒྱན་ས་འོག་སྤྱོད། །འོག་གི་འཇིག་རྟེན་མ་ལུས་བསྒྲོལ་མཛད་མ། །ཨཾ་ལས་བྱུང་བ་འཇིགས་པའི་དུར་ཁྲོད་བརྒྱན། །ཐབས་མཁས་མཐར་ཐུག་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ལི་ཀ་ལི་ཉི་ཟླ་ཁ་སྦྱོར་ས་བོན་རྣམ་པར་དག་པ་ལས། །གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་རྒྱན་མཛད་ཅིང་། །དཀྱིལ་ཀྲུང་ཕྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན། །ཕྱག་རྒྱ་ཆེན་པོའི་སྐུ་ལ་རྩ་གསུམ་སྤྲུལ་མཛད་དེ་ལ་ཕྱག་འཚལ་ལོ། །བསོད་ནམས་ཆེན་པོ་དག་ལས་བྱུང་བ་སྐུ་མངའ་ཡེ་ཤེས་ལྔ་ལྡན་འཇིགས་གཟུགས་ཅན། །བདག་གིས་ཁྱོད་ཀྱི་ཡོན་ཏན་ཤས་ཙམ་མཐོང་ནས་དད་པའི་དབྱངས་ཀྱིས་བསྟོད་པ་ཡིས། །ཁམས་གསུམ་འཁོར་བ་རྒྱ་མཚོར་གནས་པ་རྣམ་རྟོག་རླུང་གིས་ཕྱོགས་བཅུར་གཡེངས་བ་རྣམས། །སྐྱེ་རྒ་ན་འཆི་སྤངས་ནས་འཁོར་བའི་རྒྱ་མཚོ་ལས་རྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག གཞན་ཡང་གང་རུང་རྣམས་ཀྱིས་བསྟོད་དོ། །བདག་མེད་མའི་བསྟོད་པ་ཨརྻ་དྷེ་བས་མཛད་པའོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས། སྔར་ལྟར་རྡོ་རྗེ་ཐོད་པའི་སྦྱོར་བས་བྱིན་གྱིས་བརླབས་ལ། ཚོགས་ཀྱི་ཕུད་དང་དམ་ཚིག་གི་རྫས་གཏོར་མར་བླུགས་ཏེ། གཏོར་མའི་ཆོ་ག་ལས་གསུངས་པ་ལྟ་བུའི་གཏོར་མ་བཏང་བར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དང་། འདུས་པའི་ཚོགས་རྣམས་ལ་བསོད་ནམས་སྤེལ་བ་དང་། ལས་ཀྱི་རྡོ་རྗེ་ལ་སོགས་པས་གནས་གསུམ་དུ་དྲིའི་ཐིག་ལེ་དང་མེ་ཏོག་ལ་སོགས་པས་ཀྱང་མཆོད་པར་བྱ་སྟེ། །དེའི་འོག་ཏུ་ཐོད་པ་དུམ་བུ་ཅིག་པ་བདུད་རྩིས་བཀང་ནས། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་ཅིག་ཏུ་དགོངས་ཏེ་རོལ། །ཞེས་བརྗོད་ནས་བླ་མ་ལ་དྲང་ངོ་། །བླ་མས་ལག་པ་སྐོར་ཞིང་གཡོན་པས་བཟེད་ལ་གཡས་པས་རྩེ་གསུམ་པར་བྱས་ལ། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་གྲོལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བརྗོད་ལ་བླང་ངོ་། །དེ་ནས་ཏིང་ངེ་འཛིན་རྣམ་པར་དག་པས་ཚོགས་ལ་ལོངས་སྤྱད་དེ། དེའི་རིམ་པ་ཡང་། ལྡོམ་བྷི་ཧེ་རུ་ཀས། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁུང་དུ་འོད་འབར་བསམ། །དེ་ནས་པྃ་ལས་ཆུ་སྐྱེས་བརྒྱད། །དེ་སྟེང་ལྷའི་དཀྱིལ་འཁོར་བསམ། །ཁ་ནི་ཧོང་ཁུང་རབ་བསམས་ཏེ། །ལག་གཉིས་ཧཱུྃ་རྡོ་རྗེ་ཡི། །གཟར་བུ་གཉིས་སུ་ཡང་དག་བསྒོམ། །རང་རང་སོ་སོའི་ལྷ་རུ་བསམ། །རྡོ་རྗེ་བཟླས་པའི་ཚུལ་གྱིས་ནི། མི་རྟོག་སེམས་ཀྱི་གསང་སྔགས་བཟླས། །ནང་གི་རྣལ་འབྱོར་ངེས་པ་ནི། །ཐུགས་ཀྱི་དཀྱིལ་འཁོར་ཞེས་གསུངས་པའི། །དོན་དང་ལྡན་པས་ལོངས་སྤྱད་པར་བྱའོ། །དེ་ནས་རྗེས་ཀྱི་ཆོ་ག་སྨོན་ལམ་གདབ་པ་ནི། རྡོ་རྗེ་འཛིན་སོགས་ཕྱག་འཚལ་ལོ། །ཁྱེད་ལ་རབ་ཏུ་དད་པ་ཡིས། མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ནི། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །རིགས་སུ་སྐྱེས་དང་དམ་ཚིག་ཅན། སྙོན་མེད་སྐྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལས་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པར་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །ཤེས་རབ་བདེ་ཆེན་ལོངས་སྤྱོད་པར། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཞེས་ལྡོམ་བྷི་བའི་ཆོ་ག་དང་། རྒྱུད་ལས་གསུངས་པའི་སྨོན་ལམ་བཏབ་ནས། དེ་ནས་ཚོགས་ཀྱི་ལྷག་མ་ལས་བྱས་པའི་གཏོར་མ་བཟང་པོ་བཤམས་པ་ལ། ཆང་གི་ཁ་ཕྲུ་བཏབ་ནས། ཨོཾ་བྷྱོ་བྷ་ཏ་ལི་བྷ་ར་ལི་བྷ་ཏ་ལ་ཚེ་ཞེས་ལ། ལྷ་མོ་ཞལ་ཅིག་ཕྱག་བཞི་པ་བོང་བུ་གྭ་པ་ལ་ཞོན་པ་སྤྱན་དྲངས་ལ། ཨོཾ་བྷྱོ་བྷ་ཏ་ལ་བྷི་ཏ་ལི་ཚེ། དུར་ཁྲོད་གནས་མོ་དངོས་གྲུབ་ཞལ། །གཏུམ་མོ་རྩིགས་བྱེད་ཡི་དྭགས་ཁ། །དམ་ཚིག་བསྲུངས་མ་ཁྲག་དགའ་མོ། །ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །རྩིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཅིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་འདི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཞེས་པས་མཁའ་འགྲོ་མ་དུད་པའི་སོལ་བ་ཅན་ལ་གཏོར་མ་འབུལ་ལོ། །གཞན་ཡང་། ཨོཾ་ཨ་ཀ་རོ་མུ་ཁྃ། སརྦ་དྷརྨ་ནཾ། ཨདྱ་ནུ་པན་ན་ཏྱ། ཨོཾ་ཨ་ཧཱུྃ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཚིན་དྷ་བྷིན་དྡྷ་ས་ནེ་བྷྱ་ཧཱུྃ་སྭཱཧཱ། ཞེས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་ཡང་བསྔོས་ཏེ་སྦྱིན་ནོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཡོད་ན་གཤེགས་སུ་གསོལ་བ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་ཚངས་པ་དང་ལྷག་གྱུར་དང་། །གང་ཡང་འགལ་བར་གྱུར་པ་ཀུན། །དེ་ཀུན་བཟོད་པར་མཛད་པའི་རིགས། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང་། །དེ་ཡང་ཁྱེད་ཀྱིས་བཟོད་པར་མཛོད། །མངའ་བདག་ཉིད་ཀྱིས་གནང་བར་ཞུ། ཡི་གེ་བརྒྱ་པའི་མཐར་ཨོཾ་བཛྭ་མུ་ཞེས་པས་གཤེགས་སུ་གསོལ་ལོ། དེ་ནས་བཀྲ་ཤིས་བརྗོད་པ་ནི། །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བསྒྲུབས་ཤིང་། །དགྱེས་པའི་རྡོ་རྗེ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། ཤེས་རབ་བདག་མེད་པད་མ་ལ་ནི་རྡོ་རྗེ་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པད་མ་དམར་པོ་གེ་སར་ཚུལ། །འདབ་བརྒྱད་ལ་གནས་ལྷ་མོས་ཞལ་བརྒྱད་ལ་ཕྱོགས་ཤིང་། རོལ་སྟབས་སྣ་ཚོགས་ཀྱིས་ནི་གཙོ་བོ་མཉེས་པར་བྱེད། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །རབ་དམར་སྤྱན་གྱིས་དུས་གསུམ་གདུལ་བྱ་ལ་གཟིགས་ཤིང་། །ནང་སྟོང་ལ་སོགས་བཅུ་དྲུག་ཕྱག་གིས་དུག་གསུམ་སེལ། །བསྡུ་དངོས་ཞབས་བཞི་ཡིས་ནི་བདུད་བཞི་འཇོམས་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །ལོག་རྟོག་བསལ་ཕྱིར་དབུ་སྐྲ་དམར་སེར་གྱེན་དུ་འབར། །སྒེག་པ་ལ་སོགས་རོ་དགུའི་ཆ་བྱད་རབ་ཏུ་གསལ། །འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ་ཡིས་རབ་ཏུ་བརྒྱན། བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །མེ་ལོང་ལ་སོགས་ཡེ་ཤེས་བཞི་ལས་གྲུབ་པའི་སྐུ། །གྷོ་རི་ལ་སོགས་ཕྱོགས་ཀྱི་པད་མ་ལ་གནས་པ། །ཚངས་པ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བྱམས་པ་ལ་སོགས་ཚད་མེད་བཞི་ལས་གྲུབ་པའི་སྐུ། །པུ་ཀ་སི་སོགས་མཚམས་ཀྱི་པད་མ་གནས་པ། །གཤིན་རྗེ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དྲན་པ་ཉེར་བཞག་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་དབང་པོའི་སྟོབས་རྣམས་དང་། །བྱང་ཆུབ་ཕྱོགས་རྣམས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུ་མཛེས་པའི་གཞལ་ཡས་ཁང་། །འདོད་པ་ལྔ་ཡི་ལོངས་སྤྱོད་མཆོག་གི་བཀོད་པ་དང་། །མུ་ཏིག་དྲ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲི་བུ་དཔྱངས། །བདེན་པ་དེས་ཀྱང་བདེན་ཆེན་ལ་གནས་བཀྲ་ཤིས་ཤོག །རྟ་བབས་པད་མ་འཁོར་ལོ་གདུགས་ཀྱིས་ཕུབ། །མཛེས་པའི་རི་དྭགས་བ་དན་བཅུ་དྲུག་ལེགས་བརྐྱངས་པ། རླུང་གིས་བརྗིད་པའི་དྲིལ་བུ་དམ་པའི་ཆོས་སྒྲ་སྒྲོགས། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དུར་ཁྲོད་བརྒྱད་ཀྱིས་ལེགས་བསྐོར་ཞིང་། ཤིར་ཤ་ལ་སོགས་བྱང་ཆུབ་ཤིང་བརྒྱད་གནས་པ་ལ། །གླང་ཆེན་གདོང་ཅན་ལ་སོགས་བརྒྱད་པོ་གནས་པ་ཡི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག དཔལ་ལྡོམ་བྷི་ཞབས་ཀྱིས་མཛད་པའོ། །དེ་ནས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་ཕྱིར། བསྔོ་བ་གང་ཡང་རུང་བ་བྱའོ། །དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ། མཁས་གྲུབ་རྣམས་ཀྱིས་མཛད་པ་ཕྱོགས་གཅིག་བསྡུས་བྱས་ཏེ། །ཉམས་ལེན་རྣམས་ལ་ཕན་ཕྱིར་འཇུག་པ་བདེ་བ་རུ། །ལག་ཁྲིགས་འདི་ནི་རང་བྱུང་རྡོ་རྗེས་བསྡུས་པ་ཡིན། །འགྲོ་བའི་དོན་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །བཀྲ་ཤིས་དཔའ་འབར་འཛམ་གླིང་མཛེས་པའི་རྒྱན་དུ་ཤོག། །། ༈ དགྱེས་པ་རྡོ་རྗེའི་དབང་ཆོག་བཞུགས། །བླ་མ་དང་དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཡེ་ཤེས་ལྔ་རང་བཞིན། །ཡེ་ཤེས་གཅིག་ཏུ་སྦྱོར་བ་སྡོམ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ལུས་སེམས་དྲི་མ་སྦྱང་བ་དང་། །ལམ་གྱི་སྐལ་བ་འཇོག་པའི་ཕྱིར། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་གའི་རིམ་པ་བཤད་པར་བྱ། །བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ་དོན་རྣམ་པ་གསུམ་སྟེ། གང་གིས་བསྐུར་བ་སློབ་དཔོན་གྱི་མཚན་ཉིད་དང་། གང་ལ་བསྐུར་བའི་སློབ་མ་དང་། ཇི་ལྟར་བསྐུར་བའི་ཆོ་གའོ། །དང་པོ་ནི་གུར་ལས། བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་བསྲེགས་དཀྱིལ་འཁོར་སྔགས་ཤེས་བྱ། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོའི་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་བྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བར་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱིས་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། རང་འདོད་ལྷ་མཉམ་རྣལ་འབྱོར་པས། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་གསུངས་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ལ། སློབ་མ་ནི། བླ་མ་ལ་གུས་དབང་པོ་དུལ། ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དགེ་བ་བཅུ་ལ་གོམས་པ་དང་། །ཐེག་ཆེན་སྙིང་རྗེའི་མཆོག་གྱུར་པ། དེ་ལྟ་བུས་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་ནས་སྦྱིན་པར་བྱའོ། །ཆོ་གའི་རིམ་པ་ལ་གཉིས་ལས། དང་པོ་ནི་གནས་དབེན་ཞིང་ཉམས་དགའ་བར། རྡོ་རྗེ་སློབ་དཔོན་གྱིས་གྲངས་དང་མཚན་མའི་བསྙེན་པ་བྱའོ། །གཉིས་པ་ཆོ་ག་དངོས་ལ་གསུམ་སྟེ། ས་ཆོག་དང་། སྟ་གོན་དང། དངོས་གཞིའོ། །དང་པོ་ནི། ཚོམ་བུ་དགོད་ཅིང་མཆོད་གཏོར་བཤམ། །ལྷ་མོ་བསྐྱེད་ཅིང་མཆོད་བསྟོད་བྱ། །གསོལ་གདབ་གཤེགས་ཤིང་བྱ་བས་སྦྱང་། །བདག་གིར་བྱ་བ་དང་པོའོ། །དང་པོ་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ལྡན་དུ་བསྒོམས་ཏེ། འབྱུང་པོ་ལ་གཏོར་མ་བཏང་ནས། མཎྜྻལ་བྱེད་པའི་ས་དེར་བདུད་རྩིའི་ཆུས་ཐིག་ལེ་ཅིག་བྱ། དེར་མེ་ཏོག་གི་ཚོམ་བུ་ཅིག་བཀྲམ། དེ་ལ་བྃ་ལས་སའི་ལྷ་མོ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ། གཡས་པ་ཁ་ལེན་གྱི་ཕྱག་རྒྱ། གཡོན་པ་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བདག་གིས་ཅི་བགྱི་ཟེར་བ་ཅིག་བསྐྱེད་ལ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་བས། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །འགུལ་དོ་ཞབས་གདུབ་སིལ་སིལ་ཅན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་མཛོད་ལ། །དཀྱིལ་འཁོར་ལས་རྣམ་རབ་ཏུ་བསྒྲུབས། །ཧི་ཧི་ཧི་ཧི་བྃ་སྭཱཧཱ། ཞེས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཛ་ཧཱུྃ་བྃ་ཧོ་ཞེས་པས་དམ་ཚིག་སེམས་དཔའ་ལ། དགུག་གཞུག་ཅིང་མཉེས་པའི་ལས་བྱས་ཏེ། སྔོན་དུ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་རྣམས་ཀྱིས་མཆོད་དོ། །དེ་ནས། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེའི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཆེ་གེ་བདག་ནི་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་སའི་ལྷ་མོ་ཡིས་གནང་བ་བྱིན་པར་བསམ་སྟེ། གཤེགས་སུ་གསོལ་ཞིང་སྙིང་དུ་ཐིམ་པར་བསམ་མོ། །དེ་ནས་ས་བརྐོས་ནས་སའི་ཉེས་སྐྱོན་རྣམས་དག་པར་བསམ་ལ། ལག་པ་ས་ལ་བཞག་ཅིང་ཉེས་པའི་སྐྱོན་རྣམས་དག་པར་བསམ་ནས། སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་སྦྱང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྲུ་གསུམ་ཐེ་བོང་གསུམ་པ་ལ་སོགས་པ། དབུས་མཐོ་ཞིང་མཐའ་བབས་ཀྱིས་གཞོལ་བ། ཤར་དང་བྱང་ཅུང་ཟད་དམའ་བར་བྱས་ཏེ། བདུད་རྩི་ལྔའི་ཆུས་གཏོར་ཞིང་། རྃ་ལས་ཉི་མའི་དབུས་སུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱིས་འཕྲོ་འདུས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པའོ། །ཉི་མ་དང་པོའི་བྱ་བའོ། །དེ་ནས་བདག་བསྐྱེད་གླུས་བསྐུལ་ཞིང་། བཀའ་བསྒོ་བགེགས་བསྐྲད་གར་རྣམས་བྱ། ར་བ་གུར་བཅས་ལེགས་པར་བཀོད། སའི་ཆོ་ག་མདོར་བསྡུས་པའོ། །ནུབ་གཉིས་པའི་སྔ་དྲོ་གནས་ཉེ་བར་བརྒྱན་ལ་མཆོད་པ་དང་གཏོར་མ་བཤམས་ཏེ། རྡོ་རྗེ་སློབ་དཔོན་རུས་པའི་རྒྱན་བགོས་ཤིང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། འབྱུང་པོ་ལ་གཏོར་མ་བཏང་ཞིང་བསྐྱེད་པའི་རིམས་པ་བསྒོམས་ཏེ་བཟླས་པ་ཅི་རིགས་པ་བྱའོ། །ལས་བྱེད་པས་ཕྱོགས་བཞི་ནས་མཆོད་པ་དང་གཏོར་མ་ཅི་རིགས་པར་བྱས་ནས། ཤར་ཕྱོགས་ནས་གྷོ་རིའི་ང་རྒྱལ་གྱིས་བསྐུལ་བ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཡང་ལྷོ་ཕྱོགས་ནས། མཚན་རྣམས་དམ་པས་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོའི་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཡང་ནུབ་ཕྱོགས་ནས། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱངས་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། ཡང་བྱང་ཕྱོགས་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་གསོལ་བཏབ་ནས། བདག་ཉིད་ཧེ་རུ་ཀ་ཞལ་ཅིག་ཕྱག་གཉིས་པའི་རྣམ་པར་བསྒྱུར། རྐང་པ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། མིག་གཉིས་སུ་མ་དང་ཏ་ལས་ཉི་མ་དང་ཟླ་བ་བསམ་ལ་རབ་ཏུ་མྱུར་ཞིང་གཡོ་བའི་མིག་གིས་ལྟ་ཞིང་། དཀྱིལ་འཁོར་གྱི་དབུས་སུ་ལངས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེའི་གོམ་པས་དཀྱིལ་འཁོར་གྱི་བྱང་ཤར་གྱི་མཚམས་སུ་སོང་སྟེ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་དཀྱིལ་འཁོར་བྲི་བའོ། །རྡོ་རྗེ་རྩེ་མོ་འབར་བ་ཡིས། །ལུས་གསུམ་ལས་སྐྱེས་འགེས་བྱས་ཏེ། །རྨོངས་པའི་བདག་ཉིད་གང་འདའ་བ། །ཚལ་པར་འགེམས་ཀྱིས་གཞན་དུ་སོང་། །བདེ་ཆེན་ཡེ་ཤེས་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་དངོས་ལས་སྐྱེས། །ལུས་སྲུལ་པོ་ནི་གང་སུ་དག །བགེགས་ཆེན་པོ་རྣམས་སོ་སོར་སོང་། །ཞེས་བརྗོད་པའི་རྗེས་ལ་ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ། རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་ཡིས། གང་སུ་ཡང་རུང་པས་ཕྱོགས་འདི་ན་གནས་པའི་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་འབྱུང་པོ་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་རིག་འཛིན་ལ་སོགས་པ་རྒན་པོ་དང་རྒན་མོ་དང་། གཡོག་དང་འཁོར་དང་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་སོང་ཅིག །དེ་ལྟར་རྡོ་རྗེ་འཛིན་གྱི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ། ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ། ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ཏུ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་པ་དང་། ན་མ་ས་མན་ཏ་བུ་ཏེ་བྷྱོ། ན་མོ་བཛྭ་ཀྲོ་ཏ་ཡ། མ་ཧ་དྷྃ་ཤ་དྷོཾ་ཨོཾ་དྷ་ཀ་ཏ་བྷེ་ར་ས་ཡ་བཛྭ་སན་ཏོ་ཧ་དར་པ་ཡ་ཨོཾ་ཨཱ་མྲྀ་ཏ་ཀུན་དྷ་ལི་ཧཱུྃ་ཕཊ། དེའི་རྗེས་ལ་རྩ་བའི་སྔགས་ཀྱང་བཟླས། དེ་ལྟར་ཚིགས་བཅད་དང་སྔགས་རྣམས་ལན་གསུམ་བརྗོད། དེ་ནས་དབང་ལྡན་གྱི་མཚམས་ནས། གཡས་ནས་བརྩམས་ཏེ་ཧཱུྃ་མང་པོ་བརྗོད་ཅིང་ལན་གསུམ་བསྐོར་བའོ། །དེ་ནས་དབང་ལྡན་གྱི་མཚམས་ནས་བདག་མེད་མའི་ང་རྒྱལ་གྱིས་གཡོན་ཕྱོགས་ནས་བརྩམས་ཏེ། ཧེ་མང་པོ་བརྗོད་ཅིང་ལན་གསུམ་བསྐོར་བར་བྱའོ། །ཡང་ན་གཡས་བརྐྱང་གཡོན་བརྐྱང་ས་ག་ཟླུམ་པོ་མཉམ་པའི་རྐང་སྟབས་ལ་སོགས་པའི་ལྟ་སྟངས་དྲུག་ཅུ་རྩ་བཞིའི་གར་གྱིས་ཀུན་དུ་བསྐོར་བར་བྱའོ། །དེ་ནས་བསྲུང་བའི་འཁོར་ལོ་བྱའོ། །སའི་ཆོ་གའོ། །གཉིས་པ་སྟ་གོན་ནི་རྣམ་པ་བཞི་སྟེ། ལྷ་དང་བུམ་པ་དང་། སྦྱིན་བསྲེག་དང་། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི་ཚོམ་བུ་དགོད་ཅིང་མཆོད་གཏོར་བཤམ། །ལེགས་བསྐྱེད་དགུག་གཞུག་མཆོད་བསྟོད་ཅིང་། །སྙན་གསན་དབབ་ཅིང་ནམ་མཁར་བཏེག །དཀྱིལ་འཁོར་ལྷའི་སྟ་གོན་ནོ། །དེ་ཡང་དཀྱིལ་འཁོར་བའི་རྣམ་ལྔ་དང་བདུད་རྩི་ལྔས་བྱུགས་ཏེ། ཡབ་ཡུམ་གང་བྱེད་པའི་ལྷ་གྲངས་དང་མཉམ་པའི་དྲི་ཡིས་ཐིག་ལེ་བྱ། སོ་སོའི་སྙིང་པོ་བརྗོད་ཅིང་ཚོམ་བུ་དགོད། མཆོད་པ་ལྷ་གྲངས་དང་མཉམ་པས་བསྐོར། མངོན་པར་རྟོགས་པས་བསྐྱེད་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བཅིང་ཞིང་མཉེས་པར་བྱས་ཏེ། ཕྱི་ནང་གྱི་མཆོད་པ་རྣམས་འབུལ། བསྟོད་པ་ཅི་རིགས་པ་བྱ། བདུད་རྩི་མྱང་པའང་བྱས་ནས། སྤོས་ལག་ཏུ་ཐོགས་ཏེ་གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པའི་ཁྲོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ལྡན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། ཡུམ་གྱི་ཆོ་ག་ལ་བདག་མེད་རྣལ་འབྱོར་མ་དཔལ་ལྡན་ཞེས་པ་བཅུག་ལ་ཀྱུས་ཀྱི་ཚིག་གཉིས་པོ་འདི་དོར་རོ། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་སྙན་གསན་དབབ་ཅིང་ལྷ་རྣམས་ནམ་མཁའ་ལ་བཞུགས་སུ་གསོལ་བའམ་གཤེགས་སུ་གསོལ་བ་གང་རུང་བྱའོ། །གཉིས་པ་བུམ་པ་ནི། ལེགས་བཤམ་བདག་བསྐྱེད་མདུན་བསྐྱེད་ཅིང་། །སོ་སོའི་བཟླས་དང་མཆོད་བསྟོད་བྱ། །བུམ་པ་སྟ་གོན་གནས་པའོ། །དེ་ནས་རིན་པོ་ཆེ་ལས་བྱས་པའི་བུམ་པ་བཅུ་ལ་སོགས་པ་ཕྱི་ནང་ཆུ་གཙང་མས་བཀྲུས་ཏེ་ཡུངས་དཀར་ལ་བདུད་རྩི་འཁྱིལ་བའི་སྔགས་བརྗོད་པ་བགེགས་བསྐྲད། གུ་གུར་གྱི་དུད་པས་བདུག དྲི་ཞིམ་པོ་དང་ལྡན་པའི་བདུད་རྩི་ལྔའི་ཆུས་དགང་། རང་གི་མཚན་མ་བྲིས་ལ། མགུལ་ཆིངས་དང་། རིན་པོ་ཆེ་ལྔ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། དྲི་ལྔ་དང་། བདུད་རྩི་ལྔ་དང་། ཆུ་གཙང་མས་བཀང་སྟེ་རས་དཀར་པོ་དྲི་མ་མེད་པའི་སྟེང་དུ་མེ་ཏོག་དཀར་པོ་བཀྲམ་སྟེ། ལྷ་དགོད་པའི་གོ་རིམས་བཞིན་དུ་བུམ་པ་རྣམས་བཞུགས་སུ་གསོལ་ཏེ་མཆོད་པས་བསྐོར། གཙོ་བོའི་ཤིང་ལོའི་ཁར་བདུད་རྩི་ལྔ་དང་ཆང་དུ་སྦྱོར་བའི་ཐོད་པ་བཞག་ལ། དེའི་ཁར་རྡོ་རྗེ། དེ་ལ་མེ་ཏོག་ཕྲེང་བ་རྒྱུས་པའི་གཟུངས་ཐག་བཏགས་ཏེ་བཞག བུམ་པ་སྟོང་པའི་ངང་ནས་བྷྲུྃ་ལས་རིན་པོ་ཆེའི་བུམ་པར་བསྐྱེད། དེའི་ནང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་ཡབ་ཡུམ་དུ་བསྐྱེད་དེ། གྷོ་རི་ཛཱ་ལ་སོགས་པས་ཡེ་ཤེས་པ་སྐད་ཅིག་གིས་དགུག་གཞུག་བྱ། གོང་གི་པུ་ཙ་བཤམས་པ་དེས་དངོས་སུ་མཆོད། རྡོ་རྗེ་དྲིལ་བུ་བཟུང་སྟེ་བསྟོད། གཏོར་མ་འབུལ། བདུད་རྩི་མྱང་། སྙིང་པོ་བརྒྱ་རྩ་བརྒྱད་བཟླས། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཞིང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་བསྒོམས་ལ་བཟླས་པའི་མཐར་ཐོད་པའི་བདུད་རྩིའི་ཆུ་དེ་བུམ་པར་བླུགས་པས་བཅོམ་ལྡན་འདས་ཡབ་ཡུམ་འོད་དུ་ཞུ་བར་བསམ་མོ། །དེ་ནས་འཁོར་གྱི་བུམ་པ་གཞན་ཡོད་ན་དེ་བཞིན་དུ་བྱ། །དེ་ནས་ལས་ཐམས་ཅད་པའི་བུམ་པ་སྟོང་པའི་ངང་ནས་བྷྲུྃ་ལས་རིན་པོ་ཆེའི་བུམ་པར་བསྐྱེད། དེའི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་སྡིག་མཛུབ་མེ་རི་དང་མེ་དཔུང་གི་ནང་དུ་བཞུགས་པར་བསྒོམས་ལ། ཨོཾ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་སྐུ་མི་བཞུ་བར་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་བཞུགས་སུ་གསོལ་ཏེ། བདག་ཅག་དཔོན་སློབ་ཀྱི་བགེགས་མ་རུངས་པ་རྣམས་ལས་མ་གྲུབ་ཀྱི་བར་དུ་བསྲུང་དུ་གསོལ། བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྦྱིན་བསྲེགས་གི་ཆོ་ག་ལྟར་གྲུབ་ན་སྦྱིན་བསྲེག་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། ཁྲུས་བྱས་མཎྜྻལ་ཕུལ་ནས་ནི། གཞན་དོན་ལ་བསྐུལ་གསོལ་བ་གདབ། །སྤྲོ་བ་བསྐྱེད་ཅིང་ཉན་པར་བསྐུལ། །སྒྲིབ་སྦྱང་ཚོགས་བསགས་སེམས་བསྐྱེད་ཅིང་། །སྐུ་གསུང་བྱིན་བརླབས་མཆོད་བྱས་ལ། །སོ་ཤིང་སྦྱིན་ཞིང་སྐྱོར་ཆུ་བླུད། །བསྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན། །ཆོས་བཤད་རྨི་ལམ་བརྟག་པ་སྟེ། ནུབ་གཉིས་པའི་བྱ་བའོ། །ཡོལ་བའི་ཕྱི་རོལ་དུ་ལས་ཐམས་ཅད་པའི་བུམ་པའི་ཆུས་ཁྲུས་བྱ་ཞིང་། གོས་གཙང་མ་གོན་པའི་སློབ་མས། བླ་མ་ལ་མཆོད་པ་དང་མཎྜྻལ་ཕུལ་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། འདི་སྐད་བརྗོད་པར་བྱའོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་བཞུགས་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱ། །འདི་ཡི་འབྲས་བུ་མི་གཉེར་ཏེ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། དེ་ནས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པའི་དོན་དུ་སློབ་མས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །སྡོམ་པ་རྣམས་ཀྱང་བདག་ལ་བསྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་གྱིས་སྔགས་ཀྱི་ཐེག་པར་བློ་དགུག་པར་བྱ་བའི་ཕྱིར། སློབ་མ་ལ་འདི་སྐད་བརྗོད་དེ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་དག་དང་། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་སློབ་དཔོན་གྱིས་སློབ་མ་རྣ་གཏད་ལ་བསྐུལ་བའི་ཕྱིར། ཚིག་འདི་བརྗོད། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་བརྟན་པར་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརློབ། དེ་ནས་སློབ་མའི་རྒྱུད་དག་པར་བྱ་བའི་ཕྱིར། ལྔ་རྣམ་དག་བྱ་སྟེ། དེ་ཡང་སྡིག་པ་བཤགས་པ་ནི། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡིད་རང་བ། སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བྱ། དེ་ནས་རྗེས་སུ་ཡིད་རང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡིད་རང་ངོ་། །དེ་ནས་དགེ་བ་བསྔོ་བ་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོ་གཟིར་ལས་དགྲོལ། དེ་ནས་སྐྱབས་སུ་འགྲོ་བ་ནི། སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། དེ་ནས་སེམས་བསྐྱེད་པ་ནི། སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། །དེ་ནས་སློབ་མ་དེ་སྐད་ཅིག་གིས་ལྷར་བསམས་ལ། དེའི་སྙིང་ཁ་དང། མགྲིན་པ་སྤྱི་བོར་རྣམས་སུ་དྲི་ཞིམ་པོའི་ཆུས་བྱུག རྡོ་རྗེ་གནས་དེ་དང་དེར་གཏུགས་ཤིང་། ཧཱུཾ་དང་ཨ་དང་། ཨོཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་པད་མ་དང་འཁོར་ལོ་རྣམས་ལས་ས་བོན་དེ་རྣམས་ཀྱིས་མཚན་པར་བསམས་ཏེ། དེའི་འོད་ཟེར་གྱིས་ལྕགས་ཀྱུ་སྐུ་དང་། གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་བཀུག་སྟེ། རང་རང་གི་ས་བོན་ལ་བཅུག་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་མེ་ཏོག་དང་། སྤོས། དྲི་ཆབ། ལྷ་བཤོས། མར་མེ། དྲིལ་བུ་ཧ་ཅང་ཡང་མི་དྲག་པར་དཀྲོལ་ཞིང་མཆོད་པར་བྱའོ། །དེས་ནི་རིགས་གསུམ་གྱི་ལྷ་དགྱེས་ཤིང་མཉེས་པར་བསམ་མོ། །དེའི་སྐུ་གསུང་ཐུགས་ཀྱི་ལྷས་སློབ་མ་ལ་རབ་ཏུ་གནས་པར་བྱའོ། །དེ་ནས་མཆོད་སྦྱིན་གྱི་ཤིང་ལྕང་མའམ། ཤུག་པའམ། བལ་བུ་ལ་སོགས་པ་འབུས་མ་ཟོས་པ་ཡ་ཡོ་དང་གས་པ་དང་ཆག་པའི་སྐྱོན་བྲལ་བའི་སོ་ཤིང་སོར་བཅུ་གཉིས་པའི་ཚད་དྲི་ཡི་ཆུས་རླན་ཞིང་མེ་ཏོག་གིས་འཕྲེང་བས་བརྒྱན་པ། ཨོཾ་ཨ་ཧཱུྃ་བཟླས་ཏེ་སློབ་མ་ལ་སྦྱིན་པར་བྱའོ། །ཤར་ཕྱོགས་སུ་ནི་ཁ་ལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། བཅའ་ཞིང་དེ་བཞིན་མི་དགས་ཤིང་། །ཕན་ཚུན་དུ་ནི་མི་དོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། དེ་ཡི་ཚེ་ན་མཚན་མ་ནི། དེ་ཚེ་བདག་ལ་ལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེངས་གྱུར་ན། །དེ་ཡི་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་ཤར་དུ་བལྟས་ན་ནི། །དེ་ཡི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་གྱི་ནི་དངོས་གྲུབ་ཐོབ། །སོ་ཤིང་དོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་ལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་སྐྱོར་ཆུ་སྔགས་འདིས་འཐུང་དུ་གཞུག་སྟེ། ཨོཾ་ཧྲི་བི་ཤུད་དྷ་དྷརྨ་ས་པཱ་ན་བཱ་ས་ཤོ་དྷ་ཡ་སརྦ་བི་ཀ་པཱ་ས་ན་ཡ་ཧཱུྃ། ཞེས་པས་ཧུབ་གསུམ་འཐུང་དུ་གཞུག དེས་རྣམ་རྟོག་སྦྱངས་པར་བསམ། སྐུད་པ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བཏབ་པའི་བསྲུང་སྐུད་མདུད་པ་གསུམ་ལྡན་དཔུང་པ་གཡོན་པར་གཏགས་དེ་ལ་དྲི་ཡི་ཆུས་བྱུག །དེ་ནས་ཨོཾ་ཨཱ་ཧཱུྃ་བཟླས་པའི་སྐུ་ཤའི་སྔས་དང་སྟན་སྦྱིན། དེ་ནས་སློབ་མ་སྤྲོ་བ་བསྐྱེད་པའི་ཕྱིར། ཆོས་བཤད་པ་ནི། འཇིག་རྟེན་ཁམས་ནི་མ་ལུས་པར། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །ཨུ་དུམ་འབར་བའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པ་ཡི། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་ནས་གོང་མ་རྣམས་ཀྱི་དགོངས་པ་རེ་རེ་བཤད་ལ། ནུས་ན་དགེ་སྦྱོར་གྱིས། མི་ནུས་ན་སེང་གེའི་ཉལ་ཐབས་སུ་མི་སྨྲ་བར་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ཡིད་ལ་གྱིས་ལ་ཉོལ་ཅིག རྨི་ལམ་དུ་གང་རྨིས་པ་དེ་ནང་པར་ང་ལ་སྨྲོས་ཅེས་བརྗོད་ལ་གནས་ཁང་དེ་ཉིད་དུ་ཉལ་དུ་གཞུག་གོ །དེ་ནས་སློབ་དཔོན་ཡོལ་བའི་ནང་དུ་ཞུགས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་། བསྟོད་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་རྣམས་བྱ་སྟེ། ཡི་གེ་བརྒྱ་པ་ཅི་ནུས་བཟླས། མཆོད་པ་ཕུལ་ཏེ་ཅི་བདེར་ཉལ་ལོ། །ཕྱིད་ནང་རྨི་ལམ་བཟང་ན་དངོས་གྲུབ་རབ་ཕྱག་རྒྱ་ཆེན་པོ། འབྲིང་གྲུབ་ཆེན་བརྒྱད། ཐ་མ་ཡང་ཚེ་དང་ལོངས་སྤྱོད་ལ་དབང་བར་འགྱུར་ཞེས་ལུང་བསྟན། ངན་ན་བཟློག་པའི་ཐབས་ནི་བའི་རྣམ་ལྔ་དང་བསྲེས་པའི་བཏུང་བ་ལ་བདུད་རྩི་འཁྱིལ་བའི་སྔགས་བཏབ་སྟེ་འཐུངས་པས་ཀྱང་བཟློག བདུད་རྩི་ལྔའི་ཆུ་འཐུང་དུ་བཅུག་པས་ཀྱང་བཟློག །ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་ཡིད་ལ་བྱེད་པས་ཀྱང་བཟློགས་པའོ། །ཡང་ན་དྲག་པོའི་སྦྱིན་བསྲེག་གིས་ཀྱང་བཟློགས་པའོ། །དེ་ནས་རྨི་ལམ་བཟང་ངན་གང་རྨིས་ཀྱང་དེ་ལ་བརྟེན་ནས་ཐེག་པ་ཐུན་མོང་གི་བསླབ་བྱ་བསྟན་པ་ནི། བར་དེར་མེ་ལོང་ཅིག་ལྟར་བཅུག རྨི་ལམ་དེའི་ངོ་བོར་སེམས་སུ་བཅུག་ལ། གཟུགས་ནི་ལྦུ་བ་རྡོས་པ་འདྲ། །་ལྦུ་བ་དེ་ལ་སྙིང་པོ་མེད། དེ་ལ་རྣལ་འབྱོར་བློ་མི་ལྟོས། །ཆོས་ཀུན་དེ་ལྟར་ཡིད་ལ་བྱའོ། །ཚོར་བ་ལ་སོགས་པ་ཡང་དེ་བཞིན་ནོ། །སློབ་མ་ལྷག་པར་གནས་པ་སྟེ་ནུབ་གཉིས་པའི་ཆོ་གའོ། །གསུམ་པ་དཀྱིལ་འཁོར་ཆེན་པོའི་ཞག་གི་ཆོ་ག་ལ་གཉིས་ལས། སྔོན་དུ་བྱ་བ་དང་། དབང་བསྐུར་བ་དངོས། དང་པོ་ནི། ཐིག་གདབ་བྲི་ཞིང་ཕྱག་མཚན་དགོད། མཆོད་གཏོར་བཤམས་ཞིང་དཀྱིལ་འཁོར་བསྐྱེད། སྔོན་བསྐྱེད་གཞུག་ཅིང་ཡེ་ཤེས་གཞུག །མཆོད་བསྟོད་དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་ནུབ་གསུམ་པའི་སྔ་དྲོ། བདག་ཉིད་དང་ལས་བྱེད་པ་ལྷའི་ང་རྒྱལ་དང་དམ་ཚིག་དང་ལྡན་པས་བསྐལ་བའི་སྲད་བུ་ལྔ། ཚོན་སྣ་ལྔས་ཁ་བསྒྱུར་བ་ལ། སློབ་དཔོན་བརཏལ་ཤུགས་དང་ལྡན་པས་ཨོཾ་ཨ་ཧཱུྃ་གིས་བདེ་སྟོང་གི་ངོ་བོར་བྱིན་གྱིས་བརླབས་ཏེ་གདབ་པར་བྱའོ། །སློབ་དཔོན་རྣམ་པར་རྟོག་པ་ཤས་ཆེ་ན། ཐོད་པའི་ནང་དུ་དབུས་སྐུད་པ་སྔོན་པོ་ལ་ཧཱུྃ། ཤར་དུ་སྐུད་པ་དཀར་པོ་ལ་བྷྲུྃ། ལྷོར་སྐུད་པ་སེར་པོ་ལ་ཛྃ། ནུབ་ཀྱི་སྐུད་པ་དམར་པོ་ལ་ཨྃ། བྱང་གི་སྐུད་པ་ལྗང་ཁུ་ལ་ཁྃ། ས་བོན་དེ་རྣམས་ལ་རིགས་ལྔའི་དགྱེས་རྡོར་དུ་བསྐྱེད། ཡེ་ཤེས་ཀྱི་རིགས་ལྔ་གྷོ་རི་ཛ་ལ་སོགས་པས་དགུག་གཞུག་བྱས་ནས་དངོས་སུ་མཆོད་ཡོན་སྔོན་དུ་འགྲོ་བས་མཆོད། དེ་ནས་རྡོ་རྗེ་དྲིལ་བུ་བཟུང་བས། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། སེར་སྣ་རྡོ་རྗེ་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་རྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་སྟེ། སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་བསྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་བདག་བཀུར་འགྱུར། །ཞེས་བསྟོད་དོ། ཨོཾ་ཨཱ་ཧཱུྃ། ཞེས་པས་རིགས་ལྔའི་སྐུད་པའི་ངོ་བོར་ཞུ་སྟེ། བསྒྲུབ་པའི་གྲོགས་མཆོག་དང་གཉིས་ཀྱིས་བསྒྲིལ་ཏེ། དང་པོ་ཡེ་ཤེས་ཀྱི་ཐིག་ཤར་ནུབ་དང་ལྷོ་བྱང་དུ་གདབ་ཅིང་། དེ་ནས་ལས་ཀྱི་ཐིག་སྐུད་ཀྱིས་ཆ་ཉི་ཤུ་པ་ལ་སོགས་པ་གདབ་བོ། །དེ་ནས་རྒྱུད་ལས་གསུངས་པའི་རྡུལ་ཚོན་རབ་འབྲིང་ཐ་མ་གང་ཡང་རུང་བས་བྲིས་ཏེ། བྱིན་གྱིས་བརླབ་པ་ནི་དང་པོ་དཀྱིལ་འཁོར་གྱི་དབུས་སུ་ཚོན་སྔོན་པོ་བཞག ཤར་དུ་དཀར་པོ། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་བཞག དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་བཤམས་ཏེ། དང་པོ་གསང་གཏོར་ཅིག་བྱ། དེ་ནས་རིགས་ལྔར་བསྐྱེད་པ་ལ་སོགས་པ་གོང་གི་ཆོ་ག་བཞིན་དུ་བྱས་ལ། བྱང་ཤར་གྱི་མཚམས་སུ་ཚོན་གྱི་སྤྲ་བརྟག་པ་ནི། ཕྱི་དཀར་པོ། སེར་པོ། དམར་པོ། ལྷང་ཁུ། ནང་དུ་ནག་པོ་ཐེན་ལ། ཐོད་པ་ཅིག་གིས་སྟེང་བཀབ་སྟེ། །དེ་ཡི་སྟེང་དུ་རྡོ་རྗེ་བཞག་ལ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བར། །རྒྱལ་ཆེན་དགྱེས་པའི་རྡོ་རྗེ་ཡིས། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །ཞེས་བརྗོད་དོ། །དེ་ནས་ལེགས་པར་བྲིས་ནས་ཕྱག་མཚན་དགོད་པ་ནི་ལྷ་དགུ་ལ་དབུས་སུ་ཐོད་པ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། ཤར་གྲི་གུག ལྷོར་ཅང་ཏེའུ། ནུབ་ཏུ་རུས་སྦལ། བྱང་དུ་སྦྲུལ། བྱང་ཤར་སེང་གེ །ཤར་ལྷོར་དགེ་སློང་། ལྷོ་ནུབ་ཏུ་འཁོར་ལོ། ནུབ་བྱང་དུ་རྡོ་རྗེ་འདབ་མ་བརྒྱད་ལ་དགོད་དོ། །བདག་མེད་མ་ལ་ནི་པད་མ་འདབ་མ་བཞི་པ་དང་། བརྒྱད་པ་ཉིས་འགྱུར། ཐམས་ཅད་ལ་གྲི་གུག་དགོད། བཀྲ་ཤིས་ཀྱི་བུམ་པ་བརྒྱད་ཀྱང་འཁྱམས་སུ་གཉིས་གཉིས་བྲི། དེ་ནས་དཀྱིལ་འཁོར་ལ་ཅི་འབྱོར་པའི་མཆོད་པས་བསྐོར། མདའ། རལ་གྲི། མེ་ལོང་ལ་སོགས་པ་རྣམས་ཀྱིས་ཀྱང་བརྒྱན། དཀོན་མཆོག་དང་། འབྱུང་པོའི་གཏོར་མ་དང་། ཁྱད་པར་དུ་དུད་སོལ་གྱི་གཏོར་མ་ཡང་བཤམས། བུམ་པ་རྣམས་ཀྱང་གང་བདེར་བཀོད། དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སློབ་དཔོན་སྟན་བདེ་བ་ལ་འདུག་སྟེ། གཏོར་མ་བཏང་། ཡབ་ཡུམ་གང་བྱེད་ཀྱི་བསྐྱེད་པའི་རིམ་པ་བསྒོམ་ཞིང་། དེ་ནས་ཨོཾ་ཨཿ་ཧཱུྃ་གི་ཆུས་དཀྱིལ་འཁོར་དུ་གསང་གཏོར་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བསྐྱེད་ཅིང་། སྟ་གོན་གྱི་ལྷ་བཏེག་པ་དེ་ཡང་གཞུག་སྟེ་དེ་ནི་དཀྱིལ་འཁོར་དམ་ཚིག་གི་ལྷར་བསྒྲུབ་པའོ། །དེ་ནས་བདག་ཉིད་ཡབ་ཡུམ་སྦྱོར་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་ལ། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་མཁར་དཀྱིལ་འཁོར་དུ་བསྐྱེད་ལ་བགེགས་བསལ་ཞིང་མདུན་གྱི་དཀྱིལ་འཁོར་ལ་བཅུག་སྟེ་གཉིས་སུ་མེད་པར་བྱའོ། །དེ་ནས་ཕྱི་ནང་གི་མཆོད་པ་དང་། བསྟོད་པ་ཕུལ་ལ། ཚོགས་ཀྱི་འཁོར་ལོ་ཡང་བྱའོ། །དེ་ནི་དཀྱིལ་འཁོར་ཡེ་ཤེས་ཀྱི་ལྷར་བསྒྲུབ་པའོ། །སྔོན་དུ་བྱ་བའོ། །དངོས་གཞི་ལ་གསུམ་ལས། སློབ་དཔོན་བདག་འཇུག་པ། སློབ་མ་འཇུག་པ། དབང་བཞི་པའོ། །དང་པོ་ནི། དེ་ནས་སློབ་དཔོན་བདག་འཇུག་ཅིང་། བྱ་བའི་རིམ་པ་རྫོགས་པར་བྱ། ཡང་སློབ་དཔོན་འཇུག་པའི་དོན་དུ། འབྱུང་པོ་ལ་གཏོར་མ་གཅིག་བཏང་ལ། སློབ་མ་རྣམས་གཞུག་པའི་དོན་དུ་གླུས་ཉེ་བར་ལོངས་སྤྱད་པ་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། རྡོ་རྗེ་འཛིན་པ་བདག་བསྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་ཤིག །ཉེས་པ་མེད་པར་བརྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་བསྒྲུབས་ཤིག །ཤིན་ཏུ་དགའ་བ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །དངོས་གྲུབ་ཆེན་པོ་མཆོག་གིས་མཆོད། །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུ་པའི་རྡོ་རྗེ་ཆེར་གསལ་བས། །རྡོ་རྗེ་བསྙེམས་པས་བདག་བསྒྲུབས་ཤིག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཞེས་བརྗོད་དོ། །དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་བརླབས་གང་ཡིན་པའི། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོངས་གྱུར་ཅིག །དེ་ནས་སློབ་མ་ཅི་ལྟ་བ་བཞིན་དུ་སློབ་དཔོན་བདག་ཉིད་དཀྱིལ་འཁོར་འཇུག་ཅིང་དབང་རྫོགས་པར་བླང་བར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་གཙོ་བོ་བདག་ཉིད་ལ་ཚིག་རྣམས་བརྗོད་པ་དང་། དབང་བསྐུར་བར་བསམ་ཞིང་དངོས་སུ་བདག་ཉིད་ཀྱིས་བརྗོད་པར་བྱའོ། །རྡོ་རྗེ་སློབ་དཔོན་འཇུག་པའི་ཆོ་གའོ། །གཉིས་པ་ནི། གདོང་བཅིང་ཕྱག་རྒྱ་དཀྱིལ་འཁོར་འཇུག །བགེགས་གསལ་སྒོ་བཞིར་འཇུག་པར་བྱ། །ཡན་ལག་བདུན་བྱ་སྡོམ་པ་སྦྱིན། །ཁས་བླངས་མེ་ཏོག་ཕྲེང་བ་གཏད། དོན་དམ་སེམས་བསྐྱེད་དམ་ཚིག་བསྒྲག །སློབ་དཔོན་དམ་བཞག་དམ་ཆུ་སྦྱིན། །རྡུལ་ཚོན་དཀྱིལ་འཁོར་འཇུག་པའོ། །གསོལ་གདབ་དཀྱིལ་འཁོར་འཁོར་ལོ་དབབ། །སྣང་བ་བརྟག་ཅིང་མེ་ཏོག་དོར། །སྤྱན་དབྱེ་དཀྱིལ་འཁོར་རྣམ་དག་བསྟན། །ནང་གི་འཇུག་པ་སྔོན་འགྲོའོ། འདི་རྣམས་ཀྱི་རིམ་པ་ནི་དེ་ནས་ཡོལ་བའི་ཕྱི་རོལ་དུ་ལས་ཀྱི་སློབ་དཔོན་གྱིས་མཎྜྻལ་ཕུལ་ཞིང་། སློབ་མ་རྣམས་ལ་ལས་ཐམས་ཅད་པའི་བུམ་ཆུས་ཁྲུས་བྱས་ལ། བླ་མ་ལ་གསོལ་བ་ལན་གསུམ་གདབ་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློན་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། དེའི་རྗེས་ལ་ཨོཾ་ཨཱ་ཧཱུྃ་དང་བཅས་པ་སྤོས་ཆུས་གདོང་གཡོག་བསང་སྟེ། གདོང་གཡོག་དམར་པོས་བཅིངས་ལ། རྡོ་རྗེ་ནས་འཛིན་དུ་བཅུག་ལ། ཡོལ་བའི་ནང་དུ་ཁྲིད་དེ། སློབ་དཔོན་གྱི་རྩར་བཞག་ནས། གཙུག་གཏོར་འཁོར་ལོ་བསྒྱུར་བ་དང་། བདུད་རྩི་འཁྱིལ་པ་ལ་སོགས་པའི་སྔགས་དྲག་ཏུ་བརྗོད་ཅིང་ཡུངས་དཀར་སློབ་མའི་ལུས་ལ་བརྡེག ཏིང་ངེ་འཛིན་གྱིས་སློབ་མའི་བགེགས་བསྐྲད་པར་བསམ་དེ་ནས་སློབ་དཔོན་གྱིས་ཁྱོད་སུ་ཡིན་ཞེས་བྱ། སློབ་མས་ཀྱང་བདག་སྐལ་པ་བཟང་པོ་ལགས་ཞེས་ལན་གསུམ་བརྗོད་དོ། །དེའི་རྗེས་ལ་སློབ་དཔོན་གྱིས་འདི་སྐད་བརྗོད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་སློབ་མ་དེ་དང་པོར་ཤར་ཕྱོགས་ཀྱི་སྒོ་ཡིད་ཀྱིས་ཕྱེ་སྟེ། ཤར་གྱི་ལྷ་སྣམ་དུ་འདུག་པར་སེམས་ལ། ཨོཾ་ན་མ་ཏེ་ཧཱུྃ། ན་མ་ནེ་ཧཱུྃ། ན་མོ་ན་མ་མི་སྭཱ་ཧཱ། ཞེས་བརྗོད་ཅིང་ཡན་ལག་ལྔ་ས་ལ་གཏུག་ཅིང་ཕྱག་བྱ། སེམས་ཀྱིས་ལྷ་དགུའི་ཞབས་ལ་བཏུད་ནས་ཕྱག་བྱས་པ་ཤིན་ཏུ་མཉེས་པས་སེམས་སུ་གཞུག་གོ །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ནས་ཀྱང་ཕྱག་བྱའོ། །དེ་ནས་ཤར་གྱི་ལྷ་སྣམ་དུ་སློབ་མ་འདུག་པར་བསྒོམ་དུ་བཅུག་ལ། སྡིག་པ་བཤགས་པ་དང་། རྗེས་སུ་ཡིད་རང་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་རྣམས་སྟ་གོན་གྱི་ཐད་ཀར་བསྟན་པའི་ཚིག་བརྗོད་ཅིང་བྱའོ། །ཡང་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པས་བྱས་ཀྱང་རུང་། དེ་ནས་སློབ་དཔོན་གྱིས་རིགས་ལྔའི་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པར་གྱུར་པ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་ཆེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱས་ཏེ། །བླ་མ་སངས་རྒྱས་ཀུན་དག་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པད་མའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། དེ་ནས་རྩ་བའི་དམ་ཚིག་སྦྱིན་པ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲེང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་པ་དང་པོར་བཤད་། །བདེ་གཤེགས་བཀའ་ལས་འདས་ནས་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་ནས་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་སེམས་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་པ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉིས་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་ནི་བཅུ་ཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལ་ནི་ཇི་བཞིན་སྙེད། མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པ་བྱེད་པ་བཅུ་བཞི་པ། །སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། དེ་ནས་སློབ་མ་སྡོམ་པ་ཁས་ལེན་དུ་གཞུག་པ་ནི། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པད་མའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་ནི་གྲོལ་བ་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་བྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེའི་རྗེས་ལ་སློབ་མ་དེ་དགྱེས་པ་རྡོ་རྗེ་ཡབ་ཡུམ་དུ་སྐད་ཅིག་གིས་བསམས་པ་ལ། བདུད་རྩི་འཁྱིལ་པའི་སྔགས་དང་ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ཏེ། ཨོཾ་ཨ་ཁྃ་བི་ར་ཧཱུྃ། ཞེས་པས། མེ་ཏོག་འཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ་སྙིང་ཁར་བཞག དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་ཀར་རྡོ་རྗེ་བཟུང་སྟེ། ཨོཾ་བཛྭ་ཡོ་ག་ཙི་ཏ་ཨུ་པ་ཏ་ཡ་མི། ཨོཾ་སུ་ར་ཏ་ས་མ་ཡ་སྟཾ། བྷོ་དེ་ཙི་ཏ་བཛྭ་ཡ་ཐ་སུ་ཁཾ། ཞེས་སྔགས་ཀྱི་རྣལ་འབྱོར་དུ་སེམས་བསྐྱེད་པར་བྱའོ། །དེའི་རྗེས་ལ་ལྷའི་དམ་ཚིག་བསྒྲག་པའི་ཚིག་འདི་བརྗོད། དེ་རིང་ཁྱོད་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས་ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་མནའ་ཆུ་བླུད་པ་ནི། ཐོད་པའི་ནང་དུ་བདུད་རྩི་རི་ལུ་དང་ཆང་དུ་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེགས་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པན་ཙ་ཨ་མྲྀ་ཏ་ཀ་ཧཱུྃ། ཞེས་ཧུབ་ཅིག་འཐུང་དུ་གཞུག་གོ །དེ་ནས་སློབ་དཔོན་གྱིས་དམ་བསྒྲག་པ་ནི། འདི་ནས་བརྩམས་ནས་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་བྱོས་ཤིག་བྱས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པས་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་གྱུར་ཏ་རེ། །དེ་ནས་སློབ་མས་འདི་སྐད་བརྗོད་དུ་བཞུགས་ཏེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརློབས་ལ། ཧེ་རུ་ཀ་བདག་ལ་ཕོབ་ཅིག དེའི་རྗེས་ལ་བདུད་རྩི་ལྔའི་ཆུ་ཅིག་འཐུང་དུ་གཞུག་སྟེ་ཡེ་ཤེས་བབ་པ་ནི། འོ་ཁྱོད་རང་གི་སྙིང་ཁར་ཉི་མའི་དཀྱིལ་འཁོར་ཅིག་བསྒོམས། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་དང་བཅས་པ་ཅིག་བསྒོམས་ཤིག དེའི་མཐའ་མ་ན་ཕར་སྙིང་པོའི་སྔགས་མར་མེ་རྣམ་པ་ལྟར་དམར་ལྷག་ལྷག་བསྒོམས་ཤིག་བྱས་ལ། དཀྱིལ་འཁོར་གྱི་ཁ་དོག་བསྟན། དེ་ནས་ཡང་འདི་སྐད་བྱ་སྟེ། དཀྱིལ་འཁོར་གྱི་དབུས་ཕ་ཀི་ན། བཅོམ་ལྡན་འདས་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ས་བོན་ཧཱུྃ་སྔོན་པོ་ལས་འོད་ཟེར་དཀར་པོའི་འཕྲེང་བ་མ་ཆད་པར་ན་ར་ར་བྱུང་བས་ཁྱོད་རང་གི་སྙིང་ཁར་ཞུགས་པས། དེ་ཡིས་རྐྱེན་བྱས་ནས་ཁྱེད་རང་གི་ལུས་འོད་དུ་མེ་རེ་རེ་ཞུ་བ་ལ་ཤེས་པ་གཏོད་ལ། གཞན་གང་ལ་ཡང་ཡེངས་སུ་མ་གཞུག དེ་ནས་སློབ་དཔོན་གྱིས་དྲིལ་བུ་དཀྲོལ་ཞིང་། སེམས་ཀྱིས་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་བརླབས་སློབ་མའི་རྒྱུད་ལ་ཤར་བར་བསྒོམ། ངག་ཏུ། སྙིང་པོའི་གཤམ་དུ་ཨ་ཨཱ་ཞེས་བརྗོད་དེ། དེས་ཕེབས་པའི་རྟགས་ནི། སྐུ་ཕེབས་པས་འཕར་བ་དང་འདར་བ་ལ་སོགས་པ་འབྱུང་ངོ་། གསུང་ཕེབས་པས་ཆོས་སྨྲ་བ་ལ་སོགས་པ་འབྱུང་ངོ་། །ཐུགས་ཕེབས་པས་དེ་ལ་མི་རྟོག་པའི་བསྒོམ་ལྟེམ་པ་ཅིག་འབྱུང་བའོ། །དེ་ནས་མ་ཕེབས་ན་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡེ་ཤེས་ཡང་ཡང་དུ་བཞུགས་ཏེ། གོང་བཞིན་དུ་ཕབ་ན་ཕེབས་པར་འགྱུར་རོ། །ཕེབས་པར་གྱུར་ན་སློབ་མ་སྣང་བ་མཐའ་ཡས་སུ་བསྒོམ་སྟེ། ལྕེ་ལ་ཨ་དམར་པོ་ཅིག་བསྒོམས་ནས། སྨྲོས་ཅིག་བུ་ཡིས་དགེ་ཞེས་བརྗོད་པས་དགེ་བ་དང་མི་དགེ་བ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ནས་སློབ་དཔོན་གྱི་ལག་པ་སྤོས་ཆུས་རླན་ཏེ། སློབ་མའི་སྤྱི་བོར་བཞག་ལ། ཨོཾ་ཏི་སྟ་བཛྭ་ཞེས་བརྗོད་པས་བརྟན་པར་བྱའོ། །དེའི་རྗེས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཁ་དོག་ཅི་ལྟ་བུར་མཐོང་ཞེས་དྲི། དེ་ཡིས་དཀར་པོ་དང་། སེར་པོ་དང་། དམར་པོ། ལྗང་ཁུ་། ནག་པོ། ཁྲ་བོ་རུ་མཐོང་ཟེར་ན། རིམ་པ་བཞིན་དུ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། ལས་ཐམས་ཅད་པ་འགྲུབ་པའི་སྣོད་དུ་འགྱུར་རོ། ཞེས་བརྗོད་དོ། །དེའི་རྗེས་ལ་སློབ་དཔོན་གྱིས་འདི་སྐད་བརྗོད་དེ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱིས་ནི་རིགས་ཅི་བཞིན། ཇི་ལྟར་བསོད་ནམས་དེ་བཞིན་ཤོག །པྲ་ཏི་ཛ་བཛྭ་ཧོ་ཞེས་པས་མེ་ཏོག་ཕྲེང་བ་དེ་དཀྱིལ་འཁོར་གྱི་དབུས་སུ་དམིགས་ཏེ་དོར་རོ། །དེ་ཡང་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ་འགྲུབ། འཁོར་རྣམས་ལ་ཕོག་ན་ཐུན་མོང་གི་དངོས་གྲུབ་འགྲུབ། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་བོ། །ལན་གསུམ་དུ་བསྐྱར་ནས་ཕོ་བྲང་ནང་དུ་མ་ཚུད་ན། ཐེ་ཚོམ་མི་ཟ་བར་སྐལ་བ་མེད་པའོ། །དེ་ནས་མེ་ཏོག་འཕྲེང་བླངས་ཏེ། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །ཞེས་བརྗོད་ལ་མེ་ཏོག་འཕྲེང་བ་མགོ་ལ་བཅིང་། དེ་ནས་སློབ་མའི་མིག་ལ་ཡི་གེ་ལཾ་བསྒོམས་ཏེ། ཧེ་རུ་ཀ་དཔལ་དེ་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཞེས་བརྗོད་ལ་གདོང་གཡོགས་དགྲོལ་ལོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད། དཀྱིལ་འཁོར་བཟང་པོ་འདི་ལ་བལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་འཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་འདི་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། དེ་ནས་སློབ་དཔོན་གྱིས། འདི་ན་བཅོམ་འདས་ཡབ་ཡུམ་བཞུགས། འདི་ན་ནི་གྷོ་རི་ལ་སོགས་པ་ལྷ་མོ་རྣམས་བཞུགས། འདི་ནི་ལྷ་སྣམ། འདི་ནི་པན་ཙ་ར་གའི་བརྩིགས་པ། འདི་ནི་སྒོ་རྟ་བབས་དང་བཅས་པ། འདི་ནི་འདོད་ཡོད་སྣམ་བུ། རིན་ཆེན་ཕ་གུ །དྲ་བ་དྲ་ཕྱེད། འདི་ནི་དུར་ཁྲོད་ཆེན་པོ་བརྒྱད། འདི་ནི་རྡོ་རྗེ་ར་བ་མེ་རི་ཡིན་ནོ། །དེ་ལས་ཀྱང་ཁྱོད་ཀྱིས་མེ་ཏོག་ཕོག་པའི་ལྷ་ནི་འདི་ཡིན་ནོ། །ཞེས་བསྟན་ནོ། །གསུམ་པ་དབང་བསྐུར་བ་དངོས་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་བཞི་པའོ། །དང་པོ་ནི་ཆུ་དང་ཅོད་ཅན། རྡོ་རྗེ་དང་དྲིལ་བུ་མིང་རྣམས་རིག་པའི་དབང་བརཏལ་ཤུགས་རྗེས་སུ་གནང་བའོ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ། །དངོས་དང་རྡོ་རྗེའི་བརཏལ་ཞུགས་དང་། །རིགས་ལྔའི་རྗེས་གནང་སྦྱིན་པ་དང་། །ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དོ། །དེ་རྣམས་ཀྱི་རིམ་པ་ཡང་། དང་པོ་སློབ་མས་མཎྜྻལ་དང་ཡོན་གྱི་མཆོག་བླ་མ་ལ་ཕུལ་ནས་གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །དེ་ལྟ་ཡོན་ཏན་འབྱུང་ལ་སོགས། །དེ་བཞིན་བདག་ལའང་དེ་གསོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྟག་ཏུ་སློབ་དཔོན་བགྱིད། །དེ་ནས་ཤར་གྱི་ཕྱོགས་སུ་བའི་རྣམ་ལྔས་བྱས་པའི་མཎྜྻལ་བྱས་ཏེ། སློབ་མ་བཞག་ལ་བགེགས་བསྐྲད་ཅིང་བསྲུང་བ་ཅིག་བྱ། སྐད་ཅིག་གིས་ལྷའི་གཟུགས་སུ་བལྟས་ཏེ་སྟེང་དུ་གདུག་ཕུབ། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་སྣ་ཚོགས་བརྡུང་བ་དང་། དཀྲོལ་ཞིང་སློབ་མ་ལ་ཁྱོད་རང་མི་བསྐྱོད་པ་ཡབ་ཡུམ་དུ་མོས་པ་གྱིས་ཤིག་བྱ། དེ་ནས་འཁོར་གྱི་བུམ་པའི་ཆུ་རྣམས་གཙོ་བོའི་བུམ་པའི་ནང་དུ་བསྡུས་ཏེ། སློབ་དཔོན་གྱིས་བུམ་པ་བཟུང་ལ། ངག་ཏུ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། ཁམས་གསུམ་གྱིས་ནི་ཕྱག་འཚལ་བ། །སངས་རྒྱས་ཀུན་གྱི་གསང་གསུམ་ལ། །རབ་ཏུ་གནས་པར་སྦྱིན་པ་བྱ། །ཞེས་པ་དང་། ཨོཾ་དྷེ་བ་པི་ཙུ་བཛྭ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨོཾ་བཛྭ་ཨ་བྷི་ཥིན་ཙ་མཾ་ཞེས་བརྗོད་ཅིང་། བུམ་ཆུ་བདུད་རྩི་བྱང་ཆུབ་སེམས་སུ་བསམས་ལ། སློབ་མའི་མགོ་ཐོག་ཏུ་ཆུ་དེ་བླུགས་པ་དང་། ཁ་གདོང་བཀྲུ་བ་དང་། ཁྱོར་གང་འཐུང་བ་དང་། སེམས་ཀྱིས་མཁའ་འགྲོ་མ་ཕྱག་ན་བུམ་ཆུ་ཐོག་པ་དཔག་ཏུ་མེད་པས་དབང་བསྐུར་བར་བསམ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཁྱོད་ལ་ཆུའི་དབང་བསྐུར་བས། ཁྱོད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེས་བརྗོད་དོ། །སློབ་དཔོན་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་སློབ་མའི་རྒྱུད་ལ་སྐྱེས་པར་བསྒོམ། དེ་ནས་ཁྱེད་རང་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་སྐད་ཅིག་གིས་མོས་པ་གྱིས་ཤིག་བྱ། དེ་ནས་དབུ་རྒྱན་སྤོས་ཆུས་བསངས་ཏེ། དེ་སྟོང་པར་བསམ། དེའི་ངང་ལས་ཨོཾ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་ཛ་ཧཱུྃ་བྃ་ཧོ་ཡེ་ཤེས་གཞུག ཡིད་ཀྱིས་མཆོད་པ་རཏྣ་གྷྲིག་ཞེས་བཟླས་པས་སླར་དབུ་རྒྱན་གྱི་གཟུགས་སུ་བལྟས་ཏེ་སློབ་དཔོན་གྱིས་བཟུང་ལ། ངག་ཏུ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་སྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཞེས་པ་དང་། ཨོཾ་རཏྣ་ཨ་བྷི་ཥིན་ཙ་མཾ། ཞེས་བརྗོད། སློབ་མའི་དབུ་ཐོག་ཏུ་དབུ་རྒྱན་དེ་བཀོན་ནོ། །མཁའ་འགྲོ་མ་དཔག་ཏུ་མེད་པས་དབུ་རྒྱན་གྱི་དབང་བསྐུར་བར་བསམ་མོ། །དེ་ནས་ཁྱེད་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ་ཞེས་བརྗོད། སློབ་དཔོན་གྱིས་ཀྱང་བསམ་མོ། །དེ་ནས་སློབ་མ་སྐད་ཅིག་གིས་སྣང་བ་མཐའ་ཡས་ཡབ་ཡུམ་དུ་བསྒོམ་དུ་བཅུག་སྟེ། རྡོ་རྗེ་སྤོས་ཆུས་བསངས་ཏེ། སྟོང་པའི་ངང་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དུ་བསྐྱེད། ཡང་རྡོ་རྗེའི་ངོ་བོར་བསམས་ལ། སློབ་དཔོན་གྱིས་བཟུང་སྟེ། ངག་ཏུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཞེས་བརྗོད་ལ། སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད། སེམས་ཀྱིས་མཁའ་འགྲོ་མ་དཔག་ཏུ་མེད་པས་རྡོ་རྗེ་གཏད་པར་བསྒོམ། དེ་ནས་ཡང་འདི་སྐད་བརྗོད་དེ། རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་བསམ། དེ་ནས་སློབ་མ་སྐད་ཅིག་གིས་དོན་ཡོད་གྲུབ་པ་ཡབ་ཡུམ་དུ་བསྒོམ་དུ་བཅུག་སྟེ། སློབ་དཔོན་གྱིས་དྲིལ་བུ་སྤོས་ཆུས་བསངས་ཏེ་སྟོང་པའི་ངང་ལས་དོན་ཡོད་གྲུབ་པར་བསྒོམ། སླར་དྲིལ་བུར་བསྒྱུར་ལ། ངག་ཏུ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་ཕྱིར། །དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས། །ཞེས་པ་དང་། ཨོཾ་བཛྭ་ཨ་ཏི་པ་ཏི་ཨ་བྷི་ཥིན་ཙ་མི་རི་སྟ་བཛྭ་མ་ཡ་སྟཾ། ཞེས་བརྗོད་པས། སློབ་མའི་ལག་པ་གཡོན་པར་དྲིལ་བུ་གཏད་པར་བསམ་མོ། དེ་ནས་འདི་སྐད་བརྗོད་དེ། ཁྱོད་ཀྱིས་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ནས། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཡང་བསམ་ཡང་བསམ། དེ་ནས་སློབ་མ་སྣང་བ་མཐའ་ཡས་ཡབ་ཡུམ་དུ་བསྒོམ་དུ་བཅུག་ལ། སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་བརྡར་སློབ་མའི་མགོ་ཐོག་ཏུ་རྡོ་རྗེ་བཞག །ངག་ཏུ། ཨོཾ་བཛྭ་སྭ་ཏྭ་ཨ་བྷི་ཥིན་ཙ་མཾ། ཨོཾ་བཛྭ་ན་མ་ཨ་བི་ཥི་ཀ་ཏ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ་ཞེས་པའི་མིང་གདགས། དེ་ཡང་མིང་གི་བྱེ་བྲག་ནི། རྡོ་རྗེ་བཞད་པ། རྡོ་རྗེ་རྣམ་པ་སྒེག་པ་དང་རྡོ་རྗེ་སྡོམ་པ་དང་། སྐྱེས་པ་ལ་མིང་གདགས། རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་ཨེ་མའོ། བདེ་བ་དང་། རྡོ་རྗེ་བདག་མེད་མ་དང་། བུད་མེད་རྣམས་ལ་མིང་བཏགས། གཙོ་བོ་ལ་མེ་ཏོག་ཕོག་ན། རྡོ་རྗེ་སེམས་དཔའ་དང་། དགྱེས་པ་རྡོ་རྗེ་དང་། རང་བྱུང་རྣམ་སྣང་ཆེན་པོ་དང་། རྡོ་རྗེ་ཨ་ར་ལི། ཐུགས་རྗེས་འགྲོ་བ། རྡོ་རྗེ་བདུད་རྩི་འཁྱིལ་པ། ཧེ་རུ་ཀ། སྙིང་རྗེའི་སྟོབས། མིང་དེ་རྣམས་གང་རུང་གདགས། ཏིང་ངེ་འཛིན་གྱིས་མཁའ་འགྲོ་མ་དེ་རྣམས་ཀྱིས་མིང་དེ་བཏགས་པར་བསམ། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དོ། །མིང་གི་དབང་བསྐུར་བས་ཁྱོད་ཀྱི་མིང་གཞིའི་ཕུང་པོ་གནས་གྱུར་ནས་ཆོས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན། ཞེས་བྱའོ། །སློབ་མའི་རྒྱུད་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐྱེས་པར་བསམ་དེ་ནས་སློབ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བཅུག་སྟེ། གྲི་གུག་དང་ཐོད་པ་སྤོས་ཆུས་བསངས་ནས། ཨ་ལས་གྲི་གུག་ཤེས་རབ་ཀྱི་རང་བཞིན་དུ་བསམ། ཧཱུྃ་ལས་ཐོད་པ་ཐབས་བདེ་བའི་རང་བཞིན་དུ་བསམས་ཏེ། ཧེ་རུ་ཀ་དཔལ་ཁ་ཊྶཱཾ་གཱ །རྣལ་འབྱོར་མ་ཡི་ཌ་མ་རུ། རྡོ་རྗེ་ཁ་ཊྶཱྃ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །དེ་རྣམས་དང་ལྡན་པ་ནི་ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་པོ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། དགྲའི་སྡེ་འཇིགས་པ་དང་། གསད་པ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པར་འགྲུབ་པར་བྱ་བ་དང་། མཆིལ་ལྷམ་བསྒོམ་པ་དང་། ཆར་དབབ་པ་དང་ཉི་མ་ཟླ་བ་བཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ཅི་དགའ་བསྒྲུབ་པར་གྱིས་ཤིག་ཅེས་བརྗོད་ལ། གྲི་གུག་སློབ་མའི་ལག་པ་གཡས་པ། ཐོད་པ་གཡོན་པར་བྱིན། དེ་ནི་ལས་ཀྱི་ཚོགས་དང་ཐུན་མོང་དངོས་གྲུབ་སྒྲུབ་པའི་རྗེས་གནང་བའོ། །དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་བྱེད་ན། ཐོག་མར་དམ་ཚིག་གསུམ་གྱི་དབང་སྦྱིན་པ་ནི། དང་པོར་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་ཅིག་ཕྱག་གཉིས་པ་བསྒོམ་དུ་བཅུག་ལ། །རྡོ་རྗེ་སྤོས་ཆུས་བསངས། མི་དམིགས་པ་ལས་ཧཱུཾ་ལས་རྡོ་རྗེ་བསམ་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་དེ། རྡོ་རྗེ་ལག་པར་སྦྱིན། དེས་ཀྱང་རྡོ་རྗེ་སྙིང་ཁར་བཟུང་ལ། སློབ་དཔོན་གྱིས་འདི་སྐད་བརྗོད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས་པར་བྱ་བའི་བློས་འཛིན་དུ་གཞུག་གོ །དེ་ནི་ཐུགས་ཀྱི་དམ་ཚིག་གོ །དེ་ནས་དྲིལ་བུ་སྤོས་ཆུས་བསངས་ལ། དེ་མི་དམིགས་པ་ལས་ཨ་དེ་ལས་དྲིལ་བུར་བསྐྱེད་དེ། འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ལ། དེས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཐམས་ཅད་ལ་འགྲོ་བའི་བློས། དྲིལ་བུ་དཀྲོལ། དེ་ནི་གསུང་གི་དམ་ཚིག་གོ །དེ་ནས་མེ་ཏོག་ཕོག་པའི་ཡི་དམ་ཀྱི་ལྷ་བསྒོམ་དུ་བཅུག་སྟེ། ཡིད་ཀྱི་ལུས་ནི་བརྟག་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །གང་ཕྱིར་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བརྗོད་ལ། དུས་འདི་ནས་བཟུང་ནས་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མི་འབྲལ་བར་གྱིས་ཅིག །དེ་ནི་སྐུའི་དམ་ཚིག་གོ །དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་དངོས་ནི། ཚིག་འདི་བརྗོད་དེ། རྡོ་རྗེ་དང་ནི་དྲིལ་ཆེན་ལོང་། །རྡོ་རྗེ་ལ་ནི་དབང་དུ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་པས་སློབ་མའི་ལག་པར་རྡོ་རྗེ་དྲིལ་བུ་གཏད་དེ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཤད་ཅིང་སློབ་མ་བསྡུ་བར་བྱ་བའི་བློས། རྡོ་རྗེ་བསོར་ཞིང་དྲིལ་བུ་བསིལ་བར་བྱའོ། །དེ་ནི་སློབ་དཔོན་གྱིས་རྗེས་སུ་གནང་བ་སྦྱིན་པའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་ཅིག་བཟུང་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ན་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེ་བརཏལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷ་བཛྭ་ས་མ་ཡ་ཏཱིུ་ཨེ་ཤ་ད་ར་ཡ་མི། ཧི་ཧི་ཧི་ཧཱུྃ་ཞེས་བརྗོད་ལ། སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་ལ། དེས་རྡོ་རྗེ་ལན་གསུམ་དུ་བསོར་ཏེ་མཐར་སྙིང་ཀར་བཟུང་ལ། སློབ་དཔོན་གྱིས་ཁྱོད་ཀྱིས་འཇིག་རྟེན་གྱི་སྤྱོད་པ་ཐམས་ཅད་བརཏལ་ནས་སྔགས་ཀྱི་སྤྱོད་པ་ལ་འཇུག་པར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་སློབ་མ་དེ་རྣམ་པར་སྣང་མཛད་བསྒོམ་དུ་གཞུག་གོ །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཅི་ལྟར་སྣ་ཚོགས་འདུལ་འགྱུར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་དེ། ཁྱོད་ཀྱིས་གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོན་གྲུབ་པར་བསྒོམ་དུ་བཅུག་སྟེ། རིམ་པ་བཞིན་དུ། ཆོས་ཀྱི་གནས་སུ་རྡོ་རྗེ་དང་། ནོར་བུ་དང་། པད་མ། ལས་ཀྱི་སྒྲ་བཅུག་སྟེ། གདུལ་བྱ་ཞེ་སྡང་ཅན་སེར་སྣ་ཅན་འདོད་ཆགས་ཅན། ལེ་ལོ་ཅན་རྣམས་ཀྱི་དོན་གྱིས་ཤིག་པའི་རྗེས་སུ་གནང་བའོ། །དེས་ནི་རིགས་ལྔའི་རྗེས་སུ་གནང་བ་སྦྱིན་པའོ། །དེ་ལས་ལུང་བསྟན་པ་ནི། འདི་སྐད་བརྗོད་དེ། ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པ་ངན་འགྲོ་རྣམས་ལས་བཏོན། ཨེ་ཨ་མུ་ཀ་ན་མ་སརྦ་ཏ་ཐཱ་ག་ཏ། སིད་དྷི་ས་མ་ཡ་སྟཾ་བྷུར་བྷུ་བ་སྭ། ཞེས་བརྗོད་མ་ཐག་ཏུ། ཁྱོད་ཀྱིས་གཟུགས་ཀྱི་ཕུང་པོ་དང་གཏི་མུག་རྣམ་པར་དག་པ་ནི་གྷོ་རི་མའོ། །ཚོར་བའི་ཕུང་པོ་སེར་སྣ་རྣམ་པར་དག་པ་ནི་ཙོ་བོའུ་རི་མའོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་ནི་བྷི་ཏ་ལིའོ། །འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རྣམ་པར་དག་པ་ནི་གྷས་མ་རིའོ། །རྣམ་པར་ཤེས་པའི་ཕུང་པོ་དང་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ནི་ཡུམ་བདག་མེད་མའོ། །འབྱུང་བ་ས་རྣམ་པར་དག་པ་ནི་པུ་ཀ་སིའོ། །ཆུ་རྣམ་པར་དག་པ་ནི་ཤ་བ་རིའོ། །མེ་རྣམ་པར་དག་པ་ནི་ཙན་དྷ་ལིའོ། །རླུང་རྣམ་པར་དག་པ་ནི་ལྡོམ་བི་མའོ། །མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེའོ། །རྣ་བའི་དབང་པོ་དང་རྣ་བའི་རྣམ་པར་ཤེས་པ་དག་ནི་ཞེ་སྡང་རྡོ་རྗེ་མའོ། །སྣའི་དབང་པོ་དང་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་སེར་སྣ་རྡོ་རྗེ་མའོ། །ལྕེའི་དབང་པོ་དང་ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་པ་ནི་ཕྲག་དོག་རྡོ་རྗེ་མའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མའོ་ཞེས་པས། ཁྱེད་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོ་རུ་བསྟན་པ་དེ་ལྟར་ལུང་མ་བསྟན་པར་སྔོན་ནས་བདག་གིས་མ་ཤེས་པས་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོ་རུ་འདུག་པ་དེ་རེ་དགའ་སྙམ་པ་དེ་གཟེངས་བསྟོད་པའོ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་བརྗོད་དེ། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པ་སྡུག་བསྔལ་འདས་པའོ། །ཁྱོད་ནི་སྔོན་ཚེ་ཐོག་མ་མེད་པ་ནས། ཁམས་གསུམ་འཁོར་བར་འཁོར་ཞིང་དོན་མེད་པ་འབའ་ཞིག་ཏུ་སོང་། ད་ནི་ཁྱོད་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས། དབང་བསྐུར་བ་དང་དམ་ཚིག་སྡོམ་པ་ནི་ཐོབ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇིགས་པ་མེད་པར་གྱིས། ཐབས་བསྐྱེད་རྫོགས་གཉིས་བསྒོམས་པས་ངེས་པར་སངས་རྒྱའོ། །གཉིས་པ་གསང་བའི་དབང་ནི། ནམ་ཕྱེད་ཀྱི་དུས་ན་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བདུད་རྩི་ལྔའི་མཎྜྻལ་བྱས་པ་དེར། སློབ་མས་ཡིད་ཀྱི་རིག་མ་བླ་མ་ལ་གུས་པས་ཕུལ་ལ། གསོལ་བ་གདབ་པར་བྱ་བ་ནི། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱིས་བདེ་གསོལ་མཛོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་དག་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ཉེས་པའི་རབ་རིབ་འཇོམས། །བདག་གིས་བླ་མེད་བྱང་ཆུབ་པ། །དེ་ནི་བདག་གིས་ཐོབ་པར་མཛོད། །དེ་ནས་སློབ་དཔོན་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་ཏིང་ངེ་འཛིན་དང་ལྡན་པས། ལུས་ཀྱི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ཕྱིར། གདོང་གཡོགས་བཅིང་། ལུས་ཀྱི་དཀྱིལ་འཁོར་དུ་མེ་ཏོག་དོར། གདོང་གཡོགས་དགྲོལ། ལུས་ཀྱི་དཀྱིལ་འཁོར་དུ་ལྷ་ངོ་བསྟན་ཏེ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས་པས། སློབ་དཔོན་གྱི་ལུས་གྱི་གནས་འདི་དང་འདི་བཞུགས་ཞེས་ལྷ་ངོ་བསྟན་ནོ། །རིགས་དང་མཐུན་པའི་མིང་གདགས། དེའི་རྗེས་ལ་འོད་ཀྱི་རིག་མ་དང་སྙོམས་འཇུག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཏ། བཛྭ་སྭ་བ་ཨད་མ་ཀོ་ཧྃ། ཞེས་པས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་འོ་མ་དང་བདུད་རྩིར་སྦྱར་ཏེ། སྲིན་ལག་དང་ཐེ་བོང་གིས་སྦྱིན་པ་ནི། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་པོ་དབང་བསྐུར་ལྟར། །དེ་བཞིན་གསང་བའི་སེམས་རྒྱུན་གྱིས། །དེང་འདིར་ཁྱོད་ལ་དབང་བསྐུར་རོ། །དེ་ནས་དམ་ཚིག་དབོག་སྟེ། ཁྲག་ཆེན་འདི་ནི་ག་པུར་བཅས། །ཙན་དན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེ་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་དག་མཐུན་པར་གསུངས། །དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །ཞེས་རྗེས་སུ་བསྟན་པར་བྱའོ། །གསང་བའི་དབང་ངོ་། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཐོ་རངས་མཎྜྻལ་གྱི་ནུབ་ཕྱོགས་སུ་བདུད་རྩི་བྱང་ཆུབ་སེམས་ཀྱིས་བྱུགས་པའི་མཎྜྻལ་བྱས་ལ། མཆོད་པ་དང་ཚོགས་ཀྱི་ཡོ་བྱད་དབུལ། དེ་ནས་སློབ་མས་སློབ་དཔོན་ལ་མཆོད་པའི་མཎྜྻལ་ཅིག་ཕུལ་ལ། བསྟོད་ཅིང་གསོལ་བ་གདབ་པ་ནི། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་བསྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་པ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་ལའང་དེ་སྩོལ་ཅིག །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་བཏབ་ལ། སློབ་མའི་གདོང་གཡོགས་ཏེ་ཆོས་འབྱུང་གི་དཀྱིལ་འཁོར་དུ་ཕྱག་འཚལ་བསྐོར་བ་བྱ་ཞིང་མེ་ཏོག་དོར་ལྷ་ངོ་བསྟན། རིགས་དང་མཐུན་པའི་མིང་གདགས། དེ་ནས་བླ་མས་ཡེ་ཤེས་ཀྱི་རིག་མ་བདག་མེད་མའི་རྣམ་པ་སྤྲོས་ཏེ་སྦྱིན་པ་ནི། ལྷ་མོ་དགའ་སྦྱིན་གནས་སྦྱིན་ལ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །དེ་ནས་རྩ་རྦ་རླབས་བརྩིར་ལ་བསྒོམ་དུ་བཅུག་པས་རྟོག་པའི་སྒྲོ་འདོགས་ཆོད་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བས་དབང་བསྐུར་ཞེས་བྱའོ། །གདམས་ངག་ནི་གཏུམ་མོའི་འབར་འཛག་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་བསྟན་པས་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། སྔ་མའི་རིམ་པ་ལ་བརྟེན་ནས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་དབང་གིས་གཏན་ལ་ཕབ་ནས། དེའི་དོན་ངོ་སྤྲོད་པ་ནི། ཕྱི་ནས་དེ་ཉིད་ཡང་དག་བཤད། །འཁོར་བར་རྣམ་པར་སྦྱང་བ་དག །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མཆོག་དགར་བསྒོམ་པ་མེད་ཅིང་བསྒོམ་པ་པོའང་མེད། །ལུས་ཀྱང་མེད་ཅིང་བཟུང་བ་མེད། །གཟུང་བ་མེད་ཅིང་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་གཤང་ལྕི་བའང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་དང་མཐོང་བྱ་མེད། །བསྒོམ་དང་བསྒོམ་པ་མེད་ཅིང་བཤེས་དང་དགྲ་མེད་དང་། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཞེས་པ་དང་། ཡེ་ཤེས་འདི་ནི་ཆེར་འཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དབྱིངས་ལྟ་བུ། རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱེད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་པས། ཁྱེད་རང་ཤར་ཕྱོགས་སུ་ལྟོས་ལ་ཤར་ཕྱོགས་ཀྱི་ནམ་མཁའི་མཐོང་ནས་ཕར་གོམ་གམ་འགྲོ་བར་བསྒོམས་ལ། འགྲོ་བས་འགྲོ་ས་མེད། ཕྱིན་པས་ཕྱིན་ས་མེད། དེ་བཞིན་དུ་ལྷོ་དང་། ནུབ་དང་བྱང་དུ་ཡང་སྦྱར་རོ། །དང་པོར་མ་སྐྱེས་པ་ངོར་བསྟན། གཉིས་པ་མ་སྐྱེས་པ་ལས་རྟོག་པ་གློ་བུར་བར་ངོ་བསྟན། གསུམ་པ་གློ་བུར་བ་དེ་ཡང་རང་བཞིན་གྱིས་སྟོང་པ་ཡིན་གྱིས། རྩོལ་བས་སྤང་དུ་མེད་པ་དེ་ལ་ཡིད་ཆེས་པར་བྱའོ། །ཞེས་ངོ་སྤྲད་ལ་བདེན་བརྫུན་ཐམས་ཅད་དང་བྲལ་བར་མཉམ་པར་བཞག་པར་བྱའོ། །དེ་ནི་དབང་གསུམ་པ་བརྟན་པར་བྱེད་པ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པའི་སྐལ་བ་ཅན་དུ་བྱེད་པའོ། །དབང་བཞི་པའོ། །དེ་ལྟར་དངོས་གཞི་བསྟན་ནས་རྗེས་ཀྱི་བྱ་བ་ནི། ཡོན་ཕུལ་ཚོགས་དང་གཏོར་མ་བྱ། །ཤ་ཟའི་གཏོར་མ་ལེགས་སྦྱིན་ལ། །མཆོད་དེ་བཟོད་གསོལ་གཤེགས་སུ་གསོལ། །བཀྲ་ཤིས་སྨོན་ལམ་བརྗོད་བྱས་ནས། །རྗེས་བསྡུས་དེ་ལྟར་འཇུག་དོན་ནོ། །དེ་ནས་དབང་བསྐུར་ནས། རྡོ་རྗེ་སློབ་དཔོན་གྱིས། ཨིན་ཏྲའི་སྔགས་ཀྱིས་བྷ་ལིང་ཕུལ། དུད་སོལ་ལ་ཡང་བྷ་ལིང་ཕུལ་ཏེ། བྷ་ལིང་དེ་རོལ་མོའི་སྒྲ་དང་བཅས་པས་ས་གཙང་སར་དོར་ལ། སློབ་མ་རྣམས་ཀྱིས་སློབ་དཔོན་དང་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བཅས་པ་ལ་ཡི་གེ་བརྒྱ་པ་བཟླས་ཤིང་བསྐོར་བ་ལན་གསུམ་བྱའོ། །དེ་ནས་སློབ་དཔོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཆོད་པ་ཅི་རིགས་པས་མཆོད། བསྟོད་པ་ཅི་རིགས་པས་བསྟོད། སློབ་དཔོན་འཁོར་དང་བཅས་པས་ཡི་གེ་བརྒྱ་པ་ཅི་རིགས་པར་བཟླས་པ་ནི་བཟོད་པར་གསོལ་བའོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ། འཁོར་དང་བཅས་པས་ཐལ་མོ་སྦྱར་ནས་སྨོན་ལམ་གདབ་པ་ནི། སྐྱེ་ཞིང་སྐྱེ་བའི་རིགས་མཆོག་ཏུ། །སྐྱེ་ཞིང་ཁེངས་མེད་དམ་ཚིག་ལྡན། །དགྱེས་པ་རྡོ་རྗེ་སྟོན་པ་དང་། །བརྩེ་ལྡན་བླ་མ་གུས་འགྱུར་ཤོག །སྐྱེ་ཞིང་སྐྱེ་བར་གྱུར་པ་དང་། །ལག་པ་རྡོ་རྗེ་དྲིལ་བུ་བརྡུང་། །ཟབ་མོའི་ཆོས་ནི་སྟོན་པ་དང་། །བཙུན་མོའི་ཤུ་ཏྲ་ལེན་གྱུར་ཤོག །ཞེས་བརྗོད་ལ་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་སྙིང་ཁར་བསྡུ། རྡུལ་ཚོན་འཕྱག་ལ་ཆུ་བོར་དོར། ཐིག་དང་བུམ་པའི་མཚན་མ་རྣམས་མི་མངོན་པར་བྱའོ། །བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་དང་བདག་མེད་པའི་སྔགས་བསྐྱེད་པའི་རིམ་པ་ཕན་ཚུལ་གོ་བསྒྱུར་བས་འགྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི། སྐྱེས་མཆོག་གི་རྒྱལ་པོ་མར་པ་ལྷོ་བྲག་པ་ཡིས་མདོ་དང་སྦྱར་བ་ཅི་ལྟ་བ་བཞིན་དུ། གང་ཟག་གཞན་གྱི་ཚིག་ལྷད་དང་། རང་གི་རྟོག་པའི་མཐར་སྦྱོར་ཅུང་ཟད་ཀྱང་མེད་པར་བྲིས་པའོ། །བླ་མེད་རྒྱུད་ཀྱི་སྙིང་པོ་བརྟག་གཉིས་ལ། །སྨིན་བྱེད་དབང་གི་རིམ་པ་བསྟན་པ་འདི། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་པ། །སྨིན་མཛད་ལྷོ་བྲག་མར་པའི་གསུང་བཞིན་དུ། །འདི་སྦྱར་བདག་ལ་བྱིན་བརླབས་ཆུ་བོ་བཞིན། །མེ་རྔོག་རམ་གསུམ་ཤཱཀྱ་ཤྲཱི་བཅས་པའི། །སྨིན་བྱེད་དོན་རྣམས་འདི་ཡིས་འགྲུབ་འགྱུར་ཞིང་། །མ་ནོར་ཕྱག་ལེན་གསལ་བར་འདིར་བྲིས་སོ། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀུན། ཧེ་རུ་ཀ་དཔལ་གོ་འཕང་ཐོབ་གྱུར་ཅིག རང་བྱུང་རྡོ་རྗེས་མཚུར་ཕུའི་གཙུག་ལག་ཁང་དུ་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ བདག་མེད་མའི་བསྐྱེད་རྫོགས་བཞུགས། །དཔལ་ལྡན་ཡེ་ཤེས་རང་བཞིན་སྐུ། །རྩ་རླུང་ཐིག་ལེ་མཆོག་གི་མཐའ། །མཉམ་ཉིད་ཡེ་ཤེས་དབྱིངས་སུ་སྦྱོར། །བདག་མེད་ཡུམ་ལ་ཕྱག་འཚལ་ལོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཀུན་རྟོག་ཐོག་མ་མེད་ཞི་བ། །གསལ་བྱེད་རྒྱས་གདབ་འབྲས་བུའི་ཚུལ། །གསལ་བར་བྱེད་པའི་བསྒྲུབ་ཐབས་བཤད། །བསྒྲུབ་པ་པོ་ལ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། བདག་མེད་མའི་བསྐྱེད་པའི་རིམ་པ་ལ་བརྩོན་པར་བྱེད་ན། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། དམ་ཚིག་བརྟན་པར་བྱས་ལ་ཆོས་ཐམས་ཅད་ནི་བདག་མེད་མའི་རང་བཞིན་ཡིན་ནོ་ཞེས་ལུས་དང་ངག་དང་ཡི ད་དེ་ཉིད་ཀྱི་ངོ་བོར་བལྟས་ལ། སྙིང་ཁར་ཟླ་བའི་སྟེང་ན་ཨ་སྔོན་པོ་ལས་འོད་འཕྲོས་པས་བླ་མ་དང་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་པ འམ་ཡང་ན་སྙིང་ཀར་གསལ་བར་བལྟས་ལ། ཨོཾ་ཨ་བཛྭ་པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷན་དྷེ། ནེ་པེ་ཏེ། ཤཔྟ་ཨ་ཧཱུྃ་ཞེས་ཕྱིའི་མཆོད་པ་དང་། གྷོ་རི་ལ་སོགས་པས་ཤ་ལྔ་དང་། བདུད་རྩི་ལྔ་དང་། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་མཆོད་དེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་སྡིག་པ་བཤགས་པ་དང་། རྗེས་སུ་ཡིད་རང་བ་དང་། སྐྱབས་སུ་འགྲོ་བ་དང་། ལམ་བསྟེན་ཅིང་སེམས་བསྐྱེད་ནས། དགེ་བའི་རྩ་བ་བསྔོ་བའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་བསྒོམས་ལ། ཨོཾ་ཤུ་ནྱ་ཏ་ཛྙྱཱ་ན་བཛྭ་ས་བྷ་བཱ་ཨད་མ་ཀོ་ཧཾ། ཞེས་དཔྱད་བཟོད་པའི་དངོས་པོ་ཐམས་ཅད་རྣམ་པར་དག་པར་བསྒོམ་མོ། དང་པོའི་སྦྱོར་བའོ། དེ་ནས་སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་དེའི་ནང་དུ་པཾ་ལས་པད་མ་དམར་པོ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ། བཾ་ལས་ཆུའི་དཀྱིལ་འཁོར་སྔོན་པོ། རྃ་ལས་མེའི་དཀྱིལ་འཁོར་དམར་པོ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ། བྷྲུྃ་ལས་འཁོར་ལོ་དཀར་པོ་ནམ་མཁའི་ན་ད་ལས་ཐིག་ལེ་བྱང་ཆུབ་ཀྱི་སེམས་འཕྲོས་པས་ཞུ་ཞིང་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་། ཀ་བ་བརྒྱད་ཀྱི་ཉེ་བར་མཛེས་པ་དྲ་བ་དང་དྲ་བ་ཕྱེད་པ་ཡིས་བརྒྱན་པ། དུར་ཁྲོད་རྡོ་རྗེ་མེ་རི་དང་བཅས་པའི་དབུས་སུ་པད་མ་དམར་པོ་འདབ་མ་བཞི་པ་དང་བརྒྱད་པ་དེའི་དབུས་དང་། འདབ་མ་རྣམས་ལ་དབུགས་དང་བྲལ་བའི་སྐྱེས་བུ་བཅོ་ལྔ་བསམ་མོ། །དེ་ནས་ན་ད་ལས་ཨ་ལི་བཅོ་ལྔ་འཕྲོས་པས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དཀར་ཆ་དག་པའོ། །དེའི་སྟེང་དུ་ཀ་ལི་བཅོ་ལྔ་ཉི་མ་མཉམ་པ་ཉིད་ཀྱི་རང་བཞིན་དམར་ཆ་དག་པའོ། །དེའི་དབུས་སུ་ན་ད་སོན་པས་ཨ་ལི་བཅོ་ལྔ་འོད་ཟེར་འཕྲོ་འདུའི་སྦྱོར་བས་གྲི་གུག་དེ་ཉིད་ཀྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པའོ། །ཐམས་ཅད་ཞུ་ཞིང་འདྲེས་པར་གྱུར་པ་བདེ་བ་ཆེན་པོ་རྗེས་སུ་ཆགས་པ་ལྟ་བུ་ཉམས་སུ་མྱོང་ཞིང་གོང་བུར་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུའི་རྡོ་རྗེ་འཆང་དག་པའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བདག་མེད་མ་ལྷ་མོ་བཅོ་ལྔ་རྫོགས་པར་གྲུབ་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཉི་མ་དང་ཟླ་བ་རོའི་གདན་ལ་བཞུགས་ཤིང་ནོར་བུ་མཐོན་ཀ་ཆེན་པོའི་ཁ་དོག་ལྟ་བུའི་ལུས་ཅན་ཉི་མ་ལྟ་བུ་དང་། ཟླ་བ་ནོར་བུའི་འོད་འདྲེས་པ་ལྟ་བུའི་འབར་བའི་འོད་འཕྲོ་བ་ཟླ་བའི་ཁ་དོག་ལྟ་བུའི་སྤྱན་ཅན། དྲག་པོ་འཇོམས་ཤིང་ཐོད་པ་ལྔའི་དབུ་རྒྱན་ཅན། སྐམ་པོ་ལྔ་བཅུའི་དོ་ཤལ་གྱིས་བརྒྱན་པ། དབུའི་ནོར་བུ་འཁོར་ལོ་རྣ་ཆ་དང་། མགུལ་བརྒྱན། གདུ་བུ། སྐེ་རགས། ནི་རང་ཤུས་བརྒྱན་པ། ང་རྒྱལ་ལ་སོགས་པའི་སྐྱོན་གཅོད་པའི་གྲི་གུག་གཡས་སུ་བསྣམས་ཤིང་། གཡོན་པས་དངོས་པོ་དང་དངོས་མེད་པའི་རྣམ་པར་རྟོག་པ་བཅད་པའི་ཐོད་པར་བདུད་རྣམས་འདུལ་བའི་ཁྲག་འཐུང་པར་བྱེད་པ། ཧེ་རུ་ཀ་མཚོན་པའི་བརྡར་ཁ་ཊྶཱྃ་གཡོན་གྱི་གྲུ་ཁུགས་སུ་བརྟེན་ཅིང་། སྟག་གི་ལྤགས་པའི་ཤམ་ཐབས་ཅན། དབུ་སྐྲ་དམར་སེར་གྱེན་དུ་འབར་བའོ། །དེ་ལྟ་བུའི་ལྷ་མོ་ནི་རང་ཉིད་ཡིན་ལ། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར་མ། བྱང་དུ་རྡོ་རྗེ་མཁའ་འགྲོ། ཕྱི་རོལ་གྱི་པད་མའི་ཤར་དུ་དཀར་མོ། ལྷོར་ཆོམ་རྐུན། ནུབ་ཏུ་རོ་ལངས། བྱང་དུ་གྷསྨ་རི། དབང་ལྡན་དུ་པུ་ཀ་སི། མེར་རི་ཁྲོད་མ། བདེན་བྲལ་དུ་གདོལ་པ་མོ། རླུང་དུ་ཌོཾ་བི་ནིའོ། །སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ་སྟེ། མིང་དང་ས་བོན་གྱིས་རྣམ་པར་ཕྱེ་བའོ། །དེ་ནས་སྐྱེ་མཆེད་རྣམས་ལ། མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་དཀར་མོ། རྣ་བར་ཌཾ་ལས་ཞེ་སྡང་རྡོ་རྗེ་ནག་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་དམར་མོ། སྣར་ཨཾ་ལས་སེར་སྣ་རྡོ་རྗེ་སེར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུའོ། །སྙིང་ཁར་ཨཾ་ལས་རེག་རྡོ་རྗེ་སྔོན་མོའོ། །སྤྱི་བོར་ཨཾ་ལས་མཁའ་སྤྱོད་མ་དཀར་མོ། མགྲིན་པར་ཨ་ལས་གསུང་རྡོ་རྗེ་མ་དམར་མོ། སྙིང་ཁར་ཧཱུཾ་ལས་བདག་མེད་རྡོ་རྗེ་ནག་མོ། ཐམས་ཅད་བདག་ཉིད་ཇི་ལྟ་བཞིན་ནོ། །སྙིང་ཁར་ཨ་སྔོན་པོ་བཀོད་ལ་དེའི་འོད་ཟེར་གྱིས་སངས་རྒྱས་རྣམས་ལྷ་མོའི་རྣམ་པར་བཀུག་ལ་ཛ་ཧཱུྃ་བཾ་ཧོས་གཉིས་སུ་མེད་པར་བྱ་ཞིང་། ཡང་ཧེ་རུ་ཀ་ལྷ་མོ་དང་བཅས་པ་རྣམས་ཀྱིས་དབང་བསྐུར་ཏེ། ཨ་བྷི་ཥིན་ཙ་ཏུ་མཾ་ཏ་ཐ་ག་སརྦ་ཏ་ཞེས་གསོལ་བ་བཏབ་ལ། ཨ་བི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་ཡེ་ཤེས་ཀྱི་ཆུ་ཡིས་དབང་བསྐུར་ཞིང་བདག་མེད་མ་དང་པུ་ཀ་སི་དཀར་མོ་རྣམས་ལ་མི་བསྐྱོད་པ། རྡོ་རྗེ་མ། རི་ཁྲོད་མ། ཆོམ་རྐུན་མ། ས་སྤྱོད་མ་རྣམས་ལ་རྣམ་པར་སྣང་མཛད་དཀར་མོ། གདོལ་པ་མོ་རོ་ལངས་མ་རྣམས་ལ་རིན་ཆེན་འབྱུང་ལྡན། ཆུ་མ་གཡུང་མོ། གྷསྨ་རི་མཁའ་སྤྱོད་མ་རྣམས་ལ་འོད་དཔག་མེད། མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། མེ་རླུང་གི་སྦྱོར་བས་བདུད་རྩི་མྱང་ཞིང་། ཐམས་ཅད་མཆོད་པའི་ལྷ་མོར་གྱུར་པས་མཆོད་པར་བསམས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མའི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །བདག་མེད་ཡུམ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད་ལ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དེ་ཉིད་ཀྱི་དངོས་པོར་བསྒོམ་མོ། །ནག་པོའི་སྣང་བ་དེ་ལས་སྐྱོ་བར་གྱུར་ན་ཁ་དོག་དམར་པོའི་ལྷ་མོར་བསྒོམ་མོ། །དེ་བཞིན་དུ་སེར་པོ་དང་། ལྗང་ཁུ་དང་། དཀར་པོའི་ལུས་སུ་ཡང་བསྒོམ་ཏེ། འདི་ནི་ལྷ་མོ་དགུ་བཅུ་དང་རྩ་བའི་རིགས་ལྔ་དང་། ཐབས་ཀྱི་རིགས་དྲུག་སྟེ་རིགས་བརྒྱའི་རང་བཞིན་རྩ་དང་། རླུང་དང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་རྣལ་འབྱོར་མ་རྣམས་ཀྱི་གཟུགས་ཡོངས་སུ་བརྗེ་བའོ། །བཟླས་པ་བྱེད་པར་འདོད་པས་སོ་སོའི་ཐུགས་ཀྱི་ས་བོན་ལ་དམིགས་ཏེ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཱེ། ཨོ་ཨཱཽ་ཨཾ་ཧཱུྃ་ཕཊ་སྭཱཧཱ་། ཞེས་ལས་ཀྱི་ཁ་དོག་དང་མཐུན་པའི་སྤྲོ་བསྡུ་ཡིས་བཟླའོ། །རྫོགས་པའི་རིམ་པ་ནི། བཅུ་དྲུག་གཉིས་ཀྱི་བདག་ཉིད་རྩ། །སྲོག་ཤིང་ཅིག་གྱུར་སྡུད་པའི་རྩེར། །ཕྱག་རྒྱ་པད་མ་ཅན་བཞག་ནས། །ལྔ་ཡི་བདག་ཉིད་བཅུ་མི་ཅན། །དགུག་གཞུག་བཅིང་བས་དབང་དུ་བྱ། །བྱང་ཆུབ་སེམས་བདག་ཟླ་བ་ནི། །ཚེས་ཀྱི་མཐར་ནི་ཡང་དག་གཞུག །གང་ཚེ་ཟླ་བ་དུས་མེ་ཡིས། །གཟུང་བ་བརྟན་པར་གྱུར་པའི་ཚེ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །སྐར་མ་རྣམས་ནི་སྐྲག་གྱུར་ཅིང་། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །མི་གཡོ་དེ་ཡི་སྐད་ཅིག་ལ། །གཟའ་ལྔ་པོ་ནི་རེངས་གྱུར་པས། །སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་འཛིན་པ་ལས་སུ་རུང་། །ལས་དང་ཆོས་དང་དམ་ཚིག་གི །ཕྱག་རྒྱ་རབ་ཏུ་བསྟེན་པར་བྱེད། །བྷ་ག་ལིང་གའི་སྦྱོར་བ་ཡིས། རྗེས་སུ་དྲན་པ་བཅུ་དྲུག་མཐོང་། །རྣམ་པར་དག་པའི་ཏིང་ངེ་འཛིན། །རྡོ་རྗེ་རྒྱལ་པོ་རབ་བསྒྲུབས་པས། །བདག་མེད་རྣལ་འབྱོར་མ་དཔལ་འགྱུར། དེ་ནས་ཐུན་མཚམས་སུ་ཇི་སྐད་བཤད་པ འི་ཆོ་གས་གཏོར་མ་སྦྱིན་ནོ། སྤྱོད་ལམ་རྣམ་པ་བཞི་ཐམས་ཅད་དེ་ཉིད་ཀྱི་རྣལ་འབྱོར་གྱིས་བྱའོ། །བདག་མེད་རྣལ་འབྱོར་བསྐྱེད་རྫོགས་ཆོ་ག་འདི། །ཛྙྱཱ་ན་སི་ཏིའི་བཞེད་པ་ཇི་བཞིན་དུ། །སྤྱན་རས་གཟིགས་ཀྱི་དགོངས་པ་དང་མཐུན་པར། །རང་བྱུང་རོལ་པའི་རྡོ་རྗེས་སྦྱར་བ་ཡིན། །དགེ་བས་འགྲོ་རྣམས་བདག་མེད་རྣལ་འབྱོར་གྱིས། །ཡེ་ཤེས་གོ་འཕང་བླ་ན་མེད་འགྲུབ་ཤོག །ཱ། དགེ་ལེགས་འཕེལ་བར་གྱུར་ཅིག །

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net