ཐེག་པའི་མཆོག་རིན་པོ་ཆེའི་མཛོད། གླེགས་བམ་ཕྱི་མའོ།
༄༅། །ཐེག་མཆོག་མཛོད་ཀྱི་གླེགས་བམ་ཕྱི་མའོ། །[1]
༄༅། །དེ་ལྟར་ཀུན་གཞི་དང་ཆོས་སྐུ་ལ་སོགས་པའི་དབྱེ་བ་བསྟན་ནས། ད་ནི་རྟེན་འབྱུང་བའི་རང་བཞིན་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱིའི་འབྱུང་བ་དང་ནང་གི་འབྱུང་བ་རྣམ་པ་གཉིས་ཏེ། རང་ཤར་ལས། འབྱུང་བ་རྣམས་པ་གཉིས་སུ་བསྟན། །ཕྱི་འབྱུང་དང་ནི་ནང་འབྱུང་ངོ༌། །ཞེས་སོ། །ཕྱི་འབྱུང་ས་ཆུ་ལ་སོགས་པ་འདི་དག་ནང་འབྱུང་གི་རྟེན་དུ་གནས་པས་རྟེན་དང་བརྟེན་པར་འབྲེལ་བའི་ཕྱིར་འབྱུང་བ་གཉིས་སུ་ངེས་ལ། འདི་གཉིས་ལ་མ་བརྟེན་པའི་སེམས་ཅན་དང་སངས་རྒྱས་གང་ཡང་མེད་དེ། སེམས་ཅན་རྣམས་འབྱུང་ལྔ་འཁྲུལ་པའི་དབྱིངས་ལ་སྤྱོད་ཅིང༌། འབྱུང་བ་ཆེན་པོ་རང་ཆས་སུ་ལྡན། སངས་རྒྱས་རྣམས་དོན་དག་པའི་འབྱུང་ལྔ་ས་སྲ་བ་མེད་པ་ལ་སོགས་པ་ལྔའི་དབྱིངས་ལ་བཞུགས་ཤིང༌། འབྱུང་བ་ཆེན་པོ་ལྔའི་དྲི་མ་ཤིན་ཏུ་ཟད་པ་ལ་སྤྱོད་དོ། །དེའང་འབྱུང་བ་ཆེན་པོ་ནི་འོད་གསལ་བའི་ཡེ་ཤེས་ཁ་དོག་ལྔ་ལྡན་ཡིན་ལ། འབྱུང་ཆུང་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །དག་པའི་འབྱུང་ལྔ་ནི། གསལ་བ། དྲོ་བ། ཡང་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ་སྟེ། འཁྲུལ་འབྱུང་ལྔ་དག་ནས་འོད་གསལ་ལྔ་ཀློང་དུ་ཕེབས་ཏེ་ནང་དབྱིངས་ལ་ཐུག་པ་དང༌། ལྷུན་གྲུབ་ཀྱི་སྣང་བའི་འབྱུང་ཆེན་དག་པ་བཞིན་ནོ། །འབྱུང་ཆུང་ལའང་འབྱུང་གཟུགས་དང༌། འབྱུང་བ་དངོས་གཉིས་ལས། འབྱུང་གཟུགས་ནི་ད་ལྟ་ཕྱི་ན་སྣང་པའི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །འབྱུང་བ་དངོས་ནི་ལུས་ཀྱི་ཆོས་སྲབ་པ་ལ་སོགས་པ་ལྔ་སྟེ་ནང་འབྱུང་གི་རྟེན་དུ་གྱུར་པ་ལྔའོ། །ནང་འབྱུང་ནི། ཁམས་དག་པ་པའི་རྟེན་ཆོས་འབྱུང་ལྔ་སོ་སོ་བ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་འབྱུང་ལྔའི་དབྱིངས་ལས་མ་གཡོས་ཤིང༌། འབྱུང་ལྔ་མེད་པའི་སྔོན་དུ་འཁོར་འདས་བྱུང་བ་མེད་དེ། རང་ཤར་ལས། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །འབྱུང་བ་ལྔ་ཡི་མཚན་ཉིད་ནི། །ངས་བསྟན་ཁྱོད་ཀྱིས་གོ་བར་གྱིས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་ལ་སྤྱོད། །འབྱུང་བ་མེད་པའི་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་ཉིད་མ་ཡི་དབྱིངས། །འབྱུང་བ་ལྔ་ལས་མ་གྲུབ་པའི། །སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད། །དེ་ལ་གནས་པའི་སེམས་ཅན་གྱི། །འབྱུང་བ་རྣམ་པ་གཉིས་སུ་བསྟན། །ཞེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་འབྱུང་རྒྱས་པར་བཤད་པ་དང༌། ནང་འབྱུང་རྒྱས་པར་བཤད་པའོ། །དང་པོ་ལ། ངོ་བོ། ངེས་ཚིག དགོས་ཆེད། མཚན་ཉིད། ལས་རིམ། ཆོས་ཉིད། དོན་སྦྱར། གྲོལ་ཚུལ། དབྱེ་བ། ཚང་ཚུལ་དང་བཅུ་ལས། དང་པོ་ངོ་བོ་ནི། ཕྱི་འབྱུང་གཟུགས་སུ་སྣང་བ་ནང་འབྱུང་དངོས་ཀྱི་རོལ་པ་ཡིན་པས། ནང་གི་ཁོངས་སུ་འདུ་བས་ན་འབྱུང་བ་ལྔ་སྟེ། རང་ཤར་ལས། ཕྱི་ཡི་འབྱུང་བ་འདི་ལྟ་སྟེ། །ས་དང་ཆུ་དང་མེ་དང་ནི། །དེ་བཞིན་རླུང་དང་ནམ་མཁའ་འོ། །ཞེས་པས། ཕྱི་འབྱུང་གཟུགས་ལྔ་ནི་སེམས་ཅན་གྱི་རྟེན་སྣོད་ཀྱི་སྣང་བར་ཆགས་ལ། ནང་འབྱུང་དངོས་ལྔ་ནི་སེམས་དང་རིག་པའི་རྟེན་དུ་ཆགས་པ་སྟེ། ཐལ་འགྱུར་ལས། འབྱུང་བའི་འདོད་པ་འདི་ལྟ་སྟེ། །སྤྱི་མཐུན་ལས་ཀྱི་བྱེ་བྲག་ལས། །སེམས་ཅན་ལས་ཀྱི་རྟེན་སོ་ཡིས། །ཕྱི་ཡི་འབྱུང་བ་ལ་བརྟེན་ནས། །ལས་དང་གསོ་དང་དབང་པོ་དང༌། །འཁོར་དང་སྐྱེ་བ་རྫོགས་པར་འདོད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། རང་ཤར་ལས། འབྱུང་བའི་ངེས་ཚིག་འདི་ལྟ་སྟེ། །བྱས་པས་མ་བྱུང་ལྷུན་གྱིས་གྲུབ། །སྐྱེད་པར་བྱེད་པས་འབྱུང་བ་ཡིན། །འགྲོ་བ་ཡོངས་ལ་ཁྱབ་པས་འབྱུང་བ་ཆེན་པོ་ཡིན། །ཅིག་ཅར་སྐྱེ་བས་འབྱུང་བ་ཆེན་པོ་ཡིན། །རང་ལ་ཡོད་པས་འབྱུང་བ་ཆེན་པོ་ཡིན། །འགྱུར་བ་མེད་པས་འབྱུང་བ་ཆེན་པོ་ཡིན། །མཐུན་པར་སྣང་བས་འབྱུང་བ་ཆེན་པོ་ཡིན། །འབྱུང་བ་ཆེན་པོའི་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །གསུམ་པ་དགོས་ཆེད་ནི། ཐལ་འགྱུར་ལས། འབྱུང་བའི་དོགས་པ་འདི་ལྟ་སྟེ། །ཆུས་ནི་དྭངས་མ་སྡུད་པ་དང༌། །སྙིགས་མ་རྣམས་ནི་འབྱེད་པའི་ལས། །སོ་སོའི་ལུས་ལ་བྱེད་པས་ན། །དགོས་པ་ཚ་དང་གྲང་ངོ་ཤེས། །སས་ནི་གཞི་མ་འཛིན་པ་དང༌། །གྲུབ་ཅིང་ཆགས་པའི་ལས་རྣམས་བྱེད། །སྨིན་པས་རྩ་ལ་སོགས་པ་སྐྱེད། །དགོས་པ་ཀུན་རྫོབ་ཐིག་ལེ་ཤེས། །མེས་ནི་འབྱུང་བ་སྤེལ་བ་དང༌། །སྨིན་ཅིང་གསལ་བའི་ལས་རྣམས་བྱེད། །འབར་ཞིང་མཆེད་པས་མིག་སོགས་སྐྱེད། །དགོས་པ་དྲོད་རྣམས་ཤེས་པར་བྱེད། །རླུང་གིས་གཏོར་དང་འདེགས་པ་དང༌། །བསྐྱོད་ཅིང་གཡོ་བའི་ལས་རྣམས་བྱེད། །འགུལ་ཞིང་འཕྲིག་པས་ལུས་འཛིན་ཅིང༌། །དགོས་པ་སེམས་ཀྱི་གནས་པ་ཤེས། །འབྱུང་བ་བཞི་བདག་དཀྱིལ་འཁོར་ཆེ། །ལུས་སོགས་འགྲུབ་པའི་རྒྱུ་བྱས་ཏེ། །བར་དུ་གནས་ཤིང་འཛིན་པ་བྱས། །ཐ་མ་འཇིག་པའི་ལས་ཀུན་བྱེད། །འབྱུང་བ་ཆེན་པོ་རྒྱུ་གཅིག་པས། །སྣ་ཚོགས་བྱེད་པའི་བདག་པོར་སྣང༌། །དེས་ན་དགོངས་པ་རང་དང་གཞན། །བྱ་བ་རྫོགས་པའི་དོན་ལ་མཁས། །ཞེས་སོ། །བཞི་པ་མཚན་ཉིད་ནི་ལྔ་ལས། །སའི་མཚན་ཉིད་སྲ་བ། ཆུའི་མཚན་ཉིད་གཤེར་བ། མེའི་མཚན་ཉིད་དྲོ་བ། རླུང་གི་མཚན་ཉིད་གཡོ་བ། ནམ་མཁའི་མཚན་ཉིད་གོ་འབྱེད་ལ་ཡངས་པའོ། །ལྔ་པ་ལས་རིམ་ནི། ཐལ་འགྱུར་ལས། ནང་འབྱུང་ལས་ཀྱི་རིམ་པ་ནི། །སས་ནི་ལུས་ཀྱི་གཞི་བྱས་ཏེ། །བསྐྱེད་པས་ཤ་ཡི་སྨིན་སོར་འདོད། །ཆུས་ནི་ལུས་ཀུན་བསྡུས་ནས་ནི། །བསྐྱེད་པས་ཁྲག་ཏུ་སྨིན་པར་འདོད། །མེས་ནི་ལུས་ཀུན་སྨིན་བྱས་ཏེ། །བསྐྱེད་པས་དྲོད་དུ་སྨིན་པར་འདོད། །རླུང་གིས་ལུས་ཀུན་འདེགས་པ་ལ། །བསྐྱེད་པས་དབུགས་སུ་སྨིན་པར་བྱེད། །ཅེས་སོ། །དྲུག་པ་ཆོས་ཉིད་ནི། སྤྱིར་སྟོང་པ་ཡིན་ཡང་འདིར་རང་གི་མཚན་ཉིད་འཛིན་པའི་ཆོས་ཉིད་ཀྱི་དབང་དུ་བྱས་པའི་ཆོས་ཉིད་ནི། རང་ཤར་ལས། འབྱུང་བ་ལྔ་ཡི་ཆོས་ཉིད་ནི། །འབྱུང་བའི་རྒྱུ་ནི་ས་ཡིན་ནོ། །འབྱུང་བའི་ཤེས་རབ་མེ་ཡིན་ནོ། །འབྱུང་བའི་སྤྲུལ་པ་རླུང་ཡིན་ནོ། །འབྱུང་བའི་བདག་པོ་ཆུ་ཡིན་ཏེ། །འབྱུང་བའི་ཆོས་ཉིད་ནམ་མཁའ་འོ། །ཞེས་སོ། །བདུན་པ་དོན་སྦྱར་ལ་གཉིས་ལས། འབྱུང་ལྔ་ངོ་བོའི་དོན་སྦྱར་ནི། །དེ་ཉིད་ལས། འབྱུང་བའི་དོན་སྦྱར་འདི་ལྟ་སྟེ། །ཆོས་སྐུ་གདོད་ནས་དག་པའི་རང་བཞིན་ལ། །ངོ་བོ་འགྱུར་བ་མེད་པས་འབྱུང་བ་ས་ཡང་ཡིན། །རིག་པའི་ཡེ་ཤེས་དོན་ལ་སྤྱོད་པས་འབྱུང་བ་མེ་ཡང་ཡིན། །རིག་པའི་ཡེ་ཤེས་མ་བསྐྱོད་དབྱིངས་སུ་གཤེགས་པས་འབྱུང་བ་རླུང་ཡང་ཡིན། །རིག་པའི་ཡེ་ཤེས་སྦུབས་གསུམ་གཅིག་ཏུ་འདྲིལ་བས་འབྱུང་བ་ཆུ་ཡང་ཡིན། །ཡེ་ཤེས་སྟོང་གསལ་གཉིས་མེད་ངང་དུ་ཐིམ་པས་འབྱུང་བ་ནམ་མཁའ་ཡིན། །ཞེས་སོ། །འབྱུང་ལྔ་སོ་སོའི་དོན་ནང་དུ་རིག་པ་དང་སྦྱར་བའི་དོན་སྦྱར་ནི། ནོར་བུ་འཕྲ་བཀོད་ལས། ཕྱི་འབྱུང་བ་ལྔ་ཉིད་ཐུན་མོང་རང་རྒྱུད་ཀྱི་ཆོས་ཡིན་ཏེ། ཕྱིར་སྣང་བའི་འབྱུང་བ་ཐམས་ཅད་རང་གི་རིག་པ་ཉིད་དང་སྦྱོར་བས་ན་ཐུན་མོང་གི་ཆོས་ཡིན་ཏེ། དེ་ཡང་དབྱེ་བ་འདི་ལྟ་སྟེ། སའི་མཚན་ཉིད་སྲ་བར་བྱེད་པ་ཉིད་ཀྱང༌། རིག་པའི་ཡེ་ཤེས་སྐྱེ་འཇིག་དང་བྲལ་བར་སྦྱོར་རོ། །རླུང་གི་མཚན་ཉིད་འདེགས་པར་བྱེད་པ་ཉིད་ཀྱང༌། རིག་པའི་ཡེ་ཤེས་ཐོགས་པ་མེད་པ་དང་སྦྱོར་རོ། །མེའི་མཚན་ཉིད་སྲེག་པར་བྱེད་པ་ཉིད་ཀྱང༌། རིག་པའི་ཡེ་ཤེས་ཉོན་མོངས་པའི་དབང་དུ་སོང་བ་ཉིད་དང་སྦྱོར་རོ། །ཆུའི་མཚན་ཉིད་བརླན་པར་བྱེད་པ་ཉིད་ཀྱང༌། རིག་པའི་ཡེ་ཤེས་ཡུལ་ཀུན་ལ་འཇུག་པ་དང་སྦྱོར་རོ། །ནམ་མཁའི་མཚན་ཉིད་ཡངས་པ་ཉིད་ཀྱང༌། རིག་པའི་མཚན་ཉིད་རྒྱ་མ་ཆད་པ་དང་སྦྱར་བར་བྱའོ་ཞེས་སོ། །བརྒྱད་པ་འབྱུང་ལྔའི་གྲོལ་ཚུལ་ནི། མུ་ཏིག་ཕྲེང་བ་ལས། ནམ་མཁའ་ཉིད་ནི་ཁྱབ་སྟོང་པས། །ནམ་མཁའ་ཉིད་ནི་དངོས་པོར་གྲོལ། །རླུང་ནི་གཟུང་ཡུལ་མེད་སྣང་བས། །དངོས་པོ་སྡུད་པའི་ལས་སུ་གྲོལ། །མེ་ནི་སྨིན་བྱེད་བྱིན་ཟ་བས། །བསྐྱོད་ཅིང་དྭངས་སྙིགས་འབྱེད་པར་གྲོལ། །ས་ནི་སྐྱེད་བྱེད་འདེགས་པ་ན། །དངོས་མེད་མཐའ་ཡས་སྟོང་པར་གྲོལ། །ཆུ་ནི་སྡུད་བྱེད་བརླན་པས་ན། །སྲེག་བྱེད་སྨིན་པའི་ལས་སུ་གྲོལ། །ཅེས་སོ། །དུག་པ་དབྱེ་ན། འབྱུང་བ་ལྔ་པོ་རེ་རེ་ཞེང་སའི་ས་ལ་སོགས་པ་ལྔ་ཚན་ལྔ་སྟེ། རྣམ་གྲངས་ཆ་ཤས་ཉི་ཤུ་རྩ་ལྔ་ནི། ཡང་དེ་ཉིད་ལས། ནམ་མཁའི་རླུང་ནི་དངོས་པོ་ལ། །ནམ་མཁའི་མེས་ནི་སྡུད་པར་བྱེད། །ནམ་མཁའི་ཆུས་ནི་སྲེག་བྱེད་པ། །ནམ་མཁའི་ས་ཡིས་གོ་སྐབས་འབྱེད། །ནམ་མཁའི་ནམ་མཁའ་སྣང་བའོ། །རླུང་གི་རླུང་ནི་བརྟན་པ་ལ། །རླུང་གི་ནམ་མཁའ་ཡེ་གདངས་ཆེ། །རླུང་གི་ཆུ་ནི་མྱུར་མགྱོགས་ཆེ། །རླུང་གི་མེ་ནི་འཕེན་སྡུད་ཆེ། །རླུང་གི་ས་ནི་གཟུགས་བརྙན་གསལ། །ཆུ་ཡི་ཆུ་ནི་སྒྲ་བརྙན་ཡིན། །ཆུ་ཡི་ནམ་མཁའ་ཐོགས་པ་མེད། །ཆུ་ཡི་རླུང་ནི་ཆགས་མེད་རྒྱུག །ཆུ་ཡི་མེ་ནི་སྡུད་པར་བྱེད། །ཆུ་ཡི་སས་ནི་ཁྱབ་པར་བྱེད། །མེ་ཡི་ས་ནི་སྐྱེད་པར་བྱེད། །མེ་ཡི་ནམ་མཁས་དངོས་པོ་བསྲེག །མེ་ཡི་རླུང་གིས་འབར་བར་བྱེད། །མེ་ཡི་ཆུས་ནི་བརླག་པར་བྱེད། །མེ་ཡི་སས་ནི་འཛིན་པའོ། །ས་ཡི་སས་ནི་འགྲོ་བ་ཁྱབ། །ས་ཡི་ནམ་མཁའ་ཐེག་ཆེན་ཏེ། །ས་ཡི་རླུང་གིས་གངས་སྟོངས་བྱེད། །ས་ཡི་ཆུས་ནི་དངོས་པོ་བསྐྱེད། །ས་ཡི་མེས་ནི་སྐེམས་པའོ། །ཞེས་སོ། །འདི་དག་གི་ཁྱད་པར་ལ་བསླབས་པས་ཡོན་ཏན་ཁྱད་པར་ཅན་རེ་རེ་འགྲུབ་པར་དེའི་འགྲེལ་པ་ལས་བཤད་ལ། སྒྲ་ཐལ་འགྱུར་ལས་ཀྱང་འབྱུང་བའི་སྒྲ་དོན་ལ་བསླབས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས་ཏེ། དེ་ཡི་སྒྲ་དོན་བྱེ་བྲག་གིས། །སྤྱི་ཡི་རྣམ་པ་ངེས་བསྟན་པ། །གཟུགས་ལ་བསླབས་པས་ལུས་ཟད་འགྱུར། །སྒྲ་ཡིས་སྐད་རྣམས་ཤེས་པར་འགྱུར། །དྲིས་ནི་བཅུད་ཀྱིས་ལེན་པ་འགྲུབ། །རོས་ནི་དངོས་པོ་བདུད་རྩིར་འགྱུར། །ཅེས་པ་དང༌། གསང་པ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ས་ཆུ་མེ་རླུང་འབྱུང་བ་བཞིའི། །སྒྲ་དོན་རྣམས་ལ་གོམས་པ་ཡིས། །རིགས་དྲུག་རྣམས་ཀྱི་རང་སྐད་ཀྱི། །མངོན་ཤེས་འཆར་བ་འདིས་འགྲུབ་བོ། །ཞེས་སོ། །དེ་དག་ནི་ཕྱིའི་འབྱུང་བ་རྣམས་ཏེ་སེམས་ཅན་ཀུན་གྱི་རྟེན་དང་གནས་སོ། །བཅུ་པ་དེ་དང་གཞན་ཡང་འཁོར་འདས་ཀྱི་ཆོས་རྣམས་རྣལ་འབྱོར་པའི་ལུས་སེམས་ལ་ཚང་ཚུལ་བསྟན་པ་ལ་གསུམ་སྟེ། ཆ་མཐུན་གྱི་ཚང་ཚུལ་སྤྱིར་བསྟན། ལུས་སེམས་ལ་ཚང་ཚུལ་བྱེ་བྲག་ཏུ་བཤད། བརྡ་ཆེན་ངེས་པའི་རོལ་མོས་གོ་བར་བྱ་བའོ། །དང་པོ་ནི། འགྲོ་བ་རྣམས་ཀྱི་ལུས་སེམས་ཚོགས་པའི་ཆོས་འདི་ལ་ཐམས་ཅད་ཡེ་ནས་ཆ་ཚང་དུ་རང་ཤར་ཏེ། ཐབས་ཤེས་རབ་ཀྱི་ཆར་ཕ་དང་མ། ཆོས་སྐུ་བྱང་ཆུབ་ཀྱི་ཆར་འཕེན་པ་ལས་ཀྱི་རླུང༌། རིགས་ལྔ་ཡེ་གདངས་ཀྱི་ཆར་འབྱུང་ལྔའི་ས་བོན། ལམ་ཚོགས་གཉིས་ཐབས་ཤེས་ཟུང་འཇུག་གི་ཆར་སྙོམས་འཇུག་གི་དངས་མ་གཉིས། གཞི་དབྱིངས་ན་གནས་པའི་ཆར་མངལ་དུ་གནས་པ། ཁམས་བདུན་རྣམ་དག་གི་ལམ་བདུན་རྫོགས་པའི་ཆར་ཞག་བདུན་ཚན་བདུན་གྱིས་ལུས་ཆགས་ཚུལ། ས་བཅུ་རྫོགས་པའི་ཆར་མངལ་གནས་ཟླ་བ་བཅུ། ལམ་རྫོགས་ནས་སྐུ་གསུམ་དུ་སངས་རྒྱས་པའི་ཆར། བཙས་པ་སྤྲུལ་སྐུ། ལུས་གནས་ཏེ་ཡུལ་ལ་སྤྱོད་པ་ལོངས་སྐུ། ཤི་བ་ཆོས་སྐུ་སྟོང་པའི་ཆར་ཤར་བས། འགྲོ་བ་རྣམས་ཡེ་ནས་གཞི་ལམ་འབྲས་བུ་བགྲོད་ནས་གྲོལ་བའི་ཚུལ་ཏེ། མུ་ཏིག་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཡི་རྒྱུ་ཉིད་དག །འཕེན་པའི་རླུང་གི་བསྐྱོད་པ་ནི། །བྱང་ཆུབ་རང་རིག་བདེ་ཆེན་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལས་སྣང་བར་ཤར། །གཉིས་ཀྱི་བདེ་བའི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ལྷུམས་སུ་ཚུད་པ་ནི། །རང་རིག་གཞི་ནས་སྣང་བར་ཤར། །བདུན་ཚན་བདུན་གྱིས་རྟོགས་ཚད་དོ། །ཟླ་བཅུས་ས་རྣམས་བགྲོད་པ་ཉིད། །བཙས་པ་ཉིད་ནི་སྐུར་བཞེངས་ཏེ། །ལུས་སྐྱེད་པ་ནི་གཞི་སྣང་ཡུལ། །ལུས་སུ་གནས་པ་གཞི་ཡིན་ཏེ། །རྒས་པ་དག་གིས་འཁྲུལ་པ་སངས། །ན་བ་ཉིད་ནི་རྟོགས་པའི་གདེང༌། །ཤི་བས་ཆོས་ཉིད་སྟོང་པར་གྲོལ། །དེ་ལྟར་སྣང་བའི་སེམས་ཅན་ཀུན། །འབད་པ་མེད་པར་ཡེ་ནས་གྲོལ། །ཅེས་སོ། །ཁྱད་པར་དུ་འཁྲུལ་པ་ལྡོག་ཚུལ་དང་སྦྱར་ན། བཙས་པ་ནི་རིག་པ་དབྱིངས་ལས་སྐྱོད་པའི་ཆའོ། །ལུས་ནི་གཞི། ཕྱིའི་སྣང་ཆ་གཞི་སྣང་ལྷུན་གྲུབ། ན་བ་ངོ་འཕྲོད་པའི་རྟོགས་པ། རྒས་པ་བདེན་ཞེན་གྱི་འཁྲུལ་པ་སངས་པ། ཤི་བ་རང་ངོ་ཤེས་དུས་ནང་དབྱིངས་ཀ་དག་གི་ས་ལ་མཐར་ཕྱིན་པའི་ཆ་མཚོན་པའོ། །འདི་དག་ཡེ་ནས་ཤར་བས་གདམས་ངག་ངོ་སྤྲོད་པ་དང༌། དབང་དང༌། བསྒོམས་པས་གྲོལ་བ་འཐད་དོ། །ཆ་མཐུན་དུ་ཡེ་ནས་ཚང་ན་གདམས་ངག་གིས་གྲོལ་མི་ནུས་ལ། ཆ་མཐུན་ཡོད་པ་དེ་གསལ་བར་བསྟན་པས་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །གཞི་ལམ་ཡེ་ཚད་དུ་ཡོད་པ། སངས་རྒྱས་ཀྱིས་གསུངས་པས་བརྡ་དོན་དུ་བསྟན་དུ་བྱུང་བའང་གནད་འདི་ལ་ཐུག་གོ །གཉིས་པ་ལུས་སེམས་ལ་ཚང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ལུས། སེམས། རིག་པ་ལ་ཚང་བའི་ཚུལ་ལོ། །དང་པོ་ནི། ལུས་འབྱུང་བཞི་འདུས་པའི་ཕུང་པོ་འདི་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་་ཆ་དང༌། ནང་བཅུད་ཀྱི་སྐྱེ་འགྲོའི་ཆ་རྣམས་ཚང་སྟེ། མུ་ཏིག་ཕྲེང་བ་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །སྐྱེས་པ་བུད་མེད་དག་གིས་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང༌། །རྩ་བ་སྡོང་པོ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་དང༌། །དེ་དག་འཁོར་ཏེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ཞེས་སོ། །དེ་དག་གི་ཆ་ཤས་རྒྱས་པར་བཤད་ན། སའི་ཆ་ཤ། ཆུའི་ཆ་ཁྲག མེའི་ཆ་དྲོད། རླུང་གི་ཆ་དབུགས། ནམ་མཁའི་ཆ་སེམས། ཉི་ཟླའི་ཆ་མིག་གཉིས། སྐྱེས་པའི་ཆ་སྐྱེ་བ། བུད་མེད་ཀྱི་ཆ་འཆི་བ། གཟའི་ཆ་འདོད་པའི་སྒོ་ཁང་དང་སྣ་བུག་གཉིས་སོ། །སྐར་མའི་ཆ་སོ། སྤྲིན་གྱི་ཆ་སྐྲ། ཤིང་གི་ཆ་རྩ། རིའི་ཆ་མཚུངས་ལུས་རིལ་པོ། བྲག་གི་ཆ་རུས་པ། ལྗོན་ཤིང་གི་རྩ་བའི་ཆ་སྙིང༌། ཡལ་གའི་ཆ་རྐང་ལག །མེ་ཏོག་གི་ཆ་མིག་ལ་སོགས་པ་དབང་པོ་ལྔ། འབྲས་བུའི་ཆ་ལུས་ཀྱི་བདེ་སྡུག་ཏུ་གྲུབ་པ། སྒྲའི་ཆ་སྐད། གཟུགས་ཀྱི་ཆ་ལུས། དྲིའི་ཆ་བ་སྤུ། རོའི་ཆ་པགས་པ། རེག་གི་ཆ་ནད། རོལ་མོའི་ཆ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ། འཕན་གྱི་ཆ་དྲི་ཆུ། གདུགས་ཀྱི་ཆ་རྐང་པ། རྒྱལ་མཚན་གྱི་ཆ་མིང༌། བླ་བྲེའི་ཆ་རླངས་པའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལས་ཀྱི་གཟུངས། །ནམ་མཁའ་སེམས་ཏེ་ལུས་ཀྱི་གདངས། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནད། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །ཞེས་སོ། །གཉིས་པ་སེམས་ལ་འཁོར་འདས་གཞི་ལམ་གྱིས་ཆོས་ཐམས་ཅད་རྫོགས་པར་གནས་ཏེ། ཡང་དེ་ཉིད་ལས། འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །འཁོར་བའི་ཆོས་ནི་འདས་སྟོང་ཕྱིར། །དཀྱིལ་འཁོར་ལྷ་དང་མཆོད་པ་དང༌། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང༌། །དབང་བསྐུར་བ་དང་དམ་ཚིག་དང༌། །མན་ངག་འབོགས་དང་ཉམས་མྱོང་དང༌། །དེ་བཞིན་བསྐྱེད་པའི་རིམ་པ་དང༌། །ཐོས་དང་བསམ་དང་སྒོམ་པ་དང༌། །ལྟ་བ་སྤྱོད་པ་སྒོམ་དང༌། །སྦྱིན་དང་ཚུལ་ཁྲིས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་དང༌། །སྟོབས་དང་སྨོན་ལམ་ཡེ་ཤེས་དང༌། །དེ་བཞིན་ཐབས་ཀྱི་ཕ་རོལ་ཕྱིན། །དགེ་བཅུ་སྤྱོད་པ་ལ་སོགས་པ། །ཐབས་དང་ཤེས་རབ་ཉིད་དང་ཡང༌། །ཞེས་པ་ལ་སོགས་པ་ནས། མྱང་འདས་མཚོན་པའི་ཆོས་དེ་རྣམས། །ལུས་དང་སེམས་ལ་རྫོགས་པར་གནས། །ཞེས་པའི་བར་དུ་གསུངས་སོ། །གསུམ་པ་རིག་པ་ལ་ཚང་ཚུལ་ནི། །ཡང་དེ་ལས། རང་སྣང་རིག་པའི་ངོ་གང་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་རྫོགས། །ཞེས་པ་དང༌། རིག་པ་ཉིད་ལ་འདི་ལྟ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟོགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཆོས་ཉིད་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་པ། །ཡང་ལག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུངས་དུ་གྲགས། །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའོ། །རོལ་མོ་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་གདངས། །གདུགས་ནི་སྐྱོབ་པ་ཤེས་རབ་སྟེ། །བླ་བྲེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་རྣམས་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དོན་གཉིས་པ་ནང་འབྱུང་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་བར་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་རང་བཞིན་ནོ། །དང་པོ་ནི། ལུས་ཀྱི་འབྱུང་ལྔ་རགས་པ་ལ་དངས་མའི་འབྱུང་ལྔ་ནང་དུ་བརྟེན་པས་ནང་འབྱུང་སྟེ། རླུང་དང༌། མེ་དང༌། ས་དང༌། ཆུ་དང༌། ནམ་མཁའ་ལྔ་པོ་རེ་རེ་ཞིང་ལྔ་ལྔར་གནས་པས་ཡན་ལག་ཉི་ཤུ་རྩ་ལྔའོ། །དེ་ལྟར་ངེས་པའི་འཐད་པ་ནི་བྱེད་ལས་མི་འདྲ་བ་ལྔ་ལ་ལྟོས་ནས་ལྔར་ངེས་ཏེ། རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ་ཞེས་སོ། །གཉིས་པ་ལ་ལྔ་སྟེ། རླུང་དང༌། མེ་དང༌། ས་དང༌། ཆུ་དང༌། ནམ་མཁའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལའང་རྩ་བའི་དབྱེ་བ་དང༌། ཡན་ལག་གི་དབྱེ་བ་རྒྱས་པར་བཤད་པ་གཉིས་ལས། རྩ་བའི་དབྱེ་བ་ནི། རང་ཤར་ལས། རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་པའི་རླུང་དང༌། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་དང༌། མེ་དང་མཉམ་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ་ཞེས་སོ། །དེའང་སྲོག་འཛིན་གྱི་རླུང་སྲོག་པ་རྩ་ན་གནས་སོ། །བཀྲག་དང་གཟི་མདངས་སྐྱེད་པ་སྨིན་ཕྲག་ན་གནས་སོ། །མེ་མཉམ་པོ་བ་ན་གནས་སོ། །ཀུན་ཁྱབ་ལུས་ཀུན་ལ་ཁྱབ་པར་གནས་སོ། །ལས་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །དེ་དག་གི་བྱེད་ལས་ཀྱང༌། སྲོག་གནས་པ་དང༌། མདངས་བསྐྱེད་པ་དང༌། ཟས་འཇུ་བ། འགྲོ་འདུག་དང༌། ཚེ་འཕོ་བའི་ལས་བྱེད་དེ་རིམ་པ་བཞིན་ནོ། །གཉིས་པ་ཡན་ལག་གི་དབྱེ་བ་ནི། རླུང་ལྔ་པོ་རེ་རེའང་ལྔ་ལྔར་གནས་པ་ལས། དང་པོ་སྲོག་འཛིན་པའི་རླུང་ལྔ་ནི་རང་ཤར་ལས། སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོབ་བྱེད་ཀྱི་སྲོག་དང༌། རྣམ་པར་འཕྲོ་བའི་སྲོག་དང༌། མི་གཙང་བའི་སྲོག་དང། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། རིག་པའི་གདངས་སྐྱེད་པ་དང༌། ཐིག་ལེའི་གདངས་སྐྱེད་པ་དང༌། འོད་ཀྱི་གདངས་སྐྱེད་པ་དང༌། མ་རིག་པའི་རྩ་བ་འཛིན་པ་དང༌། ཡིད་ཀྱི་གྲོགས་བྱེད་པའི་ཚུལ་གྱིས་སྲོག་རྩ་ན་ཡོད་ལ། སྲོག་རླུང་གི་གདངས་ལ་རིག་གདངས་བརྟེན་ནས་གནས་པ་ཡིན་ནོ། །གཉིས་པ་མེ་མཉམ་གྱི་རླུང་ལྔ་ནི། ཡང་དེ་ལས། མེ་དང་ལྷན་ཅིག་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང༌། དྲོད་སྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། སྲོག་དང་གཉིས་སུ་མེད། །རིག་པ་དང་གཉིས་སུ་མེད། སྒྲོན་མ་དང་གཉིས་སུ་མེད། ཐིག་ལེ་དང་གཉིས་སུ་མེད། ཤེས་རབ་དང་གཉིས་སུ་མེད་པར་གནས་སོ། །གསུམ་པ་བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལྔ་ཡང་དེ་ལས། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལའང་ལྔ་སྟེ་རྣམ་པར་ཤེས་པ་སྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སྲེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན་ཤེས་རབ་ཀྱི་ཡུལ། སྣང་བའི་ཡུལ། སྒྲོན་མའི་ཡུལ། མ་རིག་པའི་ཡུལ། ཡིད་ཀྱི་ཡུལ་གྱི་རྟ་བྱེད་དོ། །བཞི་པ་ཁྱབ་བྱེད་ཀྱི་རླུང་ལྔ་ནི། རང་ཤར་ལས། རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་དང༌། སྡང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ལུས་ཀུན་ཁྱབ་པའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཡེ་ཤེས་ལ་སྣང༌། སྒྲོན་མ་ལ་སྣང༌། ཤེས་པ་ལ་སྣང༌། བསམ་པ་ལ་སྣང༌། སེམས་ལ་སྣང་བའི་རྩལ་བྱེད་པའོ། །ལྔ་པ་སྙིང་རྗེ་མེད་པ་ལས་ཀྱི་རླུང་ལྔ་ནི། ཡང་དེ་ལས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌། རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཕུང་པོ་ལ་ཁྱབ། སྐད་ཅིག་ལ་ཁྱབ། བར་དོ་ལ་ཁྱབ། རྟོག་པ་ལ་ཁྱབ། སྐད་ཅིག་མ་བྱ་རྫོགས་གསུམ་ལ་ཁྱབ་པའོ། །དེ་ལྟར་ཉི་ཤུ་རྩ་ལྔ་ཡང་རྩ་བ་ལྔར་འདུ་ལ། དེ་དག་གི་སྒྲ་བཤད་ནི། རང་ཤར་ལས། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན། སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱི་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་པ་དང་འདུ་འབྲལ་མེད་པར་གནས་པའི་ཕྱིར་ན་མེ་དང་མཉམ་པའི་རླུང་ཞེས་བྱའོ་ཞེས་སོ། །དེ་ལྟར་དངས་མའི་རླུང་ལྔ་ལ་རིག་པའི་ཡེ་ཤེས་བརྟེན་ནས་ད་ལྟ་སྙིང་ག་ན་གནས་པས་ཡེ་ཤེས་ཀྱི་རང་གདངས་འོད་ལྔར་གསལ་བའི་གནད་དེ་ཡིན་ནོ། །རིག་པ་རླུང་དང་བྲལ་དུས་ཡེ་ཤེས་དབྱིངས་་འཁྱིལ་བས་ཕྱི་ནང་གི་མི་མངོན་པའང་རླུང་སེམས་དག་པའི་གནད་ལ་ཐུག་གོ །འདིར་ཅུང་ཟད་བསྡུས་ཏེ་བཤད་ན། ངོ་བོ་ཀ་དག་གི་རིག་པ་རིན་པོ་ཆེ་གསང་བའི་སྦུབས་རང་བཞིན་གྱིས་འོད་གསལ་བའི་ཕོ་བྲང་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་སོ། །དེའང་ངོ་བོ་སྐུར་བཞུགས་པས་རང་དོན་མི་གསལ་ཡང་ཕྱིར་སྣང་སྐུའི་འཆར་གཞི་མ་འགགས་པར་རང་གསལ། རང་བཞིན་འོད་ལྔའི་འཆར་གཞི་སྲོག་རླུང་ཡན་ལག་བཞི་གསུང་གི་སྙིང་པོར་ཡེ་གནས། ཐུགས་རྗེ་རང་བྱུང་རིག་པའི་སྙིང་པོ་མཁྱེན་པ་གཉིས་ཀྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདོངས་པ་ལས་འཕོ་འགྱུར་མེད་པར་བཞུགས་སོ། །མཁྱེན་པ་གཉིས་ནི། ངོ་བོ་ཆོས་ཉིད་ནང་གསལ་ལ་ལྟོས་ནས་ཐམས་ཅད་མཁྱེན། རྣམ་པ་ཆོས་ཅན་ཕྱིར་གསལ་ལ་ལྟོས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྣང་བའོ། །རླུང་ལྔ་ནི་རྩ་བ་སྲོག་རླུང་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་ཆ་ལས་དག་ན་སངས་རྒྱས་ཀྱི་ཡེ་ཤེས་དང༌། མ་དག་ན་སེམས་ཅན་ཀྱི་རྟོགས་ཚོགས་སུ་འཆར་བའི་གཞི་གྱུར་པའོ། །དེ་ལས་འཕྲོས་པ་ཡན་ལག་གི་རླུང་བཞི་ནི་ཐུགས་རྗེའི་རྩལ་ལས་ཉི་མ་ལས་འོད་ཟེར་ལྟ་བུ་སྟེ། གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་དང༌། ཐུར་དུ་སེལ་ཤེས་རབ་ཀྱི་ཟེར་གདངས་འོད་དང༌། མེ་དང་མཉམ་སྨིན་པར་བྱེད་པའི་སྟོབས་ཅན་དང༌། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་བཞི་སྟེ། འདི་དག་ཀྱང་སྲོག་རླུང་ཙམ་གྱི་ཆ་ལ་ཡོད་ཀྱང༌། དབྱིངས་སུ་ནི་མ་འཕྲོས། འཕྲོ་གཞི་མ་འགགས་པའི་སྙིང་པོ་ཙམ་དུ་གནས་ཏེ། སྙིང་པོའི་ཡན་ལག་འོད་དུ་གསལ་བའོ། །དེ་སྐད་དུ་ཡང་ཀུན་གསལ་ལས། དེ་ཡི་སྐུ་ཡི་བཞུགས་ཚུལ་ནི། །སྟོང་གསལ་ཆུ་ལྦུའི་གཟུགས་བརྙན་བཞིན། །དེ་ཡི་གསུང་གི་གནས་ལུགས་ནི། །ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ། །རིག་པའི་ཀློང་ན་གསལ་བའོ། །དེ་ཡི་ཐུགས་ཀྱི་གསལ་ལུགས་ནི། །སྲོག་རླུང་རང་གི་ངོ་བོ་སྟེ། །ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་ལྟར། །སྙིང་པོའི་སྙིང་པོ་ཡེ་ཤེས་ལྔར་བཞུགས་སོ། །ཞེས་སོ། །དེའང་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པའི་ཡེ་ཤེས་ཏེ། བཅོས་ཤིང་བསྒྱུར་བ་དང༌། ངོས་གཟུང་ཞིང་བརྡར་གདགས་མི་བཏུབ་པ། ས་གཞི་དང་ནམ་མཁའ་ལྟ་བུ། གསལ་བལ་ཆ་ཕྲ་བས་སླ་ལྔའི་རྒྱབ་ཀྱི་མེ་སྟག་བཞིན་ཏེ། དབྱིངས་ཀྱི་སྙིང་པོ་ཆོས་སྐུ། དེ་ཉིད་རིག་པར་གནས་པས་ཀུན་གྱི་གཞི་འཛིན་ནོ། །དེའི་བཞུགས་པའི་ཕོ་བྲང་ནི། དེ་ཉིད་ལས། ཆོས་ཀྱི་དབྱིངས་ཏེ་སྟོང་ཁྱབ་ནམ་མཁའ་བཞིན། །ཅེས་པས། ཆོས་ཀྱི་སྐུ་དེ་རིན་པོ་ཆེའི་སྦུབས་ན་བཞུགས་ཙམ་ན། ཆོས་ཉིད་དག་པའི་ཡེ་གདངས་ཞེས་བྱ་སྟེ། །རིག་པ་འོད་གྱི་ཁང་པ་ཅན། །འོད་ཀྱི་སྣང་བ་ལ་བཞུགས་སོ། །དེ་ནི་ཐོག་མའི་སྤྱི་གཞི་རིག་པའི་དབྱིངས་ཞེས་བྱ་སྟེ། རླུང་ལྔ་དང་འབྲེལ་པ་བསྒྲུབ་པའི་དོན་ཏོ། །གཉིས་པ་མེ་ལྔ་རྒྱས་པར་བཤད་པ་ནི་རང་ཤར་ལས། མེ་ལ་ལྔ་སྟེ། ཕྱི་ནང་ཀུན་གྱི་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང༌། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན། གློ་བ་དང༌། མིག་དང་ཡན་ལག་རྣམ་པ་ལྔ་སྟེ་དྲུག་དང༌། ཤ་ལྤགས་བར་དང༌། རྐང་མཐིལ་གཉིས་དང༌། ལག་མཐིལ་གཉིས་ན་གནས་ཤིང་དྲོད་སྐྱེད་དོ། །གསུམ་པ་ས་ལའང་ལྔ་སྟེ། དེ་ཉིད་ལས། ས་ལ་ཡང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་བ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན། རིག་པ་དང་ལྷན་ཅིག སྒྲོན་པ་དང་ལྷན་ཅིག ཐིག་ལེ་དང་ལྷན་ཅིག ཡེ་ཤེས་དང་ལྷན་ཅིག ཤེས་རབ་དང་ལྷན་ཅིག་བརྟེན་པར་གནས་སོ། །བཞི་པ་ཆུ་ལྔ་ཡང་རང་ཤར་ལས། ཆུ་རྣམས་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། རྩ་ཐམས་ཅད་དང༌། རུས་པ་ཐམས་ཅད་དང༌། ཁྲག་ཐམས་ཅད་དང༌། ཆུ་སེར་ཐམས་ཅད་དང༌། མིག་གཉིས་ཀྱི་ནང་ན་གནས་པས་བརླན་ཞིང་དངས་མ་འཛིན་པའོ། །ལྔ་པ་ནམ་མཁའ་ལྔ་ནི། ཡང་རང་ཤར་ལས་གསུངས་པ། ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་གདངས་ཀྱི་ནམ་མཁའ་དང༌། མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའོ་ཞེས་སོ། །དེ་དག་ཀྱང་རིམ་པ་བཞིན་དུ། རིག་པ་དངོས་དང༌། འོད་ལྔ་དང༌། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང༌། རྟགས་ཀྱི་ཡེ་ཤེས་དང༌། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་སྤྲད་པའི་དཔེ་དོན་ངེས་པའི་ཡིད་ཆེས་རྣམས་སོ། །དེ་ལྟར་འབྱུང་བ་ལྔའི་རིག་པའི་ཆས་བསྡུས་པ་རྣམས་འབྱུང་བ་ཆེན་པོ་ཡིན་ལ། དེའི་རྟེན་ནི་འབྱུང་བ་ཆུང་བ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འབྱུང་བའི་གནས་བསྟན་པ་སྟེ་རིམ་ཁང་བཅོ་ལྔ་པའོ། །དེ་ལྟར་རྟེན་འབྱུང་བའི་རང་བཞིན་གཏན་ལ་ཕབ་ནས། ད་ནི་བརྟེན་པ་དབྱིངས་དང་ཡེ་ཤེས་ཀྱི་གནས་རྣམ་པར་དག་པ་ལ་བཞི་སྟེ། རྟེན་སྐུ། གདངས་འོད། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་རྟེན་སྐུའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། སྐུ་གསུམ་གྱི་དབྱིངས་སྤྱིར་བསྟན་པ་དང༌། སྐུ་ལྔའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྐུའི་ངེས་བརྗོད་མདོར་བསྟན་པ་དང༌། གནས་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཚུལ་དུ་སྐུ་གསུམ་དབྱིངས་ལ་བཞུགས་ཏེ། རང་ཤར་ལས། སྐུ་གསུམ་ཡེ་ཤེས་སྣང་བ་ནི། གང་ལ་ཐོགས་པ་མེད་པ་དང༌། དམིགས་པའི་ཡུལ་ནི་གཅིག་པ་ཡི། །ངོ་བོ་སོ་སོར་སྣང་བའོ། །ཞེས་སོ། །དེའང་རིག་པ་གཅིག་གི་སྣང་ཚུལ་ཏེ། དེ་ཉིད་ལས། རིག་པ་རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན། །ཅེས་སོ། །འདི་ལ་རྫོགས་པ། སངས་པ། རྒྱས་པ་གསུམ་ལས། རྫོགས་པ་ནི། རང་ཤར་ལས། སྐུ་གསུམ་དག་པའི་སྣང་བ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཡེ་ཤེས་སྣང་བ་མ་འགགས་གསལ། །རྣམ་དག་ཡེ་ཤེས་འོད་ཟེར་འཕྲོ། །རྟོག་མེད་དག་པའི་རིག་པ་ལ། །འོད་ཟེར་རྣམ་ལྔ་མ་འགགས་གསལ། །འཛིན་མེད་རང་གྲོལ་ཆེན་པོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་གསལ། །བྱ་བ་བཏང་བའི་རིག་པ་ལ། །བྱ་བྱེད་ཆོས་རྣམས་དུས་གཅིག་རྫོགས། །སེམས་དང་བྲལ་བའི་རིག་པ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །རང་སྣང་གསལ་དག་ཆེན་པོ་ལ། །འཁྲུལ་པའི་སྣང་བ་དུས་གཅིག་རྫོགས། །རང་གྲོལ་རང་སྣང་ཆེན་པོ་ལ། །གཞན་བྱུང་ཆོས་རྣམས་དུས་གཅིག་རྫོགས། །སྐུ་གསུམ་རྫོགས་ལུགས་དེ་བཞིན་ནོ། །ཞེས་སོ། །སངས་པ་ནི་གཉིས་འཛིན་འཁྲུལ་པའི་ཆ་མེད་པ་སྟེ། དེ་ཉིད་ལས། བྱ་བ་མེད་པས་འཁྲུལ་པ་སངས། །རྟོག་པ་མེད་པས་ཉོན་མོངས་སངས། །འཛིན་པ་མེད་པས་རང་བྱུང་སངས། །ཞེན་པ་མེད་པས་རྣམ་རྟོག་སངས། །ཆགས་པ་མེད་པས་མ་རིག་སངས། །སྐུ་གསུམ་སངས་ལུགས་དེ་བཞིན་ནོ། །ཞེས་སོ། །རྒྱས་པས་ནི། ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྒྱས་པ་སྟེ། རང་ཤར་ལས། རྟོག་པ་མེད་པའི་རིག་པ་ལ། །འོད་ལྔ་གསལ་བས་ཡེ་ཤེས་རྒྱས། །རིག་པ་བྱ་བྱེད་བྲལ་བ་ལ། །དམིགས་པའི་ཡུལ་མེད་སྐུ་གསུམ་རྒྱས། །རིག་པ་ཡུལ་མེད་སྣང་བ་ལ། །འཛིན་པའི་སེམས་མེད་འོད་ལྔ་རྒྱས། །རིག་པ་ཡེ་ཤེས་ཆེན་པོ་ལ། །དོན་ལྡན་རང་སྣང་འབྲས་བུ་རྒྱས། །སྐུ་གསུམ་རྒྱས་ལུགས་དེ་བཞིན་ནོ། །ཞེས་སོ། །གཉིས་པ་གནས་རྒྱས་པར་བཤད་པ་ལ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལའང༌། ངོ་བོ། ངེས་ཚིག རང་ལུས། མཚོན་དཔེ། རྟགས། སྣང་བ། གནས། མཚན་ཉིད། ཡུལ། དགོངས་པ་དང་བཅུ་ལས། ངོ་བོ་ནི། སྟོང་གསལ་འགག་མེད་རང་དངས་ཏེ། དེ་ཉིད་ལས། འགྱུར་མེད་འགག་མེད་ཁྱབ་པ་གསུམ། ཆོས་ཀྱི་སྐུ་ཡི་ངོ་བོའོ། །ཞེས་སོ། ངེས་ཚིག་ནི། དབྱིངས་ཡེ་དག་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འོད་གསལ་བའི་སྐུ་ཡིན་པས་ངོ་བོ་ཀ་དག་མི་འགྱུར་བ་འཁྲུལ་མེད་ཀྱི་ཆོས་དང༌། རང་བཞིན་ལྷུན་གྲུབ་འོད་གསལ་གྱི་སྐུ་རང་གནས་ཆེན་པོ་སྟེ། དེ་ཉིད་ལས། མི་འཇིགས་སྟོང་དང་གསལ་བ་དང༌། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་གོ །ཞེས་སོ། །རང་ལུས་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་གང་དུའང་གྲུབ་པ་མེད་པ་སྟེ། རང་ཤར་ལས། ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །ཅེས་སོ། །མཚོན་དཔེ་ནི། རིག་པ་འོད་གསལ་བས་ཉི་མ་དང༌། ཟབ་པས་རྒྱ་མཚོ་དང༌། སྐྱོན་གྱིས་གོས་པ་མེད་པས་པདྨ་དང༌། མི་འགྱུར་བས་རི་བོ་དང༌། ཡངས་ལ་མཐའ་དབུས་མེད་པས་ནམ་མཁའ་དང༌། ཐམས་ཅད་ཟིལ་གནོན་གྱི་གདེང་དང་ཡེ་ནས་ལྡན་པས་སེང་གེ་ལྟ་བུ་སྟེ། དེ་ཉིད་ལས། ཉི་མ་རྒྱ་མཚོ་པདྨ་དང༌། རི་བོ་ནམ་མཁའ་སེང་གེ་གསུམ། །ཆོས་ཀྱི་སྐུ་ཡི་མཚོན་དཔེ་ཡིན། །ཅེས་སོ། །འགྲོ་འོང་ལས་འདས་པ་ནི་རྟགས་ཏེ། རང་ཤར་ལས། འགྲོ་མེད་འོང་མེད་གནས་པ་མེད། །ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན། །ཅེས་སོ། །སྣང་བ་ནི་སྟོང་གསལ་ནམ་མཁའི་དབྱིངས་ལྟ་བུ་སྟེ། དེ་ཉིད་ལས། འགག་མེད་གསལ་གདངས་ངོ་བོས་སྟོང༌། །ཆོས་ཀྱི་སྐུ་ཡི་སྣང་བ་ཡིན། །ཅེས་སོ། །གནས་ནི་དྲན་བསམ་རྣམ་དག་ཆེན་པོ་སྟེ། དེ་ལས། དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །ཞེས་སོ། །མཚན་ཉིད་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། དེ་ཉིད་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཅེས་སོ། །ཡུལ་ནི་སྟོང་པ་ཕྱང་མ་ཆད་པས་རིག་པ་རང་གསལ། ཕྲ་བའི་ནང་འོད་ལྔས་བརྒྱན་པས་ལྷུན་གྲུབ་རང་གདངས། དབྱིངས་རིག་དབྱེར་མེད་ཆེན་པོ་ལ་རྣམ་པ་སོ་སོར་མ་འདྲེས་པ་སྟེ། རང་ཤར་ལས། གསལ་དང་གདངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །ཞེས་སོ། །དགོངས་པ་ནི། ཕྱོགས་དང་རིས་སུ་མ་ཆད་པའི་ལྟ་བ། དངོས་པོ་དང་མཚན་མར་མ་གྲུབ་པའི་སྒོམ་པ། གཟུང་འཛིན་གཉིས་བཅས་ལས་འདས་པའི་སྤྱོད་པ། ལྷུན་གྲུབ་ཡེ་གྲོལ་ཆེན་པོའི་འབྲས་བུ། ཡེ་གྲུབ་དོན་ཀུན་རྫོགས་པའི་འཕྲིན་ལས། མ་བཙལ་རང་ལ་གནས་པའི་ཡོན་ཏན་རྣམས་ཏེ། ཡང་དེ་ཉིད་ལས། འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ལྷང་ངེ་ལྷན་ནེ་ཡེངས་བ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡི། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་འབྱུང༌། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །ཅེས་སོ། །གཉིས་པ་ལོངས་སྐུའི་གནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག མཚན་ཉིད། སྣང་ལུགས། གནས་ལུགས་སོ། །དང་པོ་ནི། རང་ཤར་ལས། སྐྱེ་བ་ཡོད་དེ་འཆི་མེད་རྡོ་རྗེར་ལྡན། འོད་ལྔ་སྐུ་སྔ་མ་འདྲེས་སོ་སོར་གསལ། །ཡབ་ལྔ་ཡུལ་ལྔ་ཚོམ་བུ་ལྔ་དང་ལྡན། །ཡེ་ལྔ་ཤེས་ལྔ་རྟོགས་པ་ལྔ་དང་ལྡན། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ་དང་ལྡན། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ་དང་ལྡན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་ངོ་བོའོ། །ཞེས་སོ། །དེའང་དབྱིངས་ལས་རང་སྣང་དུ་ཤར་བའི་ཆ་ནས་སྐྱེ་བར་བརྗོད་ཀྱང༌། དོན་ལ་སྐྱེ་བ་རང་མཚན་པ་མེད་པའི་ཕྱིར་འཆི་བ་མེད་དེ་འཆི་བདག་གི་བདུད་བཅོམ་པའི་ཕྱིར་རོ། །དེའང་སེང་གེ་རྩལ་རྫོགས་ལ། ནང་མེད་ནང་ནས་ནོར་བུ་རིན་ཆེན་མཛོད། །བྱུང་བའི་ཡེ་ཤེས་འབྱུང་བ་ཀུན་ལས་འདས། །རྟོགས་པའི་ཤེས་རབ་དོན་ལ་རྣམ་པར་བསྒྱུར། །ཡངས་པའི་སྐུ་ལ་ཕྱི་ནང་རྣམ་པར་གསལ། །ཅེས་སོ། །འོད་ལྔ་ནི་མཐིང་ག་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའོ། །སྐུ་ལྔ་ནི། དབྱིངས་ངོ་བོ་ཉིད་ཀྱི་སྐུ། མི་འགྱུར་བ་རྡོ་རྗེའི་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ལྔའོ། །ཡབ་ལྔ་ནི། རྣམ་སྣང༌། མི་བསྐྱོད། རིན་འབྱུང༌། དོན་གྲུབ་ལྔའོ། །ཡུམ་ལྔ་ནི། ནམ་མཁའ་དབྱིངས་ཕྱུག་མ། སངས་རྒྱས་སྤྱན། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་ལྔའོ། །ཚོམ་བུ་ལྔ་ནི། མི་བསྐྱོད་ལ་སོགས་པ་ལྔ་ལ་ལྔ་ལྔས་བསྐོར་བའི་མཐའ་འོད་ལྔའི་མུ་ཁྱུད་ཀྱིས་མཛེས་པའོ། །ཡེ་ལྔ་ནི། ལམ་ལྔ་ཡེ་རྫོགས། སྐུ་ལྔ་ཡེ་གྲུབ། རིག་པ་ཡེ་ཤར། འོད་ལྔ་ཡེ་གདངས། དྲི་མ་ཡེངས་སོ། །ཤེས་ལྔ་ནི། རྟོགས་པའི་ཚད་ལས། སྐུ་ལྔར་ཤེས། ཡེ་ཤེས་ལྔར་ཤེས། འོད་ལྔར་ཤེས། རང་སྣང་དུ་ཤེས། གཉིས་མེད་མཐའ་གྲོལ་ཆེན་པོར་ཤེས་པའོ། །རྟོགས་པ་ལྔ་ནི། ཡུལ་དབྱིངས་སུ་རྟོགས། སྐྱེ་འགྲོ་སྐུར་རྟོགས། སྣང་བ་འོད་དུ་རྟོགས། ཤར་གྲོལ་རིས་མེད་དུ་རྟོགས། ཤེས་རབ་རིག་པར་རྟོགས་པའོ། །གཞི་ལྔ་ནི། འོད་གསལ་གྱི་གཞི་རིག་པ། དངོས་པོའི་གཞི་ཀུན་གཞི། འཁྲུལ་པའི་གཞི་སེམས། ལམ་གྱི་གཞི་སྒྲོན་མ། རྟོག་པའི་གཞི་ཤེས་རབ་བོ། །ལམ་ལྔ་ནི། ཐུན་མོང་བ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །ཐུན་མོང་མ་ཡིན་པའི་ལམ་ལྔ་ནི། ཆོས་ཉིད་ཀྱི་ལམ་དབྱིངས། རིག་པའི་ལམ་ཤེས། འོད་གསལ་གྱི་ལམ་སྒྲོན་མ་གཉིས། ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ། ཐོད་རྒལ་གྱི་ལམ་དབྱིངས་རིག་གོ །འབྲས་བུ་ལྔ་ནི། ཡེ་ཤེས་ཀྱི་འབྲས་བུ་རིགས་སུ་གྲོལ་བ། འོད་ཀྱི་འབྲས་བུ་འཁྲུལ་སྣང་ནུབ་པ། རྟོགས་པའི་འབྲས་བུ་འཁྲུལ་རྟོག་སངས་པ། རང་སྣང་གི་འབྲས་བུ་ཟད་སར་སྐྱོལ་བ། མཐར་ཐུག་གི་འབྲས་བུ་དབྱིངས་ལ་ཐིམ་པའོ། །གནས་ལྔ་ནི། ཐིག་ལེའི་གནས་ཙིཏྟ། ཡེ་ཤེས་ཀྱི་གནས་ཀླད་པ། སྒྲོན་མའི་གནས་མིག དབྱིངས་སྣང་གི་གནས་ནམ་མཁའ། གྲོལ་སའི་གནས་ཀ་དག་གོ །ཡུལ་ལྔ་ནི། རིག་པའི་ཡུལ་དབྱིངས། སྒྲོན་མའི་ཡུལ་ནམ་མཁའ། ཡེ་ཤེས་ཀྱི་ཡུལ་བར་དོ། འོད་གྱི་ཡུལ་རང་སྣང༌། ལོངས་སྐུའི་ཡུལ་ཚོམ་བུའི། །ངོ་བོ་ལྔ་ནི། རིག་པའི་ངོ་བོ་ཀ་དག ཡེ་ཤེས་ཀྱི་ངོ་བོ་ལྷུན་གྲུབ། འོད་ཀྱི་ངོ་བོ་རྣམ་ལྔ། ཤེས་རབ་ཀྱི་ངོ་བོ་རྟོགས་པ། སྒྲོན་མའི་ངོ་བོ་སྟོང་གསལ་ལོ། །དེ་ལྟར་ལྔ་ཚན་དུ་སྣང་བ་ལས་ལ་ལ་ནི་ལོངས་སྐུའི་སྙིང་པོ། ལ་ལ་ཡུལ། ལ་ལ་ཐབས། ལ་ལ་སྣང་བ། ལ་ལ་ཤེས་རབ་ཡིན་པས་ལོངས་སྐུ་ཞེས་ཆུན་གཅིག་ཏུ་བཤད་པ་ཡིན་ནོ། །གཉིས་པ་ངེས་ཚིག་ནི། ཡོན་ཏན་དུ་ལོངས་པ་དང༌། འོད་གསལ་དག་པ་ལ་སྤྱོད་པ་དང༌། དོན་གཉིས་ལྷུན་གྱིས་རྫོགས་པ་དང༌། ཡེ་ཤེས་ཚད་དུ་ཕྱིན་པ་དང༌། མཚན་དཔེ་འོད་ཟེར་སྣང་བའི་སྐུ་དང་ལྔའི་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དེ། རང་ཤར་ལས། ཆོས་ཉིད་སྟོང་པའི་ངང་དུ་གནས་པས་ལོངས། །གསལ་ལ་མ་འདྲེས་ཀུན་ལ་ཁྱབ་པས་ལོངས། །ཡེ་ཤེས་ལྔ་ལ་འདུ་འབྲལ་མེད་པར་ནགས་པས་ལོངས། །ཀུན་དང་མི་མཉམ་སོ་སོའི་མཚན་དང་ལྡན་པས་ལོངས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་གནས་པས་ལོངས། །སྣང་བ་ལྔ་ཉིད་མཚན་མ་མེད་པར་གནས་པས་སྤྱོད། །འཛིན་པ་མེད་པར་རང་གསལ་ཀུན་ལ་རོལ་པས་སྤྱོད། །སང་ངེ་སལ་ལེ་ཀུན་ལ་སྙོམས་པར་གནས་པས་སྤྱོད། །ལྷང་ངེ་ལྷན་ནེ་ཡུལ་ལ་གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་གཉིས་ལ་དགོངས་པས་མཐར་ཕྱིན་རོལ་པས་སྤྱོད། །སང་ངེ་སལ་ལེ་ཀུན་ལ་སྙོམས་པར་གནས་པས་སྤྱོད། །ལྷང་ངེ་ལྷན་ནེ་ཡུལ་ལ་གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་གཉིས་དོན་ལ་དགོངས་པས་མཐར་ཕྱིན་རོལ་པས་སྤྱོད། །འཛིན་མེད་ས་ལ་གནས་ཤིང་སྤྲུལ་པ་ཕྱོགས་བཅུར་མཛད་པས་སྤྱོད། །ཐམས་ཅད་འབྱུང་ཞིང་བསྐྱེད་དང་སྤྱོད་པའི་མཐར་ཕྱིན་ཡིན་པས་སྤྱོད། །ཕྱི་ནང་གསང་བའི་བྱ་བ་ཀུན་ལས་འདས་པས་རྫོགས། །དམིགས་མེད་དོན་ལ་ཅིག་ཅར་སྣང་བས་རྫོགས། །ཕྱོགས་སུ་མ་ལྷུང་འགྲོ་འོང་མེད་པས་རྫོགས། །བྱས་པ་མ་ཡིན་ངང་ལས་བྱུང་བས་རྫོགས། །བྱ་བ་ཐམས་ཅད་ཀུན་ལས་འདས་པས་རྫོགས། །སྟོང་པའི་ཡེ་ཤེས་རང་ལ་ཆས་པས་པ། །སྟོང་ཉིད་མ་འགགས་སོ་སོར་གསལ་བས་པ། །ཡེ་ཤེས་མ་འགགས་ཐབས་ལ་རོལ་པས་པ། །གསལ་ལ་མི་རྟོག་འཛིན་པ་མེད་པས་པ། །རྒྱན་དང་ཆ་ལུགས་མཚན་ཉིད་འཛིན་པས་པ། །འཛིན་མེད་རང་གསལ་ངོ་བོར་གནས་པས་སྐུ། །ཁ་དོག་སོ་སོའི་མཚན་ཉིད་འཛིན་པས་སྐུ། །རྡོ་རྗེའི་དོན་ཉིད་དོན་དང་ལྡན་པས་སྐུ། །དོན་རྟགས་རང་རང་མཚན་དང་ལྡན་པས་སྐུ། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བས་སྐུ། །ངོ་བོ་འགྱུར་མེད་ཁ་དོག་གསལ་བས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་བཅུར་འཆར་བས་སྐུ། །ཞེས་སོ། །གསུམ་པ་མཚན་ཉིད་ནི། རིགས་ལྔ་སོ་སོའི་དཀྱིལ་འཁོར་མ་འདྲེས་གདངས་གསལ་བ་སྟེ། རང་ཤར་ལས། ཁ་དོག་མ་འདྲེས་སོ་སོ་འི་མཚན་འཛིན་པ། །མཚན་དང་དཔེ་བྱད་བཟང་པོ་འོད་ཟེར་འབར། །ཡབ་དང་ཡུམ་དང་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་མཚན་ཉིད་དོ། །ཞེས་སོ། །བཞི་པ་སྣང་ལུགས་ནི། རང་བཞིན་རིག་པ་གཅིག་ལས། དབྱིངས་ཀྱི་སྐུ་ལས་ཟེར་གྱི་སྐུ་ཕྱོགས་བཅུར་འཕྲོ་བས་དོན་བྱེད་པ་དང༌། རིག་པའི་སྐུ་དབྱིངས་ལས་མི་གཡོ་ཞིང་འཕོ་འགྱུར་མེད་པ་རང་སྣང་འོད་གསལ་གྱི་ཞིང་ན་རྫོགས་པ་གཉིས་ནང་དང་ཕྱིར་སྣང་བའི་ཚུལ་ཏེ། དེ་ཉིད་ལས། རང་བཞིན་གཅིག་ལ་ངོ་བོ་གཉིས། །ལོངས་སྤྱོད་རྫོགས་པའི་སྣང་བ་ཡིན། །ཅེས་སོ། །ལྔ་པ་གནས་ལུགས་ནི་སྤང་བླང་མེད་པའི་དབྱིངས། །གཉིས་སུ་མེད་པའི་མཁའ། འོད་ལྔ་རྫོགས་པའི་ཀློང༌། སྤྲུལ་པ་འཕྲོ་བའི་རིང་བཞིན་ཆེན་པོར་གནས་ཏེ། རང་ཤར་ལས། ཡང་དག་སྐྱེད་དང་དམིགས་པ་མེད། །འཇུག་དང་གྲོལ་བའི་སེམས་ཀྱང་མེད། །འཛིན་དང་སྤྱོད་པ་གལ་ལ་ཡོད། །ཆགས་དང་ཞེན་པའི་ཚིག་ལས་འདས། །སྤང་བྱ་སྤོང་བྱེད་གཉིས་ལས་འདས། །ཡུལ་དང་སེམས་དང་ཡིད་ལས་འདས། །ཡུལ་ལ་དམིགས་པ་མེད་པ་ལ། །རང་སྣང་ཚིག་ཆོད་སྣང་བའོ། །འཛིན་མེད་རང་སར་གྲོལ་བ་སྟེ། །སྤྲུལ་པ་ཕྱོགས་བཅུར་མཛད་འགྱུར་ཞིང༌། །དམིགས་པ་དག་པའི་ཡུལ་སྣང་ལ། །ཡེ་ཤེས་ཆིག་ཆོད་སྐྱེ་བར་འགྱུར། །དམིགས་པ་མེད་པའི་ཡུལ་སྣང་ལ། །མཚན་མ་རང་སར་གྲོལ་བར་འགྱུར། །དེ་ལས་སྤྲུལ་པ་རྒྱ་ཆེར་འབྱུང༌། །ཞེས་སོ། །གསུམ་པ་སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། བརྟག་ཐབས་སོ། དང་པོ་སྤྲུལ་སྐུའི་ངོ་བོ་དབྱིངས་དང་རིག་པའི་སྐུ་ལས་ཟེར་སྐུ་ལ་སོགས་པར་འཕྲོས་ནས་གཞན་དོན་བྱེད་པའོ། །ངེས་ཚིག་ནི། རང་ཤར་ལས། སྤྲུལ་པ་སྐུའི་ངེས་ཚིག་འདི་རྣམས་ཡིན་པར་ཤེས་པར་གྱིས་ཤིག །འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་མཐུན་པར་སྣང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སྤྲུལ་པའི་སྐུའི་དོན་བྱེད་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །བྱ་བ་ཐམས་ཅད་བྱེད་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སེམས་ཅན་གྲངས་ལས་འདས་པ་རྣམས་ཀྱི་དབྱིངས་སུ་སྒྲོལ་བར་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞིང་ཁམས་གཅིག་ཏུ་ཡུན་ཐུང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཁྲོ་ཞིང་གཏུམ་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞི་ཞིང་ངེས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །འགྲོ་བ་རྣམས་ཀྱིས་མཛེས་པར་མཐོང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །ཞེས་སོ། །གསུམ་པ་མཚན་ཉིད་ནི། གདུལ་བྱའི་དོན་གཉིས་རྫོགས་པར་བྱེད་པ་སྟེ། དེ་ཉིད་ལས། སྤྲུལ་པ་སྐུ་ཡི་མཚན་ཉིད་ནི། །བྱ་བ་རྫོགས་པར་བྱ་བ་བྱེད། །རྣམ་པ་གཉིས་སུ་འདོད་པའོ། །ཞེས་སོ། །བཞི་པ་དབྱེ་བ་ལ་སྤྱིར་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་ལ་སོགས་པར་བཤད་ཀྱང༌། སྐབས་འདིར་དོན་གཉིས་རྫོགས་པར་གྲུབ་པ་ལ་ལྟོས་ནས། བྱ་བ་རྫོགས་པའི་སྤྲུལ་སྐུ་དང༌། བྱ་བ་བྱེད་པའི་སྤྲུལ་སྐུ་གཉིས་སུ་བཞེད་དོ། །དེའང་རང་དོན་ལྷུན་གྱིས་གྲུབ་པ་བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། ཚེ་འདིའམ་བར་དོར་རང་སྣང་ལྷུན་གྲུབ་ཀྱི་སྒོ་རྫོགས་ནས། མ་དག་པའི་སྒོ་ལས་འགྲོ་དྲུག་རང་སྣང་དུ་ཤར་བ་རྣམས་སྦྱོར་བ་གསུམ་གྱི་སྤྲུལ་པས་དོན་བྱས། རང་སྣང་ཙམ་དུ་རིགས་་དྲུག་དོང་སྤྲུགས་ནས་དབྱིངས་ཞི་བའོ། །རང་སྣང་གི་འཁོར་བ་སྟོངས་དགོས་ཏེ། འཁྲུལ་སྣང་སྟོང་དགོས་པའི་ཕྱིར་རོ། །ཐུན་མོང་དུའང༌། ཟད་ཅིང་སྟོངས་པར་གྱུར་ཅིག་འཁོར་བ་ངན་སོང་གསུམ། ཞེས་པ་དང༌། སེམས་ཅན་ཐམས་ཅད་གྲོལ་བར་སེམས་བསྐྱེད་པའི་ཕྱིར་རོ། །ཁྱད་པར་དུ་བར་དོར་སྤྲུལ་པ་འབྱིན་ནུས་མི་ནུས་དང་སྤྲུལ་པ་བཀྱེ་ནས་སངས་རྒྱས་སོ་བྱ་བ་ཀུན། རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་མར་འགྲོ་དྲུག་གི་གནས་རིས་སྣང་དུས། དེར་རང་སྣང་གི་སྟོང་པ་རང་སྣང་བ་དེ་ཆོས་གསུངས་པ་ལ་སོགས་པས་དོན་བྱས། རྒྱུ་དེས་འཁོར་བར་སྣང་བ་དེ་ཐམས་ཅད་སྟོངས་ནས། ལྷུན་གྲུབ་ཀྱི་སྒོ་དག་པ་མྱ་ངན་ལས་འདས་པ་དབྱིངས་སུ་ཐིམ་དུས། སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོ། །འདི་ཤེས་རབ་ཡོད་པ་ཀུན་ལ་གནད་གལ་པོ་ཆེའོ། །དེ་ནས་རང་དོན་བསྒྲུབ་པའི་སྟོང་པར་སྣང་བ་དེ་ནི་རང་ཉིད་དབྱིངས་སུ་གྲོལ་བྱེད་རང་ལས་ཤར་བའི་སྤྲུལ་པ་ཡིན་པས་བྱ་བ་རྫོགས་པའི་སྤྲུལ་སྐུ་ཞེས་བྱ་སྟེ། རང་ཤར་ལས། བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་འགྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །ཅེས་སོ། །སྤྲུལ་པ་འགྱེད་ལུགས་ནི། བར་དོ་ལྷུན་གྲུབ་ཀྱི་སྒོ་བརྒྱད་རྫོགས་པར་མཐོང་དུས། རང་ངོ་ཤེས་པས་གྲོལ་ནས། མ་དག་པ་འཁོར་བའི་སྒོ་དེར། རང་ཉིད་ལོངས་སྐུ་ཡབ་ཡུམ་གྱི་སྦྱོར་བའི་མཁའ་གསང་ལས་འོད་ཟེར་འཕྲོས་པ་གནས་རིས་སོ་སོར་ཕ་མ་ལས་དག་པའི་མངལ་དུ་ཞུགས་ནས་བཙའ་བར་སྣང་བ་དེས་ཆོས་བསྟན་ནས་གྲོལ་བར་སྟོན་པའོ། །འདི་ནི་དཔེ་རྨི་ལམ་དུ་སྤྲུལ་པ་བཀྱེ་བ་ལྟར། རང་སྣང་འབའ་ཞིག་གིས་བསྡུས་པ་ཡིན་ནོ། །རྩ་ཁམས་དག་ཏུ་ཉེ་བ་ན་ཚེ་འདིར་ཡང་ཐིག་ལེའི་ནང་དུ་འགྲོ་དྲུག་སྣང་བ་ཡོད་ལ། འདི་དག་ནང་གི་གནད་གསུམ་ཆིངས་སུ་བཅིངས་པས་ཟད་ས་ལ་ཐུག་ནས་སྤྲུལ་པ་འགྱེད་པ་ལ་མི་ལྟོས་པ་ཡིན་ནོ། །དཀའ་བའི་གནས་འདི་ནི་དྲང་པོར་བརྗོད་ཤེས་པ་ཕྱིན་ཆད་བྱུང་ན་ཁོ་བོའི་ནུས་པ་ཡིན་ནོ། །གཉིས་པ་བྱ་བ་བྱེད་པའི་སྤྲུལ་སྐུ་ནི། སར་གནས་རྣམས་ལ་ལོངས་སྐུ་དང༌། མ་དག་པ་རྣམས་ལ་མཆོག་གི་སྤྲུལ་སྐུ་དང༌། ཤིན་ཏུ་མ་དག་པ་རྣམས་ལ་གནས་རིས་སོ་སོ་དང་མཐུན་པའི་འགྲོ་བར་སྤྲུལ་ནས་སེམས་ཅན་སོ་སོའི་དོན་བྱེད་པ་སྟེ། དེ་ཉིད་ལས། བྱ་བ་བྱེད་པའི་སྤྲུལ་སྐུ་ནི། གང་འདུལ་དེ་ལ་དེར་སྟོན་ཞིང༌། །གཞན་དང་མཐུན་པར་སྣང་བ་ལ། །དེ་ནི་གོང་མ་ལྟ་བུའོ། །གཞན་གྱི་དོན་ལ་མ་རྨོངས་ཤིང༌། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གཞན་དང་མཐུན་པར་སྣང་བ་ལ། །འགྲོ་བ་ཟིལ་གྱིས་གནོན་པའོ། །ཉོན་མོངས་ངང་གིས་མེད་པ་དང༌། །བག་ཆགས་ལུས་ལྟར་སྣང་བའོ། །དུས་ལ་བབ་པའི་སེམས་ཅན་ལ། །ཡང་དག་དོན་ཆེན་སྟོན་པར་བྱེད། །འགྲོ་བ་གང་དག་འདུལ་བ་ལ། །དེ་དང་མཐུན་པར་སྣང་བའོ། །ཞེས་སོ། །སྤྲུལ་པའི་སྐུ་དེ་ཡང་སོ་སོ་ཡང་དག་པ་རིག་པ་བཞིས་དོན་མཛད་པ་ལས། ཐམས་ཅད་ཀྱི་སྐད་སོ་སོ་ཡང་དག་རིག་གིས་རང་རང་གི་སྐད་དུ་ཆོས་སྟོན་ལ། དེ་ཡང་དབང་པོ་དང་བག་ལ་ཉལ་མཁྱེན་པས་དེའི་བསམ་པ་དང་མཐུན་པར་སྟོན་ལ། དེ་ཡང་ཐེག་པ་ཆེ་བ་དང༌། ཆུང་བ་དང༌། སྣ་ཚོགས་དང༌། གསང་སྔགས་ལའང་བསྐྱེད་རྫོགས་དང༌། རེ་རེ་བ་དང༌། སེམས་དང༌། ཡེ་ཤེས་དང༌། ཀུན་གཞི་དང༌། ཀུན་གཞི་ཆོས་སྐུར་སྟོན་པ་ལ་སོགས་པ་དུ་མར་སྟོན་ཡང༌། རང་བཞིན་རྫོགས་པ་ཆེན་པོ་ནི་སྐལ་བ་ཅན་འགའ་ལ་དུས་རྒྱ་ལམ་ན་སྣང་བ་ལས་ཐམས་ཅད་དུ་མ་ཡིན་ཏེ། རང་ཤར་ལས། ཐམས་ཅད་སྐད་ནི་ཤེས་པ་སྟེ། །གང་གི་སྐད་ལ་དེ་སྟོན་པའོ། །མཐུན་པས་མཐུན་པར་འདུས་བ་ལ། །ལ་ལར་ཚིག་གི་སྒོ་ནས་སྟོན། །ལ་ལར་རྟེན་འབྲེལ་སྒོ་ནས་སྟོན། །ལ་ལར་སྨོན་འཇུག་སྒོ་ནས་སྟོན། །ལ་ལར་བསྐྱེད་པའི་སྒོ་ནས་སྟོན། །ལ་ལར་གཉིས་ཀའི་སྒོ་ནས་སྟོན། །ལ་ལར་བྱང་ཆུབ་ལྔ་ཡིས་སྟོན། །ལ་ལར་ཏིང་འཛིན་གསུམ་གྱིས་སྟོན། །ལ་ལར་དབྱིངས་དང་ཡེ་ཤེས་སྟོན། །རྫོགས་ཆེན་དོན་ནི་འགལ་ས་མིན། །གང་ཟག་ལས་ཅན་འགའ་ལ་སྣང༌། །དེ་ཡང་སྟོན་ལུགས་འདི་ལྟ་སྟེ། །ལ་ལར་རིག་པ་སྟོང་པར་སྟོན། །ལ་ལར་རིག་མེད་སྟོང་པར་སྟོན། །ལ་ལར་རིག་པ་མེད་བེམས་པོར་སྟོན། །ལ་ལར་རིག་པ་རྐྱང་པར་སྟོན། །ལ་ལར་ཀུན་གཞི་ཆོས་སྐུར་སྟོན། །ལ་ལ་དགེ་མེད་སྡིག་མེད་སྟོན། །ལ་ལར་བསྒོམ་པ་ཅན་དུ་སྟོན། །ལ་ལར་བསྒོམ་པ་མེད་པར་སྟོན། །དེ་ལྟར་སྟོན་བྱེད་སྤྲུལ་པའི་སྐུས། །གསང་སྔགས་བླ་ན་མེད་པ་ཡི། །དོན་ནི་འགའ་ལས་མ་གསུངས་སོ། །མ་གསུངས་གསུང་བར་མི་འགྱུར་རོ། །སྐབས་སུ་གསུང་བར་གྱུར་ན་ཡང༌། །དགྲ་བཅོམ་རང་རྒྱལ་མདོ་སྡེ་དང༌། །ཐེག་དམན་མིང་ཡང་མེད་ནང་དུ། །བླ་མེད་ཐེག་པ་སྒྲོགས་པར་འགྱུར། །དེས་ན་བློ་དམན་གཞན་ལ་གསང༌། །དེ་རྣམས་ལྡན་པའི་སྐྱེས་བུ་དེ། །བྱ་བ་བྱེད་པའི་སྤྲུལ་སྐུར་འདོད། །ཅེས་སོ། །དེའང་རྫོགས་པ་ཆེན་པོ་བྱུང་སྲིད་ནའང༌། སེམས་ཀློང་དང་མན་ངག་དའི་ཡང་གསང་སྐོར་མན་ཆད་ལས། སྙིང་ཏིག་བླ་མེད་འདི་རྒྱ་ལམ་སྲིད་པ་ལས་མ་འབྱུང་བས་རབ་ཏུ་དཀོན་པའི་ཆོས་ཀྱི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །དེས་ན་ནོར་བུ་དང་འདྲ་བས་གཅེས་སྤྲས་སུ་འཛིན་པར་བྱ་སྟེ། རྒྱུད་བླ་མར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་ན་རིན་ཆེན་ཉིད། །ཅེས་གསུངས་པ་བཞིན་ནོ། །ལྔ་པ་སྤྲུལ་པ་སྐུའི་བརྟག་ཐབས་ནི། །འགྲོ་བ་ཕལ་པ་སེམས་ཅན་ལ་ཕན་བདེས་ཆོས་སྟོན་པ་དང༌། སངས་རྒྱས་ཀྱི་སྤྲུལ་པས་དོན་མཛད་པ་གཉིས་འདྲ་འདྲ་ཞིག་ཏུ་སྣང་བས། དེའི་བརྟག་པ་ངེས་པ་ནི། རང་ཤར་ལས། སྤྲུལ་པའི་བརྟག་ཐབས་ནི་འདི་ལྟར་ཤེས་པར་བྱ་སྟེ། བཞུད་པའི་དུས་ན་ཡང་སྤྱན་གཞན་དུ་མ་ཡེངས་པ་དང༌། ལྟག་པའི་བདུད་ཁུང་ན་སྐྲ་གཡས་སུ་འཁྱིལ་བ་ཚོམ་གཅིག་ཡོད་པ་དང༌། ཐུགས་ཀ་ན་རྡོ་རྗེའི་གཟུགས་ཡོད་པ་དང༌། སྐྱེ་གནས་ནི་རྒྱལ་རིགས་སམ་རིགས་མཐོ་བ་དག་ཏུ་སྐྱེའོ། །སྤྱོད་པ་གང་ལྟར་ཡང་མཐུན་པ་ལྟར་དུ་སྤྱོད་པའོ། །ཇི་སྐད་སྨྲས་ཀྱང་དེ་ལ་རྗེས་སུ་འཛིན་པའོ། །རང་གི་ཞེ་ལ་འདོད་པ་མི་བསྒྲུབ་པའོ། །བྱ་རྩོལ་དང་འཛིན་པ་ངང་གིས་མེད་པའོ། །སེམས་ཅན་གང་གི་འདོད་པའི་གོ་སེལ་བའོ། །དེ་རྣམས་དང་ལྡན་པ་ནི་སྤྲུལ་པའི་སྐུ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །དེའང་རྟགས་འདི་རྣམས་ཡོད་པ་དེ་སྤྲུལ་པར་བསྟན་གྱི། གཞན་དག་ཅི་རིགས་སུ་སྤྲུལ་པ་ཡིན་པ་དང་མ་ཡིན་པ་མ་ངེས་པས། དག་པའི་སེམས་བསྐྱེད་ལ་རང་གི་རྒྱུད་གདུལ་བ་ལ་འབད་པར་བྱའོ། །གཉིས་པ་སྐུ་ལྔའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་ངོ་བོ། ངེས་ཚིག སྣང་བ། དབྱེ་བ། དོན་སྦྱར་དང་ལྔ་ལས། དང་པོ་ངོ་བོ་ནི། མཚན་རྫོགས་དཔེ་བྱད་ཀྱི་དཔལ་འདུ་འབར་བ་སྟེ། རང་ཤར་ལས། ངོ་བོ་མཚན་དང་དཔེ་བྱད་ལྡན །རང་བཞིན་སོ་སོའི་མཚན་འཛིན་པའོ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། རིགས་མི་འདྲ་བ་ལྔའི་སྐུར་སྣང་བས་རིགས་ལྔའི་སྐུ་ཞེས་བྱ་སྟེ། དེ་ཉིད་ལས། སྣང་བ་ཡེ་ཤེས་ཆེན་པོ་ལ། རིགས་ཀྱི་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །གསུམ་པ་སྣང་བ་ནི། ཡབ་ཡུམ་སྐུ་དང་ཡེ་ཤེས་སུ་སྣང་བ་སྟེ། རང་ཤར་ལས། སྐུ་ལྔ་ཡེ་ཤེས་སྣང་བ་ནི། ཡབ་ཡུམ་གཉིས་ཀྱི་ཚུལ་དུ་སྣང༌། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །ཐབས་དང་ཤེས་རབ་གཉིས་ལྟར་སྣང༌། །དེ་ཡང་ཐབས་ནི་འགག་པ་མེད། །ཤེས་རབ་འགྱུར་བ་མེད་པའོ། །ཞེས་སོ། །བཞི་པ་དབྱེ་བ་ལ་གཉིས་ལས། རིགས་ལྔར་དབྱེ་བ་ནི། དེ་ཉིད་ལས། དེ་ཡང་རིགས་ནི་ལྔར་སྣང་ཞིང༌། །དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །དེ་བཞིན་རིགས་ལྔར་འདོད་པའོ། །ཞེས་སོ། །སྐུ་ལྔར་དབྱེ་བ་ནི། ཡང་དེ་ལས། སྐུ་ཡི་ཚིག་དོན་རྣམ་པ་ལྔ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་དང་ནི་རྡོ་རྗེ་སེམས། །དེ་བཞིན་རིན་ཆེན་འབྱུང་ལྡན་དང༌། །སྣང་མཐའ་དོན་ཡོད་གྲུབ་པའོ། །ཞེས་སོ། །ལྔ་པ་དོན་སྦྱར་ལའང་གཉིས་ལས། །དང་པོ་རིག་ལྔའི་དོན་སྦྱར་ནི། རང་ཤར་ལས། རིག་པའི་དོན་ལ་དེ་བཞིན་གཤེགས་པས་དེ་བཞིན་རིགས་སུ་བཤད། རིགས་པའི་དོན་ལ་སྐྱེ་དང་འཆི་བ་མེད་པས་རྡོ་རྗེའི་རིགས་སུ་བཤད། །རིག་པའི་དོན་ལ་སྣ་ཚོགས་འབྱུང་བས་རིན་ཆེན་རིགས་སུ་བཤད། །རིག་པའི་དོན་ལ་སྐྱོན་མེད་དག་པས་པདྨའི་རིགས་སུ་བཤད། །རིག་པའི་ངང་ལ་བྱ་བ་རྫོགས་པས་ལས་ཀྱི་རིགས་སུ་བཤད། །ཅེས་སོ། །གཉིས་བ་སྐུའི་དོན་སྦྱར་ནི། ཡང་དེ་ལས་རིག་པའི་སྣང་བ་འགག་པ་མེད་པས་རྣམ་པར་སྣང་མཛད་ཡིན། །རིག་པ་བདག་གཞན་དོན་གཉིས་རྟོགས་པས་རྡོ་རྫེ་སེམས་དཔའ་ཡིན། ཅིག་ཅར་རིག་པས་ཤེས་པས་རིན་ཆེན་འབྱུང་ལྡན་ཡིན། །རང་གི་སྣང་བ་མཐོང་བས་སྣང་བ་མཐའ་ཡས་ཡིན། །རིག་པ་སྐྱེ་མེད་རྟོགས་པས་དོན་ཡོད་གྲུབ་པ་ཡིན། །ཅེས་སོ། །དོན་གཉིས་པ་གདངས་འོད་ཀྱི་རབ་ཏུ་དབྱེ་བ་གཉིས་ཏེ། གནས་ལུགས་སྤྱིར་བསྟན་པ་དང༌། སྣང་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཙོ་ཆེན་གྱི་འོད་ལྔ་ཡེ་ནས་ལྷུན་གྲུབ་ཆེན་པོར་གནས་དེ། ད་ལྟ་སེམས་ཅན་ལ་ཡོད་ཚུལ་ནི། སྙིང་རིན་པོ་ཆེ་ཟེའུ་བཙུགས་པ་འདྲ་བའི་ནང་འོད་རྩ་དངས་པའི་དབུས་ན། འོད་ལྔའི་གདངས་ལ་རིག་པའི་ཡེ་ཤེས་བཞུགས་སོ། །དེའང་རང་ཤར་ལས། ཡེ་ཤེས་ཆེན་པོའི་སྣང་བ་དེ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ཞེས་སོ། །གཉིས་པ་སྣང་ལུགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ལམ་མ་སྦྱངས་པ་ལ་སྣང་བའི་ཚུལ། སྦྱངས་པ་ལ་སྣང་བའི་ཚུལ། བར་དོ་ལ་སྣང་བའི་ཚུལ་ལོ། །དང་པོ་ནི། རང་ལ་འོད་གལ་གནས་ཀྱང་ངོ་མ་ཤེས་པའི་འགྲོ་དྲུག་ངོ་མ་ཤེས་པའི་འགྲོ་དྲུག་ལ་ད་ལྟ་སྒྲོན་མའི་རང་འོད་ཆ་ཕྲ་བར་ཡོད་དེ། དེ་ཉིད་ལས། མ་རྟོགས་སེམས་ཅན་ཐམས་ཅད་ལ། །མི་ལ་་མཚོན་དུ་ཡོད་པའོ། །ལྷ་རྣམས་ལ་ནི་བལྟ་ཡོད་པའོ། །ལྷ་མ་ཡིན་ལ་ཕྲ་བར་ཡོ། །བྱོལ་སོང་རང་གནས་ཙམ་དུ་ཡོད། །ཡི་དྭགས་རྣམས་ལ་འཕྲིག་པར་ཡོད། །དམྱལ་བའི་ཡུལ་ལ་ཏིལ་འབྲུ་ཙམ། །དེ་བཞིན་འོད་དྲུག་གནས་པའོ། །ཞེས་སོ། །འོད་དེ་ཡང་སྙིང་ནང་ན་ཡོད་པའི་གདངས་ཙམ་མོ། །རང་བཞིན་དུ་རྣམ་སྨིན་བག་ཆགས་ཀྱི་འོད་ནི་རྒྱང་གྲགས་ལ་སོགས་པ་ལྷ་རྣམས་ལ་ཡོད་ཀྱང༌། དགེ་བ་ཟག་བཅས་རྣམ་སྨིན་ཀྱི་འོད་ཡིན་གྱི། སྙིང་པོའི་རང་འོད་མ་ཡིན་ནོ། །གཉིས་པ་ལམ་སྦྱང་བ་ལ་སྣང་ཚུལ་ལ་འོད་ཀྱི་གནས། ལམ། ཡུལ། ལུས། སྤྱན། སྙིང་པོ། མཚོན་དཔེ། དུས། གྲོལ་ས་དང་དགུ་ལས། གནས་སྙིང་ན་ལྷུན་གྲུབ་འོད་ལྔའི་ཐིག་ལེ་ཁ་དོག་ལྔའི་དབུས་ན་སྐུ་ལྔ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་དུ་གནས་པ། འབྱུང་བ་ལྔ་དང༌། ཕུང་པོ་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔ་དང༌། ཡེ་ཤེས་ལྔ་དང༌། ས་ལྔའི་དག་པར་བཞུགས་ལ། སྣང་བ་བཞི་ལས། ཚད་ཕེབས་ཀྱི་ཚེ་མཐོང་བའོ། །ལམ་ནི་རྒྱང་ཞགས་ནས་འབྱུང་བའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །འོད་ཀྱི་ལུས་ནི། སྐུ་ལྔ་དང་ཡེ་ཤེས་བཞི་ཡར་གྱི་སྣང་བའོ། །སྤྱན་ནི། ཤེས་རབ་རང་བྱུང་གི་སྒྲོན་མས་རང་ངོ་ཤེས་ནས་དབྱིངས་ལ་བསྐྱོད་པའོ། །སྙིང་པོ་ནི། ཀུན་གསལ་འགག་མེད་ཡེ་ཤེས་སོ། །མཚོན་དཔེ་ནི་ཤེལ་དང་འདྲ་སྟེ། གཞི་གནས་རང་ལ་འོད་ལྔ་མི་གསལ་ཡང་འཆར་གཞིར་ཡོད། ལ། རྐྱེན་ཉམས་སུ་བླངས་པ་དང་བར་དོ་དུས་ཀྱི་སྒྲོན་མ་ལ་གཞི་སྣང་འོད་ལྔས་ནམ་མཁའ་གང་བར་སྣང་བའོ། །དུས་ནི་ཉམས་སུ་བླངས་ན་ཚེ་འདིར་ཡང་སྣང་དུ་རུང་ལ། བར་དོ་རང་བཞིན་གྱིས་འཆར་བའི་དུས་སོ། །གྲོལ་ས་ནི་ཐོག་མའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ལ། ཕྱི་འོད་ནང་དུ་བཙན་ས་བཟུང་ནས་ཤེལ་འོད་ནང་དུ་བསྡུས་པ་ལྟར་གསལ་ཆར་མེད་ལ་འཆར་གཞིར་གནས་པའོ། །དེ་སྐད་དུའང་རང་ཤར་ལས། །དེ་སྐད་དུའང་རང་ཤར་ལས། འོད་དང་སྐུ་དང་ཡེ་ཤེས་དང༌། །ཡུམ་དང་འབྱུང་བ་ཕུང་པོ་དང༌། །ས་དང་རིགས་སུ་བཤད་པའོ། །ཞེས་པ་དང༌། སེམས་ཅན་ཀུན་ལ་དེ་བཞིན་ནོ། །རང་རང་ལུས་ལ་གནས་པའོ། །ཞེས་པ་དང༌། སྣང་བ་འདི་ལ་སྣང་ལུགས་ནི། །ཡེ་ཤེས་ཆེན་པོའི་སྣང་བ་དེ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ལམ་ནི་རྒྱ་མཚོའི་ནང་ནས་བྱུང༌། །ཡུལ་ནི་ནམ་མཁའ་སྟོང་པའོ། །ལུས་ནི་སྐུ་དང་ཡེ་ཤེས་སོ། །སྤྱན་ནི་ཤེས་རབ་སྒྲོན་མའོ། །སྙིང་པོ་ཀུན་གསལ་མེ་ལོང་ངོ༌། །དཔེ་མཚོན་མེན་ཤེལ་དྲི་མེད་སྐུ། །དུས་ནི་ཆོས་ཉིད་བར་དོའོ། །རིན་ཆེན་སྦུབས་ལ་མཐར་ཕྱིན་ནོ། །སྣང་བ་འདི་ལ་སྣང་ལུགས་སོ། །ཞེས་སོ། །འདི་ལ་སྣང་བ་འདི་དག་མཐོང་ན་བར་དོ་འདིར་ཆོད་པས་དག་པ་ཆིག་ཆོད་ཀྱི་སྣང་ལུགས་ཞེས་བྱའོ། །དེའང་ཚད་ཕེབས་ཀྱི་ཚེ་ཕུང་པོ་ལྔའི་བཅིངས་་པ་ལས་གྲོལ་བའི་ཆ་དང༌། ནང་གདངས་ཕྱིར་ཤར་བས་སྟེང་གི་ནམ་མཁར་འོད་ལྔའི་སྣང་བ་ཆེན་པོའི་འཆར་བ་ནི། དེ་ཉིད་ལས། དག་པའི་ཆིག་ཆོད་སྣང་བ་ནི། །ཡེ་ཤེས་དག་པའི་ནམ་མཁའ་ལ། །འོད་ལྔ་འགྱུར་མེད་གསལ་བ་ནི། །དེ་ཡང་ཚོམ་བུ་ལྔ་ལྔ་དང༌། །ཡབ་ཡུམ་ཚུལ་དུ་འཆར་བའོ། །དེ་ཡི་ཁ་དོག་འདི་ལྟ་སྟེ། །མཐིང་ག་རྣམ་པར་སྣང་མཛད་སྐུ། །ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་ཏེ། །ཡུམ་ནི་ནམ་མཁའ་དབྱིངས་ཕྱུག་མ། །འབྱུང་བ་སྟོང་པ་ནམ་མཁའ་ཡིན། །ཕུང་པོ་གཟུགས་ཀྱི་ཕུང་པོ་ཡིན། །ས་ནི་བྱ་བ་རྫོགས་པའི་ས། །དེ་བཞིན་གཤེགས་པའི་རིགས་སུ་བཤད། །དཀར་པོ་རྡོ་རྗེ་སེམས་དཔའི་སྐུ། །ཡེ་ཤེས་མེ་ལོང་ཡེ་ཤེས་ཏེ། །ཡུམ་ནི་མཱ་མ་ཀཱི་རུ་འདོད། །འབྱུང་བ་ཆུ་བོ་ཆེན་པོའོ། །ཕུང་པོ་འདུ་ཤེས་ཕུང་པོ་སྟེ། །ས་ནི་བྱ་བ་བཏང་བའི་ས། །རིགས་ནི་རྡོ་རྗེའི་རིགས་སུ་བཤད། །སེར་པོ་རིན་ཆེན་འབྱུང་ལྡན་སྐུ། །ཡེ་ཤེས་མཉམ་ཉིད་ཡེ་ཤེས་སོ། །ཡུམ་ནི་སངས་རྒྱས་སྤྱན་དུ་འདོད། །འབྱུང་བ་སྐྱེད་པའི་ས་ཆེན་ནོ། །ཕུང་པོ་འདུ་བྱེད་ཕུང་པོ་སྟེ། །ས་ནི་སྣ་ཚོགས་འབྱུང་བའི་ས། །རིགས་ནི་རིན་ཆེན་རིགས་སུ་བཤད། །དམར་པོ་སྣང་བ་མཐའ་ཡས་སྐུ། །ཡེ་ཤེས་སོར་རྟོག་ཡེ་ཤེས་ཡིན། །ཡུམ་ནི་གོས་དཀར་ཡུམ་ཆེན་མོ། །འབྱུང་བ་སྲེག་བྱེད་མེ་ཡིན་ནོ། །ཕུང་པོ་རྣམ་ཤེས་ཕུང་པོའོ། །ས་ནི་རྣམ་པར་སྟོན་པའི་ས། །རིགས་ནི་པདྨའི་རིགས་སུ་བཤད། །ལྗང་གུ་དོན་ཡོད་གྲུབ་པའི་སྐུ། །ཡེ་ཤེས་བྱ་གྲུབ་ཡེ་ཤེས་ཡིན། །ཡུམ་ནི་དམ་ཚིག་སྒྲོལ་མར་འདོད། །འབྱུང་བ་འདེགས་བྱེད་རླུང་ཡིན་ནོ། །ཕུང་པོ་ཚོར་བའི་ཕུང་པོའོ། །ས་ནི་བྱ་བ་ཟིན་པའི་ས། །རིགས་ནི་ལས་ཀྱི་རིགས་སུ་བཤད། །དེ་བཞིན་དག་པའི་སྣང་བའོ། །སེམས་ཅན་ཀུན་ལ་དེ་བཞིན་ནོ། །རང་རང་ལུས་ལ་གནས་པའོ། །བར་དོ་ལ་ཡང་དེ་བཞིན་འཆར། །ཅེས་སོ། །གསུམ་པ་བར་དོ་ལ་སྣང་བའི་ཚུལ་ལ། ཆོས་ཉིད་བར་དོ་ལ་དེ་བཞིན་དུ་འོད་ལྔ་ཡེ་ཤེས་ཀྱི་སྣང་བ་འཆར་ལ། དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མ་དེ་ལ་ཆོས་ཉིད་བར་དོ་ནུབ་ནས། སྲིད་པའི་བར་དོར་སྔར་མ་དག་པའི་འོད་རང་ལ་ཡོད་པ་ལ་བརྟེན་ནས། དེར་ཡང་དེའི་གདངས་རིགས་དྲུག་སོ་སོའི་ལ་འཆར་ཏེ། རང་ཤར་ལས། མ་དག་འཁྲུལ་པའི་འོད་ལ་དྲུག །དབང་པོ་ཐ་མའི་ཐ་མ་ལ། །དཀར་པོ་འཆར་དང་སེར་པོ་འཆར། །དམར་པོ་འཆར་དང་ལྗང་གུའོ། །དེ་བཞིན་མཐིང་གར་འཆར་བའོ། །བན་བུན་དག་ཏུ་འཆར་བར་འདོད། །དེ་ནི་མ་དག་འཁྲུལ་པའི་འོད། །ཅེས་སོ། །དེ་ལྟར་འོད་རྣམས་ཀྱང་བསྡུ་ན་མ་རྟོགས་སེམས་ཅན་ལ་འཁྲུལ་པའི་འོད་དང༌། རྟོགས་པ་ཅན་ལ་ཡེ་ཤེས་ཀྱི་འོད་གཉིས་སུ་འདུས་ཏེ། དེ་ཉིད་ལས། འོད་ལ་དབྱེ་བ་བསམ་འདས་ཏེ། །དེ་ཡང་མདོར་བསྟན་ཡིད་ལ་ཟུང༌། །དག་པ་ཡེ་ཤེས་འོད་དང་ནི། །མ་དག་འཁྲུལ་པའི་འོད་དུ་འདོད། །ཅེས་སོ། །དེའང་དབྱིངས་ལ་འོད་ཡོད་པས་སྐུ་དང་ཡེ་ཤེས་སུ་གསལ་ལ། འཁྲུལ་དུས་འདི་ནའང་འབྱུང་བ་ལྔའི་སྣང་བ་ཁ་དོག་ལྔ་ལས་མ་འདས་པར་སེམས་ཅན་ཐམས་ཅད་དེའི་ངང་ལ་གནས་སོ། །སངས་རྒྱས་རྣམས་ཀྱི་ཟད་པར་གྱི་སྐྱེ་མཆེད་དང་འོད་ཟེར་དང་སྐུ་ཚད་མེད་པ་འཕྲོ་བ་ཡང་དེ་ལས་བྱུང་བར་ཤེས་པར་བྱ་སྟེ། དེ་ཉིད་ལས། ཐམས་ཅད་དེ་ཡི་ཀློང་དུ་ཡང༌། །ང་ཡིས་བཤད་ཅིང་བསྟན་པའོ། །ཞེས་གསུངས་སོ། །དོན་གསུམ་པ་བརྟེན་པ་ཡེ་ཤེས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ངོ་བོ། དབྱེ་བ། དབྱེ་བ་ངེས་པའི་ཚིག་བཤད་པའོ། །དང་པོ་ངོ་བོ་ནི། ཡེ་ནས་འདུས་མ་བྱས་པའི་ཤེས་པ་སྟེ། དེ་ཡང་དབྱིངས་རིག་པ་ཀ་དག་ཆོས་ཉིད་སྟོང་པའི་ངང་ལས་ཤར་བ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་མ་གསང་བདག་ངེས་པར་ཟུང༌། །ཆོས་མིན་ཤེས་རབ་རང་བྱུང་བ། །ཆོས་ཀུན་ཁོང་ནས་སྐྱེ་བར་འགྱུར། །དེ་ལས་ཡེ་ཤེས་འབྱུང་བ་སྟེ། །ཞེས་སོ། །གཉིས་པ་དབྱེ་ན། ཡེ་ཤེས་ལྔ་པོ་དེ་དྲི་མ་དང་བཅས་དུས་སེམས་ཅན་པའི་རྒྱུད་ཀྱིས་བསྡུས་པ་ན་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཟེར་ལ། དྲི་མ་དག་པ་སངས་རྒྱས་ཀྱི་དུས་ན་རྟོགས་པ་མངོན་གྱུར་འབྲས་བུའི་ཡེ་ཤེས་བྱ་བ་གཉིས་སུ་བཤད་དེ། དེ་ཉིད་ལས། ཡེ་ཤེས་ཆེན་པོའི་བཤད་ལུགས་ནི། །རྟོགས་པ་མངོན་གྱུར་སངས་རྒྱས་དང༌། །རང་བཞིན་ལྷུན་གྲུབ་སངས་རྒྱས་སོ། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །གསུམ་པ་དབྱེ་བ་ངེས་པའི་ཚིག་ལ་གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང༌། ངེས་པའི་ཚིག་སོ་སོར་བཤད་པའོ། །དང་པོ་ནི། དེ་ཉིད་ལས། ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང༌། །མེ་ལོང་ཡེ་ཤེས་འགག་མེད་གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོག་ཡེ་ཤེས་གོང་བཞིན་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདོད་དོ། །ཞེས་སོ། །གཉིས་པ་ནི། ཡང་དེ་ལས། ཚིག་དོན་ལ་སྦྱར་བ་འདི་ལྟ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང༌། །གསལ་བ་འོད་ཀྱི་སྣང་བ་དང༌། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པ་དབྱིངས་ཞེས་བྱའོ། །དེ་ལ་ཡང་ནི་རྣམ་པ་གཉིས། །དག་པ་ཡེ་ཤེས་དབྱིངས་ཉིད་དང༌། །མ་དག་སེམས་ཅན་དབྱིངས་སུ་བསྟན། །དག་པ་ཡེ་ཤེས་དབྱིངས་ཉིད་ནི། །སྟོང་གསལ་དབྱེར་མེད་རིག་པའི་ཀློང༌། །འགྱུར་མེད་ཆོས་སྐུའི་ཕོ་བྲང་ངོ༌། །མ་དག་སེམས་ཅན་ཕྱི་དབྱིངས་ནི། །སྟོང་པ་རིག་མེད་འདུས་མ་བྱས། །དེ་ལས་ས་རྡོའི་སྣང་བར་འགྱུར། །སེམས་ཅན་རྣམས་ཀྱི་ཡུལ་ཡིན་ནོ། །དེ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ །ཉོན་མོངས་རྐྱེན་གྱི་དབང་དུ་གྱུར། །དེ་ལས་གྲོལ་བའི་རིག་པ་ནི། །ངོ་སྤྲོད་ནང་དུ་ཤེས་པར་བྱ། །དེ་ལས་མཚན་མའི་གྲོལ་ལུགས་ནི། །སྣ་ཚོགས་སྣང་བ་ཤེས་རིག་ཡུལ། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །རིག་པའི་ངང་དུ་རྫོགས་པའོ། །བློ་དང་དངོས་པོའི་ཆོས་རྣམས་ཀྱང༌། །རིག་པ་ཡེ་ཤེས་ངང་དུ་རྫོགས། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་དོན་ལ་སྤྱོད་པས་མེ། །དེ་ལ་རྟོགས་ཤིང་གོམས་པས་ལོང༌། །མེ་ལོང་ཡེ་ཤེས་དེ་བཞིན་ནོ། །མཉམ་ཉིད་ཡེ་ཤེས་དོན་སྦྱར་ནི། །ཆོས་རྣམས་མཉམ་པའི་ངོ་བོ་ལ། །གང་གི་ཕྱོགས་སུ་མ་ལྷུང་བའོ། །མཉམ་ཉིད་སངས་རྒྱས་ཀུན་གྱི་རྗེ། །ཆོས་རྣམས་དུས་གཅིག་རྫོགས་པའོ། །མཉམ་ཉིད་ངེས་ཚིག་འདི་ལྟ་སྟེ། །ཆོས་ཉིད་རྒྱ་ཆད་མེད་པས་མཉམ། །རིག་པའི་དོན་དང་ལྡན་པས་ཉིད། །མཉམ་ཉིད་ཡེ་ཤེས་དེ་བཞིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །བྱ་བྱེད་བྲལ་བའི་རིག་པར་རྟོགས། །དེ་ཡང་རྟོགས་ལུགས་རྣམ་པ་མང༌། །འོག་ནས་འབྱུང་བའི་ཚིག་ཏུ་བསྟན། །དེ་ཡང་ངེས་ཚིག་འདི་ལྟར་སྟེ། །དབང་པོ་ཉི་ཤུ་རྩ་གཅིག་ཕྱིར། །སོ་སོར་རྟོགས་ཞེས་དེ་ལ་བྱ། །སོར་རྟོག་ཡེ་ཤེས་དེ་བཞིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཅི་སྣང་རིག་པའི་ངང་དུ་རྫོགས། །བྱར་མེད་རྟོག་མེད་ངང་དུ་རྫོགས། །བྱ་བ་བཏང་བའི་རྣལ་འབྱོར་དེ། །ཡང་དག་ས་ལ་དལ་བས་འགྲུབ། །དེ་ལྟར་ཡེ་ཤེས་ཆེན་པོའི་དོན། །རྟོགས་ནས་ཡང་དག་ངེས་པར་གྲོལ། །ཅེས་སོ། །དེའང་མེ་དང་ལོང་དང་ཡེ་དང་ཤེས་ཞེས་པ་ལྟ་བུ་རེ་རེ་ལ་རྒྱུད་ནས་འབྲུ་རེ་རེ་བསྣན་པས་རྒྱུད་ལ་ཐེ་ཚོམ་དུ་ཟ་ན། མདོ་ལས། ཀ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པ་ཚིག་འབྲུ་རེ་རེ་ལ་དོན་སྦྱར་རེ་རེ་བཤད་པ་དང༌། གསར་མའི་རྒྱུད་གཞན་དུའང་ཡི་གེ་སྒྲ་བཤད་ལས་དེ་ལྟར་འབྱུང་བ་ལའང་སྐྱོན་དེ་ཡོད་ལ། སྔགས་དང་ལྷུག་པ་སྒྱུར་བའི་ཁྱད་ཡོད་སྙམ་ན། མདོ་བསྟན་བཅོས་ལས། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་གསུམ་དུ་སྦྱར་བ་རྣམས་ལའང་སྐྱོན་དེ་དམིགས་སོ། །རང་བཞིན་དུ་རྫོགས་པ་ཆེན་པོའི་རྒྱུད་རྣམས་མན་ངག་གི་རྒྱུད་ཡིན་པས། གོ་སླ་ལ་འབྲུ་ཡར་རེ་རེའང་གོ་སླ་བའི་ཕྱིར་གསུངས་པ་དང༌། པཎྜི་ཏ་ཆེན་པོ་སྐད་སོ་སོ་ཡང་དག་རིག་ལ་མངའ་བརྙེས་པ་རྣམས་བྱོན་པས། དེ་དག་གིས་རང་འགྱུར་དུ་དབྱིངས་གོ་དཀའ་བའི་ཡི་གེ་རྣམས་སྒྲ་བསྒྲུབས་ནས། གོ་སླ་ཞིང་འཛོལ་བ་མེད་པར་བསྒྱུར་ནས་བཀོད་ཅིང༌། ལོ་ཙཱ་བ་ཡང་གཞན་ལས་འཕགས་པ་རྣམས་འབྱོར་པའི་བཀའ་དྲིན་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔ་ལས་སོ་སོར་ཕྱེ་ན་ཉི་ཤུ་རྩ་ལྔར་འགྱུར་བའི་རབ་ཏུ་དབྱེ་བ་ཆ་དང་བཅས་པ་རྣམས་སྔར་བཤད་ཟིན་པས་ཡང་འདིར་མི་སྤྲོའོ། །དོན་བཞི་པ་མཛད་པ་འཕྲིན་ལས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྣམ་བཞི་འཕྲིན་ལས་ཀྱི་ངོ་བོ་མདོར་བསྟན་པ། རང་བཞིན་རྫོགས་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ། རང་སྣང་འཆར་ཚུལ་གྱི་རྣམ་པས་དོན་བསྡུ་བའོ། །དང་པོ་ལ་ངོ་བོ། ངེས་ཚིག དབྱེ་བ། ཕྱག་རྒྱ། ལྷ་ཚོགས། སྙིང་པོ། དཀྱིལ་འཁོར་དང་བདུན་ལས། འཕྲིན་ལས་ཀྱི་ངོ་བོ་དོན་གཉིས་ལྷུན་གྱིས་རྫོགས་པ་སྟེ། ཡེ་ཤེས་ཀྱི་སྙིང་པོར་གནས་པ་ཉིད། །རང་ཤར་ལས། འཕྲིན་ལས་ཀུན་གྱི་ཡེ་ཤེས་ནི། །བྱ་བ་ཐམས་ཅད་བྱེད་པ་ཡིན། །ཅེས་སོ། །དེ་ལས། འཕྲིན་ནི་སངས་རྒྱས་ཉིད་ལ་བརྗོད། །ལས་ནི་ཡེ་ཤེས་ཉམས་སུ་ལེན། །འཕྲིན་ལས་རང་ཉིད་ཡིན་པར་གསུངས། །ང་ལས་བྱུང་ཞིང་ང་ལ་རྫོགས། །རྫོགས་པའི་གཞི་ལ་དེ་བཞིན་ནོ། །ཞེས་སོ། །དབྱེ་ན་བཞི་སྟེ། ཡང་དེ་ལས། ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དབང་དང་དྲག་པོར་འདོད། །ཅེས་སོ། །དཀྱིལ་འཁོར་ནི། མ་བྲིས་པར་ཡེ་ནས་བཀྲ་བ་རང་རྫོགས་རང་ལ་ཡོད་པའོ། །ཕྱག་རྒྱ་ནི། མ་བསྒྱུར་གཞི་ནས་རྫོགས་པ་བྱང་ཆུབ་མཆོག་ལ་སོགས་པ་སྐུ་ལྔ་ལ་སྣང་བའོ། །ལྷ་ཚོགས་ནི། མ་བསྐྱེད་ཡེ་རྫོགས་ཀྱི་ཞི་ཁྲོ་རང་ལ་གནས་པའོ། །སྔགས་ཀྱི་སྙིང་པོ་ནི། རྩ་གནས་ཡི་གེའི་འཁོར་ལོ་དང་དེའི་དངས་མ་སྒྲོན་མ་བཞི་ཡུལ་ལ་ཤར་བའོ། །དེ་ཡང་རང་ཤར་ལས། འཕྲིན་ལས་ཀུན་གྱི་དཀྱིལ་འཁོར་ནི། །མ་བཙལ་རང་ལ་ཡོད་པའོ། །འཕྲིན་ལས་ཀུན་གྱི་ཕྱག་རྒྱ་ནི། །མ་བསྒྱུར་བཞི་ལ་རྫོགས་པའོ། །འཕྲིན་ལས་ཀུན་གྱི་ལྷ་ཚོགས་ནི། །རང་གི་ལུས་ལ་རྫོགས་པའོ། །འཕྲིན་ལས་ཀུན་གྱི་སྙིང་པོ་ནི། །སྒྲོན་མའི་ཡེ་ཤེས་ཆེན་པོར་གསུངས། །ཞེས་སོ། །གཉིས་པ་རང་བཞིན་རྫོགས་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གདོད་མའི་གཞི་ལ་རྫོགས་པའི་ཚུལ་དང༌། སེམས་ཅན་གྱི་དུས་ན་རྫོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ལས། སྤྱིར་བསྟན་པ་ནི། གཞི་གདོད་མའི་ཀ་དག་ལ་ནང་ཡེ་ཤེས་ཀྱི་འོད་ལྔ་དབྱིངས་རུམ་དུ་གསལ་བའི་མཐིང་ག་ཐམས་ཅད་ཀྱི་དབྱིངས་ཡིན་པས། འཕྲིན་ལས་ཀྱི་འོད་བཞིའི་འཆར་གཞིར་གནས་པས་མི་བགྲང་ཞིང༌། དཀར་སེར་དམར་ལྗང་བཞི་དེ་ལས་མཆེད་པའི་འཕྲིན་ལས་སུ་བཤད་དེ། དེ་ལས། དེ་ཡང་འཕྲིན་ལས་བཞི་ཡི་དོན། མཐིང་ག་ཉིད་ལ་རྫོགས་པ་སྟེ། །འཕྲིན་ལས་རྣམ་བཞི་གཞི་ལ་གྲུབ། །དེ་ཕྱིར་ཁ་དོག་མཐིང་གར་བཤད། །ཅེས་པ་དང༌། འཕྲིན་ལས་རྣམ་པ་བཞི་ཡི་དོན། །གཞི་ལ་ལེགས་པར་ཚང་བའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཁ་དོག་དཀར་དམར་སྣ་ཚོགས་འོད། །གཞི་ལ་བབས་ཀྱིས་གྲུབ་པའོ། །དཀར་པོ་ཞི་བའི་དཀྱིལ་འཁོར་ལྡན། །ཁ་དོག་སེར་པོ་རྒྱས་པའི་འོད། །དམར་པོ་དབང་གི་འོད་དུ་འདོད། །ལྗང་གུ་དྲག་པོའི་འོད་དུ་གསུངས། །མཐིང་ག་འཕྲིན་ལས་རྫོགས་པའི་འོད། །ཅེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་ལས། དང་པོ་ཞི་བ་ནི། དེ་ལས། དཀར་པོ་ཆོས་ཉིད་ཞི་བའོ། །ཉོན་མོངས་དྲི་མ་ག་ལ་ཡོད། །གོས་པ་མེད་པའི་དཀྱིལ་འཁོར་ནི། །དཔེར་ན་ཤེལ་གོང་དག་པ་བཞིན། །དྲི་མའི་སྐྱོན་གྱིས་མ་གོས་པའོ། །དེ་བཞིན་ཞི་བའི་ཆོས་ཉིད་ལ། །ཉོན་མོངས་གོས་པ་མེད་པའོ། །ཞེས་སོ། །གཉིས་པ་རྒྱས་པ་ནི། ཡང་དེ་ལས། སེར་པོ་རྒྱས་པའི་ཆོས་ཉིད་ལས། །ཡོན་ཏན་ཐམས་ཅད་འབྱུང་བ་ནི། །དཔེར་ན་ནོར་བུ་རིན་པོ་ཆེ། །དགོས་འདོད་ཐམས་ཅད་བསྐང་བ་ལྟར། །ཆོས་ཉིད་རྒྱས་པ་ཆེན་པོ་དེས། །ཡོན་ཏན་སྣ་ཚོགས་ཤར་བ་ཡིས། །སེམས་ཅན་ཐམས་ཅད་གྲོལ་བར་བྱེད། །ཡོན་ཏན་རྒྱས་པ་ཆེན་པོར་འདོད། །ཅེས་སོ། །གསུམ་པ་དབང་ནི། ཡང་དེ་ལས། དམར་པོ་དབང་གི་ཆོས་ཉིད་དེ། །མ་བཙལ་གཞི་ལ་གྲུབ་པ་ཡིན། །དབང་ཉིད་ཆོས་སྐུའི་ངོ་བོ་སྟེ། །ཐམས་ཅད་མ་བཙལ་གྲུབ་པ་སྟེ། །དཔེར་ན་རིན་ཆེན་གསེར་ལ་ནི། །སེར་པོ་བཙལ་མི་དགོས་པ་བཞིན། །གཞི་སྣང་ཆེན་པོའི་དཀྱིལ་འཁོར་ལ། །དབང་གི་དཀྱིལ་འཁོར་བཙལ་མི་དགོས། །ཆོས་ཉིད་གཞི་ལ་དབང་རྫོགས་པའོ། །ཞེས་སོ། །བཞི་པ་དྲག་པོ་ནི། ཡང་དེ་ལས། ལྗང་གུ་ཆོས་ཉིད་དྲག་པོ་སྟེ། །ཐམས་ཅད་དྲག་པོའི་ངོ་ལ་རྫོགས། །གཞི་ཉིད་དག་པའི་ཆོས་ཉིད་ལ། །གང་ལ་ཐོགས་མེད་འཆར་བ་ནི། །དཔེར་ན་རླུང་གི་སྤྲུལ་པ་ནི། །གང་ལ་ཐོགས་མེད་སྐྱོད་པར་བྱེད། །དེ་བཞིན་གཞི་སྣང་ཆེན་པོ་ལས། །ཡེ་ཤེས་ཐོགས་པ་མེད་པར་འཆར། །གང་ལ་དགོས་མེད་ཡེ་ཤེས་ནི། །འཕྲིན་ལས་དག་པའི་ངོ་བོ་ཡིན། །དེ་བཞིན་གཞི་ཡི་ངོ་བོ་ལ། །འཕྲིན་ལས་དཀྱིལ་འཁོར་རྫོགས་པའོ། །ཞེས་སོ། །གཉིས་པ་སེམས་ཅན་གྱི་དུས་ན་རྫོགས་ཚུལ་ལ་བཞི་ལས། དང་པོ་ཞི་བ་ནི། སེམས་ཅན་ཐམས་ཅད་ལ་ཁམས་རང་བྱུང་གི་ཡེ་ཤེས་སྙིང་ག་ན་གནས་པའི་རང་འོད་དཀར་པོ་ནི་ཞི་བའི་གདངས་ཏེ། རང་ཤར་ལས། ཞི་བ་ཆེན་པོའི་འཕྲིན་ལས་ནི། །རང་གི་ཙིཏྟ་དཀྱིལ་ན་གནས། །དེ་ཡང་འཇམ་དང་འདྲིལ་བ་དང༌། །དཀར་དང་འོད་ཟེར་འཕྲོ་བ་བཞིན། །སྐུ་དང་གསུང་དང་ཐུགས་ཉིད་ལྟར། །ཀུན་ཁྱབ་ཡེ་ཤེས་དབུ་རྒྱན་ལྡན། །ཞི་བའི་དཀྱིལ་འཁོར་དེ་བཞིན་གནས། །ཞེས་སོ། །གཉིས་པ་རྒྱས་པ་ནི། འོད་གསལ་འགྱུར་མེད་ཀྱི་རྩ་སྙིང་ན་འོད་དང་སྐུར་རྒྱས་པ་སྟེ། དེ་ལས། འཕྲིན་ལས་རྒྱས་པ་ཆེ་པོ་ནི། །རང་གི་འགྱུར་མེད་རྩ་ཆེན་ན། །འཕྲིན་ལས་རྒྱས་པ་ཆེན་པོའི་སྐུ། །འོད་ལྔ་སྐ་ལྔ་ཉིད་དུ་རྒྱས། །རིག་པ་སྐུ་ཡི་ཀློང་དུ་རྒྱས། །སྐུ་རྣམས་ཡེ་ཤེས་ཀློད་དུ་རྒྱས། །འོད་རྣམས་ཟེར་གྱི་ཀློང་དུ་རྒྱས། །དེ་བཞིན་སྐུ་དང་ཡེ་ཤེས་རྣམས། །མི་གནས་པ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ལམ་ལ་འཇུག་པར་གསུངས། །ཞེས་སོ། །སྙིང་ནས་དུང་ཁང་དུའང་གདངས་ཀྱི་སྐུར་རྒྱས་པ་ཡིན་ནོ། །གསུམ་པ་དབང་ནི་དུང་ཁང་ནས་གཡས་སུ་འཁྱིལ་བའི་རྩ་འདབ་ལས་མིག་ཏུ་ཟུག་པའི་ནང་ནས་སྒྲོན་མ་བཞི་སྣང་བས། འདི་ལ་སྣང་བ་བཞི་དབང་དུ་སྡུད། བར་དོའི་ཆོས་ཉིད་དག་པའི་སྣང་བ་བཞི་དབང་དུ་སྡུད་དོ། །དེའང་རྒྱང་ཞགས་ཀྱིས་མངོན་སུམ་དང་འོད་གསལ་གཉིས་དབང་དུ་སྡུད། དབྱིངས་ཀྱིས་གོང་འཕེལ་དང་ཡེ་ཤེས་བཞི་སྦྱོར་དབང་དུ་སྡུད། ཐིག་ལེས་ཚད་ཕེབས་དང་ཟུང་འཇུག་ཚོམ་བུའི་སྣང་བ་དབང་དུ་སྡུད། ཤེས་རབ་ཀྱིས་ཟད་པ་དང་ལྷུན་གྲུབ་ཀྱི་སྣང་བ་དབང་དུ་སྡུད་པའོ། །ཡང་རང་ཤར་ལས། འཕྲིན་ལས་དབང་གི་དཀྱིལ་འཁོར་ནི། །རང་གི་དུང་ཁང་དཀྱིལ་འཁོར་ན། །སྒྲོན་མ་རྣམ་པ་བཞི་རུ་གསལ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རིག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །སྐུ་དང་ཡེ་ཤེས་དབང་དུ་སྡུད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །ཕྱི་ཡི་འབྱུང་བ་དབང་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །རང་གི་དེ་ཉིད་དབང་དུ་སྡུད། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །འཁྲུལ་པ་དེ་ཉིད་དབང་དུ་སྡུད། །རིག་པ་རྟོག་མེད་ཆེན་པོ་ཡིས། །རྣམ་རྟོག་ཉོན་མོངས་དབང་དུ་སྡུད། །འགྱུར་མེད་སངས་རྒྱས་ལམ་ཆེན་ནི། །བར་དོའི་སྣང་བ་དབང་དུ་སྡུད། །དེ་ལྟར་དབང་གི་དཀྱིལ་འཁོར་ཉིད། །རང་གི་ལུས་ལ་རྫོགས་པའོ། །ཞེས་སོ། །བཞི་པ་དྲག་པོ་ནི། རིག་པའི་གདངས་ལས་སེམས་ཀྱི་འཕྲོ་འདུ་རྟོགས་ཚོགས་ཉོན་མོངས་དང་བཅས་པ་དབང་པོ་སོ་སོ་ལས་སྒོ་འཐོན་ནས་ཤར་བ་སྟེ། མ་རྟོགས་ན་འཁོར་བ་རང་ཀ་མ་འཁོར་བའི་འཁྲུལ་སྣང་སྐྱེད་ལ། རྟོགས་ན་རྟོགས་པའི་རྩལ་སྦྱོང་དུ་འཆར་བས་ཤར་གྲོལ་རིས་མེད་ཆུའི་རྦ་རླབས་ལྟར་རྩལ་རིག་ཐོག་ཏུ་ཐིམ་པའི་ལས་བྱེད་དེ། རང་ཤར་ལས། སངས་རྒྱས་ཕྲིན་ལས་དྲག་པོ་ནི། །རང་གི་དབང་པོའི་སྒོ་དག་ལ། །འཕྲིན་ལས་དྲག་པོའི་དཀྱིལ་འཁོར་གནས། །མིག་གི་དབང་པོ་མ་འགགས་པས། །ཡུལ་ལ་འཛིན་ཅིང་རྟོག་པ་ནི། །འཕྲིན་ལས་དྲག་པོ་ཉིད་དུ་བཤད། །རྣམ་ཤེས་ཡུལ་ལ་ཤར་བ་ནི། །དྲག་པོའི་དཀྱིལ་འཁོར་གཅིག་ཏུ་འདོད། །ཉོན་མོངས་སྟོང་ཕྲག་སྟོང་ཕྲག་བརྒྱད་ཅུ་ཉིད། །ཡུལ་ལ་ཤར་ཞིང་སྤྱོད་པ་ནི། །འཕྲིན་ལས་དྲག་པོ་ཉིད་དུ་བསྟན། །དེ་བཞིན་འཕྲིན་ལས་རྣམ་པ་བཞི། །རང་རང་ལུས་ལ་རྫོགས་པར་གསུངས། །ཞེས་སོ། །གསུམ་པ་རང་སྣང་འཆར་ཚུལ་གྱི་རྣམ་པས་དོན་བསྡུ་བ་ལ་བཞི་ལས། ཞི་བ་ནི། བར་དོ་དང་པོ་འོད་གསལ་ལས་ཚོམ་བུའི་སྣང་བ་ཤར་བའོ། །རྒྱས་པ་ནི། བར་དོ་གཉིས་པ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཤར་བའོ། །དབང་ནི། བར་དོ་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྒོ་བརྒྱད་མཐོང་བའོ། །དྲག་པོ་ནི། རང་སྣང་དུ་གྲོལ་ཏེ། ཀ་དག་གི་ས་ལ་གཏན་སྲིད་ཟིན་པ་བར་དོ་བཞི་པའི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་སྟེ། རང་ཤར་ལས། འཕྲིན་ལས་རྣམ་པ་བཞི་ཡི་དོན། །ལམ་ལ་རྫོགས་ལུགས་འདི་ལྟ་སྟེ། །ཞི་བའི་ལམ་ནི་འདི་ལྟ་སྟེ། །བར་དོ་དང་པོ་ཚོམ་བུ་ལ། །སྐུ་ཡི་སྣང་བ་མཐོང་བ་དེ། །ཞི་བའི་ལམ་དུ་ཡང་དག་འདོད། །བར་དོ་གཉིས་པའི་ཡེ་ཤེས་ལ། །ཡེ་ཤེས་ངོ་བོ་མཐོང་བ་དེ། །རྒྱས་པའི་ལམ་ཉིད་ཡིན་པར་འདོད། །བར་དོ་གསུམ་པ་ལྷུན་གྲུབ་ལ། །རང་གི་དེ་ཉིད་མཐོང་ནས་ནི། །གོམས་པ་ཚད་དུ་ཕྱིན་པ་དང༌། །དབང་གི་ཆོས་ཉིད་ཡིན་པར་གསུངས། །ཀ་དག་ཆོས་ཉིད་རྫོགས་པ་ལ། །ཐོགས་པ་མེད་པར་ཕྱིན་པ་དེ། །དྲག་པོའི་ཚོགས་ཉིད་ཡིན་པར་གསུངས། །ཞེས་སོ། །དེ་ལྟར་སྐུ་དང་ཡེ་ཤེས་འཕྲིན་ལས་ཐམས་ཅད་ཡེ་ནས་རང་ལ་ཚང་བས། རྫོགས་པ་ཆེན་པོ་རྩོལ་སྒྲུབ་ལས་འདས་པ། བྱ་བྲལ་ལྷུན་གྱིས་གྲུབ་པའི་ངང་དུ་གློད་པ་ཙམ་གྱིས་བྱང་ཆུབ་ཚེ་འདིར་ཐོབ་པའི་གནད་ཐམས་ཅད་འདི་ལ་ཐུག་པའོ། །གཞན་ན་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །དེས་ན་རང་རྫོགས་ལྷུན་གྲུབ་ཏུ་ཤེས་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དབྱིངས་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནས་བསྟན་པ་སྟེ། རིམ་ཁང་བཅུ་དྲུག་པའོ། །དེ་ལྟར་དབྱིངས་རིག་འདུ་འབྲལ་མེད་པར་བསྟན་པ་ལ་སོགས་པ་ཇི་སྐད་སྨོས་པ་རྣམས་ཀྱིས་རང་བཞིན་རྫོགས་པ་ཆེན་པོའི་བཞིའི་དོན་ངེས་པ་རྣམས་གཏན་ལ་ཕབ་ནས། ད་ནི་ལམ་ངེས་པས་ཉམས་སུ་བླང་བའི་རིམ་པ་བཤད་པ་ལ། དམིགས་པ་ཡུལ་གྱི་བློ་ཅན་རྣམས་ངེས་པར་འཇུག་པས་གོང་དུ་ཁྲིད་པའི་ཐབས་དམ་པ་དང༌། རིག་པ་རང་སྣང་གི་བློ་ཅན་རྣམས་ཐད་དྲང་དུ་ཉམས་སུ་བླང་བའི་གནད་ངེས་པ་ལེགས་པར་བརྗོད་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཚེ་འདི་ལ་བགྲོད་པའི་ཐབས་མཆོག་ཏུ་གསང་བ་ལས། ཐུན་མོང་དུ་དང་པོར་འཇུག་པའི་བློ་རིམ་ངེས་པ་ནས་རྩོམ་པར་སྟོན་པས། གནས་དང་པོའི་དོན་ལ་ཆིངས་རྣམ་པ་གསུམ་སྟེ། གང་གིས་ཉམས་སུ་ལེན་པར་བྱེད་པ་རྣལ་འབྱོར་པའི་དབྱེ་བ་དང༌། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངེས་པ་དང༌། ཉམས་སུ་བླང་བའི་དོན་དངོས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་གི་རབ་ཏུ་དབྱེ་བ། སོ་སོའི་དོན་བཤད་པ། བླ་ན་མེད་པའི་གནས་ངེས་པའོ། །དང་པོ་ནི། རང་ཤར་ལས། ཀྱེ་ཀྱེ་ཉེ་བའི་འཁོར་རྣམས་ཉོན། །མཚན་མ་ཚིག་གི་རྣལ་འབྱོར་དང༌། །རྟགས་ཙམ་འཛིན་པའི་རྣལ་འབྱོར་དང༌། །རྗེས་སུ་རྣལ་འབྱོར་ཉིད་དང་ནི། །ངང་ཉིད་ངེས་པའི་རྣམ་འབྱོར་དང༌། །སྣང་བ་སེམས་ཀྱི་རྣལ་འབྱོར་དང༌། །འཇུག་པ་ལས་ཀྱི་རྣལ་འབྱོར་དང༌། །བྱ་བ་རྒྱུ་ཡི་རྣལ་འབྱོར་དང༌། །བྱེད་པ་རྐྱེན་གྱི་རྣལ་འབྱོར་དང༌། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང༌། །ཡང་དག་དོན་གྱི་རྣལ་འབྱོར་དང༌། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་དང༌། །བྱས་པ་རྫོགས་པའི་རྣལ་འབྱོར་རོ། །ཞེས་སོ། །གཉིས་པ་སོ་སོའི་དོན་བཤད་པ་ལ་རྣལ་འབྱོར་པ་བཅུ་གཉིས་ལས། དང་པོ་བརྒྱད་ཀྱིས་མི་གྲོལ་ཞིང༌། ཕྱི་མ་བཞིས་གྲོལ་བའི་ཚུལ་ངེས་པར་བསྟན་པ་ནི། ཡང་དེ་ཉིད་ལས། མཚན་མ་ཚིག་གི་རྣལ་འབྱོར་ནི། །ཚིག་ལ་ཞེན་ཅིང་ཚིག་ལ་སྤྱོད། །མི་ཤེས་ཚིག་ལ་ལྟོས་གྱུར་ན། །དེ་ཉིད་གྲོལ་བར་ངས་མ་བཤད། །རྟགས་ལ་ལྟོས་པའི་རྣལ་འབྱོར་ནི། །རང་ཉིད་རྟགས་ལ་ལྟོས་གྱུར་ནས། །སྤྱོད་པས་གཞན་ལ་རྔན་སེམས་བྱེད། །རང་གི་རྟོག་པ་ཉིད་ཀྱིས་བཅིངས། །དེ་ཡང་གྲོལ་བར་ངས་མ་བཤད། །རྗེས་སུ་འཇུག་པའི་རྣལ་འབྱོར་ནི། །གང་དག་མོས་མའི་ས་ལ་གནས། །མོས་པའི་སྤྱོད་པ་བྱེད་པ་སྟེ། །དང་པོའི་ས་ལ་རེ་བ་འཇོག །དེ་ཉིད་གྲོལ་བར་ངས་མ་བཤད། །ངང་ཉིད་ངེས་པའི་རྣལ་འབྱོར་ནི། །རྣམ་པར་མི་རྟོག་ཆིག་ཚུགས་བསྒོམ། །མི་རྟོག་པ་ཡི་ངང་ཉིད་ཅན། །དེ་ཡང་གྲོལ་བར་ངས་མ་བཤད། །སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ནས་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །འཇུག་པ་ལས་ཀྱི་རྣལ་འབྱོར་ནི། །དོན་ཉིད་བྱ་བས་འགྲུབ་པར་འདོད། །བྱ་བ་ཆེན་པོས་བཅིངས་པ་རྣམས། །དང་པོ་སེམས་བསྐྱེད་བྱ་བ་བྱེད། །དེ་ནས་བཟུང་ནས་བྱ་བ་རྣམས། །ཐམས་ཅད་བྱེད་ཅིང་བསྒྲུབ་པའོ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱ་བ་རྒྱུ་ཡི་རྣལ་འབྱོར་ནི། །རྒྱུད་ཉིད་ལམ་དུ་བསླང་བ་སྟེ། །རྒྱུ་ལ་རེ་ཞིང་རྒྱུ་ལ་ལྟོས། །རྒྱུ་ཉིད་མངོན་པར་སྟོན་པ་སྟེ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི། །སྤྱོད་པས་ཡང་དག་དོན་ཚོལ་བ། །རིགས་མི་མཐུན་པའི་ཕྱོགས་འཛིན་པ། །དེ་ཡང་གྲོལ་བར་ངས་མ་བཤད། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི། །རྟོགས་པ་ལམ་དུ་ཁྱེར་བ་སྟེ། །ས་དང་ལམ་ལ་མི་གནས་པར། །རང་གི་དེ་ཉིད་མཐོང་ནས་ནི། །ཡང་དག་གྲོལ་བ་ཆེན་པོར་འདོད། །ཡང་དག་དོན་གྱི་རྣལ་འབྱོར་ནི། །རང་གི་རྟོགས་པ་རྙེད་ནས་ཀྱང༌། །བར་དོའི་སྣང་བ་དག་པ་ལ། །རང་གི་ཡང་དག་ཉིད་མཐོང་ནས། །དེ་ནས་མཐར་ཕྱིན་གྲོལ་བར་འདོད། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་ནི། །ངེས་པ་རྙེད་པའི་རྣལ་འབྱོར་ནི། །ངེས་པ་རྙེད་པའི་ས་ཉིད་ལ། །རང་གི་དེ་ཉིད་རྙེད་མཐོང་ནས། །ཡང་དག་ས་ལས་འདའ་བར་འདོད། །བྱས་པ་རྫོགས་པའི་རྣལ་འབྱོར་ནི། །ཀ་དག་སངས་རྒྱས་ཆེན་པོ་ཡིན། །དེ་ལས་གཤེགས་སུ་མེད་པར་གསུངས། །རྣལ་འབྱོར་ཆེན་པོ་དེ་བཞི་ལ། །ས་ལ་སྦྱང་དུ་མེད་པར་གསུངས། །ལམ་ལ་བགྲོད་དུ་མེད་པར་གསུངས། །ཞེས་སོ། །དེའང་ལམ་བསྒོམ་ཚུལ་ཐ་དད་པས། །འདིར་འོད་གསལ་མངོན་སུམ་བྱེད་པས་འོག་མ་ནས་གདོད་ཞུགས་ཏེ་ས་ལམ་སྦྱང་བགྲོད་མི་དགོས་པར་གསུངས་ཀྱང༌། རང་ལམ་དུ་སྒོ་གསུམ་གྱི་དྲི་མ་དང་གདོས་བཅས་ཀྱི་ཕུང་པོ་དང༌། འགྱུ་བའི་རྟོག་པ་དང༌། རགས་པའི་རླུང་སེམས་སེམས་རྣམ་དག་དགོས་པས། དེ་དག་དག་དུས་འོག་མའི་ས་ལམ་ཞར་ལ་རྫོགས་པའི་རྟགས་ཤར་ཏེ། གོང་མ་རྫོགས་པས་འོག་མ་ཞར་ལ་རྫོགས་པར་འགྱུར་བ་ལ་དགོངས་ནས་རྫོགས་པ་ཆེན་པོས་གཅིག་པ་ལ། སྦྱང་བགྲོད་མི་དགོས་པར་གསུངས་སོ། །ས་གཅིག་ནི་རིག་པ་ལྷུན་གྲུབ་སྟེ། ཀུན་བྱེད་ལ། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་བཞིན་ནོ། །གསུམ་པ་བླ་ན་མེད་པའི་གནས་ངེས་པ་ལ་རྣལ་འབྱོར་གྱི་དབྱེ་བ་སྤྱིར་བསྟན་པ་དང༌། སྣོད་ལྡན་གྱི་གང་ཟག་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། རང་ཤར་ལས། བསམ་གྱིས་མི་ཁྱབ་རྣལ་འབྱོར་ཀྱང༌། །རྣམ་པ་ལྔ་ཡི་ཁོངས་སུ་འདུས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྩལ་ཆེན་རྫོགས་དང་ལུང་ཆེན་ཐོབ། །དབུགས་ཆེན་འབྱིན་དང་ལུས་ཕྱེད་དང༌། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་རོ། །ཞེས་སོ། །རྣལ་འབྱོར་ཕྱི་མ་བཞི་ཡང་ལྔ་པོ་འདིའི་ཁོངས་སུ་འདུ་བར་བཤད་དེ། དེ་ཉིད་ལས། དེ་ཡང་རྣལ་འབྱོར་ལྔ་ལ་རྫོགས། །ཞེས་སོ། །རྣལ་འབྱོར་ལྔ་སོ་སོར་བཤད་པ་ནི། ཡང་རང་ཤར་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། བཀའ་སྡོད་ལས་ཀྱི་རྣལ་འབྱོར་ཡིན། །བདེན་པ་མཐོང་བའི་གང་ཟག་དེ། །འཁྲུལ་པའི་སྣང་བ་འགགས་པ་ནི། །ལུས་སེམས་ཕྱེད་པའི་རྣལ་འབྱོར་ཡིན། །ལྷུན་གྲུབ་སྣ་ཚོགས་སྣང་བ་ལ། །ངེས་པ་རྙེད་པར་འགྱུར་བ་ནི། །ལུང་བསྟན་ཐོབ་པའི་རྣལ་འབྱོར་ཡིན། །དབང་པོ་ཐ་མའི་ཐ་མ་དེ། །ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་དེ་བཞིན་གཤེགས་པ་དེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཡིན། །ཀ་དག་འགྱུར་མེད་ཆེན་པོ་ལ། །བྱ་རྩོལ་ཐམས་ཅད་བྲལ་བ་དེ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཡིན། །ཅེས་སོ། །གཉིས་པ་སྣོད་ལྡན་གྱི་གང་ཟག་བཤད་པ་ལ། །སྤྱིར་རྫོགས་པ་ཆེན་པོའི་ཆོས་བསྟན་དུ་རུང་བའི་སྣོད་ནི་སྔར་བསྟན་པ་བཞིན། བླ་མ་ལ་གུས་ཤིང་གཏོང་ཕོད་ཆེ་བ། དད་པ་དང་ཤེས་རབ་དང་བརྩོན་འགྲུས་ཆེ་བ། མི་དགེ་བ་ལ་འཛེམ་ཞིང་འཁོར་བ་ལ་སྐྱོ་བ། ཁྱད་པར་མཆོག་གསང་རྫོགས་པ་ཆེན་པོ་ལ་མོས་ཤིང་སྤྱོད་པའི་སྐལ་པ་ཡོད་པ་སྟེ་བརྒྱད་ལྡན་གཅིག་ལ་བསྟན་ནོ། །བྱེ་བྲག་ཏུ་ཆོས་དིའི་བསྟན་པ་རྫོགས་པར་སྦྱིན་ཞིང༌། གང་གིས་འཛིན་པའི་སྐྱེས་བུ་རྒྱལ་མཚན་རྩེ་མོ་བསྟན་པའི་སྲོག་ཤིང་དུ་བྱོན་པ་ནི། ཐལ་འགྱུར་ལས། ལྟ་བ་བསྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ཅན་ལ་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང༌། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ཆེན་པོའི་རྒྱུད་ལས། ཀྱེ་མ་ཉོན་ཅིག་ལྷ་ཡི་རིགས། །ངས་བསྟན་ལེགས་པར་ཡིད་ལ་ཟུང༌། །སྣང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་དམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་གུས་པ་དང༌། །ཤེས་རབ་བློ་རྩལ་ཆེ་བ་དང༌། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །དེ་ནས་ཁྱད་པར་འཁོར་རྣམས་ཀྱིས། །རྡོ་རྗེ་འཆང་ལ་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང༌། །རྫོགས་ཆེན་མན་ངག་གསང་དོན་འདི། །རང་གར་བསྟན་པ་མ་ཡིན་ཏེ། །ངེས་པའི་ལུང་རྒྱལ་ཁུ་བྱུག་མཆོག །འདི་ཉིད་བསྟན་པའི་གང་ཟག་གི །རིགས་དང་སྤྱོད་ལམ་ཆེན་པོ་དང༌། །ཁ་དོག་མཚན་ཉིད་གསུམ་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང༌། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །ཁྱད་པར་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཁྱད་པར་འཁོར་ཚོགས་ཉོན། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །རིགས་ཀྱི་ཁྱད་པར་འདི་ལྟ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང༌། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཡང་ན་རིགས་མེད་ཁ་དོག་བརྟག །ཕོ་མོ་གཉིས་ནི་གང་ཡང་རུང༌། །ཁ་དོག་འདི་དང་ལྡན་པ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་ནས། །སོ་ཉིད་ཐགས་བཟངས་དཀར་ལ་འདྲིལ། །མིག་རྩ་ཡིད་ཙམ་དམར་བ་དང༌། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང༌། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང༌། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་བྱུང་སྨྲ་བ་དང༌། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱགས་དར་ཁྲོད་པའི་རིགས་ཀྱང་རུང༌། །རིགས་ངན་གང་དག་སུ་ཡིན་ཀྱང༌། །གསང་བའི་མན་ངག་བཅུད་འདི་གཏད། །རྒྱུ་ཆུང་ཡོ་བྱེད་མེད་པ་ན། །རང་གི་ཡོ་བྱད་སྦྱར་ནས་ཀྱང༌། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟག་ཐབས་རྣམས། །ང་ནི་མྱ་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་བསྟན་པའི་སྐྱེས་བུ་ལ། །གོང་གི་གདམས་ངག་བསྟན་པར་བྱ། །ཞེས་གསུངས་སོ། །དོན་གཉིས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངེས་པ་ལ་བསྒྲུབ་ལུགས་གཉིས་ཏེ། སྤྲང་པོའི་ཚུལ་གྱིས་བསྒྲུབ་པ་དང༌། རི་དྭགས་ཀྱི་ཚུལ་གྱིས་བསྒྲུབ་པའོ། །དང་པོ་ནི། རང་གི་ཡུལ་སྤངས་ནས། གཞན་གྱི་ཡུལ་ལྗོངས་སུ་སོང་སྟེ། སུས་ཀྱང་རང་གི་མིང་དང་བཟང་ངན་དང༌། །ཅི་ཤེས་པ་དང་མི་ཤེས་པ་ལ་སོགས་པ་ངོ་མི་ཤེས་པར་བྱས་ཏེ། ཐ་མལ་དུ་བརྫུས་ནས། ཟས་གོས་སློང་མོས་འཚོ་ཞིང༌། ས་ཕུག་དང་གྲོང་ལས་ཅུང་ཟད་ཕྱིན་པའམ། དབེན་པའམ། འགྲོན་ཁང་ལ་སོགས་པར་མངོན་མཚན་མེད་པས་བསྒྲུབ་སྟེ། འདིའི་དུས་སུ་རང་གི་ཡོན་ཏན་མིང་ངོམ་པ་ནི་ཞེ་འདོད་མེད་པའི་རྟགས་ཡིན་ལ། གཞན་གྱི་བླ་མ་དང་ཆོས་ལ་སོགས་པ་དྲི་བརྡ་མི་བྱེད་པ་ནི་རང་གི་མན་ངག་ལ་ཡིད་ཆེས་ཤིང་ཐེ་ཚོམ་མེད་པའི་རྟགས་ཡིན་ནོ། །དེ་སྐད་དུ་ཡང༌། མན་ངག་རིན་པོ་ཆེའི་འཁོར་ལོ་ལས། དགྲ་གཉེན་སྤངས་པའི་ཕྱོགས་སུ། །སྤྲང་པོ་ལྟ་བུའི་ཚུལ་གྱིས་བསྒྲུབ། །ཅེས་སོ། །གཉིས་པ་རི་དྭགས་ལྟར་བསྒྲུབ་པ་ནི་རབ་ཏུ་དབེན་བའི་རི་ངོགས་བྲག་གི་བྱ་སྐྱིབས་ཅན་ནམ་ནགས་ཁྲོད་དམ། རི་རྩེའམ། གངས་འདབས་སམ། ལུང་སྟོང་ཆེན་པོར་སོང་ལ་བྱ་བ་གསུམ་སྤངས་ལ་བསྒྲུབ་བོ། །དེའང་ལུས་ཀྱི་བྱ་བ་ཚོང་སོ་ནམ་མཁར་ལེན་སྒུལ་སྐྱོད། །ཕྱག་བསྐོར་བ་ལ་སོགས་པ་དང༌། ངག་གི་བརྗོད་པ་གང་ཅི་ཡང་རུང་བ་ཐམས་ཅད་དང༌། སེམས་ཀྱི་འཕྲོ་འདུ་དྲན་བསམ་ཐ་དད་པ་རང་གི་གདམས་ངག་དང་འགལ་བ་རྣམས་ཐམས་ཅད་སྤངས་ལ། མན་ངག་དམ་པ་གཅིག་པུ་ལ་རྩེ་གཅིག་ཏུ་མ་ཡེངས་པས་བསྒྲུབ་པར་བྱའོ། །དགོས་པ་ནི་ལུས་དལ་བས་རྩ་དམ། རྩ་དལ་བས་རླུང་སེམས་རང་བཞིན་གྱིས་དལ། རླུང་སེམས་དལ་བས་རྣམ་རྟོག་ཤུགས་ཀྱིས་འགག་ཅིང༌། མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །ངག་དལ་བས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། མ་བརྗོད་ན་བརྗོད་དུ་མེད་པའི་རང་བཞིན་ལ་གནས་པའི་ཕྱིར་རོ། །སེམས་ཀྱི་དྲན་པས་འཕྲོ་འདུ་སྤངས་པས་ཏིང་ངེ་འཛིན་རང་ལུགས་སུ་སྐྱེ་བ་ཡིན་ནོ། །དེ་ཡང་ཐལ་འགྱུར་ལས། དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མས་མཆོད་དང་གཏོང་བར་བྱ། །འཁོར་བའི་འབྲེལ་པ་ཀུན་སྤངས་ནས། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །གསུམ་པ་ཉམས་སུ་བླངས་པའི་དོན་དངོས་བསྟན་པ་ལ་བཞི་སྟེ། སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། སྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར། །ནོར་བུ་འཕྲ་བཀོད་ལས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང༌། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང༌། །ལྟ་བ་རྒྱུན་གྱི་རྣལ་འབྱོར་དང༌། །འབྲས་བུ་རྒྱུན་གྱི་རྣལ་འབྱོར་རོ། །ཞེས་སོ། །དེ་ལྟར་བཞི་ལ་དོན་ཉི་ཤུ་ཉམས་སུ་ལེན་པར་བསྟན་པ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་རིམ་བྱེ་བྲག་འདི་ལྟ་བུས། །ཁྲིགས་ཆགས་ཉིད་དུ་ཉམས་སུ་བླང༌། །བདག་པོ་བཞི་ཡི་ཚུལ་གྱིས་ནི། །དོན་གྱི་ངོ་བོ་བཞི་ཡང་གཟུང༌། །དེ་ཡི་ཡུལ་རིག་རྣམ་བཞི་ཡིས། །འདི་ལྟར་སྣང་བའི་སྐྱེ་རྒྱུན་གཅོད། །བཞག་ཐབས་མན་ངག་རྣམ་བཞི་ཡིས། །སྣང་སྲིད་ཆོས་རྣམས་རང་ཕྱེན་བྱ། །དག་ལུགས་གྲོལ་བའི་གནད་བཞི་ཡིས། །ཉོན་མོངས་རྣམས་ལ་རང་དབང་བསྒྱུར། །དེ་ཡི་རང་གི་ཚད་འབེབས་པའི། །དཔེ་བཞི་ཡིད་ཆེས་རང་ངོ་བསྟན། །མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་བཟློག་ཡེ་ཤེས་ཚད་ཀྱང་གཟུང༌། །འདི་ལ་གོམས་པར་སུས་བྱས་པ། །རང་བཞིན་རྫོགས་པ་ཆེན་པོ་ལ། །འདི་ཡིས་རེག་གོས་ས་མ་ཡ། །འདི་ལྟར་གང་ལ་སྣང་གྱུར་པ། །ཡེ་ཤེས་ཀུན་ཀྱང་ཕུགས་སུ་ཟིན། །གསང་ཆེན་ཕྱག་རྒྱ་ཆེན་པོ་འཐོབ། །ཅེས་གསུངས་པའི་དོན་ཆ་ཤས་ཀྱི་དབྱེ་བས་ཉམས་སུ་བླང་བའི་རིམ་པ་ལས། དང་པོ་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞིས་ཏེ། སྣང་བ་དབང་བསྒྱུར་གྱི་སྤྱོད་པ། དེའི་མན་ངག་སྣང་བ་ཅེར་བཞག་གི་ཐབས། དེ་ལས་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ། ཉོན་མོངས་པ་གནས་བསྒྱུར་གྱི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། སྤྱོད་པ་སྤྱིའི་ངོ་བོ་མདོར་བསྟན་པ། གསང་ཆེན་ངེས་པའི་སྤྱོད་པ་རྒྱས་པར་བཤད་པ། གོ་རིམས་ངེས་པའི་སྤྱོད་པས་དུས་ཚོད་གཟུང་བའོ། །དང་པོ་ལའང༌། མ་ཆགས་འཛིན་པའི་སྤྱོད་པ། དགག་སྒྲུབ་མེད་པའི་སྤྱོད་པ། ཆགས་ལ་ཞེན་མེད་ཀྱི་སྤྱོད་པ་དང་གསུམ་ལས། དང་པོ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྤྱོད་པ༌། ལམ་ཐུན་མོང་དུ་ཞུགས་ནས་སྤྱོད་པ་ཙམ་ལས་མྱུར་དུ་གྲོལ་བའི་སྤྱོད་པ་མ་ཡིན་ཏེ། རང་ཤར་ལས། མ་ཆགས་འཛིན་པའི་སྤྱོད་པ་ནི། །མཚན་ཉིད་ཐེག་པའི་སྤྱོད་པ་སྟེ། །དོན་གྱིས་ཆགས་པ་ཆེན་པོས་བཅིངས། །ཐབས་མེད་གྲོལ་བར་ག་ལ་འགྱུར། །ཅེས་སོ། །གཉིས་པ་ནི། གངས་སྔགས་སྤྱིའི་སྤྱོད་པ་སྟེ་ཐབས་ཡོད་ཀྱང་རྩོལ་སྒྲུབ་ལ་གནས་པས་མྱུར་དུ་མི་གྲོལ་ཏེ། ཡང་དེ་ཉིད་ལས། དགག་སྒྲུབ་མེད་པའི་སྤྱོད་པ་ནི། །གསང་སྔགས་ཕྱི་ནང་སྤྱོད་པ་སྟེ། །ཉོན་མོངས་འགེགས་པར་མི་འདོད་ཅིང༌། །ཡེ་ཤེས་བསྒྲུབ་པར་མི་འདོད་ལ། །ཚིག་དོན་འབྲེལ་བའི་སྤྱོད་པའོ། །དོན་གྱིས་ཆགས་མེད་མ་ཡིན་ཏེ། །ཐབས་ཡོད་པ་ཡིས་ཁྱད་པར་འཕགས། །ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ། །དེ་ཉིད་སྤྱོད་པའི་རྣལ་འབྱོར་ཀྱང༌། །ཡང་དག་ཉིད་ཀྱི་སྤྱོད་པ་མིན། །ཅེས་སོ། །གསུམ་པ་ནི། རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་སྤྱོད་པ་སྟེ། གཤིས་ལ་བླང་དོར་འཛིན་རྩོལ་མེད་པ་དེ་ཉིད་དང་མཐུན་པར་སྤྱོད་པས་ནམ་མཁའ་ལྟར་ཕྱོགས་དང་རིས་ལས་འདས་པས་ཡེ་གྲོལ་ཡེ་སྤྱོད་ཆེན་པོར་གནས་པ་ནི། ཡང་རང་ཤར་ལས། ཆགས་ལ་མ་ཞེན་སྤྱོད་པ་ནི། །རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ། །བྱར་མེད་བྱས་མེད་བྱུང་ས་མེད། །འགྲོ་མེད་འོང་མེད་གནས་པ་མེད། །ཆགས་པ་མེད་ལ་ཞེན་པ་མེད། །ཅེས་སོ། །གཉིས་པ་གསང་ཆེན་ངེས་པའི་སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱོད་པ་ཉི་ཤུ་རྩ་གཅིག་གི་རང་བཞིན་རྒྱས་པར་བཤད་པ་དང༌། རྡོ་རྗེའི་གླུ་གར་བྱ་བའི་རིམ་པའོ། །དང་པོ་ནི་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་ཀུན་གྱི་ནི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤངས། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་རྣམ་པར་སྤངས། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས །གསང་བའི་སྔགས་ཀྱི་ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང༌། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྣམ་རྟོག་སྤངས། །ལྡོམ་བུ་ལྟ་བུའི་སྤྱོད་པ་ཡིས། །དྲན་བསམ་ཐོག་བབ་ཉིད་དུ་སྤྱད། །བུ་ཆུང་ལྟ་བའི་སྤྱོད་པ་ཡིས། །འཁྲུལ་པའི་ཞེན་པ་རྒྱུན་རིང་སྤང༌། །རྔ་མོ་ལྟ་བུའི་སྤྱོད་པ་ཡིས། །འཇིག་རྟེན་མཐུན་པའི་ཚིག་གིས་དྲངས། །གླང་ཆེན་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །བུ་དང་དགྲ་ཡི་འདུ་ཤེས་སྤང༌། །རྒྱ་མོ་ལྟ་བུའི་སྤྱོད་པ་ཡིས། །འདོད་པའི་ཆོག་ཤེས་དུས་ཚོད་བཅད། །དྲེད་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་ས་བོན་སྤེལ་མི་བྱ། །བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས། །གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤང༌། །དཔའ་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ། །ཆུ་ཡིག་ལྟ་བུའི་སྤྱོད་པ་ཡིས། །དྲན་པའི་རྟེན་ཉིད་རང་སར་གཞག །ནམ་མཁའི་མདུང་སྐོར་སྤྱོད་པ་ཡིས། །དངོས་པོ་རྣམས་ལ་ཟང་ཐལ་སྤྱད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤང༌། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་བཅད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱད། །ཐོག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ལྡོག་པར་སྤྱད། ཅེས་སོ། །རྣམ་གྲངས་ཉེར་གཉིས་ཡོད་ཀྱང་རི་དྭགས་ལྟ་བུའི་སྤྱོད་པ་གཉིས་གཅིག་ཏུ་ཕྱོགས་སྡེབས་པས་ཉེར་གཅིག་ཏུ་བཤད་དོ། །གཉིས་པ་རྡོ་རྗེའི་གླུ་གར་བྱ་བའི་རིམ་པ་ལ་གསུམ་སྟེ། གླུ་གར་གྱི་དུས། གླུ་གར་དངོས། གླུ་གར་གྱི་ཕན་ཡོན་ནོ། །དང་པོ་ནི། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པའི་དུས་དང༌། ཚོགས་དང༌། དབང་བསྐུར་དང༌། དཀྱིལ་འཁོར་བསྒྲུབ་པའི་དུས་དང༌། ཏིང་ངེ་འཛིན་གོང་དུ་སྤེལ་བའི་དུས་ཏེ་རྣམ་ལྔ་དག་པའི་ཚེ་ཐ་མལ་པས་མ་མཐོང་བར་གསངས་ཏེ་བྱ་བ་ནི། དེ་ཉིད་ལས། རྣལ་འབྱོར་གང་ཞིག་སྐལ་ལྡན་པ། །དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ། །རྡོ་རྗེའི་གླུ་ནི་ཡང་ཡང་བླང༌། །མི་རྟོག་བསམ་གཏན་གནས་པའི་གྲོགས། །སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ། །དེ་ཕྱིར་རྡོ་རྗེའི་གླུ་ཉིད་བླང༌། །ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་དུས་གླུ་ལ་བརྩོན་པར་བྱ། །མི་རྟོག་རྒྱུད་ལ་བསྟེན་དུས་སུ། །འདི་ཉིད་སྐབས་སུ་བླང་བར་བྱ། །ཞེས་སོ། །ཁྱད་པར་དུ་སེམས་རྣལ་དུ་འབེབས་པ་དང་བྱིང་བ་གསེང་བའི་མཆོག་ཏུ་བཤད་དེ། དེ་ལས། གང་ཞིག་བསམ་གཏན་ལ་ཕེབས་པ། འདིས་ནི་རྣལ་དུ་ཕེབས་པ་ཡིན། །གལ་ཏེ་རྣལ་འབྱོར་བྱིང་བའི་དུས། །འདིས་ནི་གསེངས་ན་ཏིང་འཛིན་བཟང༌། །རང་རིག་བདེ་ཆེན་རྒྱ་ཡིས་འདེབས། །ཕྱག་རྒྱ་ཆེན་པོ་ཉིད་དང་སྦྱོར། །ཅེས་སོ། །གཉིས་པ་གླུ་གར་དངོས་ལ་ལུས་ཀྱི་ཆོ་ག །སེམས་ཀྱི་བསྒོམ་པ། ངག་གི་བྱ་བ་དང་གསུམ་ལས། ལུས་ཀྱི་ཆོ་ག་ལ་ཆས་དང་བྲོ་གར་གཉིས་ཏེ། དེ་ཡང་ཚོགས་དང་དཀྱིལ་འཁོར་ལ་འཇུག་པ་དང་ཏིང་ངེ་འཛིན་སྤེལ་དུས། ཞི་ཁྲོ་གང་རུང་གི་ཆས་ལས། ཞི་བ་ནི་དར་དང་རིན་པོ་ཆེའི་རྒྱན་ཆས་སྤྲས་ཏེ་གོས་ཀྱི་ལྷབ་ལྷུབ་དང༌། ཞི་བའི་དབུ་རྒྱན་དང༌། རྡོ་རྗེ་དྲིལ་བུ་འཛིན་པའོ། །ཁྲོ་བོའི་ཆས་ནི། རུས་པའི་རྒྱན་དྲུག་ཐལ་ཆེན་གྱི་བྱུག་པ། ཞག་གི་ཟོ་རིས། བྷནྡྷ་དང༌། ཕུར་པ་འཛིན་པའོ། །བྲོ་གར་གྱི་ལྷའི་ཕྱག་རྒྱ་འཆའ་བའོ། །ངག་ནི་སྔགས་དང་སྙིང་པོ་བརྗོད་པའོ། །སེམས་ནི་ལྷའི་སྐུ་བསྒོམ་པའོ། །ཁྱད་པར་དུ་འཁོར་འདས་རུ་ཤན་འབྱེད་པའི་ཚེ། ལུས་གཅེར་བུ་ཐ་མལ་དུ་གནས་པས། ཕྱག་རྒྱ་སྣ་ཚོགས་དང་བྲོ་གར་སྣ་ཚོགས་བྱེད་ལ། ངག་དང་སེམས་ཀྱང་དེ་བཞིན་ནོ། །ནགས་དང་མཚོ་གླིང་ལ་སོགས་པར་ཉམས་གོང་དུ་སྤེལ་བའི་ཚེ། ལུས་རྣལ་འབྱོར་པའི་ཆས་ལས། ཌཱ་མ་རུ་དང༌། དྲིལ་བུ་དང༌། གླིང་བུ་ལ་སོགས་པ་འབུད་ཅིང་མེ་ཏོག་གི་མགོ་རྒྱན་ལ་སོགས་པས་སྤྲས་ལ། སེམས་ལྷའི་སྐུ་བསྒོམ་པ་དང༌། རིག་པའི་ངོ་སྤྲོད་ཐོག་ཏུ་སྦྱང་བ་དང༌། རང་གནས་ཀྱི་བསམ་གཏན་ལ་གནས་པ་གསུམ་སྤེལ་ཞིང༌། རྐང་པའི་བྲོ་དང་གཡས་བརྐྱང་གཡོན་བསྐུལ་ལས། གཡོན་བརྐྱང་གཡས་བསྐུམ་ལ་སོགས་པར་བསྒྱུར་བ་དང༌། ངག་གི་བྱ་བ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རིང་པོ་དང་ཐུང་ངུ་དང༌། འཁྱོག་པོར་གདངས་སྙན་པོས་བརྗོད་ཅིང༌། ཨོཾ་དང་ཨེ་དང་ཧཱུྃ་དང་ཧེ་དང་ལྱེཻ་ཤག་ལ་སོགས་ས་སྣ་དྲངས་ཏེ། མཆོག་གསང་བླ་ན་མེད་པ་རྡོ་རྗེའི་ཚིག་བླང་བ་ནི། ཨེ་མ་ཀི་རི་ཀཱི་རཱི། །མཥྚ་བཱ་ལི་བཱ་ལི། ས་མི་ཏ་པུ་རུ་པུ་རུ། ཀུ་ཏ་ལི་མ་སུ་མ་སུ། ཨི་ཀ་རཱ་སུ་ལི་བྷ་ཏ་ཡེ། ཙ་ཀི་ར་བྷུ་ལི་ས་ལ་ཡེ། ས་མུནྟ་ཙརྻ་སུ་བྷ་ཡཻ། བྷེ་ཏ་ས་བྷྱ་ཀུ་ལེ་ཡཻ། ས་ཀ་རི་དྷཱུ་ཀ་ན། མ་ཏ་རི་བཻ་ཏ་ན། བ་ར་ལི་ཧི་སཱ་ན། མ་ཁརྟ་ཀི་ལ་ནཱཾ། སཾ་བྷ་ར་ཏ་མེ་ཀ་ཙངྟཾ་པ། སུརྻ་་ཏ་ར་ཨེ་པ་ཤ་ན་པ། ར་ན་བྷི་ཏི་ས་བྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཏ་ཡ་པ། འགུ་ར་འགུ་རཱ་ས་ག་ཁ་ར་ན་ལཱི། ན་ར་ན་རཱ་ཨི་ཐར་པ་ཊཱ་ལ། སིར་ན་སིར་ཎ་ེབྷེ་ས་རས་པ་ལཾ། བྷུན་རྡ་བྷུན་རྡ་ཚིཥ་ས་ཀེ་ལཾ། ས་སཱ། རི་རཱི། ལི་ལཱི། ཨ་ཨཱི། མི་མཱི། ར་ར་རཱ། ཞེས་ཉི་ཟླ་ཁ་སྦྱོར་ལས་བཤད་པ་ལྟར་ཆོས་ཉིད་ཀྱི་གླུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་བླངས་ཏེ། མ་སྐྱེས་པས་ན་མི་འགག་ཅིང༌། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མི་གཡོ་བ། །མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་ལ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟངས་ཡེ་ཡོད་ཉིད། །ཁྱབ་མ་ཉམས་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང༌། །ཀུན་བཟངས་ཡངས་པ་ཆོས་ཀྱི་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཅེས་པའི་དོན་ཏེ། སེམས་ཉིད་ཁྱབ་གདལ་ཡངས་པའི་ངང་ནས་བླང་ངོ༌། །གསུམ་པ་གླུ་གར་གྱི་ཕན་ཡོན་ནི། །ཉི་ཟླ་ཁ་སྦྱོར་ལས། དེ་ཡང་རྣལ་འབྱོར་ཐབས་ཀྱི་གཙོ། །གྲག་པ་མེད་པ་རྡོ་རྗེའི་གླུས། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །རྣལ་འབྱོར་པ་ཡི་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །རིགས་དྲུག་འཁོར་བའི་ཞེན་པ་བཟློག །སྐལ་དང་ལྡན་པའི་ངང་འདུའི་གནས། །སེམས་ཀྱི་རྒྱུད་ཀུན་རང་དལ་འཐོབ། །རང་རིག་བདེ་བའི་གསལ་རྣམས་འདེབས། །ཤེས་པ་གཅིག་པའི་དཔུང་རྣམས་བྱེད། །ཡིད་ཅན་རྣམས་ཀྱི་སྐྱོན་རྣམས་སེལ། །ལུས་ཅན་ཀུན་གྱི་སྒྲིབ་པ་སྦྱོང༌། །དབང་དང་དམ་ཚིག་བདེ་བ་སྟེར། །མ་རིག་པ་དག་བཅར་ལ་གནོན། །ཐེག་པ་རྣམས་ཀྱི་ངལ་སོའི་ས། །ལྟ་དང་སྒོམ་པའི་འབྲེལ་པའི་མཚམས། །སྙིང་པོ་རྣམས་ཀྱི་གདུལ་བའི་ཞིང༌། །མི་བསྐྱོད་སྣང་བ་རང་སྐྱེད་གནས། །རྡོ་རྗེ་སེམས་དཔའི་སྐུ་ཡང་འཛིན། །ཅེས་པ་དང༌། རྡོ་རྗེ་གསང་བའི་གླུ་ཡིས་ནི། །དགོས་པས་ངན་སོང་སྒོ་དགག་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། །ཅེས་སོ། །གསུམ་པ་གོ་རིམས་ངེས་པའི་སྤྱོད་པས་དུས་ཚོད་གཟུང་བ་ལ་གསུམ་སྟེ། ལས་དང་པོ་པའི་སྤྱོད་པ་དང༌། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང༌། བརྟུལ་ཞུགས་ལམ་དུ་བསླང་བའི་སྤྱོད་པའོ། །དང་པོ་ནི་ཡི་གེ་འདྲི་མཆོད་ལ་སོགས་པ་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་འདི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་ལ་རིམ་པས་བསླབ་པའོ། །གཉིས་པ་ནི་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་དང་དབང་གསུམ་པའི་སྔོན་འགྲོར་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་འཁོར་འདས་ཕྱེ་ནས། རིག་པ་རྣལ་འབེབས་ཀྱི་སྤྱོད་པ་སོར་ཆུད་པར་བྱེད་པའོ། །གསུམ་པ་ནི་ཉི་ཤུ་རྩ་གཅིག་བཤད་པ་ལས། སྐབས་འདིར་དང་པོ་བདུན་ལ་གཙོ་ཆེར་སྤྱོད་པའོ། །དེ་ཡང་དང་པོ་ཆོས་ཀྱི་སྒོ་མོ་ཀུན་བསྡུར་ནས་རྒྱུད་ཐོག་ཏུ་ཕྱོགས་གཅིག་ཉམས་སུ་ལེན་པའི་དོན་ཚོལ་བ། བུང་བ་ཚང་འཚོལ་བ་ལྟ་བུ་སྟེ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་འབྱེད། བསམ་པས་དེའི་དོན་རྟོགས་ནས་ཉོན་མོངས་པ་མགོ་གནོན། སྒོམ་པས་རྟོགས་ཐོག་ཏུ་བཞག་པས་ཉོན་མོངས་པ་རྩ་བ་ནས་ངེས་པར་འབྱིན་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཐོས་པའི་ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་བཅད་པ་དང༌། བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་བཅད་པའོ་ཞེས་སོ། །དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པའི་སྔོན་དུ་སྒྲོ་འདོགས་བཅད་ཟིན་པས་འཛལ་འཛོལ་མེད་པར་འོང་བ་ལྟར། ཐོས་བསམ་གྱི་སྒྲོ་འདོགས་བཅད་ཟིན་པས་རང་ཡིད་ཆེས་པའི་མན་ངག་ལ་ཉམས་སུ་ལེན་པའོ། །དེའི་གྲོགས་སུ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་པ་ནི། རྣལ་འབྱོར་པ་དེ་ཡང་འཁོར་བར་ལྷུང་གིས་དོགས་པའི་གནོང་གིས་མི་མི་རྒྱུ་བའི་རི་ལ་གཅིག་པུར་གནས་པས་ཉམས་སུ་ལེན་པ་ནི་རི་དྭགས་རྨའི་གནོང་གིས་གཅིག་པུར་ཡན་གར་བ་ལྟ་བུའོ། །དེའི་གྲོགས་སུ་ལྐུག་པ་ལྟ་བུའི་སྤྱོད་པ་ནི། ངག་སྨྲ་བ་བཅད་དེ་སུ་དང་ཡང་མི་སྨྲའོ། །དེ་ལྟར་བྱས་དུས་དྲན་པ་རེངས་པས་སྨྱོན་པ་ལྟ་བུའི་སྤྱོད་པ་ནི། ལུས་ངག་སེམས་ཀྱི་སྤྱོད་པ་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུར་ཤུགས་ལས་འབྱུང་ངོ༌། །འདིའི་དུས་ན་གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་ཤར་ལས་འབྱུང་སྟེ། ཟས་གོས་ལ་གང་ཡང་འདེམ་ཁ་མེད་པར་ལོངས་སྤྱོད། དེ་ལྟར་དྲུག་རྫོགས་དུས་གཞན་གྱིས་ཚུལ་ལ་ཟིལ་གྱིས་མི་ནོན་ཞིང་ཕར་གནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་ལྟར། རྣལ་འབྱོར་པ་འདི་ཡང་སྣང་བ་དང་མི་དང་མི་མ་ཡིན་ཐམས་ཅད་ཀྱི་གནོད་པ་དང་བྲལ་ནས་གང་ལའང་དབང་བསྒྱུར་ནུས་པ་འབྱུང་ངོ༌། །སྤྱོད་པ་དེ་དག་ལ་མི་མིང་དུ་བཏགས་ན་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱའོ། །དེའང་གཞན་གྱི་མི་དབང་བསྒྱུར་ནུས་ཤིང༌། བསད་པ་སླར་གསོ་ནུས་པ་དང༌། རྫུ་འཕྲུལ་གྲུབ་ཅིང༌། ཆོས་ཉིད་ཀྱི་ཉམས་འབར་བ་ཆང་གི་མྱོས་པ་ལྟར་ཕྱོགས་ཡན་རེ་དོགས་དང་བྲལ་ནས། འབྱུང་བཞི་ལ་དབང་བསྒྱུར་ནུས་པ་བྱུང་ངོ༌། །གཉིས་པ་དེའི་མན་ངག་སྣང་བ་ཅེར་བཞག་གི་ཐབས་སུ་གང་སྣང་སྣང་གི་ཐོག་ཏུ་སེམས་ཉིད་ཅེར་བཞག་ཏུ་བལྟས་པས། རྡོ་ཚན་ལ་ཁ་བ་བབས་པ་ལྟར། སྣང་ཐོག་དེ་ཉིད་དུ་རང་ཞིག་ལ་ལྷན་གྱིས་འགྲོ་སྟེ། དེའང་སྐྱེ་བར་སྣང་བ། འགག་པར་སྣང་བ། འོང་བ་དང་འགྲོ་བར་སྣང་བ་ལ་སོགས་པ་ཆོས་ཅན་ཐ་དད་དུམ་བུ་པ་ལ་བསླབས་པས་འཛིན་ཞེན་གྲོལ་ནས་སྣང་ཡང་བདེན་པས་སྟོང་པ་གཟུགས་བརྙན་དང༌། ཆུ་ཟླ་དང༌། སྒྲ་བརྙན་དང༌། སྤྲུལ་པ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། མིག་ཡོར་དང༌། རྨི་ལམ་རྟར་ཡོངས་སུ་དག་ལ། ཆོས་སྤྱིའི་རྣམ་པའི་ཆོས་ཉིད་མ་སྐྱེས་པ་ལ་བསླབས་པས་ནམ་མཁའ་ལྟར་གདོད་མ་ནས་ཞི་བར་རྟོགས་པ་སྟེ། ཀློང་དྲུག་པ་ལས། སྐྱེས་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས་པ། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་བཟུང་བའི་ས་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་ནི། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །ཞེས་སོ། །གསུམ་པ་དེ་ལས་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ཤར་བ་ནི། འཁོར་འདས་ཀྱི་ཆོས་ཐམ་ཅད་བསླབས་པ་མེད་ཀྱང་བློ་ཐོག་ཏུ་ཕུངས་ཀྱིས་རང་ཤར་ནས་གང་ལའང་ཐོགས་རྡུགས་མེད་པ་འབྱུང་སྟེ། ཡང་དེ་ཉིད་ལས། ཡང་མེད་པའི་སེམས་ཉིད་ལ། རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དེ་ལྟར་དགོངས་པ་དགོངས་པ་རུ། །སེམས་ཀྱང་གཏན་ལ་ཕབ་པ་ཡིས། །རྣལ་འབྱོར་སེམས་ལ་དབང་ཡང་ཐོབ། །དྲི་མས་བཅིང་པ་ལས་གྲོལ་བའོ། །ཞེས་སོ། །བཞི་པ་དེའི་དུས་སུ་ཕུང་པོ་དང་ཉོན་མོངས་གནས་གྱི་འབྲས་བུ་ནི། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ནི། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཅེས་པ་དང༌། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །ཞེས་པ་དང༌། ཀློང་དྲུག་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རྣམ་པར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རྣམ་པར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །ཅེས་སོ། །དོན་གཉིས་པ་བསྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ། དེའི་མན་ངག་རྒྱ་མཚོ་ཅོག་བཞག་གི་ཐབས། དེའི་དགོངས་པར་སྣང་སྲིད་གཞི་བཞག་གི་ཆོས་ཉིད། དེའི་འབྲས་བུ་ཉོན་མོངས་པ་རང་རྒྱལ་བཏབ་པའོ། །དང་པོ་ལ་གསུམ་སྟེ། ཉི་ཟླ་ཁ་སྦྱོར་ལ། སྒོམ་པ་ནི་གསུམ་སྟེ། ལྷ་ལ་སོགས་པའི་སེམས་ཀྱི་སྒོམ་པ་དང༌། ཐེག་པ་ཆེན་པོའི་བསམ་གཏན་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ཡིན་ནོ་ཞེས་པ་དང༌། ཐལ་འགྱུར་ལས། རང་བཞིན་བབས་ལས་བྱུང་བ་ནི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །རྩ་དང་རླུང་དང་ཐིག་ལེ་དང༌། །ལུས་གནད་མིག་དང་སྟོང་པ་ནི། །སྒོམ་པ་ཞེས་ནི་འདོད་པ་ཡིན། །ཡི་གེ་འོད་དང་ཁ་དོག་དང༌། །རྣམ་པར་འཕྲུལ་པའི་སྤྲོ་བསྡུ་ནི། །ཏིང་ངེ་འཛིན་ཞེས་བཤད་པ་ལ། །མ་བཅོས་རང་བཞག་གནས་ལུགས་ཏེ། །ཇི་ལྟར་དེ་ལས་འགྱུར་མེད་པ། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་སོ། །དེ་ལ་དང་པོ་ལྷ་དང་མའི་སྒོམ་པ་ནི་སེམས་འཛིན་ཉི་ཤུ་རྩ་གཅིག་སྟེ། དེ་ཉིད་ལས། སེམས་འཛིན་བསླབ་རིམ་ཉེར་གཅིག་གིས། །དང་པོ་གནས་སུ་བཞག་པ་དང༌། །གཉིས་པ་ལུས་སེམས་དབྲལ་བ་དང༌། །གསུམ་པ་ཆོས་ཉིད་མཐོང་བའོ། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབང་བྱ། །འགྱུ་བྱེད་རླུང་གི་རྟ་དང་ཡང༌། །བསྲེས་ཏེ་འཕེན་ཅིང་སྡུད་པ་ཡིས། །གནད་གསུམ་མཁས་པས་བསྟེན་བྱས་ན། །སེམས་ཀྱི་རྟོག་པ་རྒྱུན་འཆད་དོ། །ཞེས་གསུངས་པའི་དོན་ཉམས་སུ་བླང་བ་ལ་གསུམ་སྟེ། བདུན་ཚན་དང་པོས་རང་སེམས་གནས་སུ་བཞུགས་པ། གཉིས་པས་ལུས་སེམས་འཛིན་ཞེན་དང་དབྲལ་བ། གསུམ་པས་ཆོས་ཉིད་མཐོང་བ་བསྟན་པའོ། །དང་པོ་ལ་བདུན་གྱི་མཚན་མ་ཨ་དཀར་ལ་སེམས་གཟུང་བ་ནི། གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་གིས་འདུག་སྟེ། སྣ་རྩེར་ཨ་དཀར་ལ་འཚེར་བ་ཅིག་བསྒོམས་ནས། རླུང་ཕྱིར་འགྲོ་དུས་ཨ་ཡང་ཕར་སོང༌། ནང་དུ་འགེངས་དུས་ཨ་ཡང་ཚུར་བྱུང་བར་བསམས་ལ་རླུང་དང་བསྲེས་ཏེ་བསྒོམ་མོ། །དེ་ཡང་ལུས་ལ་ཚད་ནད་ཡོད་ན་ཨ་དེ་གྲང་རེག །གྲང་ནད་ལ་ཚ་རེག་ཏུ་བསམས་ལ་ཉིན་མཚན་དུ་སྦྱངས་པས། སེམས་སྤྲོ་བསྡུ་དང་བྲལ་བའི་ཉམས་མྱོང་ཐུན་མོང་མ་ཡིན་པ་སྐྱེའི། །ལུས་གནད་རླུང་གནད་ཐམས་ཅད་ལ་འདྲའོ། །དེ་ལ་སྐྱོན་ན་ཡི་གེ་ཕ་ལ་སེམས་གཟུང་བ་ནི་དར་ཅིག་ཤེས་པ་ཡེངས་སུ་བཅུག་ལ། ཕཊ་ཅེས་དྲག་པོར་བརྗོད་པས་ཤེས་པ་རྟོག་མེད་ཧད་དེ་བ་ཅིག་འོང་བ་ལ་རྟོག་པ་མ་ལངས་ཀྱི་བར་སེམས་བཟུང་ལ་ཡང་ཕཊ་ཅེས་ཉིན་མཚན་དུ་ཉམས་སུ་བླངས་པས་སེམས་སྟོང་གསལ་རང་གདངས་ཀྱི་སྒོམ་པ་སྐྱེའོ། །ཡང་ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་གཟུང་བ་ནི། ཧ་དྲག་ལ་ཐུང་བར་བརྗོད་སྔ་མ་ལྟར་སེམས་གཏད་པས་རྟོག་མེད་གསལ་གདངས་ཀྱི་ཉམས་སྐྱེའོ། །ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི། རི་རྩེའམ་བྲག་སྟེང་ལ་སོགས་པར་འདུག་ལ། ལུས་ཙོག་པུས་མགོ་དང་པོར་དལ་བུས་སྒྲིལ། ལུས་སྒུལ་བསྐྱོད་དལ་བར་བྱ། དེ་ལྟར་ཉི་མ་གསུམ་བཞིར་བྱས་ནས། དྲག་ཏུ་ཁམས་ཀྱིས་ཐུབ་ཐང་དུ་སྒྲིལ་ཞིང་སྒུལ་བསྐྱོད་བྱས་པས། ཕྱིའི་སྣང་བ་དམར་ཁྲག་ཁྲུག་དང༌། སེར་ལྷང་ལྷེང་དང༌། སྔོ་གྱ་གྱུར་འགྱུར་པ་དང༌། ཐིམ་ཐིམ་དུ་འགྱུར་བ་དང༌། སྐྱ་སང་སེང་དུ་འགྱུར་བའི་རྗེས་ལ། ཕྱིའི་སྣང་བ་རང་འགགས་ནས་ཅིའི་ངོ་བོར་ཡང་གྲུབ་པ་མེད་པར་མཐོང་སྟེ། མཐོང་སྣང་རང་གྲོལ་བའི་ཉམས་སུ་མྱོང་བ་སྐྱེའོ། །འདིའི་དུས་ན་རླུང་ལ་ཤིས་པའི་ཁ་ཟས་བསྟེན་ནོ། །ལྟེ་བར་ཡི་གེ་རཾ་ལ་སེམས་གཏད་དོ། །རྣམ་རྟོག་ཧཱུྃ་གིས་དེད་པ་ལ་སེམས་གཟུང་བ་ནི་ཧཱུྃ་རིངས་དབྱངས་དང་བཅས་པ་རླུང་དང་བསྲེས་ལ་སེམས་དེའི་ངང་ལས་གཞན་དུ་མ་ཡེངས་པར་བཟུང་ལ། སྐབས་སུ་ཧཱུྃ་ཐུང་བ་རེ་བརྗོད་པས་རྣམ་རྟོག་ཆོས་ཉིད་དུ་སངས་པའི་ཉམས་སྐྱེའོ། །དེ་བཞིན་དུ་ལྟེ་བར་རཾ་བསྒོམས་ལ་རླུང་དང་ལུས་གནད་བསྟུན་པ་དང༌། ལྷའི་སྐུར་བསྒོམས་ལ། སྣ་རྩེ་དང་བ་སྤུའི་སྒོ་ནས་སྐུ་ཕྲ་མོ་འདུ་བྱེད་པ་ལ་སེམས་གཏད་པས་ཤེས་པ་གསལ་དག་ཆེན་པོའི་ཉམས་སྐྱེའོ། །གཉིས་པ་ལུས་སེམས་འཛིན་ཞེན་དཔྲལ་བའི་གནད་བདུན་ནི། རླུང་དང་ལུས་གནད་སྔར་བཞིན་ལ། །སྨིན་མཚམས་སུ་ཐིག་ལེ་དཀར་དམར་འདྲེས་པ་སྲན་མའི་གའུ་ཙམ་ལ་སེམས་གཟུང་ངོ༌། །དེས་རླུང་གི་ཉམས་སྐྱེའོ། །ལུས་ཀྱི་དབུས་ན་རྩ་གསུམ་དབྱུག་གུ་དྲང་པོ་ལྟར་གནས་པའི་རོ་རྐྱང་སྣ་གཉིས་སྣ་བུ་ག་ན་ཡོད་པ་ནས་རླུང་བཟུང་སྟེ། མདའ་ལྟར་འཕངས་པས་ནད་གདོན་སྡིག་སྒྲིབ་དག །ཞགས་པ་ལྟར་ནང་དུ་བཀུག་པས་དབུ་མའི་མ་སྣ་ནས་ཚུད་དེ། རྩ་གསུམ་འཁོར་ལོ་བཞི་ཡེ་ཤེས་ཀྱི་རླུང་གིས་གང་བ་ལ་སེམས་བཟུང་བས་རིག་པ་སྟོང་གསལ་གྱི་ཉམས་སྐྱེའོ། །སྣ་རྩེར་རླུང་དཀར་པོ་མདའ་གང་ནས་དཔག་ཚད་རྒྱང་གྲགས་ཀྱི་བར་དུ་ཁུག་པ་གཉིས་ཕར་སོང་ཚུར་འོང་ལ་སེམས་བཟུང་བས་རྟོག་མེད་གསལ་བའི་ཉམས་སྐྱེའོ། །ལུས་བྱིན་འོད་ལྔའི་ར་བ་འཇའ་ཚོན་ལྟ་བུ་སང་མ་སེང་ཁྲལ་མ་ཁྲོལ་ཤགས་མ་ཤིགས་ལ་མ་ཡེངས་པར་སེམས་བཟུང་བས་འོད་གསལ་དག་པའི་ཉམས་སྐྱེའོ། །རླུང་སེམས་ནམ་མཁའི་མཐོངས་སུ་འཕངས་ནས། ཡི་གེའམ་འོད་ཀྱི་གོང་བུའམ་ཉི་ཟླའི་དཀྱིལ་འཁོར་ཇེ་མཐོ་ཇེ་མཐོ་ལས་མཐར་དབྱིངས་སུ་ནུབ་ནས་བལྟར་མི་མངོན་པའི་ངང་ལ་སེམས་བཟུང་བས་སྟོང་ཉིད་བསམ་ངོ་དང་བྲལ་བའི་ཉམས་སྐྱེའོ། །སེམས་རྣ་བ་ལ་གཏད་དེ་ལྷན་ནེ་བཟུང་བས་སྒྲའི་བསམ་གཏན་གྱི་ཉམས་སྐྱེའོ། །སྙིང་ནང་དུ་ལྷ་སྐུ་ཕྲ་མོ་ལ་སེམས་བཟུང་བས་འོད་གསལ་དག་པའི་ཉམས་སྐྱེ་ཞིང་བར་དོའི་འོད་གསལ་འབྱོངས་པ་དང་ལྷའི་སྐུ་རིང་བསྲེལ་འཇའ་འོད་རྣམས་འབྱུང་བའོ། །གསུམ་པས་ཆོས་ཉིད་མཐོང་བ་བསྟན་པའི་བདུན་ཚན་ནི། སྟོང་ཉིད་རིམ་གྱིས་པ་ལ་སེམས་གཟུང་བ་ནི། དང་པོར་ལུས་ཀྱི་བྱེ་བྲག་མང་པོར་བསིལ་ལ། མིང་དུ་མ་ལ་སོགས་པས་གཞིགས་ཏེ། མགོ་གཅིག་པུ་ལའང་མིང་དུ་མས་བསིལ་ལ། མིང་དེ་དོན་ལ་བརྟགས་པས་དོན་རྡུལ་ཕྲན་དུ་སོང་དུས་མིང་གང་ན་འདུག་བཙལ་བས། མ་རྙེད་པའི་ཚེ་གང་ཡང་ཡིད་ལ་མི་རྒྱུ་བའི་སྟོང་ཉིད་ཕུགས་རྡུགས་སུ་ཤར་བའི་ངང་ལ་ཚོལ་ཁྲོ་དང་དྲན་བསམ་མེད་པར་ལྷན་ནེ་བཞག་པས་སྟོང་པ་གཉིས་སུ་མེད་པའི་ཉམས་སྐྱེའོ། །ལུས་ཇི་ལྟ་བ་བཞིན་སྣང་བ་ཐམས་ཅད་ལ་སྦྱར་རོ། །སྟོང་ཉིད་ཅིག་ཅར་པ་ལ་སེམས་གཟུང་བ་ནི། ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུར་སྐད་ཅིག་མའི་འཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེས་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་མན་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུ་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དགོ་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་ར་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པ་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་ས། །གཉིས་པ་ཤར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་གྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རིལ་བུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིག་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རིལ་བུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོ་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀའ་ལ་རྩ་རླུང་ཐིག་ལེ་ཆུ་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚན་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་ཡངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་ནང་བང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་པའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་གནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ན་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་ཡར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་བྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་བ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལས་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། ནགས་ཚལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེའུ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་དེ་ནས་ཉིན་འགར་རབ་ཏུ་དལ་བས་ཀྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུས་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་སྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱམ་ཕྱལ་བསྒོམ་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་འབོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་གྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དབང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་ཀྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཞིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱིས་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། གཉིད་དུ་སོང་བྱས་ན་ཉེ་འཁོར་གྱི་གཟུགས་སྒྲ་དྲིའི་རྣམ་པ་མ་འགགས་པར་ཤེས་ལ། མ་སོང་བྱས་ན་རྐྱེན་གྱིས་དེའི་ངང་ལས་སད་རྒྱུ་བྱུང་སྟེ། ཉིན་སྣང་ལས་རྟོག་པ་འགགས་པ་ཙམ་ལས་སྣང་ཆ་སོ་ན་གསལ་བའོ། །དེ་ཡང་ཚོགས་དྲུག་གི་ཡིད་ཤེས་འགགས་ལ། སྒོ་ལྔའི་རྣམ་ཤེས་མ་འགགས་པར་གསལ་བའོ། །ཡིད་ཤེས་འོད་གསལ་དུ་ནུབ་དུས་རླུང་དབུ་མར་ཚུད་ལ། སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན་པས་ཡུལ་སྣང་ཡང་འཛིན་པའི་དབང་དུ་མ་སོང་བ་སྟེ། གསལ་ལ་མི་རྟོག་པའི་གསལ་ཞེས་བྱའོ། །འདིའི་དུས་སུ་བདེ་བའི་འོད་གསལ་ཏིང་ངེ་འཛིན་གྱི་ངང་ལ་ཡོད། གསལ་བའི་འོད་གསལ་སྣང་ལ་མ་འགགས་པར་ཡོད། མི་རྟོག་པའི་འོད་གསལ་དེའི་ངང་དུ་རྟོག་མེད་རང་ཆས་སུ་ཡོད་པས། གཞི་རང་བཞིན་གྱི་འོད་གསལ་ཀ་དག་ཏུ། བུ་རང་དངས་ཀྱི་འོད་གསལ་གཉིས་མེད་འདྲེས་ནས། ཡེ་གསལ་ལ་ཡང་གསལ་ཤར་བས་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །ཐལ་འགྱུར་ལས། འོད་གསལ་འཕོ་བ་རབ་ཀྱིས་ཏེ། །གཉིད་ཀྱི་བསམ་གཏན་ལ་སྦྱངས་ནས། །འབྱོངས་པས་ཉིན་དང་མཚན་མེད་པར། །ཕྱི་རོལ་སྣང་བ་གསལ་བ་ནི། །འདིས་ནི་འོད་གསལ་ཆེན་པོ་འགྲུབ། །ཅེས་སོ། །རང་བཞིན་དུ་བདེ་བའི་འོད་གསལ་སྙོམས་འཇུག་གི་ལྷན་ཅིག་སྐྱེས་དགའི་དུས་ན་ཡོད། གསལ་བའི་འོད་གསལ་ཏིང་ངེ་འཛིན་ཉིན་མཚན་འདྲེས་པ་ན་ཡོད། མི་རྟོག་པའི་འོད་གསལ་སེམས་ཀྱི་འཛིན་རྟོག་ནུབ་པ་ན་ཡོད། །དུས་གཞན་ནའང་ཡོད་དེ་ངོས་གཟུང་བ་དཀའ་ལ། དེའི་དུས་སུ་དཔེ་གསལ་ལ་དོན་ཤེས་པར་སླ་བ་ཡིན་ནོ། །བདེ་བའི་འོད་གསལ་ལས་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་པ་དང་སྣང་བ་དགའ་བདེར་འཆར་བའི་ཉམས་སྐྱེའོ། །གསལ་བའི་འོད་གསལ་ལས་དུ་བ་དང༌། སྨིག་རྒྱུ་དང༌། མེ་ཁྱེར་དང༌། སྤྲིན་དང༌། གློག་དང༌། འབར་བ་དང༌། ཟླ་བ་དང༌། སྒྲ་གཅན་དང༌། རིན་པོ་ཆེ་ནག་པོའི་རྣམ་པ་དང༌། འོད་ལྔའི་སྣང་བ་དང༌། ཐིག་ལེ་དང༌། ལྷ་སྐུ་དང༌། སྐྱེ་འགྲོ་དང༌། ཞིང་ཁམས་མང་པོ་མཐོང་ཞིང༌། རགས་པས་ཆོད་བཞིན་པའི་ཕྱིར་གཟུགས་མཐོང་བ་དང༌། སྒོམ་ཁང་ནས་རྩིགས་པ་དང་ར་བ་ཐལ་ཕྱིན་དུ་འགྲོ་བར་ནུས་པ་ལ་སོགས་པ་དང༌། སྤྱན་དང་མངོན་ཤེས་དུ་མ་འཆར་རོ། །མི་རྟོག་པའི་འོད་གསལ་ལས་ཏིང་ངེ་འཛིན་མཚན་འདྲེས་པ་དང༌། གང་སྣང་ལ་བལྟས་དུས་རྟོག་མེད་དུ་ཡལ་ཡལ་འགྲོ་བ་དང༌། གཏམ་གང་ལའང་ཟུངས་མེད་པར་རྟོག་མེད་དུ་འགྲོ་བ་དང༌། རྟག་ཏུ་ནམ་མཁའི་ངང་ལ་གནས་པ་སྙམ་བྱེད་པའི་ཉམས་དཔག་ཏུ་མེད་པ་འཆར་རོ། །འདི་དག་ནི་མྱོང་བ་ངེས་པ་ཚད་མས་ཀྱང་གྲུབ་པར་མངོན་པས་གནད་ཟབ་མོའོ། །མཉམ་གཞག་གཉིད་དང་མི་བསྲེ་ན་སྐྱིལ་ཀྲུང་གིས་འདུག་ལ། དར་ཅིག་མིག་བར་སྣང་ལ་གཏད་པས་ཤེས་པ་གདངས་ཕྱེད་དུས། མིག་ཅུང་ཟད་སྨད་ནས་ཐད་དྲང་དུ་བལྟས་པས་ཉམས་སོ་མ་ཅིག་འཆར་ཏེ། དེ་ངོས་བཟུང་ནས་ངང་ལ་བསྒོམས་པས། རིག་པ་རང་གསལ་ནམ་མཁའ་འདྲ་བའི་གསལ་བ་དེ་གསལ་བའི་འོད་གསལ་ཡིན་ལ། དེའི་ངང་གོམས་པས་སྣང་སེམས་ཕྱམ་ཕྱལ་བར་མེད་ནམ་མཁའ་གཅིག་ཏུ་སོང་བ་འདྲ་བ་ནི་དེའི་ཉམས་ཏེ། ནམ་མཁའི་དབྱིངས་ན་ཡོད་པ་སྙམ་པ་དང༌། རེས་ལུས་སེམས་བྲལ་བས་སྙམ་པ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ༌། །དེའི་ཚེ་འཇའ་འོད་དང་ཐིག་ལེ་དང་སྐུའི་སྣང་བ་ཡང་གྲངས་མེད་པ་འཆར་ཏེ། རླུང་ལྔ་གསལ་བའི་རང་གདངས་ཕྱི་ཁ་དོག་གི་འོད་གསལ་ཞེས་བྱའོ། །ཁ་དོག་གི་འོད་གསལ་ལས་རང་གི་ལུས་ཀྱི་རྡུལ་ཕྲན་དང་ནང་ཁྲོལ་མཐོང་དང་ཉིན་མཚན་འདྲ་བར་སྣང་བ་དང༌། གཞན་གྱི་ལུས་ཀྱི་ནང་དང་ཞིང་ཁམས་དང་ཡུལ་གྲུ་ན་སེམས་ཅན་བྱ་བ་ཅི་བྱེད་པ་དང་འཆི་འཕོ་དང་སྐྱེ་བ་ལེན་པ་རྣམས་ཀྱང་མཐོང་བ་ཡིན་ནོ། །གཉིས་པ་རྗེས་ཐོབ་ནི་མཉམ་གཞག་ལས་ལངས་ཞེས་བྱ་སྟེ། དེའི་ངང་ལས་ལངས་ནས་ཕྱིའི་སྣང་བ་འདི་དག་འོད་ལྔའི་རྣམ་པ་སང་སེང་ལ་སྐྱེ་འགྲོ་རྩི་ཤིང་འབྱུང་བ་རྣམས་སྣང་བར་ལྟ་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་ལྟ་བ་དང༌། ནམ་མཁའ་ལྟར་ལྟ་བ་དང༌། ད་ཅིའི་ཉམས་དང་བསྲེས་ཏེ་སྟོང་གསལ་སྣང་ལ་འཛིན་མེད་གཅིག་ཏུ་ཕྱམ་ཕྱམ་སྦྱང་བ་ནི་གནད་ཡང་དག་པའོ། །གཉིས་པ་སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། སྐྱིལ་ཀྲུང་གིས་འདུག་པའི་གསང་བ་ནས་ཚངས་བུག་གི་བར་དབུ་མའི་ནང་ཨ་དཀར་པོས་དོང་ཚེ་བརྩེགས་པ་ལྟར་གནས་པ་ཀུན་མས་ཡར་གཅིག་ལ་གཅིག་ཐིམ་ཚངས་པའི་བུ་གའི་བར་བསྒོམས་ནས། མཐར་ཐམས་ཅད་ནམ་མཁའི་ངང་དུ་སེམས་འཇོག་པའོ། །གསུམ་པ་ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ་ནི། ཉལ་དུས་སེང་གེའི་ཉལ་ལུགས་ཀྱིས་སྙིང་ནང་དུ་འོད་ལྔའི་སྒྲོན་མེ་ལ་གཏད་ནས་ཉལ་བའོ། །བཞི་པ་ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ་ནི། སེང་གེའི་ལྟ་སྟངས་ཀྱིས་གྱེན་ལ་གཏད་དེ། སྤྱི་གཙུག་ནས་གཞུ་གང་གི་ནམ་མཁར་ཨ་དཀར་པོ་ཅིག་ལྡིང་ངེ་འདུག་པ་ལ་སེམས་བཟུང་བས། དང་པོ་ཨ་གསལ་བ་ལ་དེ་ནས་དེ་ཡང་མེད་རྟོག་པ་གཞན་ཡང་མ་འགྱུར་པར་གསལ་དངས་ཕྱེད་པ་འཆར་བ་དེའི་ངང་ལ་བསྒོམ་པའོ། །འདི་དག་ནི་ཉམས་སུ་མྱོང་བས་གནད་གལ་པོ་ཆེ་ཡིན་པས་ཤིན་ཏུ་བརྩོན་པར་བྱའོ། །ལྔ་པ་འཕོ་བ་ལ་གསུམ་སྟེ། རབ་འོད་གསལ་ལས་འཕོ་བ། འབྲིང་སྒྱུ་ལུས་ལས་འཕོ་བ། ཐ་མ་ལུས་ངག་ལས་འཕོ་བའོ། །དེའང་འཕོ་སའི་ཡུལ་གསུམ་མ་ཡིན་གྱི། འཕོ་མཁན་གྱི་བློ་རྩལ་གསུམ་ཡིན་ནོ། །ཁ་ཅིག་འཕོས་གསུམ་དུ་སྦྱོར་ཏེ་གཞན་ཡིན་ནོ། །འདིར་རང་གིས་འོད་གསལ་འབྱོངས་ན་འཆི་ཀར་དེའི་ངང་ལས་རིག་པ་ཚངས་བུག་ལ་བཏོན་ནས་ཆོས་ཀྱི་དབྱིངས་སུ་འཕོ་བའོ། །སྒྱུ་ལུས་འབྱོངས་ན་འཆི་ཀར་སྒྱུ་ལུས་ཀྱི་ངང་ནས་ཚངས་བུག་ལ་རིག་པ་འཕངས་ནས་ཆོས་ཉིད་དོན་གྱི་ལྷའི་སྐུ་ལ་འཕོས་པས་བར་དོའི་སྒྱུ་ལུས་ཟིན་ནས་སངས་རྒྱའོ། །དེ་གཉིས་མ་འབྱོངས་ན་ལུས་ངག་སེམས་གསུམ་གྱི་གནད་རྩ་རླུང་དང་བསྟུན་ནས་ཚངས་བུག་ལ་འཕོ་སྟེ། ཐལ་འགྱུར་ལས། འཕོ་བའི་བྱེ་བྲག་རྣམ་པ་གསུམ། །དབང་པོ་དག་གི་དབྱེ་བ་ཡིས། །འོད་གསལ་དང་ནི་སྒྱུ་ལུས་དང༌། །ཐ་མ་ལུས་ངག་ཡིད་ལའོ། །ཞེས་སོ། །ལུས་ངག་ཡིད་ལས་འཕོ་བ་ལ་རྟེན་ཅན་རྩ་རླུང་དང་རྟེན་འབྲེལ་འབྱུང་བའི་བྱེད་ལས་བསྟུན་ནས་འཕོ་བ་དང༌། རྟེན་མེད་སེམས་ཀྱི་དམིགས་པ་རྐྱང་པས་འཕོ་བ་གཉིས་ལས་དངོས་སུ་འཕོ་བ་དང་དངོས་མེད་ཀྱིས་འཕོ་བ་ཞེས་གསུངས་ཏེ། ཐལ་འགྱུར་ལས། ལུས་ངག་འཕོ་བ་རྣམ་པ་གཉིས། །དངོས་སུ་འཕོ་དང་དངོས་མེད་དོ། །དངོས་ནི་རླུང་གི་སྦྱང་བའི་ཐབས། །སྒྲ་དང་བཟོ་དང་སྒྱུ་རྩལ་དང༌། །རྟེན་ཅིང་འབྲེལ་ལ་སྦྱངས་པས་ནི། །སོ་སོའི་འབྱུང་བ་ནང་མཐུན་པས། །ལུས་ངག་ཡིད་ཀྱི་གཏད་པས་འགྲུབ། །དངོས་མེད་སེམས་ཀྱི་གོམས་སྟོབས་སྟོན། །ཅེས་སོ། །ཚངས་བུག་ནི་འཕོ་བའི་ལམ་སྟེ། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་རོལ་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་ཡང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དྲུག་པ་ཟུང་འཇུག་བར་དོའི་གདམས་པ་ལ་གཉིས་ཏེ། ཚེ་འདིར་ཉམས་སུ་བླངས་པས་རྟོགས་པ་ཟུང་འཇུག་གི་གནད་དང༌། བར་དོ་དངོས་ཀྱི་གདམས་པའོ། །དང་པོ་ནི། སྤྱིར་བར་དོའི་དབྱེ་བ་མང་ཡང་སྐབས་འདིར་དགོས་པ་ལ་ལྟོས་ནས། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་དང་ཆོས་ཚན་བཞི་ལས། དང་པོ་གཉིས་སུ་གདམས་པའི་རྩལ་སྦྱོང་སྟེ། ཉིན་དུས་སྒྱུ་ལུས་འོད་གསལ་གྱི་གནད་དང༌། བར་དོའི་འཆར་ཚུལ་ལ་གོམས་པས། རྨི་ལམ་དུ་འབྱོངས་པ་ནི་བར་དོར་གྲོལ་ཚད་ངེས་པ་སྟེ། དེའང་གནད་གཅིག་ཏུ་དྲིལ་ན། ཡོད་པ་ཆེད་དུ་མི་སྤང༌། མེད་པ་ཆེད་དུ་མི་བསྒྲུབ། ཡོད་པ་ལ་མངོན་པར་མི་ཞེན། མེད་པ་ལ་སྡུག་རྟོག་མི་བྱ། བྱ་བཞག་དང་ལེགས་ཉེས་དང་སྣང་ཚུལ་དང༌། འཛིན་རྟོག་གང་ལའང༌། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་བག་ཆགས་གཉེན་པོ་དང་བཅས་པ་རྒྱུད་ལ་མི་བསྟེན་པར། ཕྱད་མ་ཕྱོད། བན་མ་བུན། འལ་མ་འོལ། ཤར་སྣང་རྗེས་མེད་ཐུགས་ཕྲད་ཀྱི་སྣང་བ་ལ་སྤྱད་པས། སྣང་བ་སྣང་ཐོག་ནས་གྲོལ། དངོས་པོར་འཛིན་པ་དག །དེ་ཡང་སྣང་ཐོག་ནས་གྲོལ་བ། བྱེའུ་ཁྲས་ཁྱེར་བ་ལྟ་བུའོ། །འགྱུ་བ་འགྱུས་ཐོག་ནས་གྲོལ། རང་ཡལ་རྗེས་མེད། དེ་ཡང་བར་སྣང་གི་སེར་བུ་ཡལ་བ་ལྟ་བུའོ། །སྣང་ཤེས་གཉིས་མེད་དུ་གྲོལ། ཕྱི་ནང་རིས་མེད། དེ་ཡང་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ། །དེ་ལྟར་རྟོགས་པས་བག་ཆགས་ཀྱི་ཞེན་པ་ཆོད་དེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཅད། མ་འོངས་པའི་སྡུན་མ་བསླངས། ད་ལྟའི་ཤེས་པ་སོ་ལ་བཞག་ན། སྔ་ཕྱི་མེད་པར་འདྲེས་ནས། གཅིག་འདུས་ངོ་བོ་ཉིད་ཅིས་བྱ་སྟེ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་རོ་ཞེས་སོ། །གཉིས་པ་བར་དོ་དངོས་ཀྱི་གདམས་པ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་གྱིས་ཐིམ་ནས། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། དབུ་མའི་ཡར་སྣའི་ཧཾ་དང་མར་སྣའི་ཨ་གཉིས་སྙིང་གར་འདུས་པས་བདེ་གསལ་རྣམ་པར་མི་རྟོག་པའི་འོད་གསལ། སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། ཉེ་བར་ཐོབ་པའི་ཡེ་ཤེས་བཞི་སྐད་ཅིག་གཅིག་དང༌། གཉིས་དང་གསུམ་དང༌། བཞིར་འཆར་ཏེ། སྔར་འོད་གསལ་ལ་གོམས་པའི་རྣལ་འབྱོར་པས་དེར་ངོས་ཟིན་ནས་འོད་གསལ་མ་བུ་འདྲེས་ཏེ། སྐད་ཅིག་མ་ལ་ཡར་ཀ་དག་ཆོས་སྐུའི་དབྱིངས་སུ་ཟང་ཐལ་ལོ། །དེར་མ་ཟིན་པ་རྣམས་ལ་སྲིད་པའི་བར་དོར་དབང་པོ་འབྲིང་རྣམས་ཡི་དམ་ལྷའི་སྒྱུ་ལུས་ཤར་བས་གྲོལ་ལ། ཐ་མ་རྣམས་ལས་བཟང་པོའི་འཕྲོ་མཐུད་དེ། ཕྱི་མ་ལ་བླ་ན་མེད་པའི་ཆོས་དང་ཕྲད་ནས་གྲོལ་བར་ངེས་སོ། །སྒྱུ་འཕྲུལ་ལས། སྐྱེ་འདིར་གྲོལ་བ་མ་ཐོབ་ཀྱང༌། །སྐྱེ་གཞན་སྲིད་པར་གྲོལ་བར་འཐོབ། །ཅེས་སོ། །ཐུན་མོང་གི་ལུགས་ལའང་དེ་ཁོ་ན་ཉིད་ལ་མོས་པ་དག་ཕྱི་མར་གྲོལ་བར་བཤད་དེ། བཞི་བརྒྱད་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གི་འཕྲོས་དང་བཅས་པས་ཐེག་པ་ཆེན་པོའི་བསམ་གཏན་བཤད་ཟིན་ཏོ། །གསུམ་པ་བདེ་བར་གཤེགས་པའི་དགོངས་པ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོངས་སུ་ཤེས་པར་བྱ། །དེ་ལ་གོམས་པར་གྱུར་ན་ཡང༌། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །ཡང་དག་ལམ་ཡང་དེ་བཞིན་ནོ། །ཞེས་སོ། །རྒྱས་པར་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལ། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགག །མ་བསྒོམས་བལྟས་པས་དྲོད་ཚད་རྙེད། །ཅེས་སོ། །དེའང་ཆོས་ཉིད་མའི་སྣང་བ་ལ་རེ་དོགས་སྤྲོ་བསྡུ་མེད་པས་མཉམ་རྗེས་རིས་མེད་ཆེན་པོར་དགོངས་པ་བར་མཚམས་མེད་པ་ཆུ་བོ་རྒྱུན་ཀྱི་རྣལ་འབྱོར། ནམ་མཁའ་མཐའ་དབུས་མེད་པའི་རང་བཞིན་ལ་ཡེངས་དང་མ་ཡེངས་མེད་པ་ཀློང་གྱུར་གཅིག་ཏུ་འཇོག་པ་ཡིན་ནོ། །འདིའི་དུས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱ་སྟེ། ཉིན་མོ་འདས་པའི་ཆ། མཚན་མོ་འཁོར་བའི་ཆ། ཉིན་མཚན་ཁྱད་མི་ཕྱེད་པར་ཤར་༩བས། །སྒོམ་ཉམས་ཉིན་མོ་གསལ་རྒྱུ་མེད། མཚན་མོ་མི་གསལ་བ་མེད་པར་ཕྲིལ་གྱིས་སོང་བ་ཡིན་ནོ། །དོན་གཉིས་པ་དེའི་མན་ངག་རྒྱ་མཚོ་ཅོག་གཞག་གི་ཐབས་ནི། མིག་ཆུའི་དངས་མ་ལ་རྒྱ་མཚོ་ཟེར་ལ། དེ་མི་འགུལ་བར་འཇོག་པས་རྒྱ་མཚོ་ཅོག་གཞག་ཅེས་བྱའོ། །དེ་ཡང་མི་བསྒོམ་ན་མི་བསྒོམ། སྒོམ་བྱེད་ཕན་ཆད་མིག་མི་འཛུམ་པར་ཧྲིག་གེ་ལྟ་བ་གནད་ཡིན་ནོ། །དེ་ལྟར་བྱས་པས་དཔེར་ན་རྒྱ་མཚོར་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་ཅི་སྣང་བ་ཐམས་ཅད་བཀྲ་ཡལ་ལེ་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་མེད་པས་རྒྱ་མཚོ་ལ་མ་གོས་པ་བཞིན་དུ། རྣལ་འབྱོར་པའི་མིག་ལམ་དུ་ཕྱིའི་སྣང་བ་ཤར་ཚད་སྣང་ངོར་སྣང་ཡང༌། སྣང་ཐོག་ཏུ་ཤེས་པ་མ་ཤོར་བས་གཟུང་ཡུལ་དུ་མེད་དེས་མ་གོས་པས། ཕྱི་སྣང་བས་ཤེས་པ་ལ་མ་གོས། ནང་ཤེས་པས་སྣང་བ་ལ་མ་བཟུང༌། སྣང་ཤེས་འབྲེལ་དོན་ཆད་པས་གཟུང་འཛིན་ཡུལ་མེད་དུ་སངས་ཏེ་ཚོགས་དྲུག་ལྷུག་པའི་སྒོམ་པ་ཞེས་བྱའོ། །འདི་ལ་སྒོམ་པ་དངོས་དང༌། གོལ་ས་བཅད་པ་གཉིས་ལས། དངོས་ནི་རླུང་སེམས་གནད་ལ་གཅུན་ནས་ཤེས་པ་རང་སོར་བཞག་པ་སྟེ། ཐལ་འགྱུར་ལས། སྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །ཞེས་པ་དང༌། ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་ཀུན་སྤངས་ཏེ། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པ། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །དེའི་ཚེ་ཆོས་ཉིད་ཡེ་གཞག་གི་དགོངས་པར་རྫོགས་ཏེ། ཀློང་དྲུག་པ་ལས། དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་དངས་པ་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །ཞེས་སོ། །གཉིས་པ་གོལ་ས་བཅད་པ་ནི། །དེ་ཡང་ཚོགས་དྲུག་འགགས་ནས་དྲན་མེད་དུ་སོང་ན། ཞི་གནས་ཕྱོགས་གཅིག་ཏུ་སོང་བས་ཏེ་གོལ་སའོ། །འཕྲོ་རྒོད་རྒྱ་འབྱམས་ལ་སོང་ན་གོལ་སའོ། །གཏིང་གསལ་རང་གདངས་མ་རྙེད་ན་གོལ་སའོ། །རྩེ་གཅིག་ཐིས་ཕུར་དུ་འཛིན་ན་གོལ་སའོ། །མདོར་ན་རིག་པ་རང་གསལ་རྒྱ་གྲོལ་འཛིན་མེད་རང་གནས་ཀྱི་སྒོམ་པ་ལས་གཞན་རྣམས་གོལ་ས་ཡིན་པར་རིག་པར་བྱའོ། །ཐལ་འགྱུར་ལས། མགོ་ལ་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པར་མ་འགྱུས་པ། །ཤེས་པ་ཉིད་ལ་སྤྱོད་པའི་ཡིད། །ཕྱིར་ལ་སྤྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །ཅེས་སོ། །དེའང་ཤེས་པ་ལ་སྣང་བས་མ་གོས། སྣང་བ་ལ་ཤེས་པས་མ་སྤྱད། རང་བཞིན་གསལ་དངས་ཕྱེད་ལ་རྩེ་གཅིག་འཛིན་པའི་བརྟོད་ཕུར་མེད་པར། ཡངས་པ་ཁྲོལ་ལེ་རྒྱ་ཡན་རང་སངས་ཆེན་པོ་ཕྱལ་ཕྱལ་བ་ནི་རང་བྱུང་ཡེ་ཤེས་ཀྱི་སྒོམ་པ་སྟེ། དེ་ཉིད་ལས། སྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །ཞར་ལ་མ་བསྒོམས་པའི་སྐྱོན་ནི། དེ་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་དང༌། །ཚིག་དང་བཅས་ཏེ་ལྟ་བ་དང༌། །དམིགས་དང་བཅས་པའི་ཡུལ་དག་དང༌། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང༌། །འབྲས་བུའི་རང་བཞིན་མ་ཤེས་དང༌། །ཆོས་ཀུན་མཉམ་པའི་གཞི་མེད་དང༌། །རང་རིག་ཁམས་གསུམ་བཅིངས་པ་དང༌། །རྟོག་དང་བཅས་པའི་ལྟུང་བར་འགྱུར། །ཅེས་སོ། །དེས་ན་སྒོམ་པ་ལ་བརྩོན་པར་བྱའོ། །གསུམ་པ་དེའི་དགོངས་པ་སྣང་སྲིད་གཞི་གཞག་གི་ཆོས་ཉིད་འཆར་བ་ནི། སྔར་གཞིར་བཞེངས་ཞེས་རྟོག་དཔྱོད་ཀྱིས་གང་སྣང་ལམ་དུ་བྱེད་པ་ཀུན། སྐབས་འདིར་སྤྲོས་པ་ཚོད་ཟིན་ནས་རང་གཞག་ལ་གྲོལ་བས། གཞི་དངོས་པོའི་འདུག་ཚུལ་ལས་མི་གཡོ་ཞིང་དེའི་སྟེང་དུ་གནས་ནུས་པའི་ཕྱིར་རོ། །ཀློང་དྲུག་པ་ལས། རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་སྣང་བས། །རང་རིག་གསལ་བའི་ཡུལ་ངོ་ཤེས། །གཞིར་བཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བསམ་པ་མེད་པའི་སེམས་ཉིད་ལ། །རང་གནས་ལྷུན་འབྱམས་སྣང་བ་ནི། །སྒྲ་བཞི་རང་ལོགས་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲན་པ་མེད་པའི་སེམས་ཉིད་ལ། །འགྱུ་བྱེད་རང་དག་སྣང་བ་ནི། །འཛིན་པ་རང་དག་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་དེའི་འབྲས་བུ་ནི། ཉོན་མོངས་པ་རང་རྒྱས་བཏབ་པས། ཉོན་མོངས་རང་དག་གི་ཆ་དེ་ཡེ་ཤེས་སུ་ཤར་ནས། སྣང་བཏགས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཆོས་སྐུའི་ངང་དུ་རང་གསལ་རྗེན་པར་གྲོལ་བ་ཡིན་ཏེ། ཀློང་དྲུག་པ་ལས། བབས་སུ་གྲུབ་པའི་སེམས་ཉིད་ལ། །གཞིར་བཞག་ཆེན་པོ་རང་སར་དག །ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀར་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱོད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག་ །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་སེམས་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ །རེག་བྱའི་ཤེས་པ་རང་སར་དག །ཅེས་སོ། །དོན་གསུམ་པ་ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། དེའི་མན་ངག་རི་བོ་ཅོག་གཞག་གི་ཐབས། དེའི་དགོངས་པ་ཁམས་གསུམ་ཡོངས་གྲོལ། དེའི་འབྲས་བུ་ཉོན་མོངས་གནས་དག་གོ །དང་པོ་ལ་གཉིས་ཏེ། ལྟ་བ་སྤྱིའི་རབ་ཏུ་དབྱེ་བ་དང༌། །རང་གི་དོན་ངོས་གཟུང་བའོ། །དང་པོ་ལ་རང་བཞིན། དབྱེ་བ། ས་མཚམས་གསུམ་ལས། ལྟ་བའི་རང་བཞིན་ནི། སྣང་སྲིད་སྣོད་བཅུད་ཡེ་ནས་གྲོལ་བར་གནས་པ་རྟོག་པའི་བློ་དང་འབྲེལ་བ་སྟེ། ཐལ་འགྱུར་ལས། ལྟ་བའི་རང་བཞིན་སྣོད་བཅུད་ལ། །མ་ཁྱབ་མེད་པས་གང་ཡང་གྲོལ། །གྲོལ་བའི་ཆོས་ལ་རྣམ་སྨིན་བྲལ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཇི་ལྟར་སྤྱད་ཀྱང་མི་རྟོག་སྟེ། །སྤང་དང་བླང་མེད་རང་སྣང་ངོ། །ཞེས་སོ། །དབྱེ་ན་ཚིག་དོན་ལྟ་བའི་ལྟ་བ། །རྣམ་གྲངས་པའི་ལྟ་བ། རང་བཞིན་གྱི་ལྟ་བ་གསུམ་ལས། དང་པོ་ནི་ཚིག་གི་ལྟ་བ་སོ་སོའི་ཡིད་དཔྱོད་ཀྱིས། ཡེ་ནས་བྱ་བྲལ་དུ་འདོད་པ་དང༌། འབད་མེད་ཡེ་གྲོལ་དུ་འདོད་པ་དང༌། བློ་རིམ་གོང་ནས་གོང་ཁྲིད་ལ་ལྟོས་ནས་རིས་མི་འདྲར་འདོད་པ་དང༌། དགེ་སྡིག་ལས་འདས་པར་འདོད་པ་དང༌། བྱས་མེད་བྱུང་མེད་ཆེན་པོར་འདོད་པ་དང༌། །མ་བསྒྱུར་རང་དག་ཆེན་པོར་འདོད་པ་དང༌། རང་ཤར་རང་གྲོལ་ཆེན་པོར་འདོད་པ་དང་བདུན་ནོ། །དོན་གྱི་ལྟ་བ་རིག་པ་རང་ཐོག་ཏུ་ལྟ་བ་སྟེ། དེ་ཉིད་ལས། དེ་ལ་ལྟ་བ་རྣམ་པ་གཉིས། །ཚིག་གི་ལྟ་དང་དོན་གྱི་ལྟ། །ཚིག་གི་ལྟ་བ་བདུན་རིམ་ལས། །སོ་སོའི་འདོད་པ་བློ་བྱས་ཏེ། །བྱ་བྲལ་འབད་པ་མེད་པ་དང༌། །རིམ་འཇུག་རང་གཞན་ཁྱད་འདོན་དང༌། །སྲོག་བཅད་དགེ་སྡིག་བྲལ་བ་དང༌། །བྱས་མེད་བྱུང་ས་མེད་པ་དང༌། །མ་བསྒྱུར་སྣང་བ་རང་དག་དང༌། །ཉོན་མོངས་རང་གཞག་གྲོལ་བར་འདོད། །དོན་ནི་ཆོས་ཉིད་མངོན་སུམ་ལ། །ཤེས་རབ་ཀྱིས་ནི་མ་ཡིན་པར། །དབང་པོའི་སྤྱོད་ཡུལ་ཉིད་དུ་ལྟ། །ཞེས་སོ། །ཚིག་གི་ལྟ་བ་ནི་རྫོགས་པ་ཆེན་པོ་སེམས་ཀློང་སྤྱིའི་ལྟ་བ་བསྡུས་པའོ། །གཉིས་པ་རྣམ་གྲངས་པའི་ལྟ་བ་ནི་རིམ་དགུ་སོ་སོའི་ལྟ་བ་རྣམས་ཏེ། ཐལ་འགྱུར་ལས། བརྗོད་ཚིག་མིང་གི་རྣམ་གྲང་ནི། ཕྱི་དང་ནང་དང་གསང་བ་དང༌། །བླ་ན་མེད་པའི་ལྟ་བ་བཞིའོ། །ཕྱི་ནི་ཆོས་ཅན་ལྟ་བ་ལ། །རིམ་བརྒྱད་བློ་ཡི་འདོད་པ་སྟེ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ནང་གི་ཆོས་ཉིད་ལ་བལྟས་པས། །ངོ་དང་རང་བཞིན་སྒྱུ་མར་མཐོང༌། །གསང་བ་རང་རིག་ལ་བལྟས་པས། །ལུ་གུ་རྒྱུད་དུ་འབྲེལ་ཆགས་མཐོང༌། །ཁོ་ན་ཉིད་ནི་དབྱིངས་རིག་གོ །ཞེས་སོ། །གསུང་པ་རང་བཞིན་གྱི་ལྟ་བ་ལ། གནས་པའི་ལྟ་བ་འཁོར་འདས་གདོད་ནས་མྱ་ངན་ལས་འདས་པ་དང༌། མཐོང་དག་གི་ལྟ་བ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་དང༌། རང་བཞིན་གྱི་ལྟ་བ་སྣང་སྲིད་ཡེ་གྲོལ་དུ་སྣང་བ་དང༌། བཅོས་མེད་ཀྱི་ལྟ་བ་མཐའ་གྲོལ་ཀློང་ཡངས་ཆེན་པོ་སྟེ། །དེ་ཉིད་ལས། །གཞན་ཡང་ཆོས་ཉིད་འཁོར་ལོ་བཤད། །གནས་པའི་ལྟ་བས་ཆོས་ཀུན་རྟོགས། །རང་བཞིན་དག་པས་འཁོར་འདས་ཕྱེད། །བྱས་པ་མེད་པས་བྱུང་བ་སྟོར། །ཡང་དག་ལམ་དུ་སྟོང་པས་ཁྱབ། །རྫོགས་འབྱུང་ཆེན་ཉིད་སྟོང་པའོ། །བྱ་བ་མེད་པས་བྱུང་མེད་རྫོགས། །འཁོར་བ་དག་པས་འདས་པའོ། །གཞན་ཡང་མཐོང་དག་ལྟ་བ་ནི། །དངོས་མེད་རང་དག་རྫོགས་པ་ཆེ། །ལྷ་ལ་མཆོད་པ་མི་དགོས་ཏེ། །སྔགས་ཀྱི་བཟླས་བརྗོད་དཀའ་ཐུབ་མེད། །བདུག་པ་མར་མེ་ལྷ་བཤོས་ཅི། །ཚོགས་དང་གཏོར་མ་མཆོད་པ་མེད། །གཏོང་དང་སྦྱིན་སྲེག་མཆོད་བྱེད་མེད། །ཕ་རོལ་ཕྱིན་དྲུག་ལས་མཐའ་མེད། །དེ་ལྟར་གཞི་རྩ་གང་མེད་པས། །སྲོག་གཅོད་མ་བྱིན་བླང་དང་མི་ཚངས་སྤྱོད། །ལྟ་བ་མེད་དང་སྒོམ་དང་སྤྱོད་པ་མེད། །བལྟར་མེད་དཔྱད་དུ་མེད་པས་བསྒོམ་པའི་འདོད་པ་གང༌། །སྟོང་དང་གསལ་བ་སེམས་ཀྱི་འདོད་པ་གང༌། །དེ་བཞིན་ཆོས་དང་སངས་རྒྱས་ཆོས་མེད་པའོ། །གཞན་ཡང་རང་བཞིན་ལྟ་བ་བསྟན་པ་ནི། །ས་ཆུ་མེ་རླུང་འབྱུང་བ་མངོན་སངས་རྒྱས། །བཅོས་པ་མེད་པ་རང་གྲོལ་ཆེན་པོ་ཉིད། །འདོད་ཆགས་ཞེ་སྡང་གཏི་མུག་བྱང་ཆུབ་གཞི། །རྣམ་རྟོག་ལས་ཀྱི་སྤྱོད་པ་རྟོགས་པའི་གདེང༌། །འཁོར་བ་མ་སྤངས་སངས་རྒྱས་དགོངས་པའོ། །ལུས་དང་ངག་ཡིད་དང་བས་སྐུ་གསུམ་རྫོགས། །སེམས་དང་མ་རིག་འཁྲུལ་པ་ཆོས་ཉིད་གཞི། །ལས་དང་བག་ཆགས་ཞེན་པ་ལྟ་གནད་དོ། །གཞན་ཡང་བཅོས་མེད་ལྟ་བ་ནི། །ཆོས་ལས་མ་བྱུང་སངས་རྒྱས་པ། །རྒྱུ་ཡིས་མ་བསྐྱེད་འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླངས་ཏེ། །ལུང་ལས་མ་བྱུང་དྲུག་པའི་མཐའ། །རྒྱུད་ལ་མ་བརྟེན་མན་ངག་གིས། །མྱ་ངན་འདས་པའི་རྩ་བ་བཅད། །འཁོར་བའི་འབྲས་བུ་སྨིན་པར་བྱས། །ཡང་དག་མ་ཡིན་མ་དག་གཞི། །ཉོན་མོངས་དྲུག་གི་གཞི་མ་ལ། །བྱང་ཆུབ་ས་བོན་སྟོངས་པར་བྱས། །ངན་སོང་གསུམ་གྱི་གཟུགས་སྨིན་ཏེ། །སྐུ་གསུམ་པོ་ཡང་ལག་བཅངས་སོ། །ཞེས་སོ། །ཐ་མ་འདི་རང་རིག་ལྷུན་གྲུབ་ཆེན་པོའི་ལྟ་བ་སྟེ། །གྲོལ་འཁྲུལ་གཉིས་ཀྱི་རང་བཞིན་ལྟ་བར་གཏན་ལ་ཕབ་པའོ། །བརྗོད་བྱའི་ལྟ་བ་ཞེས་གྲགས་པ་ཡིན་ནོ། །གསུམ་པ་ས་མཚམས་ནི། ལྟ་བ་སྤྱིའི་ས་མཚམས་རང་རང་གི་རྟོགས་པ་དང་འབྲེལ་དུས་ཀློང་དུ་ཕེབས་པ་ཡིན་ལ། ཁྱད་པར་དུས་ཚིག་དོན་གྱི་ལྟ་བའི་ས་མཚམས་ཡིད་དཔྱོད་དང༌། དེ་ལས་འདས་པས་འབྱེད་དེ། ཐལ་འགྱུར་ལས། ཐལ་འགྱུར་ལས། ཚིག་དོན་ལྟ་བའི་ས་མཚམས་ནི། ཚིག་ནི་བརྗོད་པའི་རྒྱུ་ཡིན་ཏེ། །གང་གིས་བརྗོད་དང་སྤྲུལ་བྱེད་པ། །དེ་ལས་བསམ་པས་ཡིད་དཔྱོད་དོ། །མངོན་སུམ་ཚད་ནི་གསུམ་དག་གིས། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །ཅེས་སོ། །གཉིས་པ་རང་གི་ལྟ་བ་ངོས་གཟུང་བ་ནི། རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་སྟེ། དབྱེ་ན་གསུམ་ལས། དང་པོ་ཕྱི་ཆོས་ཅན་ལ་བལྟས་པས་ཆོས་ཅན་རང་བཞིན་མེད་པར་མཐོང༌། དེ་ཡང་ཆོས་ཅན་དུམ་བུ་ལ་རྡོ་རྗེའི་མིག་གིས་བལྟས་པས་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་མཐོང་སྟེ། འཁྲུལ་པ་ཡང་དག་ཏུ་གྲུབ་པ་མེད་པར་རྟོག་པས་ཁམས་གསུམ་དུ་ལྡོག་པའི་དོགས་པ་མེད་པས་བློ་བདེ། ཆོས་ཅན་བྱེ་བྲག་པ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས། ཀུན་རྫོབ་ཀྱི་སྣང་བ་གཞི་མེད་ཡེ་དག་ཆེན་པོར་རྟོགས་པས། རིག་པ་ལ་ལས་དང་བག་ཆགས་མེད་པའི་བློ་བདེ་རྙེད་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཕྱི་ཡི་ལྟ་བ་འདི་ལྟ་སྟེ། དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་གང་གོམས་པ། །འདིས་ནི་སྣང་སྟོང་གཉིས་སུ་མེད། །ཚོགས་དྲུག་མ་བཀག་ལྷུག་པའོ། །ཞེས་པ་དང༌། རང་ཤར་ལས། ཆོས་ཅན་མཚན་མར་སྣང་བ་ལ། །མིག་གི་དབང་པོ་མ་འགགས་པས། །སེམས་ཀྱི་ལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡི། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་ངོ་བོ་ལས། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཞེས་སོ། །གཉིས་པ་ནང་ཆོས་ཉིད་ལ་བལྟས་པས་རང་བཞིན་མེད་པར་ཡེ་ཤེས་ཀྱི་མིག་གིས་མཐོང་སྟེ། རང་རིག་ཏུའང་འཛིན་པའི་སེམས་མེད་པར་རྟོགས་པས། ཆོས་ཟད་ཀྱི་ངང་དུ་བློ་བདེ་བ་ནི། རང་ཤར་ལས། ཆོས་ཉིད་རིག་པ་སྐྱེད་མེད་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །རིག་པ་དགག་སྒྲུབ་མེད་པ་ལ། །ཞེན་པའི་སྤྱོད་པ་ག་ལ་ཡོད། །ཆོས་ཉིད་རྟོག་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །བྱ་བྱེད་བྲལ་བའི་རིག་པ་ནི། །གང་གི་ཕྱོགས་སུ་མ་ལྷུང་ན། །སྒོམ་པ་ཆེན་པོ་ཞེས་བྱའོ། །དེ་ཡང་རྟོགས་བྱེད་འདི་ལྟ་སྟེ། །འདུ་ཤེས་གཅིག་པའི་ཤེས་རབ་ཀྱིས། །བློ་གཏིང་ཡིད་ཆེས་གྱུར་པ་དང༌། །ཆོས་ཉིད་སྐྱེ་མེད་རྟོགས་གྱུར་ན། །ཡེ་ཤེས་ཆེན་པོ་སྐྱེ་བར་འགྱུར། །ཅེས་སོ། །གསུམ་པ་གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་སུ་མེད་པར་མཐོང་སྟེ། ཡིད་དཔྱོད་ཚིག་གིས་སངས་རྒྱས་མི་ཐོབ་པར་ཐག་ཆོད། འཁོར་འདས་ཀ་དག་ཆོས་ཟད་དུ་མཐོང་བས་བློ་བདེ་བ་ནི། ཉི་ཟླ་ཁ་སྦྱོར་ལས། དབྱིངས་དང་རིག་པ་སུས་མཐོང་བ། །འདིས་ནི་སངས་རྒྱས་ས་ལ་གོམས། །འདི་ལས་ཐབས་གཞན་གོང་ན་མེད། །ཡིད་ཡོད་འཛིན་ལས་ཁྱད་པར་འཕགས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་སོ། །དེ་ལྟ་བུའི་ལྟ་བ་རྣམས་ལ་མིང་དུ་བཏགས་ནས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ནས་ཁམས་གསུམ་དུ་མི་ལྡོག་པར་ཚེ་འདི་ཉིད་ལ་སངས་རྒྱ་བའོ། །དེའང་དབང་པོའི་ཁྱད་ཀྱིས་རབ་འདི་ཉིད། །འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུར་སངས་རྒྱ་བས་ཏེ། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེས་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེས་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་འགྲོལ། །ཅེས་སོ། །གཉིས་པ་དེའི་མན་ངག་ཏུ་རི་བོ་ཅོག་གཞག་གི་ཐབས་ནི། ཐམས་ཅད་ལྟ་བས་ཐག་ཆོད་དུ་བཅོས་བསླད་མེད་པར་སྣང་བ་སྣང་ཐོག །རིག་པ་རིག་ཐོག་ཏུ་བཞག་པས། ཐེག་པ་ཀུན་གྱི་དགོངས་པ་དེར་འདུ་ལ་དེའི་ངང་ནས་ཐམས་ཅད་ཀྱི་དོན་མཐོང་ཞིང༌། གཞན་གྱིས་འདིའི་དོན་མི་མཐོང་སྟེ། དཔེར་ན་རི་རྒྱལ་གྱི་རྩེ་ནས་དམའ་བའི་ལུང་པ་རྣམས་དུས་གཅིག་ལ་མཐོང་ཡང༌། ཀླུང་ནས་རི་བོའི་རྩེ་མི་མཐོང་བ་བཞིན་དུ། རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྱིས་གྲུབ་པའི་ངོས་ནས་བལྟས་པས་ཐེག་པ་རིམ་དགུའི་འདོད་པ་རང་ལུགས་སུ་རྟོགས་ལ། ཐེག་པ་གཞན་གྱིས་འདིའི་དགོངས་པ་མི་རྟོགས་ཤིང༌། ཁམས་གསུམ་ཡོངས་གྲོལ་ཆེན་པོར་རྫོགས་ཏེ། ཀློང་དྲུག་པ་ལས། ལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པ་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བར་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞན་ཆེན་པོ་འི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །ཞེས་སོ། །གསུམ་པ་དེའི་དགོངས་པ་ཁམས་གསུམ་ཡོངས་གྲོལ་ནི། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས་བལྟས་ན་མ་གྲོལ་བ་གང་ཡང་མེད་དེ་ཡེ་ནས་བཅིངས་གྲོལ་ལས་འདས་པ་གཞི་མེད་རང་སྣང་ཆེན་པོ་རྨི་ལམ་སྒྱུ་མའམ་ནམ་མཁའི་རང་བཞིན་དུ་མཐོང་བས། མཁའ་མཉམ་ཀློང་ཆེན་གྱི་དགོངས་པར་རྫོགས་ཏེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམ་ལྷག་མཐོང་སྣང་བར་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་སྣང་བ་ཆེན་པོ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་དེའི་འབྲས་བུ་ཉོན་མོངས་གནས་དག་ནི། དེའི་ཚེ་ཉོན་མོངས་པ་མ་སྤངས་ལ་མི་གནས་པར་གནས་སུ་དག་པ་ནམ་མཁའ་ལ་སྤྲིན་དེངས་པའམ། ཆུའི་རྙོག་དེངས་པ་ལྟར་དང་པོ་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མ་འཁྲུལ་མི་སྲིད་པའི་གཞི་ཡིན་ཐོག་ཏུ་ཕེབས་པས། ཆོས་བོར་བའི་གང་ཟག་ཅེས་བྱ་སྟེ། ཡང་དེ་ཉིད་ལས། ཆོས་ཉིད་སྣང་བའི་སེམས་ཉིད་ལ། །བདེ་དང་ངར་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བར་རང་སར་དག །ཟག་བཅས་སྣང་བའི་སེམས་ཉིད་ལ། །བསྐྱེད་པའི་འབྱུང་བ་རང་སར་དག །ཟག་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་རྐྱེན་དྲི་མ་རང་སར་དག །ཅེས་སོ། །འདི་ནི་ལྟ་བ་བསྟན་པའི་འབྲས་བུའོ། །དོན་བཞི་པ་འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། རང་བཞིན་རྣམ་དག་གི་འབྲས་བུ། དེའི་མན་ངག་ཏུ་རིག་་པ་ཅོག་གཞག་གི་ཐབས། སྲིད་གསུམ་ཀ་དག་གི་དགོངས་པ། ཉོན་མོངས་རང་གྲོལ་གྱི་འབྲས་བུའོ། །དང་པོ་ལ རྒྱལ་པོ་གདན་ས་ཟིན་ཏེ་མི་འགྱུར་བ། དམངས་ཆམ་ལ་ཕེབས་ཏེ་མི་འགྱུར་བ། བློན་པོ་བཙོན་དུ་ཟིན་ཏེ་མི་འགྱུར་བ་གསུམ་ལས། དང་པོ་ནི། དཔེར་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རང་གི་རྒྱལ་ས་ཟིན་ཏེ་མི་འགྱུར་བ་དང་འདྲ་བར། རིག་པ་རང་ས་ཟིན་ཏེ་ཆོས་ཉིད་ལས་མི་འགྱུར་བས་རང་ས་ཟིན་པའོ། །གཉིས་པ་ནི་རྒྱལ་པོ་གཅིག་གིས་ཡུལ་ཁམས་ལ་དམག་དྲངས་ནས་འཕངས་ཆམ་ལ་ཕེབས་དུས་དེའི་རྒྱལ་འབངས་སྐོར་དང་བཅས་པས་འགྱུར་ས་མེད་པ་དང་འདྲ་བར། སྒོ་ལྔའི་རྣམ་ཤེས་འཆར་བའི་གཞི་སྟོངས་པས་འཁོར་བའི་མིང་མེད་པའོ། །གསུམ་པ་ནི་རྒྱལ་པོ་ཞིག་གི་བློན་པོ་དམ་པ་ཡུལ་གཞན་གྱི་རྒྱལ་པོས་བཙོན་དུ་བཟུང་ན། རྒྱལ་པོ་དེ་ཡང་གཞན་གྱི་རྒྱལ་པོ་ཅི་ཟེར་ལ་ཉན་དགོས་པ་དང་འདྲ་བར། ཡིད་ཀྱི་རྣམ་པར་ཤེས་པ་འགྱུ་བ་རྒྱུན་ཆད་པས། དེའི་འཆར་གཞི་རིག་པ་རང་དབང་ཐོབ་པའོ། །དོན་གྱི་འབྲས་བུ་རྒྱུར་མི་ལྡོག་་པ་བསེ་ཤིང་གི་འབྲས་བུ་ལྟ་བུ་སྟེ། རྩོལ་བས་བྱས་པས་བྱུང་བ་ལྟ་བུ་མ་ཡིན་ཏེ། ཡེ་ནས་དེ་ལྟར་གནས་པའི་དོན་ཐོག་ཏུ་ངང་གིས་ཕེབས་པས་འབྲས་བུ་ཞེས་ཐ་སྙད་དུ་བརྗོད་པའོ། །གཉིས་པ་དེའི་ཐབས་རིག་པ་ཅོག་གཞག་གི་མན་ངག་ནི་ཐམས་ཅད་རིག་པའི་ངང་དུ་ཡེ་ནས་རང་ཤར་རང་གནས་རང་གྲོལ་བར་ཐག་ཆོད་པས་རིག་པ་གང་ཤར་དེ་ཉིད་ཤར་ས་དེར་བཅོས་བསླད་མེད་པར་ཕྱལ་ཡས་སུ་འཇོག་པ་སྟེ། ཀློང་དྲུག་པ་ལས། ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་དོགས་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ཚང་བར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ །ཐེག་པ་སོ་སོར་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ནི་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །ཞེས་སོ། སྲིད་ གསུམ་ཀ་དག་ནི་སྒོ་གསུམ་གྱི་ཞེན་རྟོག་ལས་དང་བག་ཆགས་ཐམས་ཅད་རང་སངས་ཆེན་པོར་དག་པས་འཁོར་འདས་རེ་དོགས་དང་བྲལ་བའི་དགོངས་པ་རྙེད་པ་སྟེ། དེ་ཉིད་ལས། ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་གཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ཡང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །བཞི་པ་ཉོན་མོངས་ངར་གྲོལ་གྱི་འབྲས་བུ་ནི། དེའི་ཚེ་ཉོན་མོངས་དང་རྟོག་ཚོགས་གང་སྐྱེས་དེ་ཉིད་ཚུགས་མི་ཐུབ་ཟུངས་མེད་པར་ཐད་དྲང་དུ་རང་ཞིག་རང་གྲོལ་ལ་སོང་བ་ནི། དཔེར་ན་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་རང་ཞི་ལ་སོང་བ་བཞིན་ནོ། །དེའང་འཁོར་འདས་ཀྱི་འཛིན་པ་དང་བྲལ་བས་ཆོས་ལས་འདས་པའི་རྣལ་འབྱོར་པ་ཞེས་བྱ་སྟེ། བྱུང་ཚོར་དང་རྣམ་རྟོག་རང་ཞིག་ལ་སོང་བ་ནི། ཀློང་དྲུག་ལས། དམིགས་པར་སྣང་བའི་སེམས་ཉིད་ལས། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བར་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་བྲལ་བའི་སེམས་ཉིད་ལ། །དྲན་པའི་ཟུངས་རྣམས་རང་སར་དག །ཅེས་གསུངས་སོ། །འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་ལས་བློ་སྤྲོས་པ་ཅན་གྱི་དོན་དུའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ་སྟེ་རིམ་ཁང་བཅུ་བདུན་པའོ། །དེ་ལྟར་སྤྲོས་པ་ལ་དགའ་བ་རྣམས་འཇུག་པའི་ལམ་བསྟན་ནས། ད་ནི་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱི་དོན་དུ་རིག་པ་རང་སྣང་གི་ལམ་བཟང་རྡོ་རྗེ་སྙིང་པོའི་གསང་བ་ཆེན་པོ་བསྟན་པ་ལ་གཉིས་ཏེ། ཐུན་མོང་གི་ཐེག་པ་ལས་ཁྱད་པར་འཕགས་འི་ཚུལ་ངེས་པར་བྱ་བ་དང༌། ཁྱད་པར་ཅན་གྱི་ལམ་ཉིད་བཤད་པའོ། །དང་པོ་ནི། གནད་རྣམ་པ་བདུན་གྱིས་འཕགས་ཏེ། ལམ་གཞན་རྣམས་ཤེས་རབ་ཆེ་བས་མྱུར་དུ་རྟོགས་ཤིང་གྲོལ་ཆུང་བས་མི་གྲོལ་བ་ལས། འདི་ནི་མཐོང་བ་དབང་པོའི་གནད་ཀྱིས་བརྩོན་འགྲུས་ཆེ་ཆུང་ཙམ་ལས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད་དང༌། གཞན་རྣམས་རང་རང་གི་ཆོས་ཉིད་ཡིད་དཔྱོད་པ་གདེང་དུ་འཆའ་བ་སྟོང་སྒོམ་མུན་རྡོ་འཕེན་པ་ལས། འདི་ནི་བློའི་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་ལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པའི་གནད་དང༌། གཞན་རྣམས་རྗོད་བྱེད་ཚིག་གི་རིམ་པ་ལ་ལྟོས་འཆའ་བས་དོན་གདོད་ནས་རྟོགས་སུ་རེ་བ་ལས། འདི་ནི་ཚིག་ལ་འབྲུ་གཅིག་མ་ལྟོས་པར་དོན་མངོན་སུམ་དུ་མཐོང་བས་ཚིག་གིས་སངས་མི་རྒྱ་བའི་གནད་དང༌། གཞན་རྣམས་རང་རང་གི་གནས་ལུགས་ཀྱི་དོན་བློས་ཡུལ་དུ་བྱས་པའི་གཞི་ལམ་འབྲས་བུ་རྣམ་དཔྱོད་དུས་ལ་ལྟོས་པ་ལས། འདི་ནི་རང་གསལ་མངོན་དུ་གྱུར་པས་བློས་བྱས་རྟོག་པའི་གཞི་ལམ་ལ་མི་ལྟོས་པར་སངས་རྒྱ་བའི་གནད་དང༌། གཞན་རྣམས་རྒྱུ་འབྲས་སྔ་ཕྱིར་ལྟོས་པས་བྱང་ཆུབ་གཞན་ནས་ཚོལ་བ་ལས། འདི་ནི་རྒྱུ་འབྲས་བཟང་ངན་གྱི་ལས་ལ་མི་ལྟོས་པར་བྱང་ཆུབ་རང་ལས་འཆར་བས་འབད་རྩོལ་དང་བླང་དོར་མེད་པའི་གནད་དང༌། གཞན་རྣམས་རྩ་རླུང་དང་ཐིག་ལེ་ལ་སོགས་པ་ན་སོ་གཞོན་དུས་དར་བས་བྱང་ཆུབ་འགྲུབ་ལ་རྒན་དུས་འབྱུང་བའི་སྟོབས་ཟད་པས་མི་གྲོལ་བར་འདོད་པ་ལས། འདི་ནི་རང་བྱུང་འོད་གསལ་གྱི་ཉི་ཟླ་ཁོང་ནས་འཆར་བས་བརྩོན་འགྲུས་དང་ལྡན་ན་ན་སོ་ལ་རྒན་གཞོན་མེད་པ་རལ་བའི་གནད་དང༌། གཞན་རྣམས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་དུ་འདོད་པ་ལ་ལྟོས་འཆའ་བ་ལས། འདི་ནི་སྐུ་གསུམ་ལམ་སྣང་དུ་འཆར་བས་མཐར་ཐུག་འོད་གསལ་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་དང༌། དེ་ལྟར་བདུན་གྱི་ཆེ་བས་ཐུན་མོང་གི་ཐེག་པ་ཉན་ཐོས་ནས་གསང་སྔགས་ཕྱི་ནང་རིམ་དགུ་ཀུན་ལས་འཕགས་སོ། །འོ་ན་འདི་ཡང་ཨ་ཏི་ཡིན་ན། ཨ་ཏི་ལས་འཕགས་སམ་ཞེ་ན། ཨ་ཏི་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་ཀློང་ཁ་འབྱམས་གཞི་བྲལ་ལ་གདེང་དུ་བྱེད་པས་རིག་པ་མངོན་སུམ་དུ་མཐོང་སྟེ། སེམས་དར་ཅིག་རང་གསལ་དུ་འདུག་པ་དང༌། མི་འགྱུ་དགུ་འགྱུར་འཆར་བ་མཐར་ཐུག་ཏུ་འདོད་པས། དོན་ལ་དངོས་སུ་བལྟར་མེད་པས་ཡིད་དཔྱོད་ཙམ་ལས། གནད་ངེས་པ་མངོན་སུམ་དུ་མ་མཐོང་བ་ལས་འཕགས་ལ། མན་ངག་གི་སྡེའི་ཡང༌། ཕྱི་ངན་གསང་བའི་སྐོར་གསུམ་བར་དོའི་དུས་ལ་ལྟོས་འཆའ་བ་ལས། འདི་ལ་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འདི་ཁྱད་པར་དུ་འཕགས་པ་ཡིན་ནོ། །མདོར་ན་གནད་བསམ་གྱིས་མི་ཁྱབ་པས་འཕགས་ཀྱང་བརྗོད་ཀྱིས་མིང་ལང་བས་འདིར་མ་སྤྲོས་ལ། །རྩ་རླུང་གི་གནད་ལ་བརྟེན་ཡང་ཐུན་མོང་བ་རྩ་རླུང་ཀུན་རྫོབ་རགས་པ་ལམ་དུ་བྱེད་པས་ལུས་སྦྱོང་ལ་སོགས་པ་རྩོལ་བཅས་དུ་མ་ལ་བརྟེན་པས་གེགས་དང་གོལ་ས་ཤིན་ཏུ་མང་ལ། འདི་ནི་རགས་པ་སྤང་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་འཆིང་བ་ཙམ་ལས་དེ་ལམ་དུ་མི་བྱེད་པར། དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱེད་པས་ལུས་འོད་དུ་དག་པར་སྦྱོང་ཞིང༌། འཁྲུལ་འཁོར་དང་གེགས་སེལ་ལ་སོགས་པ་ཐུན་མོང་བ་ལ་མི་ལྟོས་ཏེ། གེགས་རྣམས་འཁྲུལ་པ་ཡིན་སྡུག་བསྔལ་ཡིན། དེ་འཁྲུལ་པའི་རྩ་རླུང་ལམ་བྱེད་ལ་འབྱུང་བ་ཡིན་ཏེ་འཁྲུལ་པ་ལམ་དུ་བྱས་པའི་ཕྱིར་རོ། །འདི་ནི་དོན་དམ་མ་འཁྲུལ་པ་ལམ་དུ་བྱས་པས་གེགས་དང་གོལ་ས་མེད་པའོ། །གོལ་སའང་བློས་བྱས་ཡིད་དཔྱོད་ལ་བརྟེན་པ་རྣམས་དོན་མ་མཐོང་བས་འདྲ་གཉིས་ཀྱི་ལམ་དང་ཉམས་རྟོགས་ཀྱི་རྣམ་པར་གོལ་ཞིང་ཤེས་ཉམས་གཙོ་བོར་བྱེད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་འདའ་བ་ཡིན་ནོ། །འདི་ནི་དབང་པོས་མངོན་སུམ་དུ་མཐོང་བས་གོལ་དུ་གོལ་ས་མེད་དེ་དོན་གཏན་ལ་དངོས་སུ་ཕེབས་ཟིན་པའི་ཕྱིར་རོ། །གོལ་བ་ནི་དོན་ཚོལ་དུ་ཕྱིན་པའི་ལམ་དེར་འབྱུང་བའི་ཕྱིར་འདི་ལ་མེད་དོ། །འཁྲུལ་ས་འདི་ལ་མེད་དེ་ཤེས་ཉམས་ར་མ་རི་སྐད་ཅིག་འགྱུར་ལྡོག་ཅན་ལ་ལམ་གྱི་ཚད་འཛིན་མི་བྱེད་པར། འོད་གསལ་རང་གི་རང་གདངས་སྣང་ཉམས་སླུ་བ་མེད་པ་ལ་ཚད་འཛིན་བྱེད་པའི་ཕྱིར་རོ། །སྦྱོར་དྲུག་ལ་སོགས་པ་དང་མི་མཚུངས་ཏེ། རླུང་གདངས་དང༌། རིག་གདངས་ཀྱི་ཁྱད་ཡོད་པས་ནོར་བུའི་འོད་དང༌། སྒྲོན་མའི་འོད་ཀྱི་ཁྱད་ཡོད་པའི་ཕྱིར་དང༌། འཁྲུལ་སྣང་རིག་རྩལ་མ་དག་པའི་གདངས་ལམ་དུ་བྱས་ཀྱང་མི་གྲོལ་ལ། དག་སྣང་འོད་གསལ་དངོས་ཀྱི་གདངས་ལམ་དུ་བྱས་པས་གྲོལ་བ་སྟེ། འདི་དག་ཁྱད་དཔེས་བྱེད་པ་ནི། རྣམ་པར་ངེས་འགྲེལ་ལས། ནོར་བུ་སྒྲོན་མའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཁྱད་པར་ཆེ་བ་བདུན་ཕྲན་ཚེགས་དཔག་ཏུ་མེད་པ་དང་བཅས་པས་འཕགས་པ་ཡིན་ཏེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང༌། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཏིག་ངེས་པར་བསྡུས་པ་ཡིས། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོས་མཐོང༌། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་དང་འབྲས་བུ་ལྟོས་མིན་པའོ། །ཞེས་སོ། །གཉིས་པ་ཁྱད་པར་ཅན་གྱི་ལམ་ཉིད་བཤད་པ་ལ་གཉིས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་དང༌། སྨིན་པ་གྲོལ་བར་བྱེད་པ་གདམས་ངག་གི་རྣམ་པར་གཞག་པའོ། །དང་པོ་ལ་དབང་དང་དེའི་གྲོགས་དམ་ཚིག་གཉིས་ལས། སྔར་ཡང་རྒྱས་པར་བཤད་མོད། འོན་ཀྱང་འདིར་འབྲེལ་ཆེ་བས་བསྡུས་ཏེ་བསྟན་ན། རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་ནས་འཇིག་རྟེན་འདི་ལ་ཞེན་པ་དང་བྲལ། ཆོས་ཀྱི་དོན་ཅིག་ཅར་དུ་ཐོབ་པར་འདོད་པ་རྣམས་ཀྱིས། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་དབང་བསྐུར་རྫོགས་པར་བྱ་སྟེ། དེ་ལ་སྔོན་དུ་ཕྱི་སྤྲོས་བཅས་ཀྱི་དབང་དཀྱིལ་འཁོར་དང་བུམ་པ་ལ་བརྟེན་ནས། ལུས་ལ་དབང་བསྐུར་བ་ལས་ལུས་ཡི་དམ་ལྷའི་སྐུར་རང་གིས་དབང་ཐོབ་པས། ཕྱི་སྣོད་གཞལ་ཡས་ཁང་དུ་གསལ་བ་དང༌། ནང་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དག་འབྱུང༌། དེ་ནི་རྣལ་འབྱོར་པ་ལུས་རྒྱ་རྡོས་བཅས་ལས་གྲོལ་བར་བྱེད་པའི་གནད་ཀྱི་མན་ངག་གོ །དེ་ནས་ནང་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་ངག་ལ་བསྐུར་བས། ངག་ཡི་དམ་ལྷའི་བཟླས་པར་གསལ་བ་དང༌། ནང་དུ་བརྗོད་མེད་ཀྱི་དོན་ཉམས་སུ་མྱོང་བ་སྐྱེ་བ་ནི། ཡི་གེ་ཨའི་བརྗོད་པ་ལ་བརྟེན་ནས་སྐྱེའོ། །དེ་ནས་གསང་བ་ཤིན་ཏུ་སྤྲོས་པའི་དབང་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་སེམས་ལ་བསྐུར་བས། སེམས་དངོས་པོ་གཤིས་ཀྱི་སྟེང་དུ་ཕེབས་པ་དང༌། སེམས་འོད་གསལ་ཆེན་པོའི་དོན་ཉམས་སུ་མྱོང་བའོ། །དེ་ནས་གསང་བ་བླ་ན་མེད་པ་ལུས་ཀྱི་འདུག་སྟངས་དང༌། ལྟ་སྟངས་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བསྐུར་བས། ལུས་བཞུགས་སྟངས་ཀྱི་གནད་ལ་བརྟེན་ནས་སྐུ་གསུམ་གྱི་བཞུགས་སྟངས་སུ་གྲོལ་བ་དང༌། ངག་སྨྲ་བ་བཅད་པ་ལ་བརྟེན་ནས་སྒྲའི་ནུས་པ་ཉམས་པས། བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པ་དང༌། སེམས་བྱིན་རླབས་བསྐུལ་བ་བརྡའི་གནད་ལ་བརྟེན་ནས། འོད་གསལ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི། སྔགས་ཀྱི་ལམ་སྨིན་པ་ལ་དགོངས་པའོ། །དེ་ལྟར་ལུས་ཀྱི་སྨིན་པ་རྫོགས་པས་བསྐྱེད་རིམ་ཅིག་ཅར་དུ་གསལ་བ་དང༌། ངག་གི་སྨིན་པ་རྫོགས་པས་ནུས་པ་ཐུན་མོང་མ་ཡིན་པ་སྐྱེ་བ་དང༌། སེམས་ཀྱི་སྨིན་པ་རྫོགས་པས་རྫོགས་པའི་རིམ་པ་རྟགས་ཚད་ལ་ཕེབས་པའོ། །ལུས་ངག་ཡིད་སེམས་ཀྱི་སྨིན་པ་རྫོགས་པས། ཆོས་ཉིད་མངོན་སུམ་གྱི་ལམ་ཉམས་སུ་མྱོང་བ་མངོན་པར་རྫོགས་པའོ། །གཉིས་པ་དེའི་གྲོགས་དམ་ཚིག་གི་རིམ་པ་ནི། དེ་ལྟར་སྨིན་པ་རྫོགས་པའི་རྟེན་དེས་དམ་ཚིག་རྒྱུད་ལ་བརྟེན་པ་ནི། སྤྱིར་དམ་ཚིག་གི་རྩ་བ་བླ་མ་ཡིན་པས་ན། དོན་གྱི་དངོས་གྲུབ་འདོད་པས། བླ་མ་མཉེས་པར་བྱས་པ་ལས་དངོས་གྲུབ་འབྱུང་སྟེ། མཁའ་འགྲོ་མ་དྲྭ་བ་སྟོང་ལྡན་གྱི་རྒྱུད་ལས། དངོས་གྲུབ་འདོད་པས་བླ་མ་ལ། །དུས་མཐའི་བར་དུ་མཆོད་པར་བྱ། །ཞེས་སོ། །དེའང་ལུས་ངག་ཡིད་གསུམ་ལས་མི་འདའོ། །ལུས་ཀྱི་སྤྱོད་ལམ་ལ་སོགས་པས་བླ་མ་མཉེས་པར་བྱ་བ་ནི། གདན་སྟོབས་པ་དང༌། མཎྜལ་དབུལ་བ་དང༌། བསྐུ་མཉེ་དང༌། དྲིལ་ཕྱིས་དང༌། གཟིགས་ཕྱག་དང༌། མཐོང་ཕྱག་ལ་སོགས་པ་བྱའོ། །དེའང་གཟིགས་པ་ནི་བླ་མས་རང་ལ་གཟིགས་པའི་དུས་ལ་ཕྱག་འཚལ་བའོ། །མཐོང་བ་ནི་རང་གི་བླ་མ་མཐོང་བའི་དུས་ལའོ། །ངག་གི་བརྗོད་པས་བླ་མ་མཉེས་པར་བྱ་བ་ནི། བླ་མའི་སྐྱོན་མ་ཡིན་པ། ཡོན་ཏན་ལ་དམིགས་ཤིང༌། ཁྱད་པར་གྱི་ཚིག་རྣམས་བརྗོད་པར་བྱའོ། །ཡི་དམ་ཤེས་པས་མཉེས་པར་བྱ་བ་ནི། བླ་མའི་མཛད་སྤྱོད་བསྟེན་པས། བླ་མ་མཉེས་ཏེ་གཞན་འཇུག་པ་ལ་དགོངས་པ་དང༌། གཞན་ཅི་ནས་ཀྱང་བླ་མ་ལ་དད་པས་འཇུག་པར་བྱེད་པའོ། །བླ་མའི་གསུང་སྒྲོས་ལ་མཁས་པས། །ཚིག་ལ་ལྷག་ཆད་མེད་པར་འགྲོ་བ་གཞན་ལ་བརྗོད་པར་ནུས་པ་དང༌། བླ་མའི་ཐུགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ལས་མི་འདའ་བའོ། །དམ་ཚིག་ཆེན་པོའི་རྒྱུད་ལས། ཇི་ལྟར་བླ་མའི་བྱ་བ་ལ། །ལུས་དང་ངག་དང་ཡིད་དག་གིས། །བླ་མ་མཆོག་ལ་གུས་པའི་མིས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཅེས་པ་དང་ཡང༌། དངོས་གྲུབ་འདོད་པའི་དད་པ་ཅན། །བླ་མ་མཉེས་པ་ལས་འབྱུང་ངོ༌། །གལ་ཏེ་བླ་མ་མ་མཉེས་ན། །རྟག་ཏུ་འཁོར་བའི་ཁ་མཐའ་བརྒྱུད། །ཅེས་སོ། །དེ་ཡང་དབང་བསྐུར་བའི་དུས་སུ་ཡོན་དབུལ་བ་དང༌། དགའ་སྟོན་བྱ་བ་ལ་སོགས་པས་བླ་མ་མཉེས་པ་དང༌། རྡོ་རྗེའི་སྤུན་སྲིང་དང༌། འགྲོ་བ་གཞན་ཡང་མགུ་བར་བྱའོ། །དེ་ལྟར་བྱས་པས་གསང་སྔགས་ཀྱི་དམ་ཚིག་ཏུ་འགྲོ་ཞིང༌། བྱིན་རླབས་འཇུག་པའི་རྟེན་ཁྱད་པར་ཅན་དུ་འགྲོ་སྟེ། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་སོ། །དེ་ལྟར་དབང་བསྟེན་པའི་དམ་ཚིག་གི་རིམ་པ་སྔར་བསྟན་པ་བཞིན་བསྲུང་བར་བྱའོ། །གཉིས་པ་སྨིན་པ་དེ་གྲོལ་བར་བྱེད་པ་གདམས་ངག་གི་རྣམ་པར་གཞག་པ་ལ་གཉིས་ཏེ། གདམས་ངག་སྤྱིའི་འབྲེལ་དགོད་པ་དང༌། ལག་ལེན་ཉམས་སུ་བླང་བའོ། །དང་པོ་ནི་སྦྱར་གདམས་ངག་གི་འདེབས་ལུགས་ཐམས་ཅད་བསྡུས་ན་གསུམ་སྟེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོའི་ནང་དུ་ཕྱི་མ་གཉིས་འདུ་སྟེ། ངོ་སྤྲོད་ཅར་ཕོག་ཏུ་གདབ་པ་ཁྲེགས་ཆོད་ཐོད་རྒལ་ཡིན་ལ། ཚང་སྤྲུགས་སུ་གདབ་པ་བར་དོའི་གདམས་ངག་ཡིན་ནོ། །གཉིས་པ་ལག་ལེན་ཉམས་སུ་བླང་བ་ལ། སྔོན་འགྲོ་དང༌། དངོས་གཞི་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། །སྔོན་འགྲོའི་འཐད་པ་དང༌། སྔོན་འགྲོ་དངོས་སོ། །དང་པོ་ལ་གསུམ་ལས། སྔོན་འགྲོ་ནི་དཔེར་ན་འཇིགས་བཅས་ཀྱི་ལམ་དུ་འགྲོ་བ་ལ་སྔོན་དུ་འཇིགས་པའི་སྐུངས་ཉུལ་ནས་ལམ་དུ་བློ་བདེ་བར་འགྲོ་བ་དང་འདྲ་བར། དངོས་གཞི་ལ་ཡ་ང་དང་བག་ཚ་མེད་པར་འགྲོ་བར་བྱེད་པའོ། །སྔོན་འགྲོ་ནི་དཔེར་ན་སོ་མཚམས་ཀྱི་གྲོང་ལ་འོབས་དང་འཇིགས་ཟོན་བྱས་པས་བཙན་པོར་སོང་ནས་གང་གིས་ཀྱང་གླགས་མི་རྙེད་པ་དང་འདྲ་ལ། དངོས་གཞི་དེ་ལྟར་བྱས་པས་ནང་གི་མི་བློ་བདེ་ཞིང་ཉམ་ང་མེད་པ་དང་འདྲ་བས་ན་སྔོན་འགྲོ་དང༌། དངོས་གཞི་གཉིས་སུ་ངེས་ལ། སྔོན་འགྲོ་ནི་འཇིགས་པའི་སྐྱེལ་མ་བཟང་པོ་དང་འདྲ་ལ། དངོས་གཞི་རང་ལ་རྫས་དང་ལྡན་པ་མཐར་ཐོན་པ་དང་འདྲའོ། །དེ་ཡང་སྔོན་འགྲོ་མེད་ན་དངོས་གཞི་ཁྱད་པར་ཅན་གྱི་གནད་ཡོད་ཀྱང༌། སྐྱེལ་མ་མེད་པར་འཇིགས་བཅས་ཀྱི་ལམ་དུ་འགྲོ་མི་ནུས་པ་དང་འདྲ་ལ། དངོས་གཞིའི་གནད་མེད་པས་སྔོན་འགྲོའི་མན་ངག་སྤྱད་ཀྱང་འབྲས་བུ་མི་འབྱུང་བས་ན། དེ་གཉིས་ཟུང་དུ་འབྲེལ་བས་དོན་འགྲུབ་པ་ནི་འཇིག་རྟེན་གྱི་སོ་ནམ་ལ་སོགས་བྱེད་པ་ལ་ཕོ་མོ་ཟུང་སྦྲེལ་གྱིས་འགྲུབ་པ་དང་འདྲའོ། །གཉིས་པ་སྔོན་འགྲོ་དངོས་ལ། གང་གི་སྔོན་དུ་འགྲོ་བ། སྔོན་འགྲོ་ཇི་ལྟར་ཡིན་པ། དཔེ་ཅི་དང་འདྲ་བ། སྔོན་འགྲོའི་དགོས་པ། རབ་ཏུ་དབྱེ་བ་དང་ལྔ་ལས། དང་པོ་གང་གི་སྔོན་དུ་འགྲོ་ན་འཇིག་རྟེན་ལས་འདས་པའི་སྔོན་དུ་འགྲོ་སྟེ་ཐབས་དེས་མྱ་ངན་ལས་འདས་པ་ལ་སྦྱོར་བའི་ཕྱིར་རོ། །དེའང་སྒོ་གསུམ་གྱི་ཞེན་པ་མ་གྲོལ་ན་འཁོར་བ་ལས་མི་འདའ་བས། ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བས་སྲིད་པ་ལས་ངེས་པར་འབྱིན་པའི་ཕྱིར་འདས་པའི་སྔོན་འགྲོ་དམ་པའོ། །གཉིས་པ་སྔོན་འགྲོ་ཇི་ལྟར་ཡིན་ན། སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་ལུས་ངག་ཡིད་ཀྱི་སྡིག་པ་ལས་གྲོལ་བར་བྱེད་པས་ན་སྔོན་ཞེས་བྱའོ། །དུ་ཞེས་པ་ལ་སྔོན་བར་སྲིད་ཆགས་དུས་ལུས་ལ་གནས་པའི་སྲོག་ཆགས་འབུམ་ཕྲག་མང་པོའི་ལས་དང་བག་ཆགས་སྦྱོང་བར་བྱེད་པས་ན་སྔོན་དུ་ཞེས་བྱ་ལ། ངག་གི་སྒྲ་སྐད་མ་དག་པ་རྣམས་སྦྱོང་བར་བྱེད་པས་ཀྱང་སྔོན་དུ་ཞེས་བྱ་ལ། ཡིད་ཅན་ལུས་ཀྱི་ནང་ན་གནས་པའི་སྲིན་བུ་འབུམ་ཕྲག་བཞིའི་ཡིད་ཀྱི་འགྱུ་བ་མ་དག་པ་རྣམས་སྦྱོང་བར་བྱེད་པས་ན་སྔོན་དུ་ཞེས་བྱའོ། །འགྲོ་བ་ནི་དངོས་གཞིའི་གོང་ངམ་ཐོག་མར་མན་ངག་དེ་ལ་སློབ་དགོས་པས་ན་འགྲོ་ལ། སྔོན་ལ་སོང་བ་དེས་དངོས་གཞིའི་དོན་འབད་མེད་དུ་སྐྱེ་བར་བྱེད་པའི་ཕྱིར་མྱང་འདས་སུ་འགྲོ་བར་བྱེད་པས་ཀྱང་འགྲོ་བ་ཞེས་བྱའོ། །གསུམ་པ་དཔེ་ནི་རྒྱལ་པོ་བསོད་ནམས་དང་ལྡན་པས་གཞན་བསྐུལ་ན་བྱ་བ་གང་བྱེད་ཀྱི་སྔོན་དུ་མི་འགྲོ་བའི་དབང་མེད་པར་འགྲོ་དགོས་པའམ། །རྟ་བཟང་པོ་འགྲོ་བའི་སྔོན་དུ་ཆས་སུ་བརྒྱན་པ་བསྐུལ་བས་འགྲོ་བ་ལྟར། དངོས་གཞིའི་སྔོན་དུ་འགྲོ་བ་ཡིན་ནོ། །བཞི་པ་དགོས་པ་ནི། དངོས་གཞི་འབྱོངས་སླ་ཞིང་སྐྱེ་ལ་ཡིད་ཆེས་ཤིང་གེགས་མེད་པ་ཡིན་ནོ། །ལྔ་པ་དབྱེ་ན་གསུམ་སྟེ། སྐུ་གསུམ་གྱི་སྣ་འཁྲིད་པར་བྱེད་པ་འབྱུང་བཞིའི་རྣམ་འབྱོར་ལ་བསླབ་པ། རིག་པའི་སྣ་འཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ། སེམས་ཀྱི་སྣ་འཁྲིད་པར་བྱེད་པ་ལུས་ངག་ཡིད་གསུམ་གྱི་གནས་ལུགས་ལ་བསླབ་པའོ། །དང་པོ་ནི། ཐལ་འགྱུར་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཅེས་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་གསུངས་སོ། །གཉིས་པ་ནི་དེ་ཉིད་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༌། །འབྲེལ་པ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བ་བཤད། །ཅེས་པ་དང༌། བསྟན་བུ་ལས། འདི་ལྟར་ཡང་གསང་དོན་ཉིད་ལ། །འཇུག་པར་འདོད་པ་སྐལ་བ་རབ། །སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །མངོན་པར་ཞེན་པ་བཟློག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །ཅེས་པས། འདི་ལ་གསུམ་ལས། དང་པོ་ལུས་ཀྱི་སྤྱོད་པ་རྣལ་དབབ་དགོས་པ་དང་བཅས་པ་ནི། སངས་རྒྱས་སྲས་གཅིག་ལས། ལུས་ནི་རྒྱུག་དང་ཉལ་བ་དང༌། །ལངས་དང་ཡན་ལག་བསྐྱོད་པ་དང༌། །བསྐོར་བ་དང་ནི་ཕྱག་བྱ་དང༌། །ཡན་ལག་བསྐོར་དང་མགོ་བསྒྲིལ་དང༌། །ཇི་ལྟར་དྲན་པའི་ལས་རྣམས་དང༌། །གར་དང་ཕྱག་རྒྱ་བསྒྱུར་བ་དང༌། །ཇི་ལྟར་དམིགས་པའི་ལས་རྣམས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ལུས་ཀྱི་མངོན་ཞེན་རང་ཆོད་ནས། །ལུས་ཀུན་རུ་ཤན་ཕྱེད་པར་ནི། །འདི་ཡིས་འགྱུར་རོ་སྒྱུར་པའི་སྐུ། །ཞེས་པ་དང༌། ཐལ་འགྱུར་ལས། ལུས་ནི་འགྲོ་དང་འདུག་པ་དང༌། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང༌། །ཡན་ལག་འཕེན་ཅིང་སྡུད་པ་དང༌། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླང་སྟེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱའོ། །དེ་ལྟར་སུ་ཡིས་སྤྱོད་ནུས་པ། །ཇི་ལྟར་བསམས་པས་ཕྱིས་རྒྱུན་འཆད། །འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་སོ། །དེའང་འདི་ཉིད་དུ་ཇི་ལྟར་བྱས་པ་ཙམ་གྱིས་མ་འོངས་པའི་དུས་ན་དེ་ཉིད་དུ་སངས་རྒྱ་བར་འགྱུར་ཏེ། བཀོད་པ་ཆེན་པོའི་ལེའུ་སུམ་ཅུ་རྩ་གཉིས་པ་ལས། གང་གི་རུ་ཤན་འབྱེད་འདོད་པས། །ལུས་ཀྱི་བྱ་བ་རང་ལོག་ཕྱིར། །ད་ལྟ་གང་དུ་སྤྱད་པ་ཡིས། །ཕྱི་ནས་དེ་ལྟ་མ་ཡིན་ཏེ། །དེ་ཉིད་ལྡོག་པས་ལུས་ལ་ཡང༌། །གནས་པ་མེད་པར་ཁམས་གསུམ་དུ། །ལུས་ཀྱང་འཇུག་པ་མ་ཡིན་ནོ། །ཞེས་སོ། །དེ་ཡང་ཐོག་མ་ལུས་ཆགས་པའི་དུས་ན་ངག་དང་སེམས་གཉིས་དེ་ལ་བརྟེན་ནས་ཆགས་པས། ཐོག་མར་ལུས་ཀྱི་སྤྱོད་པ་བྱ་དགོས་སོ། །ལུས་ཀྱི་སྤྱོད་པ་བྱས་པའི་ཕྱིས་ལུས་ཀྱི་ལས་ཟད་ནས་བྱེད་པ་ལ་མི་སྤྲོ་བ་དང་ལུས་ཀྱི་སྡིག་པ་དག་པའི་དགོས་པ་ཡོད་དོ། །འཁོར་ལོ་རྣམ་པར་བརྩེགས་པ་ལས། ལུས་ཀྱི་ལུ་ཤན་སུས་ཕྱེད་པ། །འདིས་ནི་འཁོར་བའི་བག་ཆགས་འབྱོངས། །ཞེས་སོ། །ལུས་རུ་ཤན་འབྱེད་པ་ལ་ཉི་མ་བདུན་ནམ། བཅུ་གཅིག་གམ། ཟླ་བ་ཕྱེད་དུ་བྱས་ན། ཕྱི་ལུས་ཀྱི་ཞེན་པ་རང་ལོག་པ་དང༌། ནང་ལུས་ཞི་དུལ་དང་ལྡན་པ་དང༌། གསང་བ་སྒྱུ་ལུས་འོད་གསལ་དུ་གྲོལ་ངེས་སོ། །དེ་ནས་རྣལ་དུ་འབེབས་པ་ལ་ཞག་གསུམ་མམ། །བཅུ་གཅིག་གམ། བདུན་དུ་བྱས་པས་ཕུང་པོ་ལ་སོགས་པ་རྒྱས་ཤིང་ལུས་སྤྲུལ་པའི་སྐུ་ལ་སྦྱོར་ཏེ། གསེར་གྱི་སྙིང་པོའི་རྒྱུད་ལས། རྣལ་དུ་འབེབས་པར་འདོད་པ་ཡིས། །ལུས་ཀྱི་བྱ་བྱེད་དལ་བ་བསྟེན། །འདིས་ནི་སངས་རྒྱས་སྐུ་དང་རེག །ཁྱད་པར་མཆོག་ཏུ་གསང་བས་འགྲུབ། །ཅེས་སོ། །གཉིས་པ་ངག་རུ་ཤན་འབྱེད་པའི་སྤྱོད་པ་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དེ་འདས་ངག་གི་སྤྱོད་པ་བརྩམ། །སྔགས་དང་ཁ་དོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང༌། །ཡིད་ཡོད་ཚིག་ནི་སྣ་ཚོགས་བརྗོད། །བྱོལ་སོང་སྣ་ཚོགས་བརྡ་སྐད་དང༌། །སྐད་ནི་རྣམ་པ་སྣ་ཚོགས་པ། །འདི་ལྟར་སུ་ཡིས་བྱས་པའི་མི། །ངག་གི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་འདིས་ཕྱེད་དོ། །ཞེས་པ་དང༌། ཐལ་འགྱུར་ལས། དེ་ལྟར་རྟགས་དང་ཚད་ཕེབས་ནས། །རྣལ་འབྱོར་པ་ཡིས་ངག་སྤྱོད་བརྩམ། །བརྗོད་པ་རྟོགས་པའི་རང་བཞིན་ཕྱིར། །སྒྲ་སྐད་རྣམ་པ་སྣ་ཚོགས་པ། །ཅི་སྨྲས་བཟློག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །འདིར་ཡང་དགོས་པ་རྣམ་པ་གཉིས། །མཆོག་དང་ཐུན་མོང་མཐས་དབྱེའོ། །ཞེས་སོ། །དེ་ལྟར་ངག་གི་བརྗོད་བྱ་ཐ་དད་པ་ལ་བརྟེན་ནས་ཁམས་གསུམ་དུ་འཁོར་བ་རྒྱུན་ཆད་པར་བྱེད་དེ། དབང་བསྐུར་མཆོག་གི་རྒྱུད་ལས། སྐལ་དང་ལྡན་པས་རིགས་དྲུག་སྐད། །རང་རང་མཐུན་པར་བརྗོད་པ་ཡིས། །འགྲོ་བ་དྲུག་གི་འཁོར་ལོ་འཆད། །ཅེས་སོ། །གོང་དུ་བཤད་པའི་ཞག་ཙམ་དུ་བརྩོན་འགྲུས་བརྩམས་པ། བརྩོན་པ་རབ་ལ་དེ་ཉིད་ལ་ཞེན་པ་ལོག་པ་དང༌། ཕལ་པ་ལ་དེ་ཉིད་དང་སྣང་བ་ཐམས་ཅད་འདྲ་བར་གཏད་མེད་དུ་རྟོགས་པ་སྐྱེའོ། །དེའང་ལུས་གཞི་ཡིན་ལ། སེམས་འབྲས་བུ་ཡིན་ཏེ། དེ་གཉིས་ཀྱི་འབྲེལ་ལམ་ངག་ཡིན་པས། ངག་གི་སྤྱོད་པ་བར་དུ་ངེས་ལ། རང་གཞན་གྱི་སྒྲ་ཐ་དད་བརྗོད་པས་འཁྲུལ་པའི་བརྗོད་འབྲེལ་རྒྱུན་འཆད་པ་དང༌། ངག་ཏུ་གང་བརྗོད་དེའི་སྐྱེ་བར་ཕྱིས་མི་འཇུག་པ་དང༌། །ཡི་གེ་འཁོར་ལོ་གྲོལ་བའི་དགོས་པ་ཡོད་དེ། འཁོར་ལོ་བརྩེགས་པ་ལས། ངག་གི་རུ་ཤན་སུས་ཕྱེད་པ། །འཁོར་བའི་བརྗོད་པ་སྟོངས་པར་ངེས། །ཞེས་སོ། །གསུམ་པ་སེམས་ཀྱི་སྤྱོད་པ་ནི། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། དེ་ཉིད་ཀྱི་ནི་འོག་ཏུ་ཡང༌། །སེམས་ཀྱི་སྤྱོད་པ་བརྩམ་པར་བྱ། །དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ །ལྟ་སྒོམ་སྤྱོད་པའི་བསམ་པ་དང༌། །ཆོས་དང་ཆོས་མིན་ལ་སོགས་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་ཕྱེད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། དེ་ལྟར་ཚད་ལ་ཕེབས་ནས་ཀྱང༌། །རྣལ་འབྱོར་པ་ཡིས་སེམས་སྦྱོང་བྱ། །འདས་དང་མ་འོངས་ད་ལྟར་གྱིས། །དྲན་བསམ་འཕྲོ་འདུའི་འཁོར་ལོ་བསྟེན། །དགའ་དང་མི་དགའ་བཟང་ངན་སེམས། །ཡོད་མེད་སྣ་ཚོགས་ཐམས་ཅད་ལ། །ཕྱི་རུ་བརྟགས་ཏེ་ནང་དུ་བསམ། །ཇི་ལྟར་བསམས་པའི་དྲན་པ་ཉིད། །ཕྱི་ནས་སྐྱེ་རྒྱུན་འཆད་པར་ངེས། །འདི་ཡི་དགོས་པ་གང་གིས་དབྱེ། །ཞེས་སོ། །དེ་ལྟར་ཉི་མ་མང་དུ་བྱས་པས་ཕྱིས་ཁམས་གསུམ་གྱི་འཁོར་ལོ་མི་འཇུག་སྟེ། རྡོ་རྗེ་ཁང་བུ་བརྩེགས་པ་ལས། གང་གིས་བསམས་པའི་འཁོར་ལོ་ཉིད། །སུ་ཡིས་བསྐོར་བར་ནུས་པ་ལ། །ཕྱི་ནས་དེ་ཡིས་སེམས་རྒྱུན་འགག །ཅེས་སོ། །དེ་ནས་འཕྲོ་འདུ་མེད་པའི་རྣལ་དབབ་ཀྱིས་དྲན་པའི་ཁུང་སྒོ་རང་འགག་སྟེ། དཔལ་ནམ་མཁའ་འོད་ལྡན་ལས། འདུ་ཤེས་བཅད་པས་ཁུང་སྒོ་འགག །ཅེས་སོ། །དེའང་ལུས་ངག་གཉིས་ལ་ཞེན་པ་མེད་དུས་སེམས་ཀྱི་རྩ་བ་བཅད་པའི་སྤྱོད་པ་རིགས་ཏེ། རང་ཡལ་རྗེས་མེད་དུ་སྦྱངས་པས་ཁམས་གསུམ་ལས་གྲོལ་བ་ནི། འཁོར་ལོ་བརྩེགས་པ་ལས། སེམས་ཀྱི་རུ་ཤན་སུས་ཕྱེད་པ། །འདིས་ནི་སེམས་སུ་ཟློག་པ་མིན། །ཅེས་སོ། །དེ་ལྟར་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་གྱིས་ཁམས་གསུམ་དུ་མི་འཇུག་པར་བྱེད་དེ། དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེ་བ་ཉིད། །ཁམས་གསུམ་དུ་ནི་ལྡོག་པ་མིན། །དེ་ལ་རྣལ་དུ་ཕབ་པ་བསྟན། །འདི་དག་སྔོན་འགྲོའི་ཆོ་གའོ། །ཞེས་སོ། །དེ་ལྟར་སྐྱེས་བུ་བརྩོན་འགྲུས་ཅན་རྣམས་ཀྱིས་ཟླ་བ་གསུམ་དུ་སྤྱོད་པ་བྱས་པས་དེ་ཉིད་དུ་ཡང་རབ་ཁ་ཅིག་གྲོལ་བ་ཡང་ཡོད་ལ། འབྲིང་དང་ཐ་མ་ཀུན་ལ་དེའི་རྗེས་དྲང་པོར་མངོན་སུམ་ངོ་སྤྲོད་དེ། ཐལ་འགྱུར་ལས། དེ་ལྟར་སྤྱོད་པ་རྫོགས་བྱས་ནས། །མངོན་སུམ་གནད་ལ་རྟག་ཏུ་བསྒེར། །ཅེས་སོ། །དེང་སང་སེམས་ཀྱི་སྔོན་འགྲོའི་རྗེས་ལ་ངོ་སྤྲོད་པ་རྣམས་ལེ་ལོ་ཅན་གྱི་དབང་དུ་བྱས་པའོ། །གསུམ་པ་སེམས་ཀྱི་སྣ་ཁྲིད་པ་ལ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ལ། སྔོན་འགྲོ་དངོས་དང་རྣལ་དབབ་གཉིས་ཏེ། དེ་ཉིད་ལས། སྔོན་དུ་སྦྱང་བའི་རིམ་པ་ནི། ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགག་པ། །རྡོ་རྗེ་སྐྱིལ་ཀྲུང་དུ་བྱས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་གནས་པ་ལ། རྒྱས་གདབ་པ་དང་རྩལ་ཉིད་སྦྱང༌། །མཉེན་རྩལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །སེམས་ནི་ཐོག་མ་བྱུང་ས་དང༌། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་དང༌། རྣལ་དུ་དབབ་པའི་ཆོ་ག་ཡང༌། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་སོ། །དེ་དག་གི་དགོས་པ་ལ་གཉིས་ལས། ཐུན་མོང་གི་དགོས་པ་ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི་སྡིག་སྒྲིབ་འདག་གོ །མཆོག་གི་དགོས་པ་ནི་སྐུ་གསུང་ཐུགས་གསུམ་དུ་གྲོལ་བ་སྟེ། དེ་ཉིད་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བསྟན། །ཅེས་སོ། །དོན་གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྟན་པའི་ཐབས་ལ་གཉིས་ཏེ། དངོས་གཞིའི་སྒྲ་བཤད་པ་དང༌། དོན་གྱི་འགྲོས་དབྱེ་བའོ། །དང་པོ་ལ་ཚིག་གིས་མཐའ་བཅད་པ་དང༌། དོན་གྱི་ཐོག་ཏུ་དབབ་པ་གཉིས་ལས། །དང་པོ་ནི། དངོས་གཞི་ཞེས་པ་མུ་བཞི་ལས། གཞི་ཡིན་ལ་དངོས་མ་ཡིན་པ་ཕོ་བྲང་མཐོང་ནས་རྒྱལ་པོ་མ་མཐོང་བ་ལྟར་རྫོགས་པ་ཆེན་པོ་ཁ་ཅིག་གིས་ཆས་གཞི་ལ་ལུས་ནས་ལག་ཏུ་བླང་དུ་མེད་པར་ཆོས་ཉིད་ཁ་འབྱམས་སོང་བས་འཆི་ཁར་ཐ་མལ་དུ་འཆི་བ་རྣམས་སོ། །དངོས་ཡིན་ལ་གཞི་མ་ཡིན་པ་ནི་རྒྱལ་པོ་མཐོང་བ་ཡང་དེའི་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟར། མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབས་ཀྱང་ཐ་མ་ཚིག་གིས་མཐའ་མ་ཆོད་པས་རྗེས་ལ་དེའི་ཐོག་ཏུ་མི་གནས་པར་པྲ་ཡས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་མ་ཡིན་པ་ནི། རྒྱལ་པོ་དང་ཕོ་བྲང་གང་ཡང་མ་མཐོང་བ་ལྟར། །ཐེག་པ་ཐུན་མོང་བ་སྤྱིའི་ཚིག་གི་ལྟ་སྒོམ་ཡིད་དཔྱོད་ཀྱི་ལམ་དུ་བྱས་ནས། དོན་ངོ་མ་འཕྲོད་པས་ཐ་མ་གར་འགྲོ་ངོ་མི་ཤེས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་ཡིན་པ་ནི་རྒྱལ་པོ་ཡང་ཡང་མཐོང་མཚན་ཉིད་ཀྱང་ལེགས་པར་ཤེས་པ་དང་འདྲ་བར། མངོན་སུམ་སྙིང་ཏིག་གི་གནད་རིག་པ་དངོས་སུ་མཐོང་བས། ལྟ་སྒོམ་ཡིན་སྙམ་ལ་རག་མ་ལུས། གཞི་མཐོང་བས་ལྡོག་པའི་ས་མེད་པར་འཁོར་འདས་དུས་གཅིག་ལ་ཆོད་པའི་རྣལ་འབྱོར་པ་ཞེས་བྱའོ། །དེའང་ཆོས་ཉིད་མངོན་གསུམ་གྱི་གནད་བླ་མས་བསྟན་པ་མཐོང་ནས་ཡིད་ཆེས་ཀྱང༌། བརྩོན་འགྲུས་ཀྱིས་ཉམས་སུ་མ་བླངས་ན་འདི་ཉིད་ཟག་བཅས་མི་སྣང་བར་སངས་མི་རྒྱ་ལ། ཕྱི་མ་ལའང་འདི་དང་ཕྲད་དཀའ་བས་འཇིག་རྟེན་རྒྱབ་ཏུ་བོར་ནས་ཉམས་སུ་ལེན་པ་གལ་ཆེའོ། །གལ་ཏེ་གནད་ཡོད་ཀྱང་ཉམས་སུ་མ་བླངས་ན་ས་འོག་གི་གཏེར་དང་འདྲ་བས་ཕན་ཐོགས་པ་མ་ཡིན་ནོ། །གཉིས་པ་དོན་གྱི་ཐོག་ཏུ་དབབ་པ་ནི། རིག་པ་རང་ཐོག་ཏུ་ཕབ་ནས་དངོས་སུ་ངོ་སྤྲོད་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་མཐོང་བ་ལ་ཟེར་རོ། །དེའང་དངོས་སུ་བསྟན་དུ་མེད་པར་རིག་པ་ཞེས་ཐུན་མོང་བ་རྣམས་ཀྱིས་བརྗོད་ཀྱང་ཐོག་ཏུ་མི་ཕེབས་ཏེ། རྡོ་རྗེ་གདན་མ་མཐོང་བར་དེའི་ལོ་རྒྱུས་བཤད་པའམ། དམུས་ལོང་བཤད་བཟང་པོས་ཁ་དོག་གཞན་ལ་འཆད་པ་དང་འདྲའོ། །རེས་རིག་པ་སྐྱེ་མེད་སྟོང་པ་ཡིན་སྙམ། རེས་སྣ་ཚོགས་འཆར་བ་ཡིན་སྙམ། དེ་གཉིས་ཚིག་གི་ཁྲིད་ཁ་ལེགས་ལེགས་པོས་ངོ་བོ་སྟོང་པ་ནམ་མཁའ་འདྲ་ལ་འཆར་ཚུལ་མ་འགགས་པ་མེ་ལོང་གི་གཟུགས་བརྙན་འདྲའོ་ཞེས་འཆད་ཀྱང༌། ད་ལྟ་ཡོད་ཡོད་པོ། ཕུགས་ན་སྟོང་ཕྱམ་ཅི་ཡང་མེད་པ་ཅིག་ཁོ་ན་ལ་གདེང་འཆའ་བས། ཐེག་པ་རིམ་དགུའི་ལྟ་སྒོམ་སྤྱོད་པས་སངས་མི་རྒྱ་སྟེ། ཡིད་དཔྱོད་ཚིག་གི་འགྲོ་ལྡོག་གིས་ཉམས་རེའི་སྐྱེ་འགྲིབ་ཅུང་ཟད་རེ་བྱུང་དུས། རེས་ཡིན་སྙམ་ཀྱི་སྟེང་དུ་རྩལ་སྦྱོང་རྟོགས་པ་སོ་མ་ཅིག་འཁྲུངས་སྙམ་ནས་ཡིད་སོས། རེས་མིན་སྙམ་ཀྱི་དོང་དུ་སེམས་ལྷུང༌། མི་དགའ་གདུང་བའི་ལྐོག་གནོགས་ཀྱིས་འཚེར་ཞིང༌། ངེས་པར་ཅི་ཡིན། ད་ལྟ་ཤི་ན་ཅི་བྱ་སྙམ་དུ་ཆོས་མེད་པོ་འཁོར་བའི་བཤལ་ཐག་བྱེད་པས་རིག་པའི་དོན་ལ་མཐོང་དུས་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་སྒོམ་པ་ཡི་རེ་མུག །དེ་ལས་བྱུང་བའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཅེས་ལེགས་པར་གསུངས་པ་ཐོག་ཏུ་བབས་སོ། །འདིར་རིག་པ་ལུ་གུ་རྒྱུད་མཐོང་བ་ན་རིག་པའི་རང་བཞིན་ལ་བཟང་ངན་དང་འཕོ་འགྱུར་མེད་པར་ཐམས་ཅད་དེའི་ངང་ལས་འགྲོ་ས་གཞན་མེད་པས་གཞི་ཞེས་བྱ་སྟེ་གཞན་དུ་འཆོར་མི་སྲིད་དོ། །དེ་ཡང་རིག་པ་དེ་རླུང་གནད་གཅུན་པས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཐིག་ལེ་ཕྲ་མོའི་སྦྲིལ་དུ་ཡོད་ལ། རིག་པ་དེ་རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ལུ་གུ་རྒྱུད་ཕྲ་ཞིང་འཁྱོག་པའི་འབྲེལ་ཡོད་པའོ། །དེ་གསུམ་ནི་རིག་པ་དངོས་མ་ཡིན་ཡང༌། དེ་ལ་བརྟེན་པའི་ཡོན་ཏན་གྱིས་བཙན་ཐབས་ཀྱི་གནད་ཀྱིས་གྲོལ་བའོ། །རིག་པ་དེ་མཐོང་བས་མི་ཆོག་གོམས་དགོས་པའི་རྟགས་སུ་ལུ་གུ་རྒྱུད་གཅིག་ལ་གཅིག་འབྲེལ་དུ་ཡོད་པའོ། །དེ་ཡང་མངོན་སུམ་དེ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ན་མཐོང་བའི་དུས་དེར་འགྲོལ་བ་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུའོ། །ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ན། སྐད་ཅིག་དང་པོ་ལ་དེའི་བྱེ་བྲག་ཕྱེད། གཉིས་པ་ལ་དེ་ཉིད་རྟོགས་ནས་གྲོལ་བ། ལྡིང་འཐག་གི་མདུད་པ་བསླབས་པས་ཤེས་ལ། ཤེས་པས་གྲོལ་བ་ལྟ་བུའོ། །ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་དང་པོ་ལ་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། །གཉིས་པ་ལ་ལུ་གུ་རྒྱུད་ཀྱི་མཚན་ཉིད་མངོན་པར་རྟོགས། གསུམ་པ་ལ་མངོན་པར་རྫོགས་པར་སངས་རྒྱའོ། །རྡོ་རྗེའི་མིག་གིས་མཐོང་ན་ཡེ་ཤེས་དག་པའི་སྣང་བ་རྒྱ་ཆེར་མཐོང་ནས་དེ་ཉིད་ལ་ཅུང་ཞིག་གོམས་ནས་གྲོལ་བར་ངེས་སོ། །ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞི་མཐར་ཕྱིན་དགོས་སོ། །མིག་དེ་དག་ཀྱང༌། ལྷུན་གྲུབ་སར་གནས་ཕྱག་རྒྱ་ཆེ། །ཚེ་དབང་མི་རྣམས་རིམ་པ་བཞིན། ཡེ་ཤེས་ཆོས་ཉིད་ཤེས་རབ་དང༌། །རྡོ་རྗེ་ཆུ་བུར་མིག་ཤེས་བྱ། །དེའང་ཆུ་བུར་གྱི་མིག་གིས་མཐོང་བའི་ཚེ་ཕྲ་བ་དང༌། འཁྱུག་པ་དང༌། འགྲོ་བ་དང༌། འོང་བ་དང༌། འབྱེད་པ་དང༌། འདུ་བ་དང༌། འགུལ་འཕྲིག་ཏུ་སྣང་བས། ཉི་མ་དང༌། ཟླ་བ་དང༌། སྒྲོན་མེའི་རྟེན་གསུམ་གྱི་ཐབས་ལ་བརྟེན་ནས་ཁྲིད་པའི་གནད་རབ་ཏུ་གཅེས་སོ། །གཉིས་པ་དོན་གྱི་འགྲོས་དབྱེ་བ་ལ་དོན་རྣམ་པ་བཞི་སྟེ། དང་པོ་ལུས་ངག་ཡིད་གསུམ་གྱི་གནད་མ་གཟིར་ན་ཡེ་ཤེས་སྐྱེས་པའི་ས་ངོ་མི་ཤེས་པས་སྔོན་དུ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང༌། གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་མ་ཕབ་ན་ལྟ་བ་ཚིག་ཕྱིར་འཆོར་བས་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང༌། གསུམ་པ་དེ་ལྟར་ཕབ་ཅིང་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ་དང༌། བཞི་པ་དེ་དག་གི་གྲོགས་སམ་རྒྱབ་བརྟེན་བཞིས་གནད་མ་གོམས་ན་གོམས་པ་ཚད་དུ་མི་ཕྱིན་པས་མཐར་རྟེན་གྱི་མན་གྱི་བསྟན་པ་དང་ཆོས་ཚན་བཞིར་གསུངས་ཏེ། དཔལ་རི་བོ་བརྩེགས་པའི་རྒྱུད་ལས། མངོན་སུམ་གནད་ལ་གོམས་འདོད་པས། །གནད་ནི་བཞི་ཡི་སྡེ་ཡིས་ཕྱེ། །ཞེས་སོ། །ཆོས་ཚན་བཞིས་ལམ་མཐར་ཕྱིན་པའི་ངེས་པ་ཡང༌། ཕྱིར་འབྱུང་བཞི་རྡོས་བཅས་ཀྱི་སྣང་བ་ཟད་པར་བྱེད་ལ། ནང་དུ་དུས་བཞིའི་འཕེལ་ཟད་པར་བྱེད། གསང་བར་ནམ་ཟླ་བཞིའི་འགྱུར་ཟད་པར་བྱེད། བླ་ན་མེད་པར་ལུས་ངག་ཡིད་སེམས་བཞིའི་གཞི་སྟོངས་པར་བྱེད་པས་བཞིར་ངེས་ལ། ཡང་ཕྱིར་དབང་བཞིའི་ངེས་པ་སྟོན་པར་བྱེད། ནང་དུ་འཁོར་ལོ་བཞིའི་རྩ་རྒྱས་པར་བྱེད། གསང་བར་ཡེ་ཤེས་བཞི་དངོས་སུ་གསལ་བར་བྱེད། བླ་ན་མེད་པར་སྒྲོན་མ་བཞིའི་འཕེལ་སྟོན་པར་བྱེད་པ་ལ་དགོངས་ནས་ཆོས་ཚན་བཞིར་གསུངས་ཏེ། དེ་ལས་མང་ན་ཁ་འཁྱལ་པས་དགོས་པ་མེད་ལ། ཉུང་ན་རྩ་བ་མེད་པས་འདོད་པའི་དོན་གྱི་འབྲས་བུ་མི་སྨིན་པས་དགོས་པ་ལ་ལྟོས་ནས་བཞིར་བྱུང་བའོ། །དང་པོ་ལུས་ངག་གི་གནད་གཟིར་བ་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དེ་ལྟར་སྔོན་དུ་འགྲོ་བྱས་ནས། །མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་ངག་ཡིད་ནི་རབ་ཏུ་གཅུན། །ཅེས་པས། འདི་ལ་གསུམ་སྟེ། ལུས་སྐུ་གསུམ་གྱི་བཞུགས་སྟངས་བཅའ་བ། ངག་ལྐུགས་པ་ལྟར་ཅི་ཡང་མི་སྨྲ་བ། སེམས་འཕྲོ་འདུའི་རྟོག་ཚོགས་བཅད་པའོ། །དང་པོ་ནི། དེ་ཉིད་ལས། ལུས་ནི་སེང་གེ་ལྟ་བུ་དང༌། དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང༌། །སྐལ་བ་དག་ནི་མཉམ་པ་ཡིན། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། འདིར་སྐུ་གསུམ་ཀྱང་ལྡོག་པ་ཐ་དད་པ་བཞིན་ལུས་གཅིག་ལའང་བཞུགས་སྟངས་ཐ་དད་པ་གསུམ་ལས། དང་པོ་སྤྲུལ་སྐུའི་བཞུགས་སྟངས་ནི། དཔེར་ན་དྲང་སྲོང་ཙོག་པུ་དང་འདྲ་སྟེ། རྐང་པའི་ལོང་བུ་གཉིས་གཤིབས་པ་ནི་ཐབས་དང་ཤེས་རབ་ཀྱི་འབྲེལ་པ་འབྱུང་བར་བྱེད་པའི་གནད། རྐང་མཐིལ་གཉིས་ས་ལ་བཅར་བ་ནི་གཟུང་འཛིན་ལས་ཀྱི་རླུང་གཉིས་གནོན་པའི་གནད། པུས་བྲང་སྦྱར་བ་ནི་ལུས་ཀྱི་འབྱུང་བ་ཆམ་ལ་འབེབས་པའི་གནད། ལུས་སྤྱི་དྲང་པོར་བསྲང་བ་ནི་རྩ་མི་འཆུས་པས་རླུང་ངང་གིས་དལ་བའི་གནད། ལག་པ་བསྣོལ་བ་ནི་དབྱིངས་དང་རིག་པ་འདྲེ་བར་བྱེད་པའི་གནད། མཇིང་པ་ཐད་ཀར་བསྲང་བ་ནི་རླུང་ཡུལ་ལ་ཕུལ་བས་རང་སངས་ལ་གཏོང་བའི་གནད་དོ། །ཐལ་འགྱུར་ལས། སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་པས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། ཅེས་སོ། ངེས་ཚིག་ནི། སྤྲུལ་པ་ཞེས་པ་ལུས་ལ་འབྱུང་བ་ལ་སོགས་པའི་བྱེད་ལས་སྣ་ཚོགས་པར་སྤྲུལ་ཟིན་དག་པར་བྱེད་ལ། དེ་དག་པས་སྒྱུ་མའི་སྐུར་སྨིན་པར་བྱེད། བཞུགས་པ་གནས་ས་རྒྱུད་ལ་རྟེན་པར་བྱེད་དེ། སྟངས་ནི་དེ་ལ་བརྟེན་པས་ཁམས་གསུམ་དུ་མི་ལྡོག་པར་བྱེད་དེ། གསེར་གྱི་མཁའ་ལྡིང་ལ། ལུས་ཀྱི་ཚོགས་པ་དག་བྱེད་པས། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤེས་པས་དེ་གནད་བསྟུན། །དེ་ཉིད་ལས་གྲོལ་སངས་རྒྱས་སོ། །ཞེས་སོ། །ལོངས་སྐུའི་བཞུགས་སྟངས་ནི། དཔེར་ན་གླང་པོ་ཆེ་ཉལ་བ་དང་འདྲ་སྟེ། ཁ་སྦུབ་ཏུ་ཉལ་བས་ལུས་ཀྱི་ཚོགས་པའི་ཆོས་བཅར་ལ་མནན་པའི་གནད། པུས་བྲང་སྦྱར་བས་འབྱུང་བའི་དྲོད་འབེབས་པའི་གནད། རྐང་པའི་སོར་མོ་ཕྱིར་ལ་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་འཛིན་པའི་གནད། ལག་པའི་གྲེ་མོངས་ས་ལ་བཙུགས་པས་དབྱིངས་ལ་རིག་པ་འདྲེན་པའི་གནད། །མཇིང་པ་གྱེན་ལ་བཏེགས་པས་རིག་པ་དང་དབྱིངས་མི་འབྲལ་བའི་གནད་དོ། །ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །ཅེས་སོ། །ངེས་ཚིག་ལ། ལོངས་ནི་འདོད་ཡོན་ལྔ་དག་པར་བྱས་ནས། ཆོས་ཉིད་སྐྱེ་མེད་ཀྱི་ལམ་དུ་འཛུད་པར་བྱེད་ལ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མིག་གི་དབང་པོས་སྤྱོད་པའོ། །རྫོགས་པ་ནི་ལུས་ཀྱི་ཚོགས་པའི་ཆོས་འོད་གསལ་དུ་གྲོལ་བར་བྱེད་པའི་ཐབས་སོ། །སྐུ་ནི་དེ་དག་སྨིན་པས་འཁོར་བ་ལས་གྲོལ་བའོ། །དེ་ཉིད་གནད་བསྟུན་པས་གང་ཟག་དེ་རྟག་ཏུ་ཆོས་ཉིད་མངོན་སུམ་ལ་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །བཞུགས་པ་ནི་ཏིང་ངེ་འཛིན་གནས་པར་བྱེད་པའོ། །སྟངས་ནི་ཁམས་གསུམ་ལས་འདས་པའི་གནད་དོ། །གསེར་གྱི་མཁའ་ལྡིང་ལས། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་ཕྱིར། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། །དེས་ན་མཆོག་ཏུ་ལུས་ཀྱི་གནད། །རྣལ་འབྱོར་ཆེ་མཆོག་གཙོ་བའོ། །ཞེས་སོ། །ཆོས་སྐུའི་བཞུགས་སྟངས་ནི། །དཔེར་ན་སེང་གེ་ཚང་དུ་ཞུགས་པ་དང་འདྲ་སྟེ། རྐང་མཐིལ་གཉིས་ས་ལ་ཕབ་པས་འབྱུང་བ་སྙོམས་པ་དྲོད་ཀྱི་གནད། ལུས་འགྱིང་ཚུགས་སུ་འདུག་པས་ཡེ་ཤེས་ཀྱི་རླུང་གི་འཕེན་པ་ལས་ཀྱི་རླུང་གནོན་པའི་གནད། ལག་སོར་བསྐུམ་སྟེ་ས་ལ་བཙུགས་པས་འཕྲོ་བ་ལས་ཀྱི་རླུང་བཟློག་པའི་གནད། རོ་སྟོད་གསེང་ལ་བོར་བས་ཉམས་སྣང་མྱུར་དུ་འཆར་བའི་གནད། རྩལ་མཇིང་པ་ལ་བོར་བས་དབྱིངས་རིག་དང་དུས་ཐམས་ཅད་དུ་མི་འབྲལ་བའི་གནད་དོ། །ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཅེས་སོ། །ངེས་ཚིགས་ལ། ཆོས་ནི་ལུས་ཀྱི་ཚོགས་པ་ལས་གྲོལ་བར་བྱེད་ལ། སྐུ་ནི་དེ་དག་རྣམ་པར་དག་པ་ལས་སྒྱུ་མའི་སྐུ་ཉིད་དུས་ཐམས་ཅད་དུ་གནས་པའོ། །བཞུགས་པ་ནི་ཏིང་ངེ་འཛིན་གནས་པ་ལས་མི་འདའ་བའོ། །སྟངས་ནི་འཁོར་བ་ལས་ཐར་བར་བྱེད་པའོ། །གསེར་གྱི་མཁའ་ལྡིང་ལས། གང་གིས་ཆོས་སྐུའི་བཞུགས་པའི་ཚུལ། །གང་ཟག་གང་གིས་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་ཤེས་པ། །འདིས་ནི་ཆོས་སྐུ་བདེ་ཆེན་ལ། །རྣལ་འབྱོར་དག་ཏུ་བྱེད་པའོ། །ཞེས་སོ། །དེ་ལྟར་སྐུ་གསུམ་གྱི་བཞུགས་སྟངས་བྱས་པས་སྐུ་གསུམ་གྱི་དགོངས་པ་ལས་མི་འདའོ། །དེ་ཡང་སྤྲུལ་སྐུ་ཙོག་པུ་ནི་མ་འོངས་པའི་དུས་ན་དཀའ་ཐུབ་ལ་བརྟེན་ནས་གྲོལ་བའི་བརྡར་བྱུང་ལ། ལོངས་སྐུ་གླང་པོ་ནི་མ་འོངས་པའི་དུས་ན་བྱ་བྲལ་ལྷུན་གྱིས་གྲུབ་པའི་ངང་དུ་གྲོལ་བའི་བརྡ་དང༌། ཆོས་སྐུ་སེང་གེ་ནི་མ་འོངས་པའི་དུས་ན་ཡང་དག་བག་ཚ་མེད་པར་གྲོལ་བའི་བརྡའོ། །འབྱུང་བའི་ལུས་ཀྱི་ལྟ་སྟངས་སྐུ་གསུམ་གྱི་ལྟ་སྟངས་སུ་འགྲོལ་བ་ཅི་ཡིན་སྙམ་ན། སྐུ་གསུམ་འོད་གསལ་རང་ལ་ཡོད་པའི་སྙིང་ལ་གནས་ལ། ལྟ་སྟངས་བྱས་པས་རང་ལ་དེ་ལྟར་ཡོད་པའི་དགོངས་པ་གསུམ་མངོན་དུ་བྱེད་པ་སྟེ༌། སྐུ་གསུམ་རང་ཆས་སུ་ཡོད་པས་རང་གི་ལྟ་སྟངས་སྐུ་གསུམ་གྱི་ལྟ་སྟངས་སུ་འགྲོ་བ་ཡིན་ནོ། །ལུས་ཀྱི་འབྱུང་བ་གྲང་བ་ཤས་ཆེ་བས་སྤྲུལ་སྐུ་དང་བསྟུན་ན་གྲང་དྲོ་སྙོམས་ལ། ཚ་བ་ཆེ་བས་ཆོས་སྐུ་དང༌། སྙོམས་པས་ལོངས་སྐུ་དང་བསྟུན་ན་ཤིས་སོ། །ཁྱད་པར་དུ་སྣང་བའི་འཕེལ་མྱུར་བ་ཡིན་ནོ། །ལུས་འདུག་སྟངས་མ་གཅུན་ན་ལུས་ཀྱི་རྩ་འདབ་ན་ཡེ་ཤེས་ཀྱི་རང་གདངས་ཡོད་པ་མི་སློང་ལ་དེ་མ་བསླངས་ན་ཕྱིའི་ནམ་མཁའ་ལ་ཡེ་ཤེས་ཀྱི་སྣང་བ་མི་འཆར་བས་ལྟ་སྟངས་གཅེས་སོ། །ཐ་མལ་པ་ལྟར་འདུག་པས་ཡེ་ཤེས་དངོས་སུ་འཆར་མི་སྲིད་ལ། ཤར་དུས་ཐ་མལ་དུ་འདུག་ན་འཕེལ་མི་སྲིད་ཀྱི་སྟེང་དུ་སླར་འགྲིབ་པ་ལྟ་སྟངས་གཅེས་པ་ཡིན་ནོ། །དེ་ཡང་སྦྲུལ་གྱི་རྐང་ལག་ལུས་ལ་ཡོད་ཀྱང་མི་མངོན་པ་དེ་གཅུས་ན་མངོན་པ་ལྟར་ལྟ་སྟངས་ཀྱི་གནད་ལས་ཡེ་ཤེས་འཆར་བ་ཡང་དེ་བཞིན་ནོ། །འོ་ན་བཞུགས་སྟངས་གསུམ་ཁོ་ནར་ངེས་ལ་གཅིག་གམ། གཉིས་སམ། གསུམ་མམ་ཡང་ན་བརྒྱ་སྟོང་ལ་སོགས་པར་བྱུང་ན་ཅི་སྟོ་ཞེ་ན། འགྲོ་བ་རྣམས་ཉོན་མོངས་པ་གསུམ་གྱིས་ཁམས་གསུམ་དུ་ཁྲིད་པར་བྱེད་པ་དེ་ལས་གྲོལ་བར་བྱེད་པས་ན་གསུམ་དུ་ངེས་ལ། ཉོན་མོངས་པ་གསུམ་ལས་ལུས་ངག་ཡིད་གསུམ་དུ་སྨིན་པས་ཀྱང་གསུམ་དུ་ངེས་སོ། །དེ་ཡང་ཐོག་མ་སྲིད་པ་ལས་ཀྱི་འཁོར་ལོ་ལས། འདོད་ཆགས་མ་དག་པ་ལས་གཟུགས་སུ་སྨིན་པ་ནི། བྱའི་གཟུགས་སུ་བྱུང་བས་བྱ་བ་དང་བྱེད་པ་ངག་གཙོ་ཆེ་བ་ལས་གྲུབ་སྟེ། ལུས་སུ་སྨིན་པའི་དུས་ན་ཡང་སྨྲ་བ་ལ་དགའ་ཞིང༌། བརྗོད་བྱ་ལ་གཙོར་བྱེད་ཅིང་འདོད་པ་ཆེ་ལ། འདོད་ཆགས་ལ་དགའ་བ་ཅིག་འོང༌། །དེ་ཉིད་རྣམ་དག་གི་ལམ་དུ་གཟུང་བའི་ཕྱིར། ལོངས་སྐུའི་བཞུགས་སྟངས་བསྟན་ཏེ། །འགྲོ་བ་དེ་ལྟ་བུས་ནི་མཆོག་ཏུ་ལོངས་སྐུའི་བཞུགས་སྟངས་རྟག་ཏུ་བྱས་ན། ཆོས་ཉིད་ཀྱི་དོན་ལ་མཆོག་ཏུ་མཁས་པའོ། །ཡང་སྲིད་པའི་འཁོར་ལོ་ལས་གཏི་མུག་མ་དག་པ་ལས་གཟུགས་སུ་སྨིན་པ་ནི་ཕག་ཏུ་བྱུང་བས། དེ་ཉིད་བག་ལ་ཉལ་སློང་བར་བྱེད་པ་འགྲོ་བའི་ཡིད་གཙོ་ཆེ་བའི་གཟུགས་སུ་སྨིན་པས། འདི་ནི་གཟུགས་སུ་སྨིན་པའི་དུས་ན་སེམས་ཀྱི་འགྱུར་བ་མང་ཞིང་བློ་འགྱུར་ལ་རྣམ་རྟོག་ཆེ། བརྗོད་པ་ལ་མི་དགའ་ལ། རྟག་ཏུ་གཉིད་ལ་དགའ་བ་འོང༌། དེས་ནི་ཆོས་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན། ཆོས་ཉིད་ལ་དུས་གསུམ་དུ་གནས་པར་ངེས་སོ། །ཡང་ཐོག་མ་ཞེད་སྡང་མ་དག་པ་ལས་གཟུགས་སྨིན་པ་ན། སྦྲུལ་དུ་སྨིན་པའི་ལུས་ཀྱི་བྱེད་པ་གཙོ་ཆེ་བའི་གཟུགས་སུ་འབྱུང་བ་སྟེ། འདི་ཉིད་ལུས་ཀྱི་བྱ་བ་ལ་དགའ་ཞིང་འགྲོ་འདོད། ལུས་སྟོབས་ཆེ་ལ་ལུས་བོང་རགས །ལུས་ཀྱི་བྱི་དོར་ལ་དགའ་བའི་ལུས་སུ་བྱུང་སྟེ །འདིས་ནི་སྤྲུལ་པ་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན་སངས་རྒྱ་བར་ངེས་སོ། །དེས་ན་བཞུགས་སྟངས་གསུམ་དུ་ངེས་སོ། །འགྲོ་བའི་སྨོན་སོ་ལུས་ངག་ཡིད་གསུམ་དུ་བྱུང་ནས། དེ་དག་གི་བཅིངས་པ་ལས་གྲོལ་བར་བྱེད་པས་ན་གསུམ་ཁོ་ནར་ངེས་ལ། དེ་ལས་མང་ན་མི་དགོས། ཉུང་ན་མ་ཚང་བས་གསུམ་ཁོ་ནར་ངེས་སོ། །འདིའི་དུས་ངག་གི་གནད་སྨྲ་བ་བཅད་པ་སྟེ། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང༌། །ལ་བཟླ་བརྟན་པར་བྱ་པའོ། །ཞེས་པས། དང་པོ་ངག་བསླབ་པ་ནི། སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུག་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་སུ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་གསུམ་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམས་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོར་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབ་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟང་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ན་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ལ་ཟུར་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པས་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ནོ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པ་མངོན་གསུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏན་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་མན་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་ཀྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟ་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོལ་བ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན་ནོ། །ཅེས་སོ། །དེའང་ཕྱིའི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བ་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ཅེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་འཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པ་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པས་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡི་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་གི་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བའོ། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པས་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་གྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་གུ་ལུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞག་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླངས་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལ་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་པ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོག་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་པ་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོག་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོང་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིག་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ལྗང་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའི་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱི་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་བས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའོ། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣང་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔ་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ། དུང་ཁང་ནའང་ཁྲོ་བོའི་དཀྱིལ་འཁོར་དང་སྙིང་ན་ཞི་བའི་དཀྱིལ་འཁོར་དང༌། ལུས་ཀྱི་ཆ་ཤས་ཀུན་ལ་རང་བཞིན་སྤྲུལ་པ་དང༌། འགྲོ་འདུལ་སྤྲུལ་པ་དང༌། སྣ་ཚོགས་སྤྲུལ་པ་སྣང་བས་སངས་རྒྱས་ཀྱི་ཞིང་ན་རང་སྣང་གི་འགྲོ་བའི་དོན་མཛད་པར་སྣང་ཞིང༌། ཐུགས་རྗེའི་སྒོ་ལས་མངོན་ཤེས་དྲུག་ཚན་རྣམས་དང༌། ཆོས་ཐམས་ཅད་ཤེས་པའི་ཤེས་རབ་འཆར་ཞིང༌། དག་པ་ཡེ་ཤེས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཞིང་དག་པ་རང་སྣང་ལོངས་སྐུར་རྫོགས་པ་དང༌། སེམས་ཀྱི་དྲི་མ་དག་ཅིང་རྡུལ་དད་བྲལ་བ་ཉིད་ཐོབ་པས། ས་དང་སའི་བག་ཆགས་རང་དག་པ་སྟེ་ཐལ་འགྱུར་ལས། ཚད་ཕེབས་ལུས་ཀྱང་འདི་ལྟར་འགྱུར། །སོ་སོའི་ལུས་ཀྱི་རྡུལ་བྲལ་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང༌། །དེ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང༌། །མཛོད་སྤུའི་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང༌། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བ་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང༌། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་འདྲིལ་བའོ། །ཞེས་སོ། །གསུམ་པ་གསང་བ་རིག་པའི་ཚད་ནི། ཕྲ་རགས་འགྱུ་བའི་སེམས་དག་ཀྱང༌། །ཀུན་གཞི་རྣམ་ཤེས་ཙམ་གྱི་སེམས་ཡོད་ལ། །རིག་པའི་ཡོན་ཏན་མངོན་ཤེས་དང་སྤྱན་ཆགས་པ་མེད་པ་ཤར་བ་སྟེ། དེ་ཉིད་ལས། འདི་དུས་སེམས་ནི་གསལ་བ་དང༌། །མངོན་པར་ཤེས་པ་དྲུག་རྣམས་དང༌། །རིང་དང་ལྐོག་ཏུ་གྱུར་པ་ཡི། །ཆོས་རྣམས་སྐད་ཅིག་གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་རྣམས་དང༌། །དེ་བཞིན་སྐུ་ཡང་སེམས་ལ་སྣང༌། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་བརྙེས། །མ་འདྲེས་མཉམ་རྫོགས་དབྱིངས་ལ་ཁྱབ། །སྣང་མཛད་གསལ་བས་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཞེས་སོ། །དེའང་སྣང་བ་གོང་མ་གཉིས་སུ་ཉོན་ཡིད་དང་ཡིད་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས། །འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང༌། ལུས་སེམས་ཀྱི་འབྲེལ་ཆོད་པས། ཕྱི་སྣང་བའི་ཡུལ་རིག་པ་ལ་སྣང་ཞིང༌། དཔྱོད་བྱེད་རྣམ་ཤེས་ཀྱི་ཆ་ཀུན་གཞི་རྣམ་པར་ཤེས་པའི་དབང་པོས་བདག་རྐྱེན་བྱེད་པ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚོད་ཙམ་དུ་སྐད་ཅིག་མ་ལ་དཔྱོད་བྱེད་རང་ཤར་བ་དེ་རང་གྲོལ་བས་གཉེན་པོ་ལོགས་པ་ལ་མི་ལྟས་པར་དག་པ་ནི། སྣང་བ་གོང་མ་གཉིས་ཀྱི་དུས་སུ་རླུང་ཕྱིར་འཕངས་ཤིང་ནང་དུ་མ་བཟུང་བས། རྟོག་པ་སྐད་ཅིག་གཉིས་པར་མི་སྡོད་པའི་རྩལ་འབྱོངས་པ་ལས་བྱུང་སྟེ། ལུས་ཟང་ཐལ་ལ། རྣམ་ཤེས་ཀུན་གཞིའི་ཆ་རྟོག་མེད་ཡུལ་རིག་པ་མེ་སྟག་འཕྲོ་བ་བཞིན་གསལ་དངས་པ། ཕྱིར་ཞིང་སྣང་དང་ནང་ད་རང་སྣང་གི་སྣང་ཆ་གཉིས་མཐོང་བས་ལུས་སེམས་འབྲལ་ཆོད་དེ། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོ་གྲུབ་པ་ནི། ཡང་ཐལ་འགྱུར་ལས། དེ་ལྟར་སྣང་བའི་དུས་རྣམས་སུ། །ལུས་སེམས་འབྲེལ་བ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལས་ཀྱང༌། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང༌། །ནམ་མཁའི་ཁམས་སུ་གསལ་བར་མཐོང༌། །དེ་ཉིད་ཐོག་མའི་དུས་རྣམས་སུ། །རླུང་དང་བྲལ་བ་དག་ལས་ཀྱང༌། །འབད་ཅིང་དག་པ་རླུང་གི་ལས། །ལུས་ལས་ཕྱི་རོལ་འཕངས་ལས་བྱུང༌། །མཐོང་བྱེད་གཉིས་ཀྱི་ཆ་ལས་ཀྱང༌། །ལུས་ནི་འོད་གསལ་དག་པ་ལ། །སེམས་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་བྱུང༌། །འདིས་ནི་ལུས་སེམས་འབྲེལ་བཅད་ནས། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །འདིའི་དུས་སུ་མཐོང་བྱེད་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཆ་སྐར་མདའམ་མེ་སྟག་འཕྲོ་བ་ལྟ་བུ་དང༌། རིག་པའི་ཐུགས་རྗེ་ཤེས་རབ་ཀྱི་ཆ་གཉིས་ཡོད་པས། མཐོང་བྱ་ཕྱི་ནང་གཉིས་མཐོང་བའི་ཤེས་པའི་ཆར་བྱུང་བའོ། །འདིའི་དུས་སུ་གཉེན་པོས་ཆེད་དུ་ལྟ་སྟངས་འཆའ་བ་ལ་སོགས་པ་མེད་དེ། རྟག་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བས། ཉམས་ལེན་གྱི་ཚད་རྫོགས་པ་ཞེས་བྱའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ལ་གཉིས་ཏེ། ཟད་ཚུལ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་ཚད་ཕེབས་ཟླ་བ་ཉ་བ་ལྟ་བུའི་སྣང་བ་ལས། རང་གདངས་དབྱིངས་སུ་ཐིམ་པའི་ཚུལ་ནི། དེ་ལས་ཟླ་བ་མར་འབྲི་བ་ལྟར། ཡང་སྐུ་དེ་ཡལ་ནས་ཐིག་ལེ་ལ་ཐུག་པ་ལ་སོགས་པ་དང་པོའི་སེམས་ལ་ངེས་པར་སྣང་བའོ། །དེ་ནི་སྣོད་བཅུད་ཆགས་གནས་འཇིག་སྟོངས་བཞིའི་རིམ་པས་སྣང་བ་བཞིའི་དག་ཚུལ་ལ་གོ་རིམས་ཀྱིས་སྦྱར་ཏེ། སྐྱེ་རྒ་ན་འཆི་བཞིའི་འཕེལ་ཟད་པ་དང་ཡང་མཚུངས་ཤིང༌། ཕྱི་སྣོད་ཀྱི་ཆགས་ལུགས་ཞིག་པ་དང༌། ནང་བཅུད་ཀྱི་སེམས་ཅན་གྱི་ཚེའི་ཚད་ཡར་སྐྱེ་བ་དང༌། མར་འགྲིབ་པ་ཟད་པའི་རྟགས་སོ། །དེ་དག་མ་ཟད་ན་བདག་ཁམས་གསུམ་ལས་མི་གྲོལ་བས་སོ། །དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཟད་པས། རྟེན་ས་མེད་པས། ལྡོག་པའི་ས་མེད་པའི་གནད། ནང་བཅུད་ཀྱི་སེམས་ཅན་ཟད་པས་སྐྱེ་རྒྱུན་ཆད་པས། ད་རིག་པ་ཉིད་འཆི་བ་དང་བྲལ་བའོ། །དེ་ནས་སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དེ། འདི་ཡིན་འདི་མིན་གྱིས་བརྗོད་པར་དཀའ་བས། ཆོས་ཉིད་ཟད་པ་ཞེས་བྱ་སྟེ་དོན་གྱི་འབྲས་བུའོ། །འབྲས་བུ་ནི་གང་ཟག་གིས་འདི་ཡིན་འདི་མིན་བརྗོད་པར་དཀའ་སྟེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེའང་ཆོས་ཟད་པ་ནི་ཚད་ཕེབས་ཀྱི་ཚེ་ཕྱི་ཡུལ་ནང་ལུས་ཀྱི་ཆོས་རྡོས་བཅས་པ་ཡིན་པ་ཟད་པ་ལ་འདིར་ཀུན་གཞི་རྣམ་ཤེས་པའི་ཆོས་སེམས་ཀྱིས་བསྡུས་པ་རྣམས་ཟད་ནས། ཀུན་གཞིའི་ཆ་སྒོ་གསུམ་གྱི་ཆོས་ཉིད་དུ་གནས་པ་རྩ་བའི་མ་རིག་པ་དེ་ཟད་པར་སྦྱོང་བ་དང༌། འཁྲུལ་པའི་ཆོས་ལ་ལྟོས་ན། སྣང་བའི་འོད་གསལ་སྐྱེ་འཇིག་མེད་པ་དེ་ཆོས་ཉིད་དོན་དམ་དུ་གནས་པ་ལས། ཆོས་ཉིད་གཉིས་པོ་དེ་ཟད་པར་ཡོང་བས་ཆོས་ཉིད་ཟད་པ་ཞེས་བྱ་བ་ཡིན་ལ། སྣང་བ་ནི་དེ་སྔ་ལྷུན་གྲུབ་ཀྱི་སྣང་བ་ཡོད་པ་ནང་ཐིམ་ལ་ཆ་ཆ་ནས་སོང་དུས། ཀ་དག་གི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་ངང་གིས་དག་པ་ལ་དར་ཅིག་གནས་པས་སྣང་བ་ཞེས་བྱ་སྟེ། དངོས་པོ་དང་མཚན་མར་སྣང་བ་ལྟ་བུ་ནི་མ་ཡིན་ནོ། །འདིའི་དུས་ན་ཆོས་ཙམ་དུ་ཡང་དམིགས་པ་མེད་པས་ཆོས་ཉིད་ཟད་པ་སྟེ། ཆོས་ཅན་ཡུལ་དང༌། ཆོས་ཉིད་དེའི་སྟོང་པ་འཛིན་ཆ་ཡུལ་ཅན་གྱིས་བསྡུས་པ། ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པའི་དུས་སོ། །ཟད་ལུགས་ནི། རིམ་གྱིས་དང༌། ཅིག་ཅར་གཉིས་ལས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པའི་དུས་སོ། །ཅིག་ཅར་ཟད་པ་ནི་དང་པོ་ཆོས་ཉིད་མངོན་སུམ་མཐོང་ནས་གོམས་པར་བྱས་པས། ཉམས་གོང་འཕེལ་ལ་སོགས་པའི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ། འདི་ནི་བློ་མཆོག་ཅིག་ཅར་བ་ཞེས་བྱའོ། །དེའང་སྔོན་དུ་སྦྱངས་པའི་ལས་འཕྲོ་ཅན་བླ་མ་ལ་གུས་པ་གཞན་ལས་ཆེ་བ་རེ་རེ་ཙམ་གྱི་ཟད་ལུགས་སྲིད་པ་ཙམ་མོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ། ངོ་བོ། ངེས་ཚིག རང་བཞིན། ཆོས་ཉིད ས་མཚམས་དང་ལྔ་ལས། ཆོས་ཉིད་ཟད་པའི་ངོ་བོ་ནི། ཕྱི་འོད་ལྔའི་སྣང་བ་སྐུ་དང་བཅས་པ་ཟད། ནང་རྡོས་བཅས་རྟོག་ཚོགས་དང་བཅས་པ་ཟད། ཉམས་སྣང་གི་ཡུལ་ཟད་དེ། ཀ་དག་གི་སྣང་བ་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་གནས་པ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་སོ། །ངེས་ཚིག་ནི། ཆོས་ཞེས་པ་ལུས་ངག་སེམས་ཀྱི་ཚོགས་པའི་ཆོས་ཉོན་མོངས་དང་བཅས་པ་ཡིན་ལ། ཉིད་ནི་སྦྱོང་བྱེད་ལམ་གྱི་སྣང་བ་འོད་གསལ་བསྒོམ་པའི་ཆ་དང་བཅས་པ་སྟེ། ཟད་པ་ནི་སྟོངས་པ་སྟེ། བློའི་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ནས་མེད་ལ། མི་དམིགས་པ་ཞེས་བྱ་སྟེ། དེ་ཉིད་ལས། དེ་ལྟར་ཆོས་ཉིད་ངེས་པའི་ཚིག །ཆོས་ཤེས་ཚོགས་ཤིང་འདུས་པ་ལ། །བྱ་བ་བྱེད་དང་མཚན་ཉིད་འཛིན། །རང་སྣང་སྟོང་པར་བྱེད་པ་ལ། །སོ་སོའི་རིགས་རྣམས་འཛིན་པའོ། །ཉིད་ནི་བཅོས་པ་མེད་པ་ལ། །ལྷུག་པར་གནས་པས་རྣལ་མས་ཁྱབ། །སོ་མ་གཉུག་མ་དཀྱུས་མ་ལ། །སྒྲ་ཚིག་མིང་གི་གྲངས་ཟད་པའོ། །ཞེས་སོ། །རང་བཞིན་ནི། ཕྱི་ནང་གི་སྣང་སེམས་ཟད་དེ་ནམ་མཁའ་སྔོ་སྐྱའི་གདངས་ལྟར་ཀ་དག་གི་རང་གདངས་ཙམ་ལ་སྤྱོད་པ་ནི། རྩལ་རྫོགས་ལས། འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །ཆོས་ཉིད་ལ་གཉིས་ལས། །སྣང་བའི་ཆོས་ཉིད་ནི། །ཕྱི་ནང་གི་རྡོས་བཅས་ཟད་པས་རྩ་རླུང་ཟད། དེ་ཟད་པས་སེམས་ལ་བརྟེན་པའི་བག་ལ་ཉལ་ཀུན་ནས་ལྡང་བའི་མཚན་ཉིད་ཅན་གྱི་དྲི་མ་ཕྲ་བ་ས་བོན་གྱི་ཆ་རྣམས་ཀྱང་ཟད་དེ། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་ཞིང༌། སྤྱན་དང་མངོན་ཤེས་ཆེན་པོ་ལ་དབང་བསྒྱུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པའི་རྒྱལ་ཚབ་ཏུ་དབང་ཐོབ་པ་ལ། ཀུན་གཞི་ཕྲ་མོ་ཤེས་བྱའི་སྒྲིབ་པ་རབས་ཆད་པོ་དར་དཀར་གྱི་ཡོལ་བ་ཙམ་གྱིས་ཆོད་པ་མ་གཏོགས་པ་སྒྲིབ་པ་མེད་པས། ལམ་གྱི་ཆོས་ཟད་པའི་འབྲས་བུ་ཞེས་བྱ་སྟེ། དེ་བསལ་ནས་སངས་རྒྱས་ཀྱིས་སྒྲིབ་པ་མཐའ་དག་དང་བྲལ་བ་ནང་དབྱིངས་ཀ་དག་གི་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ་ནི། ཐལ་འགྱུར་ལས། རང་སངས་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་འགག །རྡུལ་དང་ཕྲ་རབ་མཐར་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་པ་དང༌། །རྟོག་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང༌། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་མའི་ཚོགས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །སྟོང་པའི་ཆོས་ཉིད་ནི། རྩ་རླུང་རགས་པ་ཟད་པས་སེམས་དང་སེམས་བྱུང་ཟད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་ཕེབས་ཟླ་བ་ཉ་བ་ལྟ་བུའང་ནང་དབྱིངས་སུ་ནུབ་ནས་ཀ་དག་གི་སྣང་བ་ལ་གནས་པས། ཆོས་སྐུའི་སྣང་བ་ལྟེ་འབྲས་བུའི་ཆོས་ཉིད་རང་སྣང་བ་ཞེས་བྱ་བར་བརྗོད་པ་ནི། ཡང་སྔ་མ་ལས། རྒྱུ་དང་འབྲས་བུའི་ཆོས་ཉིད་ནི། །རྟོག་པ་རགས་པའི་ཁུངས་འགགས་ནས། །དྲན་པ་རང་དག་རྒྱུད་ལས་ཀྱང༌། །རྟེན་འབྲེལ་རླུང་ཉིད་རྣམ་དག་པ། །རྒྱུ་ལས་བྱུང་བའི་ཆོས་ཉིད་དོ། །ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟེད་དེ། །སྐུ་དང་ཡེ་ཤེས་མེད་པ་དང༌། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་སོ། །དེའང་ཚིག་ཕྱི་མ་འདི་གསུམ་ལ་འཁྲུལ་ནས། འབྲས་བུའི་ཀ་དག་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པའི་སྙིང་ཏིག་པ་བྱུང་བས། དེ་ནི་ནོར་བ་ཆེན་པོ་སྟེ། ཕྱིར་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆ་ལ་དེ་སྐད་གསུངས་པ་དེའི་དགོངས་པ་མ་ལོན་པར་ཟད་དོ། །དོན་ལ་ནང་དབྱིངས་སུ་མེད་ན་ལྷུན་གྲུབ་དང་འགལ་བ་དང༌། འདུས་མ་བྱས་ཡིན་པས་ཕྱིས་མེད་གཏན་བརླག་ཏུ་སོང་བ་དང་འགལ་བ་དང༌། ཡང་དབྱིངས་ལས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལས་སེམས་ཅན་གྱི་དོན་འབྱུང་བ་དང་འགལ་བ་དང༌། ཀུན་ཏུ་བཟང་པོ་གཞིའི་དབྱིངས་དག་པ་མཐར་ཕྱིན་ནས་སེམས་ཅན་དང་སངས་རྒྱས་ལ་ལམ་སྟོན་པའི་ཐུགས་རྗེ་དང་མཛད་པ་བསྟན་པ་དང་འགལ་བ་ལ་སོགས་པ་སྐྱོན་དུ་པ་ཡོད་པས། ཉེས་ཆ་དེ་ལྟ་བུ་ཁས་བླང་བར་མི་འོས་སོ། །ལྔ་པ་ས་མཚམས་ནི། ཚད་ཕེབས་ཡོལ་ནས་ཟད་པའི་མགོ་རྩོམ་དུས་ན་རང་གི་རྐང་ལག་བཞིའི་སོར་མོ་འོད་ལྔར་གསལ་བ་ཙམ་ཡོད་པས། སྐབས་འདི་ནས་ནང་དབྱིངས་སུ་ཕར་འཇུག་པ་དང༌། ཕྱིར་སྣང་དུ་ཚུར་ལྡོག་པའི་ས་མཚམས་ཡོད་དེ། དེའང་སྐུའི་རྣམ་པ་དེས་ད་རེས་སེམས་ཅན་གྱི་དོན་དངོས་སུ་རྒྱ་ཆེར་མི་འབྱུང་ན། སོར་མོའི་འོད་ལ་རིག་པ་གཏད་པས། ཕྱི་སྣང་དང༌། རང་ལུས་ཀྱི་འོད་གསལ་རྣམས་ནང་དབྱིངས་སུ་ཇེ་ཐིམ་ལ་འགྲོ་ཞིང༌། ཐད་ཀའི་དངོས་སྣང་མཐིང་ག་དག་པ་ཙམ་ལས། འོད་ལུས་སུ་ཡལ་བ་ཤེལ་འོད་ནང་དུ་ཐིམ་པ་ལྟར། ལུས་དང་སྣང་བའི་རང་གདངས་ཀྱང་ལོག་སྟེ། ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབ་ན་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་བཞུགས་ནས། ཕྱིར་སྣང་མཐིང་གར་སྣང་བའི་ཆ་ཙམ་ཡང་མེད་པར་ཤེལ་གོང་རང་དྭངས་སུ་གྲིབ་མ་ལ་གནས་པ་བཞིན། རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བའོ། །ཕྱིར་སྣང་དུ་ཚུར་ལོག་ན་སྐུ་དེས་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པ་མ་འགྲུབ་པའི་རྟགས་ཏེ། དེའང་སྐྱེ་བ་དང་འཇུག་པ་ལ་དབང་བ་ལས་རིག་པ་སེམས་ཅན་ལ་ཐུགས་རྗེས་གཏད་པས་ཅི་ཡང་མེད་པ་ཀ་དག་གི་སྣང་བ་དེ་རང་ལོག་ནས། འཁྲུལ་སྣང་གི་སྣང་བ་འདི་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང༌། རང་གི་སྐུ་དེ་ཡང་ཆུའི་ཟླ་བ་ལྟར་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་ལ་ཟང་ཐལ་བས་འབྱུང་བའི་གནོད་པ་དང་བྲལ་ཞིང་རྡོ་རྗེའི་སྐུ་ཐོབ་པ་སྟེ། སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་མོའི་སྐུར་བཞེངས་པ་ཞེས་བྱའོ། །གཞན་གྱི་མིག་མ་དག་པས་རྡོས་བཅས་ཙམ་ལས་ཟང་ཐལ་དུ་མི་མཐོང་སྟེ། སློབ་དཔོན་ཆེན་པོ་བི་མ་ལ་དང༌། པདྨ་བཞིན་ནོ། །དེ་ནས་སྐྱེ་བ་དང་འཇུག་པ་གཉིས་ལ་དབང་ཐོབ་པས། སྐད་ཅིག་ལ་སངས་ནའང་རྒྱར་ཡོད་ལ། སེམས་ཅན་ཀྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་ནའང་རང་དབང་འབྱོར་བའོ། །སྐྱེ་བ་ལ་དབང་བ་ནི། ནང་དབྱིངས་སུ་འཇུག་ཁར་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པ་ཐམས་ཅད་དུས་གཅིག་ཏུ་གྲོལ་བའི་མཐུ་ཆེན་པོ་ཐོབ་ལ། སྲིན་བུ་རྣམས་ཀྱང་འོད་དུ་དེངས་པའོ། །སྐྱེ་བའི་དབང་ཐོབ་པས་གང་ཅི་འདོད་པར་སྤྲུལ་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་བྱེད་པའོ། །འཇུག་པ་ལ་དབང་བ་ནི། བེམས་པོ་ལ་རིག་པ་བཅུག་ནའང་འགུལ་བ་དང་སྐད་འབྱིན་པར་བྱེད་དེ། པདྨ་དང་དཔག་བསམ་གྱི་ཤིང་དང་ནོར་བུ་ལ་སོགས་པ་ལས་ཆོས་ཀྱི་སྒྲ་འབྱུང་བས་སེམས་ཅན་ཐམས་ཅད་སྨིན་པ་དང༌། ཟས་གོས་ཀྱི་ཆར་འབེབས་པར་བྱེད་དོ། །དེའང་སྐྱེ་བ་དང་འཇུག་པ་ལ་དབང་བའི་འདི་གཉིས་ཟད་པའི་རྗེས་ནང་དབྱིངས་སུ་འཇུག་ཁ་མ་དེར་ཐོབ་པས། སེམས་ཅན་ཀྱི་དོན་དུ་ཚུར་མི་ལོག་ན་བར་དོར་སེམས་ཅན་སུམ་སྟོང་ཅིག་ཅར་དུ་གྲོལ་བར་བྱས་ནས་དབྱིངས་སུ་འཇུག་ལ། བྱེད་ན་སྐྱེ་བ་ལ་དབང་བས་ཚུར་ལོག་སྟེ་རིམ་གྱིས་སུམ་སྟོང་གྲོལ་བར་བྱས་ནས། སྐྱེ་འཇུག་དུ་མས་བསྐལ་པ་ཞིང་གི་རྡུལ་སྙེད་དུ་སེམས་ཅན་གྱི་དོན་ཇི་ལྟ་བུའང་མཛད་དེ། སའི་གཏེར་དང༌། ནོར་བུ་དང༌། ཆོས་ཀྱི་རྣམ་གྲངས་ལ་སོགས་པས་དུས་རིང་པོ་ཞིག་ན་ཕན་པ་འགྲུབ་ནའང་དེའི་ཐབས་ལ་སྐད་ཅིག་ཀྱང་ཡོལ་བ་མེད་པས། གཞན་ལས་ཐུགས་རྗེ་རྨད་དུ་བྱུང་བ་དང་འཕྲིན་ལས་གཟིགས་པ་འཇུག་པའི་ཕྱིར། བདག་ཅག་གི་བླ་མ་དམ་པ་བི་མ་ལ་དང་པདྨ་འབྱུང་གནས་ཆེས་འཕགས་པ་དེ་ལྟ་བུ་ལ་བརྟེན་པ་རྣམས་འདིའམ་བར་དོར་གདོན་མི་ཟ་བར་གྲོལ་བར་ངེས་སོ། །ཚུལ་འདི་དག་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང༌། །འདི་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདིས་ནི་འཇུག་པའི་ཤུགས་ཀྱི་དབང༌། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་་སྐད་དེ། །མངོན་དུ་ལོག་སྟེ་འཁྲུལ་པར་སྣང། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་མོ་འདིས་འགྲུབ་བོ། །དེ་བཞིན་རིམ་དང་ཅིག་ཅར་གྱི། །ལུས་ནི་འདི་ཡིས་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །དེ་ལྟར་སྣང་བ་བཞིར་ཤར་བ་དེ་ཡང་ལམ་སྐྱེ་བའི་རིམ་པ་ཞེས་བྱ་སྟེ། དཔེར་ན་སྐས་ཀྱི་གདང་བུ་དང་འདྲའོ། །དེ་ཡང་ལམ་གནས་པའི་ཆ་ནས་འཆར་བྱེད་མ་འགགས་ལ། ལམ་ཐོབ་པའི་ཆ་ནས་ཅིར་ཡང་མ་གྲུབ་པ་མེད་དོ། །དེ་ལྟར་སྣང་བ་བཞི་ཚད་དུ་ཕྱིན་པས་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བས་ན། ཐེག་པ་ཐུན་མོང་བ་རྣམས་ལས་ཁྱད་པར་དུ་འཕགས་པས། ཆོས་འདི་དང་ཕྲད་ནས་བརྩོན་པས་ཉམས་སུ་ལེན་པ་ལ་འབད་པར་བྱ་སྟེ། དེ་ཉིད་ལ། སངས་རྒྱས་འགྲུབ་པར་འདོད་པའི་མིས། །འདི་ཐབས་ལྡན་ན་དེ་བཞིན་ནོ། །གཞན་སྤྱོད་སྙེམས་བྱེད་ཉིད་ཡིན་པས། །དངོས་པོ་མཐོང་བ་མ་ཡིན་ནོ། །དེ་ཕྱིར་འདི་ཀུན་དཀོན་པའི་ཚིག །རྟག་ཏུ་རིན་ཆེན་གཏེར་འདི་ལྟོས། །ཞེས་སོ། །དོན་བཞི་པ་མཐའ་རྟེན་གྱི་མན་ངག་བཞི་པོ་གོང་མ་རྣམས་ཀྱི་རྒྱབ་རྟེན་ནམ་ནན་ཆགས་སུ་བྱུང་བ་སྟེ། དེ་ཡང་མི་འགུལ་བ་གསུང་ལ་གཞི་བཅའ་བ། སྡོམ་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པ་རྣམས། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ཟློག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་གཟུང་བའོ། །ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་སོ། །དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅས་པས་མྱ་ངན་ལས་འདས་པའི་གཞི་ཐིངས་པ་ནི། ལུས་ཀྱི་མི་འགུལ་བ་གསུམ་གྱིས་གནད་གཟིར་བ་དང༌། ངག་གི་མི་འགུལ་བ་གསུམ་གྱིས་ལམ་བསལ་བ་དང༌། སེམས་ཀྱི་མི་འགུལ་བ་གསུམ་གྱིས་འཕྲང་བཅུད་དུ་དྲིལ་པའོ། །དང་པོ་ལུས་ཀྱི་མི་འགུལ་བ་གསུམ་ལ། ཁྱབ་པ་བཞུགས་སྟངས་ཀྱི་མི་འགུལ་བས་རྩ་གནད་ལ་དབབ་པ། འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བས་ལམ་དྲང་བ། གཅུད་པ་དེམས་ཀྱི་མི་འགུལ་བས་རླུང་གི་འགྲོ་འོང་དགག་པའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་འདི་གསུམ་སྟེ། སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །ཞེས་པས། སྤྲུལ་པ་སྐུའི་བཞུགས་སྟངས་ལ། །སྒྲ་བཤད་པ་དང༌། དོན་དབྱེ་བ་གཉིས་ལས། དང་པོ་ནི། དྲང་བ་ལུས་དྲང་བས་རྩ་དྲང་པོར་འགྱུར་ལ། བསྲང་བ་དེ་མ་ཡོ་པར་བྱས་པས་རླུང་དཀྱུས་མར་འབྱུང་ལ། དེས་རྣམ་རྟོག་སྣ་ཚོགས་འགག་པའོ། །ལྟ་བུ་ནི་དཔེས་ཏེ་རི་རབ་ཀྱི་ངོས་ཀྱི་དྲང་སྲོང་མེ་སྦྱིན་དང་རྒྱས་པ་ལ་སོགས་པ་ཏིང་ངེ་འཛིན་བསྒོམ་པའི་ཚུལ་དང་འདྲའོ། །དོན་དབྱེ་བ་ལ་གཉིས་ལས། དང་པོ་འཆའ་བ་རྒྱུན་གྱི་གནད་ནི། རྐང་པའི་ལོང་བུ་གཉིས་གཤིབས་ཐབས་ཤེས་རབ་ཀྱི་བཅུད་འབྱིན་པར་བྱེད་ལ། རྐང་མཐིལ་ས་ལ་བཅར་བས་རླུང་འཕེན་སྡུད་ཀྱི་ལས་སྟོངས་པར་བྱེད་ཅིང་ལུས་ལ་ཡེ་ཤེས་ཀྱི་དྲོད་འབེབས་པར་བྱེད་དོ། །ལུས་སྤྱི་ཙོག་པུར་འདུག་པས་རྣམ་ཤེས་འཇུག་པའི་རྩ་ཁ་འཆུ་བར་བྱེད་ལ། ལུས་ཀྱི་ཆ་བསྲང་བས་ལུས་ཀྱི་རྣམ་ཤེས་རང་དལ་དུ་བྱེད་དོ། །པུས་བྲང་སྦྱར་བས་ལུས་ཀྱི་འབྱུང་བ་ལས་ཡེ་ཤེས་ཀྱི་རྩལ་འབྱིན་པར་བྱེད། ལག་པའི་ཐལ་མོ་མཆན་ཁུང་ངམ་པུས་མོའི་སྟེང་དུ་བསྣོལ་བས་ལས་དང་བག་ཆགས་ཀྱི་མཐའ་ཟད་པར་བྱེད་དོ། །གཉིས་པ་ངལ་སོ་ཡེ་ཤེས་ཀྱི་གནད་ནི། རྟོག་པ་འཕྲོ་བ་དང་བདེ་བའི་ཆ་མ་སྐྱེས་ན་འདི་ལྟར་བྱེད་དེ། པུས་བྲང་སྦྱར་ཏེ་ཙོག་པུར་འདུག་པས། འཕྲོ་བ་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་སྐུ་སྣ་ཚོགས་པ་སྣང་ལ། ནང་དུ་སེམས་སྡོད་པའོ། །རྐང་མཐིལ་ས་ལ་མནན་པས་སྲོག་རྩོལ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ལུས་ལ་དྲོད་སྐྱེ། ནང་དུ་ཆོས་ཉིད་སྐྱེ་བ་མེད་པའི་ཉམས་སྐྱེའོ། །ལག་པས་མཇིང་པ་ལ་འཁྱུད་དེ་བསྲང་བ་ནི། ལྟེབས་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ནང་དུ་རྟོག་པ་དུ་མ་འགག །ཕྱིར་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་གོང་དུ་འཕེལ་བའོ། །དེ་ལྟ་བུའི་གནད་རྣམས་ནི། ལུས་གནད་རྩལ། རྩ་གནད་རླུང་ལ། རླུང་གནད་སེམས་ཡིན་པས་སོ། །ལོངས་སྐུའི་བཞུགས་སྟངས་ལའང༌། སྒྲ་བཤད་པ་ནི། གླང་པོ་ཆེ་ཞེས་པ་སྟོབས་དང་ཐེག་པ་ཆེ་བའི་ཆ་ནས་བརྗོད་དེ་ལུས་གནད་དེས་ཡེ་ཤེས་ཁྱད་པར་ཅན་འདེགས་པའི་ཕྱིར་རོ། །དོན་དབྱེ་ན་གཉིས་ལས། འཆའ་བ་རྒྱུན་གྱི་གནད་ནི། ཁ་སྦུབ་ཏུ་ཉལ་བས་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་སྟོབས་བྱེད། པུས་བྲང་སྦྱར་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་གཞི་བྱེད། མཐེ་བོངས་ས་ལ་ཕྱིར་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་གནོད་པར་བྱེད། ལག་པའི་གྲེ་མོངས་ས་ལ་བཅར་བས། ཆོས་ཉིད་མངོན་སུམ་དུ་འཆར་བ་རྟེན་པར་བྱེད། མཇིང་བ་ཡིད་ཙམ་བཏེག་པས་རྣམ་རྟོག་ཡེ་ཤེས་སུ་འཆར་བར་བྱེད་པའོ། །གཉིས་པ་ངལ་སོ་ཡེ་ཤེས་ཀྱི་གནད་ལ། ཁ་སྦུབ་པས་སྒོ་གསུམ་ཞེན་འཛིན་གྱི་སྲིད་པ་ཟིལ་གྱིས་གནོན། རྐང་ལག་བཞི་ས་ལ་བཞག་ནས། རྐང་པའི་མཐེ་བོང་སར་བཙུགས་ཏེ་ཕྱིར་འཕུལ་བས་རྣམ་རྟོག་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་འཁྲུལ་སྣང་འགགས་ལ། ནང་དུ་ལུས་སེམས་ལ་དྲོད་སྐྱེ། ལག་མཐིལ་གཉིས་ས་ལ་བཅར་བས་འགྱུ་བ་ལས་ཀྱི་རླུང་ལྡོག དེ་ལོག་པས་ཕྱིར་ཐིག་ལེ་དང་ཐིག་ཕྲན་དུ་འཆར་ལ། ནང་དུ་ཉིན་མཚན་མེད་པའི་ཉམས་འབྱུང༌། མཇིང་པ་ཡིད་ཙམ་དགྱེས་བས་འཛིན་པ་ལས་ཀྱི་རླུང་ལྡོག དེ་ལོག་པས་ཕྱིར་སྐུའི་སྣང་བ་མཐོང་ལ། ནང་དུ་རླུང་གི་འགྱུ་བ་ཟད་པར་བྱེད་དོ། །ཆོས་སྐུའི་བཞུགས་སྟངས་ལའང༌། སྒྲ་བཤད་པ་ནི། སེང་གེ་རྩལ་གསུམ་རྫོགས་པ་གང་ལའང་མི་འཇིགས་པ་ལྟར། ལུས་གནད་དེས་ཁམས་གསུམ་གྱི་འཇིགས་པ་སེལ་བའོ། །དོན་གྱི་འགྲོས་དབྱེ་བ་ལའང༌། བཅའ་བ་རྒྱུན་གྱི་གནད་ནི། ལུས་ཁྱི་ཚུགས་སུ་འདུག་པས་དབྱིངས་དང་རིག་པར་ཕྲད་པར་བྱེད། རྐང་མཐིལ་ས་ལ་མནན་པས་རྣམ་རྟོག་སྣ་ཚོགས་པ་འགག །ལག་པའི་སོར་མོའི་ཚིགས་རྣམས་བསྐུམས་ནས་རྐང་པ་གཉིས་ཀྱི་ནང་ལོགས་སུ་བཙུགས་པས་ལས་དང་ཉོན་མོངས་པའི་འགྱུ་བ་སྟོངས་པར་བྱེད། རོ་སྟོད་གསེང་ལ་བོར་བས་རྟག་ཏུ་ཆོས་ཉིད་ལས་མི་འབྲལ་བར་བྱེད། རྩ་མཇིང་པ་ལ་བསྐུར་བས་ཆོས་ཉིད་ཀྱི་དོན་ལས་འཆུགས་ས་མེད་པའི་རྟེན་བྱེད་དོ། །གཉིས་པ་ངལ་སོ་ཡེ་ཤེས་ཀྱི་གནད་ལ། རྐང་མཐིལ་གཉིས་ས་ལ་ཕབ་སྟེ་པུས་མོ་ཅུང་ཟད་ཕྱིར་ལ་དེང་བས་ཁྱི་ཚུགས་སུ་འདུག་པ་ནི། །ཁྱབ་བྱེད་ལས་ཀྱི་རླུང་ལྡོག དེ་ལོག་པས་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་བ་དང༌། ནང་དུ་ཉོན་མོངས་པའི་རྒྱུན་དུམ་བུ་པ་འགག་པར་འགྱུར་རོ། །ལག་མཐིལ་གཉིས་ནང་ངོས་སུ་བཙུགས་པས་གཟུང་བའི་ལས་རླུང་འགག །དེ་འགག་པས་ཕྱིར་ཡེ་ཤེས་ཀྱི་སྣང་བ་མཐོང་ལ། ནང་འཛིན་པ་ཡུལ་ཅན་གྱི་རྟོག་པ་རྒྱུན་འཆད་དོ། །རོ་སྟོད་གསེང་ལ་བོར་ནས་མཇིང་བ་བསྲང་བས། འཕེན་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་ལ། ནང་དུ་ཉོན་མོངས་པའི་རྒྱུན་འགག་པའོ། །དེའང་ཆོས་སྐུའི་འདུག་སྟངས་གཟིར་བས་སངས་རྒྱས་ཀྱི་མཁྱེན་པ་འདི་ཉིད་ལ་རྫོགས་པར་བྱེད། ལོངས་སྐུའི་གཟིར་བས་འདི་ཉིད་ལ་སངས་རྒྱས་ཀྱི་ཞིང་ཁམས་གསུམ་མཐོང་བར་འགྱུར། སྤྲུལ་སྐུའི་གཟིར་བས་འདི་ཉིད་ལ་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འགྲུབ་པའི་དགོས་པ་ཡོད་དོ། །གཉིས་པ་འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བ་གསུམ་ནི། མུ་ཏིག་ཕྲེང་བ་ལས། སྒོ་ནི་དེ་ཉིད་མི་འགུལ་དང༌། ཞེས་པས། སྤྲུལ་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་ཐུགས་རྗེའི་སྣང་བ་ལ་ལོངས་སྤྱོད། དེ་ཡང་མིག་གི་དལ་བ་བསྟེན་པས་ཏིང་ངེ་འཛིན་དང་འབྲལ་མི་སྲིད། ཡིད་ཙམ་ཐུར་ལ་ཕབ་པས་སྟོང་ཉིད་བསམ་ངོ་དང་བྲལ་བའི་ལྟ་བ་འཛིན་པར་བྱེད། མཉམ་པར་བལྟས་པས་ཉོན་མོངས་པའི་དབང་དུ་འགྱུར་མི་སྲིད་དོ། །ལོངས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་རང་བཞིན་གྱི་སྣང་བ་མངོན་སུམ་དུ་མཐོང༌། ལུས་མ་འཆུས་པར་མིག་གཉིས་གཡས་སུ་མཉམ་པར་བལྟས་པས། འཁྲུལ་པ་ཐམས་ཅད་དུས་གཅིག་ལ་འགག །ཟུར་གྱིས་བལྟས་པས་ཆོས་ཉིད་ལས་འབྲལ་མི་སྲིད། གཡོན་དུ་བལྟས་པས་དབྱིངས་དང་རིག་པ་ལ་གཟེར་ཐེབས། དེ་ཉིད་ཟུར་ལ་ཡིད་ཙམ་མནན་པས་ལུ་གུ་རྒྱུད་ཀྱི་འགྲོ་འོང་འཆད་དོ། །ཆོས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་ངོ་བོ་མཐོང་སྟེ། མིག་གཉིས་མཉམ་པར་གྱེན་ལ་ཡིད་ཙམ་བཟློག་པས་ངན་སོང་གསུམ་གྱི་སྐྱེ་གནས་རྒྱུན་གཅོད། སྨིན་མཚམས་སུ་གཅུན་པས་རིག་པ་ལ་འཁྱོར་ས་མེད། ནམ་མཁའི་མཐོངས་ལ་གཏད་པས་དབྱིངས་རིག་ལ་འབྲལ་བའི་ས་མེད་དོ། །མིག་གི་དལ་བ་ནི་ཀུན་འདྲའོ། །གསུམ་པ་གཅུད་པ་དེམས་ཀྱི་མི་འགུལ་བ་གསུམ་ནི། ལུས་ཀྱི་ཡན་ལག་གཅུད་པས་འགྲོ་དྲུག་འཁྲུལ་པའི་འཁོར་ལོ་རྒྱུན་འཆད། སོར་མོའི་ཚིགས་རྣམས་བསྐུམ་པས་ལུས་ཀྱི་བྱ་བ་འཇིག་པར་བྱེད། སྐབས་སུ་མཇིང་བའི་རྩ་གཏེམས་པས་འོད་སྣང་རང་ལུགས་སུ་འཆར་བའི་གཞི་བྱེད། ལུས་ཀྱི་གཅུད་པ་སོར་བཞག་པས་ཁམས་གསུམ་མིང་མེད་པར་བྱེད་པའོ། །གཉིས་པ་ངག་གི་མི་འགུལ་བ་གསུམ་ནི། སུ་དང་ཡང་ངག་མ་འདྲེས་པས་འགྲོ་དྲུག་ཕལ་པའི་ལས་སྟོངས་པར་བྱེད། ཚིག་གི་འདྲེ་ལྡོག་བཅད་པས་ཚིག་རང་བྱུང་གི་ཡེ་ཤེས་སུ་འཆར། རང་གི་བརྗོད་པ་ཙམ་ཡང་བཀག་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངང་ལ་གནས་པར་ངེས་སོ། །གསུམ་པ་སེམས་ཀྱི་མི་འགུལ་བ་གསུམ་ནི། གཏད་པའི་འབེམ་དང་མ་བྲལ་བས་རྟག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་གནས། རིག་པ་དབྱིངས་ཀྱི་གོ་རར་ཚུད་པས་དངོས་པོའི་གནས་ལུགས་ལས་འཁྱར་ས་མེད། རྟག་ཏུ་དེ་ཉིད་དང་མ་བྲལ་བས་སྣང་བ་བཞི་ཚད་དུ་ཕྱིན་པར་ངེས་སོ། །དེ་ཡང་འགུལ་བས་འགྱུ་འགྱུས་པས་ལྡོག་པ་ཞེས་བྱ་སྟེ། དེ་དག་ལས་གྲོལ་བར་བྱེད་པའི་གནད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ལ་གསུམ་སྟེ། ལུས་ཀྱི་སྡོད་པ་གསུམ་གྱིས་བྱ་བ་དང་བྲལ་བ་དང༌། རླུང་གི་སྡོད་པ་གསུམ་གྱིས་མི་སྐྱེ་བའི་ཚད་གཟུང་བ་དང༌། སྣང་བའི་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པའོ། །དང་པོ་གསུམ་ནི། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་པ་འཕེལ་མི་སྲིད། ཡན་ལག་གི་འཕེན་སྡུད་སྡོད་པས་འཁྲུལ་པའི་འཁོར་ལོ་རྒྱུན་འཆད། བྱ་བ་གཞི་ལ་ཕབ་པས་བསགས་པ་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བར་ངེས་སོ། །གཉིས་པ་གསུམ་ནི། རླུང་ཕྱིར་མི་འགྲོ་བར་སྡོད་པས་རྐྱེན་སྣང་ཐ་དད་པས་གནོད་པ་མེད། ནང་དུ་མིག་འགེངས་པར་སྡོད་པས་རྣམ་རྟོག་ཐ་དད་པའི་རྟེན་མེད། ཕྱི་ནང་དུ་འགྲོ་འོང་མེད་པར་སྡོད་པས་འཁོར་འདས་གཉིས་སུ་འཛིན་པའི་གཞི་སྟོངས་པའོ། །གསུམ་པ་སྣང་བའི་སྡོད་པ་གསུམ་ནི། འོད་ལ་འཕྲིག་པ་མེད་པར་སྡོད་པས་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས། རིག་པ་ལ་འཕྲིག་པ་མེད་པར་སྡོད་པས་ལས་དང་རྣམ་པར་སྨིན་པའི་མཐའ་ཟད། སྐུ་ལ་འདར་བ་མེད་པར་སྡོད་པས་ལུས་ཀྱི་ཟག་པ་རྣམས་རང་ཟད་པར་འགྱུར་རོ། །འདིའི་དུས་ན་ལུས་ཀྱི་རྟགས་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་གཞི་ལ་ངེས་པ་ཐོབ་པ་ལས་བྱུང༌། ངག་གི་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་ལམ་ངེས་པར་ཐོབ་པ་ལས་བྱུང༌། ཡིད་ཀྱི་བཞི་ཚད་ལ་ཕེབས་པ་ནི། དབང་བཞིའི་འབྲས་བུ་མངོན་སུམ་དུ་གྱུར་པ་ལས་བྱུང་བའོ། །དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ན་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་ནི། ལུས་ཀྱི་རྩ་དལ་བར་གནས་པ་ལས་བྱུང་བའོ། །དེ་ནི་རྫོགས་པ་ཆེན་པོའི་དོན་བྱ་རྩོལ་དང་བྲལ་བ་ལུས་ཀྱི་ཡན་ལག་ལ་ཞུགས་པ་ནི། བུམ་པའི་དབང་གི་ལས་དག་པས། སྤྲོས་བཅས་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་བར་ངེས་སོ། །གོང་འཕེལ་གྱི་དུས་སུ་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་སོང་བ་ནི་རྩ་དབུ་མར་རླུང་ཚུད་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ལས་སྤྱི་ལ་ཞུགས་པ་ནི། གསང་བའི་དབང་གི་ལས་དག་པས། སྤྲོས་པ་མེད་པའི་ཡེ་ཤེས་རང་བྱུང་དུ་བྱུང་བའོ། །ཚད་ཕེབས་སུ་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུ་ནི། སེམས་རྩ་རླུང་ལ་ཐེབས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྤང་བླང་མེད་པའི་དོན་སྙིང་ལ་ཞུགས་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལུས་ཀྱི་ལས་དག་པ་ལས་བྱུང་བ་ནི། ཤིན་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་འབྱུང་དུ་བྱུང་བའོ། །ཟད་པའི་ཚེ་ལུས་མཁའ་འགྲོ་རྙི་ལ་ཟིལ་པ་ལྟར་སོང་བ་ནི། སེམས་འོད་གསལ་གྱི་དྲ་བར་ཚུད་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་རང་གྲོལ་མཉམ་པའི་དོན་ལུས་ཀྱི་མིག་ལ་ཞུགས་ཏེ་ཚིག་གི་དབང་གིས་ལུས་ཀྱིས་ལས་དག་པ་ལས། རབ་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་འབྱུང་དུ་བྱུང་བའོ། །དེ་དག་ནི་དཔེས་ཉེ་བར་མཚོན་པ་སྟེ། དོན་ལ་ལུས་ཀྱི་འཁྲུལ་པ་རྣམས་རང་དེངས་པའི་རྟགས་སོ། །རྟགས་ཚད་ཀྱི་ཡི་གེ་རྣམས་དོན་སྤྱིའི་རྣམ་པ་ལ་དགོངས་ཀྱི། འདི་དག་ནི་དོན་རབ་ཐོག་ཏུ་ཕབ་པའོ་ཞེས་བི་མལ་གསུང་ངོ༌། །ངག་གི་གཞི་ཡང་སྣང་བ་བཞི་དང་རིམ་པ་ལྟར། ངག་ལྐུགས་པའི་རྣམ་པ་ལྟར་སོང་བ་ནི་རྩ་ནང་དུ་རྣམ་ཤེས་ཚུད་པ་ལས་བྱུང་བའོ། །འདི་ནི་རྫོགས་པ་ཆེན་པོ་བརྗོད་གཞི་རང་དག་ངག་གི་བརྡ་ལ་ཞུགས་པས། སྤྲོས་པ་ཕྱི་ལ་བཅད་ནས་ནང་ཡེ་ཤེས་ཀྱི་ངང་དུ་གསལ་བའོ། །ངག་སྨྱོན་པའི་རང་ཚིག་རྡོལ་བ་བཞིན་སོང་བ་ནི། རྫོགས་པ་ཆེན་པོ་བརྗོད་ཚིག་གི་རང་ངོ་དག་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོའི་བརྗོད་ཚིག་ངེས་པར་གྲོལ་བ་དག་གི་གདངས་ལ་ཞུགས་པ་ལས། སྤྲོས་པ་མེད་པའི་དོན་ནང་དུ་ཆོད་པའོ། །ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་དོན་པ་ལྟར་སོང་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་དུ་སྙིང་རྗེ་འདུས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པས། ཤིན་ཏུ་སྤྲོས་མེད་ཚིག་ཏུ་འཛིན་པའི་མཐའ་ཆོད་པའོ། །ངག་བྲག་ཅའི་རྣམ་པ་ལྟར་བྱུང་བ་ནི། རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པ་ལས་བྱུང་སྟེ། རྫོགས་པ་ཆེ་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲག་པ་ལ་ཞུགས་པས། རབ་ཏུ་སྤྲོས་པ་མེད་པ་སྨྲ་བྱའི་ཡུལ་ལས་འདས་པ་སོར་བཞག་པ་ལས་བྱུང་བ་སྟེ། བརྗོད་པ་དཔེ་ལ་དོན་བརྗོད་དུ་མེད་པར་བྱུང་བའོ། །སེམས་ཀྱི་རྟགས་བཞི་ཡང་སྣང་བ་བཞི་དང་རིམ་པས་ཤེས་པར་བྱ་བ་ནི། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་སོང་བ་ནི། རིག་པ་འོད་གསལ་དང་འདྲེས་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་སེམས་ཀྱི་སྣང་བ་ལ་ཞུགས་པ་ནི། སྤྲོས་བཅས་ཀྱི་དབང་རྫོགས་པ་ལས་བྱུང་བའོ། །སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་སོང་བ་ནི། སེམས་སྐྱེ་མེད་ཀྱི་ཀློང་དུ་གྲོལ་བ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་མ་སྐྱེས་རང་སར་གྲོལ་བ་སེམས་ཀྱི་བྱུང་ས་ལ་ཞུགས་པས། སྤྲོས་པ་ཡེ་ནས་མེད་པའི་དབང་རྫོགས་པ་ལས་སོ། །སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་བསྐྱར་གཞི་མེད་པར་སོང་བ་ནི། སེམས་རྣམ་པར་དག་པའི་རླུང་ཟིན་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་ཡེ་གྲོལ་བསྐྱར་གཞི་མེད་པ་སེམས་ཀྱི་གནས་ས་ལ་ཞུགས་པས། ཤིན་ཏུ་སྤྲོས་པ་མེད་པ་རང་སྣང་རང་གྲོལ་བ་ལས་སོ། །སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་དེ་མ་ཐག་ཏུ་ཤི་བ་ལྟར་སོང་བ་ནི། གོམས་པ་ཁྱད་པར་དུ་གྱུར་པ་ལས་བྱུང་སྟེ། རྫོགས་པ་ཆེན་པོ་སྐད་ཅིག་མ་མྱུར་བྱེད་ཀྱི་ཚད་སེམས་ཀྱིས་སྲོག་ལ་ཞུགས་པ་ནི། རབ་ཏུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་མེད་པས་ན་དབང་ངོ༌། །འདི་ཡང་དཔེས་ཡིད་ཆེས་ལ་དོན་གྱི་ཐག་ཆོད་པའོ། །དེ་ཡང་ལུས་ཀྱི་གཞི་ནི་འབྱུང་བཞིའི་བཅིངས་པ་གྲོལ་བྱེད་དུ་བྱུང་བས། ད་འབྱུང་བ་རང་རྒྱུད་དུ་ལྡོག་མི་སྲིད་པའི་གནད་དོ། །ངག་གི་བཞི་ནི་བརྗོད་གཞི། བརྗོད་རྐྱེན། བརྗོད་བྱ། རྗོད་བྱེད་བཞིའི་བཅིངས་པ་ལས་གྲོལ་བས། ད་བརྗོད་ཚིག་རང་རྒྱུད་དུ་སྨྲ་མི་སྲིད་དོ། །སེམས་ཀྱི་བཞི་ནི། དྲན་པ། དྲན་མེད། སྐྱེས་མེད། བློ་འདས་བཞིའི་བཅིངས་པ་ལས་གྲོལ་བ། ད་དྲན་བསམ་ཡུལ་གྱི་འཁོར་ལོ་ལ་འཇུག་མི་སྲིད་དོ། །དེ་ལྟར་རྟགས་ལུས་ལ་འཆར་བའི། ངོ་ངག་ལ་ཤེས། གདེང་སེམས་ལ་འཆོས་པའི། ཚད་རྨི་ལམ་གྱིས་ཟིན་པ་ནི། བརྩོན་འགྲུས་ཀྱི་རིམ་པས། །རབ་ལ་རྨི་ལམ་གཏན་ནས་འཆད་པ་ནི། གོམས་པ་ཆེན་པོ་ལས་བྱུང་བས་ལས་དང་བག་ཆགས་ཀྱིས་ཕན་གནོད་མེད། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་གོམས་པ་ངེས་པ་ལས་བྱུང་བས། བག་ཆགས་བཟང་ངན་གྱི་རྟོག་པ་མེད་པའོ། །ཐ་མ་རྨི་ལམ་བཟང་པོར་གནས་གྱུར་པ་ནི་བག་ཆགས་དག་པར་རོ་གཅིག་པས་སྤང་གཉེན་རྒྱུ་འབྲས་ཀྱི་ལས་ལ་འཛེམ་དགོས་པའོ། །དེ་ལྟར་སྡོད་པ་གསུམ་ནི། མུ་ཏིག་ཕྲེང་ལས། དག་པའི་དབྱིངས་ནི་སྡོད་པ་དང༌། དེ་བཞིན་རིག་པའི་ངོ་བོ་སྡོད། །སྣང་བ་ཐམས་ཅད་སྡོད་པའོ། །ཞེས་སོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ་བ། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་གྲོལ་བ། གསང་བ་རིག་པ་ལ་དབང་ཐོབ་པས་རླུང་སེམས་ཀྱི་འཁྲུལ་པ་ཟད་པ་སྟེ། དོན་གྱི་འབྲས་བུ་ལ་དབང་ཐོབ་ཏུ་ཉེ་བ་ཞེས་བྱའོ། །ཡང་དེ་ཉིད་ལས། རིག་པ་ཤར་བས་རྒྱུ་རྐྱེན་འགགས། །འོད་གསལ་ཤར་བས་ཕྲ་རགས་འགགས། །དབྱིངས་རིག་ཤར་བས་ཡུལ་སེམས་འགགས། །ཞེས་སོ། །བཞི་པ་གདེངས་བཞིས་འགྲོལ་ཚད་གཟུང་བ་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་མཐོང་ངམ་ཐོས་ཀྱང་ཡ་ང་དང་བག་ཚ་མེད་པའི་གདེང་དང༌། སངས་རྒྱས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་བྲོད་པ་མེད་དེ་རང་གཞག་སྐུ་གསུམ་རྫོགས་པའི་གདེང་དང༌། ལས་དང་ཉོན་མོངས་ཀྱི་རྒྱུ་འབྲས་ཐོས་ཀྱང་འཁྲུལ་སྣང་འཁོར་བར་ལྷུང་དོགས་མེད་པས་རྒྱུ་འབྲས་ལ་ཟློས་པའི་གདེང་དང༌། མྱ་ངན་འདས་པའི་རང་ས་མཐོང་ཡང་གྲོལ་དུ་རེ་བའི་དགའ་བྲོད་མེད་པས་ཀ་དག་རང་རྫོགས་བཙན་ས་ཟིན་པའི་གདེང་དང་བཞི་འབྱུང་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང༌། །ཞེས་སོ། །དེ་ལྟར་མཐར་རྟེན་བཞིའི་ཞར་ལ། སྣང་བ་བཅུ་དྲུག་གིས་མཇུག་བསྡུ་བ་ནི། སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། ཉེ་བར་ཐོབ་པ་སྟེ་བཞི་ཚན་རེ་སྣང་བ་བཞི་ལ་ཞུགས་པས། ས་བཅུ་དྲུག་གི་སྣང་བ་རྫོགས་པ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེ་བར་ཐོབ་མ་དེ་ལ་གོམས་པ་རྙེད་པ། ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཐིག་ལེ་ཁ་དོག་ལྔར་གསལ་བ། ཉེ་བར་ཐོབ་པ་འགུལ་བ་དང་འཕྲིག་པ་ལས་ཟེར་སྣ་ཚོགས་སུ་འཕྲོ་བ། ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ། ཉེ་བར་མཆེད་པ་ཡབ་ཡུམ་དུ་སྣང་བ། ཐོབ་པ་ཚོམ་བུ་ལྔ་ལྔ་དང་ལྡན་པ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པ། ཟད་པའི་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་མེད། ཐོབ་པར་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་ལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པ་དང་བཅུ་དྲུག་སྟེ། དེ་ལྟར་སྣང་བ་བཅུ་དྲུག་ཏུ་ངེས་པར་རྟོགས་པའི་གང་ཟག་གིས་རང་རྒྱུད་ཡེ་ཤེས་སུ་སྨིན་པའི་དུས་ཚོད་ཟིན་པས། སྣང་བའི་བཅུ་དྲུག་ཏུ་ངེས་པ་མགོན་པོ་རྡོ་རྗེ་འཆང་གིས་ཞེས་བྱའོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་སར་བཏགས་པའི་རིམ་པ་བཅུ་དྲུག་ཀྱང་འདིར་འོད་ལུས་སུ་གྲོལ་བ་དང་ བར་དོར་གྲོལ་བ་གཉིས་ལ་ཚང་སྟེ། རིག་པ་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེ་ལ་རང་གི་སྣང་བ་ཡིན་པར་ངོ་ཤེས་པ་ནི། ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་པ་ནི། ས་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས། ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས། ཡེ་ཤེས་མཐོང་བ་ནི་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མངོན་དུ་གྱུར་པ་དེ་ནི་ས་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལས་མི་གཡོ་བ་ནི། བརྒྱད་པ་མི་གཡོ་བའི་ས་ཐོབ་པའོ། །དེ་ནས་ཡོན་ཏན་རྫོགས་པ་ནི། དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི། ཆོས་ཐམས་ཅད་ཀྱི་སྤྲིན་ལྟ་བུར་མཐོང་ནས་གོམས་པ་ནི། བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བའི་སྦུབས་འདི་ཉིད་མ་བོར་བ་ལས་ནོན་པའོ། །གང་ཟག་སྦུབས་བོར་བ་རྣམས་ནི་འདི་ལྟར་ནོན་པ་ཡིན་ནོ། །འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བར་ཤར་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལ་ཡང་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་ས་བཅུ་བཞི་པ་ཏིང་ངེ་འཛིན་ཆེན་པོའི་ས་ནོན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པར་རྙེད་པ་ནི་བཅོ་ལྔ་པ་རྡོ་རྗེ་འཛིན་གྱི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་གཞན་མེད་པ་ནི། བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ་ཞེས་གསུངས་སོ །དེ་དག་ཀྱང་སྣང་ཚུལ་གྱིས་ཆ་མཚུངས་རེ་སྦྱར་བ་ཡིན་གྱི་བྱང་ཆུབ་སེམས་དཔའི་ས་བཅུ་དངོས་ནི་མ་ཡིན་ནོ། །ས་དེ་དག་ཀྱང་རྩ་བ་རིག་པ་འོད་གསལ་སྦྱང་བགྲོད་མེད་པའི་ས་གཅིག་གི་སྣང་ཆ་ལས་དབྱེ་བ་སྟེ། དོན་ལ་རིག་པའི་ས་གཅིག་ཡིན་གྱི། སངས་རྒྱས་རྡོ་རྗེ་འཆང་ཐོབ་པ་ལ་རྒྱུའི་ས་སྒོས་སུ་ཡོང་མི་དགོས་ཏེ། ལམ་ཀྱི་གནད་ཐ་དད་པའི་འཇུག་སྒོ་ལ་དེ་ལྟར་སྦྱར་བའི་ཕྱིར་རོ། །ཐུན་མོང་བ་ལྟར་རྒྱུ་འབྲས་ཀྱི་རིམ་པས་ས་རེའི་ཐོབ་ཚུལ་དང༌། སྔགས་ཕྱི་ནང་ལྟར་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་ས་ཐོབ་ཅིང་སྦྱང་དུ་མེད་དེ། དེ་ཉིད་ལས། དེ་བས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཡེ་ཤེས་ཀྱི་ངོ་བོ་གཅིག་ལས་མེད་དོ། །ས་དང་ལམ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །ས་དང་ལམ་ལ་སྦྱང་ཞིང་བགྲོད་མི་དགོས་པ་ཡིན་པར་ཤེས་པར་བྱའོ་ཞེས་པ་དང༌། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་བཞིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ་སྟེ་རིམ་ཁང་བཅོ་བརྒྱད་པའོ། །དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱ་གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡངས་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་གནས་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གི་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་རལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡི་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིག་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲ་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོག་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སང་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ་ས། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེངས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པ་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ཅི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིག་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུས་པའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པ་ལས་ལ་བའང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་ང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་གད་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུ་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁོ་དགོ་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲ་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིག་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པས་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོས་པས་ལས་དགེ་སྡིག་གི་ཕན་གནོན་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོས་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེ་པར་བློ་བདེ་བའོ། །ཡང་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ལོགས་པ་མེད་པས་བླ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོས་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བ་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཅན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེ་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ཅེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དང་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་ཡི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལ་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆགས་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེ་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་ནུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོས་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇུག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་ཆེ། དངས་ཤིང་སྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱག་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེ་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་ཆོས། །སོ་སོར་སྟོང་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལས་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ནགས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་རང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གིས་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་ཡིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེ་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནས་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམ་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉེད་ལས་གཞན་པ་ཅ་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་པའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་མེད་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པའི་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམ་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྟོང་པ་རང་དག་ཆུའི་ཟླ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉིས་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་དགོས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་བཞིན་བདེ་བའི་ཞིང༌། །འདི་ལ་སྒོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བབས་སུ། །སྣང་རྐྱེན་རྒྱུད་ལ་མི་འཆར་བར། །ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ། །ཅེས་པ་དང༌། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲག་པ་འཁྲུལ་སྣང་ང་ཡི་གསུང༌། །མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང༌། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲག །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་གདངས། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ། །ཞེས་སོ། །འོ་ན་འཁྲུལ་སྣང་ལ་རང་སར་ཡན་དུ་བཅུག་པས་སླར་ལ་འཁྲུལ་མི་འགྲོའམ་ཞེ་ན། སེམས་ཅན་ཐ་མལ་པས་བདག་ཏུ་བཟུང་བས་འཁྲུལ་ཡང༌། རྣལ་འབྱོར་པས་གཞི་མེད་དུ་ཤེས་པས་བཅོས་བསླད་མེད་པར་རང་བབས་ལ་འཇོག་པས་མི་འཁྲུལ་ཏེ། མུ་ཏིག་ཕྲེང་བ་ལས། སེམས་ཅན་འཁོར་བ་དེ་དག་ནི། རང་གི་རྣམ་རྟོག་ལས་ཀྱིས་བཅིངས། །རང་བཞིན་མེད་ཤེས་གྲོལ་བར་ངེས། །ཞེས་སོ། །ཡང་འཁྲུལ་པ་དང་གྲོལ་བ་ནི་ནང་ཤེས་པ་ལ་བརྩི་བ་ཡིན་གྱི། ཕྱི་སྣང་བས་འཁྲུལ་པ་དང་གྲོལ་བ་འགའ་ཡང་མ་བྱས་པས། སྣང་བ་ཐད་སོར་བཞག་པས་ཆོག་སྟེ། ཏེ་ལོ་པས། སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གདམས་པ་བཞིན་ནོ། །དེའང་གནས་ལུགས་ཀྱི་དོན་རང་གི་རིག་པ་དེ་རང་དངས་ཀྱི་ངང་ལ་འཇོག་པ་ཙམ་ལས། ཆེད་དུ་བཅོས་པའི་ལྟ་སྒོམ་སྤྱོད་པས་བཟང་དུ་བཅོས་སུ་མེད་དེ་གཤིས་བསྒྱུར་དུ་མེད་པའི་ཕྱིར་དང༌། རང་བྱུང་ཡེ་ཤེས་མི་བདེན་པར་འགྱུར་བའི་ཕྱིར་ཏེ། རྩལ་རྫོགས་ལས། བསམ་པས་ཡེ་ཤེས་དོན་མི་རྙེད། །བསམ་པས་ཡེ་ཤེས་དོན་རྙེད་ནས། །རང་བྱུང་ཡེ་ཤེས་བརྫུན་པར་འགྱུར། །བསྒོམས་པས་ཆོས་ཀྱི་སྐུ་མི་མཐོང༌། །བསྒོམས་པས་ཆོས་ཀྱི་སྐུ་མཐོང་ན། །རང་སྣང་ཆོས་ཉིད་བརྫུན་པར་འགྱུར། །བལྟས་པ་རིག་པའི་དོན་མི་རྟོགས། །བལྟས་པས་རིག་པའི་དོན་རྟོགས་ན། །ཆོས་སྐུ་འགག་མེད་བརྫུན་པར་འགྱུར། །ཆོས་ཀྱིས་མ་རིག་རྩད་མི་ཆོད། །ཆོས་ཀྱིས་མ་རིག་རྩད་ཆོད་ན། །ཀ་དག་ཡེ་ཤེས་བརྫུན་པར་འགྱུར། །ཅེས་སོ། །འདི་ལྟར་སྣང་ཤེས་ཆོས་ཉིད་དུ་རྟོགས་པས་སྤྱོད་ལམ་ཇི་ལྟར་བྱས་ཀྱང་ཆོས་ཉིད་ལས་མ་འདས། སྣང་ཚུལ་ཅིར་སྣང་ཡང་རོལ་པ་འགག་མེད་དུ་ཤར་བས། རང་བྱུང་དོན་གྱི་དཀྱིལ་འཁོར་དུ་ཤར་ཏེ། བཟའ་བཏུང་ཆོས་ཉིད་ཀྱི་བསྙེན་པ། ཉལ་འདུག་བྱང་ཆུབ་ཀྱི་བསྒྲུབ་པ། འདུ་བྱེད་ལྷག་གནས་ཀྱི་བསམ་གཏན། གླལ་ལུད་དཀྱིལ་འཁོར་གྱི་སྒྲུབ་པ། སྟོང་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར། །ཆར་ཆུ་རང་བབས་ཀྱི་ཆག་ཆག །ལམ་སྲང་རང་བཞིན་གྱི་ཐིག་ཆེན། རྐང་རྗེས་ཁ་དོག་གི་རྡུལ་ཚོན། སྒུལ་སྐྱོད་ཕྱག་རྒྱའི་རང་བཞིན། སྨྲ་བརྗོད་རྡོ་རྗེའི་བཟླས་པ། དྲན་བསམ་བསྐྱེད་རིམ་གྱི་འཁོར་ལོ། གང་སྣང་ལྷའི་རོལ་པ། རང་ལུས་དབང་གི་བུམ་པ། རབ་བབས་རྒྱུན་གྱི་དམ་ཚིག ཤེས་རིག་རང་གསལ་གྱི་གདམས་ངག སྐྱེ་ཤི་ཆོས་ཉིད་ཀྱི་གོམས་ཚད། ཚོགས་དྲུག་ཡུལ་སྣང་གི་རྟོགས་པ་རང་ཤར་བས། ཁམས་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་པར་ལྷུན་གྱིས་གྲུབ་པ་ནི། མུ་ཏིག་ཕྲེང་བ་ལས། ཨེ་མ་དེ་ལྟར་སྣང་བ་རྣམས། །འཁྲུལ་པ་ཉིད་ཀྱང་རང་གྲོལ་ན། །འཁྲུལ་པ་མེད་པ་ཅིས་མི་གྲོལ། །ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་བསྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །གླལ་དང་ལུད་པ་དཀྱིལ་འཁོར་བསྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་ནི། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཉིད། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་གདའ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ཡུལ་སེམས་གཉིས་སུ་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་སོ། །དེ་ལྟར་རྣལ་འབྱོར་པས་ཅི་བྱས་ཆོས་ཉིད་ཀྱི་ངང་དུ་བསྐྱེད་པ་ལྷའི་འཁོར་ལོ་དང་དབང་རྫོགས་གདམས་ངག་དང་བཅས་པ། རྫོགས་པ་ཆོས་ཉིད་ཀྱི་འཁོར་ལོ་རང་བབས་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ཟམ་མ་ཆད་པས། འབད་རྩོལ། རྒྱུ་འབྲས་ལ་མ་ལྟོས་པར་དངོས་གྲུབ་ཡ་མཚན་རྨད་པོ་ཆེ་ངང་གིས་ཐོབ་ནས་ས་མཆོག་དཀྱིལ་འཁོར་ཆེན་པོ་རྫོགས་པ་ཡིན་ནོ། །དེའང་ཐལ་འགྱུར་ལས། དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཇི་ལྟར་བྱས་ཀྱང་མི་རྟོག་སྐྱེ། །སྤང་དང་བླང་མེད་རང་སྣང་ངོ༌། །ཞེས་པ་དང༌། རང་ཤར་ལས། སྣང་བ་ལ་མི་ཞེན། མེད་པ་མི་བསྒྲུབ། ཡོད་པ་མི་སྤོང༌། མེད་པ་ལ་ཞེ་འདོད་མི་བྱ། ཡོད་པ་ལ་མངོན་པར་མི་ཞེན། བྱས་པ་མི་བསྒྲུབ། བྱུང་བ་མི་འགེགས། བྱུང་བ་ལ་སྐྱོན་དུ་མི་ལྟ། ཉོན་མོངས་པ་མི་སྤོང༌། སངས་རྒྱས་མི་བསྒྲུབ། སྒོམ་པ་མི་བསྒོམ། ལྟ་བ་མི་ལྟ། འཁྲུལ་སྣང་མི་འགེགས། དང་སྣང་མི་འཚོལ་ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྟོགས་བྱེད་ཀྱི་ཤེས་པ་ཡུལ་ལ་སྣང་བའི་ཚེ་ན། སྣང་བ་རང་སྣང་སྟེ། དེའི་ཚེ་ཤེས་པ་ཁ་ཡན་དུ་གཏང་བར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །དོན་གསུམ་པ་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས། བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བ་ནི། རང་བཞིན་རྫོགས་པ་ཆེན་པོ་གནད་ཀྱི་ཆེ་བ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་ངོ་མཚར་གྱི་ཚིག་བརྒྱད་དང་བཅས་པས་ཁམས་གསུམ་ཡོངས་གྲོལ་ཆེན་པོ། འཁོར་འདས་མིང་མེད་ཆེན་པོ། རྒྱུ་འབྲས་ལ་འདས་ཆེན་པོ། མ་བྱས་ཡེ་ཟིན་ཆེན་པོ། སྤང་བླང་ཡེ་གྲོལ་ཆེན་པོ། བྱར་མེད་རྩལ་སྤྲུགས་ཆེན་པོ་ལ་ཟློས་ཏེ། ད་ཆོས་ལ་བྱར་མེད། བྱས་ཀྱང་འཆི་ཞེན་ལས་མ་འདས། ཡེ་སྟོང་ནམ་མཁའ་ཀློང་ཡངས་སུ་ཕྱམ་གདལ་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་གསང་བ་ཆེན་པོ་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་དགེ་སྡིག་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང༌། གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་ རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་སྟོང་པ་ཀུན་གྱི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམ་པས། ལྟུང་བ་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་ཏེ། རང་གི་རིག་པ་ནན་ཏར་བལྟས་ན་གཤིས་ལ་གད་མོ་བཅུ་གཉིས་སུ་གནས་པས་འབད་རྩོལ་རང་ཞིག ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བར་བྱའོ། །དེའང་རྫོགས་པ་ཆེན་པོ་རང་སྐད་གཤིས་ལ་ཐད་དྲང་དུ་བཤད་ནས་བློའི་གཏིང་དུ་ཡིད་ཆེས་པར་བྱའོ། །དེ་བཞིན་དུ་ངོ་མཚར་གྱི་ཚིག་ཆེན་པོ་བརྒྱད་ཀྱིས་ཀྱང་འཁོར་འདས་ཆོས་ཟད་ཡུལ་མེད་ཀྱི་དགོངས་པ་ལ་བཟླ་བར་བྱ་སྟེ། ཡང་རིན་པོ་ཆེ་སྤུངས་པ་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ། ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམ་པའི་སྐྱེས་བུ་དང༌། སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་ཅིག་མ་བྱས་པའི་གང་ཟག་གཉིས་སངས་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང༌། སྲོག་གཅོད་པ་ལ་རྟག་ཏུ་དགའ་བའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང༌། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས། དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང༌། སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། ཀྱེ་གསུང་གི་རྡོ་རྗེ། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། ཡིད་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང༌། བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས། ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང༌། ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ། འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོངས་པའི་གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ་ཞེས་གསུངས་ཏེ། ཚིག་གི་རྒྱལ་པོ་བརྒྱད་པོ་འདི་དག་མི་འགྱུར་བ་དོན་གྱི་གཏན་ཚིགས་ཆེན་པོ་བརྒྱད་ཀྱིས་གྲུབ་པས། བློ་ཡང་རབ་རྣམས་ལ་སྒྲ་ཇི་བཞིན་པར་བཤད་པར་བྱ་སྟེ། རིག་པའི་གཤིས་དེ་ཁོ་ནར་ངེས་པའི་ཕྱིར་རོ། །དམན་པ་རྣམས་ལ་བདེན་པ་གཉིས་སུ་ཕྱེ་ནས་བཤད་པས་སླད་ཀྱིས་རྟོགས་པར་བྱེད་ཀྱི། ཐད་དྲང་དུ་བཤད་ན་སྡང་བར་འགྱུར་ཏེ། རང་ཤར་ལས། སེང་གེས་རང་སྐད་བཏོན་པས་གཅན་གཟན་ཐམས་ཅད་བརྒྱལ་ཞིང་སྐྲག རྫོགས་ཆེན་རང་སྐད་སྨྲས་པ་ཐེག་དམན་ཐམས་ཅད་བརྒྱལ་ཅེས་སོ། །དེས་ན་སྐལ་མེད་རྒྱུ་འབྲས་ངེས་དོན་དུ་འདོད་པ་རྣམས་ལ་གསང་བར་གདམས་པ་ནི། སྔ་མ་དེ་ལས། ཚིག་འདི་དག་ནི་ཉན་ཐོས་དང༌། རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས། སྐྲག་པ་དང༌། སྔངས་པ་དང༌། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ་ཡིད་བྱུང་ནས། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པར་ཡང་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ་ཞེས་སོ། །གསང་སྔགས་ཐུན་མོང་ལས་ཀྱང༌། ཡོངས་སུ་མ་སྨིན་སེམས་ཅན་ལ། གསང་བ་སྒྲོགས་པ་བདུན་པ་ཡིན། །ཅེས་པ་དང༌། བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་སྟོན་པ་དང་ཞེས་རྩ་ལྟུང་དུ་བཤད་པས་གསང་ངོ༌། དེ་ཡང་རྣམས་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱེད་པ་ངོ་མཚར་གྱི་ཚིག་ཆེན་པོ་བརྒྱད་དང༌། མི་འགྱུར་བའི་གཟེར་ཡིག་ཆེན་པོ་བཅུ་གཉིས་ཀྱིས་ཆོས་ཟད་བྱར་མེད་ཆེན་པོར་བཟླ་བའི་ཆིངས་སུ་སྙིང་ཁམ་མ་ཆུང་བར་བཤད་ལ། རེ་དོགས་འཆིང་ཞེན་མེད་པས་འཁོར་འདས་དུས་གཅིག་ལ་མིང་མེད་ཆེན་པོ་བློས་བཏང་ངོ༌། །གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་དེ་པདྨ་དང་བི་མ་ལ་དང༌། ཏེ་ལོ་པ་ལ་སོགས་པ་བཞིན་ནོ། །རང་ཅག་རྣམས་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་ཏུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་བ་ལ་འཛེམ་པ་དང་སྦྱར་ནས་བཤད་དོ། །དེ་ལྟར་ན་རྡོ་རྗེའི་གད་མོ་བཅུ་གཉིས་ཆིངས་གསུམ་དུ་ལན་གསུམ་དུ་བཤད་པས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ནི་རྩ་བ་ཉོན་མོངས་པ་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འཇུག་པ་དང༌། ལུགས་ལས་བཟློག་པ་དང༌། ཡོངས་སུ་རལ་བ་སྟེ་སུམ་ཅུ་རྩ་དྲུག་གི་གནས་དག་པ་དང་སྦྱར་ལ་གོ་བར་བྱའོ། །དེ་དག་གི་དོན་ཆིངས་ངེས་པས་མདོར་བཤད་དེ་ཚིག་གི་དོན་སྤྲོས་པས་ཆོག་གོ །སྤྱི་དོན་གཉིས་པ་ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ་པ་ལ་གསུམ་སྟེ། ལྟ་བ་རང་བྱུང་ཡེ་ཤེས་སུ་ཐག་བཅད། དགོངས་པ་དུས་གསུམ་དུས་མེད་དུ་ངང་བསྐྱང་ གནས་ལུགས་ཆོས་མེད་ཡེ་ཟད་དུ་ལ་བཟླ་བའོ། །དང་པོ་ནི་རང་གི་རིག་པ་སྟོང་གསལ་འཕོ་འགྱུར་མེད་པའི་ངོ་བོ་འདི་ཟང་ཐལ་རྗེན་པའི་ངོ་བོ་ཐག་བཅད་ལ་ལྟ་སྒོམ་སྤྱོད་འབྲས་བློའི་ཆོས་ཀྱིས་བཅོས་བསླད་གང་ཡང་མི་བྱ་བར་མ་བཅོས་ལྷུན་གྲུབ་ཆེན་པོའི་ལྟ་སྒོམ་རང་བབས་ཕྱམ་གདལ་ཆེན་པོས་ཉམས་སུ་བླང་བ་ནི། རྩལ་རྫོགས་ལས། གསང་སྔགས་རིག་པ་ཅོག་གཞག་ནི། །ལྟ་སྒོམ་སྤྱོད་པའི་མདོ་མདུད་ཡིན། །ཕྱི་ནང་གསང་བའི་ཤེས་རབ་ལ། །ཡིད་ཀྱི་རྣམ་རྟོག་མ་འགྱུས་པས། །གསང་སྔགས་གསང་བའི་ལྟ་བར་འདོད། །བཅོམ་ལྡན་སེང་གེ་ཆོས་ཀྱི་སྐུ། །གཟུང་འཛིན་བྲལ་བའི་ཏིང་འཛིན་གནས། །མཚན་མ་མེད་པའི་ལྟ་བ་ལ། །བཏང་སྙོམས་ཆེན་པོའི་ཤེས་རབ་གསལ། །ཅེས་པ་དང༌། ཡང༌། ཐམས་ཅད་འབྱུང་བའི་ཆོས་སྐུ་ལས། །ཀློང་ཡངས་ཡུལ་མེད་ངང་དུ་ཐིམ། །བཅས་བཅོས་མེད་ན་སྤྱོད་པ་ཡིན། །རང་སྣང་མཐོང་ན་ལྟ་བ་ཡིན། །དེ་ལ་མ་ཡེངས་སྒོམ་པར་བཤད། ། བཏང་བཞག་མེད་ན་ཏིང་འཛིན་ཐོབ། །ཕྱོགས་ལྷུང་མེད་ན་རང་ས་ཟིན། །མ་བྱས་རང་བྱུང་ཡེ་ནས་གྲུབ། །ཅེས་པ་དང༌། ཆོས་ཉིད་མཐའ་ཡས་རང་བྱུང་རྒྱ་མཚོ་ན། །རང་རིག་རྟོག་བྲལ་གསེར་གྱི་ཉ་མོ་འགྱུ། །སྟོང་གསལ་འཁོར་འདས་བྲལ་བའི་རྒྱ་ཡིས་ཐོབ། །ཅེས་སོ། །གཉིས་པ་དགོངས་པ་དུས་གསུམ་དུས་མེད་དུ་ངང་བསྐྱང་བ་ལ་གཉིས་ཏེ། ངོ་བོ་རང་གསལ་ངང་དངས་ལ་བཅོས་བསླད་མེད་པར་རང་ས་ན་སལ་ལེ་ཧྲིག་མེར་རེ་འཁྱིལ་ལེ་འོད་གསལ་མཉམ་པའི་ངང་ལ་ནང་དུ་གཞག་པ་དང༌། ང་ལས་རང་ཤར་བའི་བློ་རྟོག་རྗེས་འཛིན་འཕྲོ་མཐུད་བཅད་ནས། བར་མེད་ཧར་སངས་ཕྱལ་བར་དུས་གསུམ་དུས་མེད་དག་པའི་དགོངས་པ་ཆུ་བོའི་ཀློང་ཆེན་ཡངས་པར་ཕྱིར་བཞག་པས་དབྱིངས་རང་ས་ན་གསལ་བའི་མན་ངག་གོ །དང་པོ་ནི། ལུས་གནད་དང་རླུང་གནད་བསྟུན་ལ་ཤེས་པ་རང་གསལ་ལ་སྣང་བ་རང་སྣང་གཟུང་འཛིན་མེད་པར་ཙན་ནེ་བཞག་པ་ནི། ཀློང་དྲུག་པ་ལས། དེ་བཞིན་ཉིད་དེ་མ་བཅོས་ན། །ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་བཞིན། །ཡེ་གདངས་ཡེ་ནས་གསལ་བའི་ཆ། །དེ་ལྟར་ནམ་མཁའ་དངས་པ་ལ། །ཉི་མའི་སྙིང་པོ་རང་སྣང་ལྟར། །ངོ་བོ་དྲི་མ་མེད་པའི་སྐུ། །གཅིག་བསྡུས་ངེས་པའི་སྙིང་པོ་ནི། །ང་ཡི་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་སོ། །གཉིས་པ་ལ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་པའི་ཐབས་ཆེན་པོ་བཅུས་ཉམས་སུ་བླང་བ་ནི། ཡང་དེ་ཉིད་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང༌། །མ་འོངས་པའི་སྡུན་མ་བླང༌། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས། གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །ཡང་འདས་པའི་བག་ཆགས་ཀྱི་རྗེས་སུ་མ་འབྲེངས། ཕྱིས་འབྱུང་གི་བག་ཆགས་རྣམས་སྡུན་མ་བསུ། ད་ལྟར་གྱི་བག་ཆགས་རྣམས་རྒྱུད་ལ་མི་བསྟེན་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམས་བར་མཚམས་བཅད་པ་དང༌། མ་འོངས་པའི་དྲན་པ་ཉིད་མགོ་མནན་པ་དང༌། ད་ལྟར་གྱི་དྲན་པ་རྣམས་རང་ཡལ་དུ་གཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །ཡང་འདས་པའི་སེམས་ལ་ཕུགས་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེགས་མ་བསྐུར། མ་འོངས་པའི་མ་རིག་པ་ལ་ཡབ་མ་བོར། ད་ལྟར་གྱི་མ་རིག་པ་ལ་པང་དུ་མ་བླངས་ན། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་ཀྱུས་མ་བཟུང༌། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གིས་སྤྲིན་མ་བསྡུས། མ་འོངས་པའི་གཏི་མུག་གིས་ས་མ་བཅད། ད་ལྟར་གྱི་གཏི་མུག་གིས་ཆར་མ་ཕབ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་ཞེས་བྱའོ། །འདས་པའི་སངས་རྒྱས་ལ་ལན་མ་གདབ། མ་འོངས་པའི་སངས་རྒྱས་ཁུ་མ་གདབ། ད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་ཉིད་སུན་དབྱུང༌། མ་འོངས་པའི་འདོད་ཆགས་རྣམས་ཞེ་བཅད། ད་ལྟར་གྱི་འདོད་ཆགས་རྣམས་ཡུལ་ཕྱུང་བ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང༌། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུས། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ་ཞེས་སོ། །དེའང་དུས་གསུམ་གྱི་སངས་རྒྱས་ནི། རིག་པའི་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་ཏེ་དགའ་བྲོད་ཀྱི་འཛིན་ཞེན་འདོར་བར་གདམས་ཤིང༌། གཞན་དགུ་དགག་སྒྲུབ་ཡུལ་ལ་འཆར་བ་དང་རང་གནས་ལུང་མ་བསྟན་གྱི་གཏི་མུག་སྟེ། ངོས་བཟུང་ལ་དུས་གསུམ་འབྲེལ་ཐག་བཅད་པའི་བར་གྱི་ཧར་སངས་ཆོས་ཉིད་དུ་གནས་པ་ངོས་བཟུང་ལ་བསྒོམ་པ་ཡིན་ནོ། །གསུམ་པ་གནས་ལུགས་ཆོས་མེད་ཡེ་ཟད་དུ་ལ་བཟླ་བ་ནི། སེང་གེ་རྩལ་རྫོགས་ལས། དགེ་བ་སངས་རྒྱས་དོན་མ་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་བརྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པའི་འཁོར་བར་ལྟུང་མི་འགྱུར། །སྡིག་པས་འཁོར་བར་ལྟུང་འགྱུར་ན། །སྐད་ཅིག་རྣམ་གསུམ་བརྫུན་པར་འགྱུར། །སྟོང་པས་ཡང་དག་དོན་མི་མཐོང༌། །སྟོང་པས་ཡང་དག་དོན་མཐོང་ན། །ཡེ་ཤེས་འོད་གསལ་བརྫུན་པར་འགྱུར། །མཚན་མས་རང་རིག་དོན་མི་མཐོང༌། །མཚན་མས་རང་རིག་དོན་མཐོང་ན། །རང་སངས་ཆོས་ཉིད་བརྫུན་པར་འགྱུར། །བྱས་པས་ལྷུན་རྫོགས་དོན་མི་རྙེད། །བྱས་པས་ལྷུན་རྫོགས་དོན་རྙེད་ན། །ངོ་བོ་འགྱུར་མེད་བརྫུན་པར་འགྱུར། །གཟུང་བས་སྣང་བ་མཐོང་མི་འགྱུར། །གཟུང་བས་སྣང་བ་མཐོང་གྱུར་ན། །རང་བཞིན་འགག་མེད་བརྫུན་པར་འགྱུར། །དཔྱད་པས་ཕ་རོལ་སྒྲོལ་མི་འགྱུར། །དཔྱད་པས་ཕ་རོལ་སྒྲོལ་གྱུར་ན། །ཐུགས་རྗེ་ཀུན་ཁྱབ་བརྫུན་པར་འགྱུར། །འཁྲུལ་པའི་སྣང་བས་ང་མི་བསྒྲིབ། །འཁྲུལ་པའི་སྣང་བས་ང་བསྒྲིབས་ན། །སྒྲོན་མ་རྣམ་གཉིས་བརྫུན་པར་འགྱུར། །དེ་ནི་གསང་སྔགས་དགོངས་པར་བསྟན། །ཅེས་སོ། །འདི་ནི་གསང་དོན་དབྱིངས་ཀྱི་ལ་བཟླ་གལ་པོ་ཆེ་ལ་རྔམས་པོ་ཆེ་ཡིན་པས་ཐད་དྲང་དུ་བཤད་པ་ལ་མི་སྐྲག་པར་བྱའོ། །སྤྱི་དོན་གསུམ་པ་གདེང་གྲོལ་ཐོག་ཏུ་བཅའ་བས་འཕྲང་བསལ་བ་ལ་གསུམ་སྟེ། རང་གྲོལ་གྱི་གོ་དོན་སྤྱིར་བསྟན་པ། ཡེ་གྲོལ་གྱི་གནས་ལུགས་བྱེ་བྲག་ཏུ་བཤད་པ། རང་གྲོལ་གྱི་དགོངས་པ་རྒྱས་པར་བརྗོད་པའོ། །དང་པོ་ནི། ཉོན་མོངས་ལས་ངེས་པར་འབྱིན་པའི་ལམ་རྒྱལ་ཨ་ཏི་རྡོ་རྗེ་སྙིང་པོ་འདིར། ཉོན་མོངས་མ་སྤངས་གནས་སུ་དག་པས། ཉན་རང་ལྟར་སྤོང་བ་དང༌། སེམས་དཔའ་ལྟར་སྤོང་བ་དང༌། སྔགས་འོག་མ་བསྐྱེད་རིམ་ལྟར་བསྐྱུར་བ་དང༌། རྫོགས་རིམ་ལྟར་རང་ཞིར་གཏོང་བ་དང༌། ཐེག་པ་ཐུན་མོང་བ་སྤྱི་ལྟར་གཉེན་པོས་གདུལ་བ་དང༌། སེམས་སྡེ་ལྟར་རང་ལུགས་སུ་འཇོག་པ་དང༌། ཀློང་སྡེ་ལྟར་དེ་ཉིད་ཆོས་ཉིད་དུ་བྱེད་པས་དག་པ་ལྟ་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དེ་ཡེ་ཇི་བཞིན་ཡོད་མ་མྱོང་དུ་མ་ཤེས་ན། སྤངས་པས་མི་སྤོང་སྟེ། ཉོན་མོངས་དེ་སེམས་ཀྱིས་སྤོངས་ན། སྤང་བྱ་སྤོང་བྱེད་གཉིས་རྫས་གཅིག་པས་དག་པར་མི་རུང་ལ། ཡེ་ཤེས་ཀྱིས་སྤོང་ན་སེམས་ཀྱིས་ཡེ་ཤེས་མ་མཐོང༌། ཡེ་ཤེས་ཀྱིས་སེམས་མ་མཐོང་བས་ལྷན་ཅིག་མི་གནས་པའི་དངོས་འགལ་ལ་སྤང་བྱ་སྤོང་བྱེད་ཀྱི་ཐ་སྙད་མི་རུང་ལ། སྔ་མ་ཕྱི་མས་སྤངས་པ་མེད་དེ་འདས་མ་འོངས་རྫས་འགལ་བས། གཅིག་ཡོད་དུས་གཅིག་འགགས་ལ། དུས་མཉམ་ན་ཕན་ཚུན་འཆོལ་བས་སྤང་བྱ་གཉེན་པོར་ཐལ་ལ། གཉེན་པོ་སྤང་བྱར་ཐལ་ཏེ། སེམས་རྒྱུན་གཅིག་དུས་མཉམ་པའི་ཕྱིར་རོ། །ཡང་སེམས་དེ་ཉིད་ལས་ཉོན་མོངས་འབྱུང་བ་ལུས་དང་གྲིབ་མ་ལྟ་བུ་ལ་སྤངས་པས་སྤོང་བའི་དུས་མེད་དོ། །དེ་བཞིན་དུ་སྦྱངས་པ་ལ་སོགས་པ་ལ་ཡང་སྦྱོར་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་འབྱུང་བས། །སྤངས་པས་སྤོང་བ་མ་ཡིན་ནོ། །དེ་བཞིན་སྦྱངས་པས་ཀྱང་ནི་མིན། །བསྒྱུར་བས་ཡང་ནི་མི་འགྱུར་རོ། །འགྱུར་མེད་་སྙིང་པོ་མ་རྟོགས་པར། །ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་བཞུ་བར་ནུས་པ་མིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟག །དེ་བཞིན་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་མཐོང་མ་ཤེས་པར། །རི་རབ་རི་ཡི་རྒྱལ་པོ་བཞིན། །སུས་ཀྱང་གཞིག་པར་ནུས་པ་མིན། །གཉེན་པོ་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་མ་སངས་འདོད་ཆུ་རྙོག་བཞིན། །ཕྱི་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་དངས་ཀྱང་ཆོས་ཉིད་མིན། །རང་སྣང་ལྷུག་པ་མ་ཤེས་པར་ཐ་མལ་བླུན་པོའི་སྣང་བ་བཞིན། །མངོན་ཞེན་བཟློག་པ་མ་ཡིན་ནོ། །ཞེས་པས་ཆུའི་རི་མོ་ལྟར་རང་གིས་རང་གྲོལ་བའི་གནད་དུ་ཤེས་པར་བྱའོ། །འདི་ལའང་བློ་རིམ་པ་གཉིས་ལས། འབད་བཅས་རང་གྲོལ་ནི། ཉོན་མོངས་གང་སྐྱེས་ངོས་བཟུང་ལ་རང་སར་བཞག་པས་རང་སངས་སུ་ཁྲོལ་ཁྲོལ་སོང་བའི་ངང་ལ་འགྱུ་བ་གནས་དག་གི་དགོངས་པ་རང་གྲོལ་མཉམ་པ་ཆེན་པོར་སྐད་ཅིག་ཀྱང་ཡེངས་མེད་དུ་རྩལ་སྦྱང་ངོ༌། །འབད་མེད་ནི། གང་སྐྱེས་དེས་ཚུགས་མི་ཐུབ་པར་རང་སངས་པ་ཆོས་ཉིད་ཡིན་པས། དེ་ལ་ལྟ་བའི་ཐབས་དེ་སྤང་མི་དགོས་པར་རང་བཞིན་ངང་ངམ་ཤུགས་ཀྱིས་གྲོལ་བ་སྟེ། བློ་རིམ་འདི་གཉིས་དང་པོའི་ཁྱད་དང༌། སྔ་ཕྱི་ལྟ་བུར་གནས་ཏེ། དེ་ཉིད་ལས། འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་གཞག །སྣང་བ་གོམས་པའི་ཚད་རྣམས་ཀྱི། །ཡེ་ཤེས་དག་པའི་སྣང་བ་ཉིད། །ཕྱི་ནང་ཀུན་ལ་རང་ཤར་ཚེ། །རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཇི་སྲིད་དེ་དག་སྐྱེ་འགྱུར་ཡང༌། །རང་གཞག་རང་ས་ཉིད་དུ་འགྲོལ། །དེ་ཕྱིར་རྣལ་འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོ་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་གཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང༌། །འདི་ཉིད་གོམས་པས་གྲོལ་བ་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཅེས་སོ། །གཉིས་པ་ཡེ་གྲོལ་གྱི་གནས་ལུས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཡེ་ནས་གྲོལ་ཟིན་པས་ད་ལྟ་རང་གྲོལ་ཏེ་འབད་རྩོལ་གྱི་གཉེན་པོ་མི་དགོས་པར་བསྟན་པ། གནས་ལུགས་དེའི་རང་བཞིན་ལས་མི་འདའ་བར་གདམས་པ། ངང་དུ་རང་སངས་གཞི་མེད་ཙམ་ལས་གཞན་དུ་སོང་མ་མྱོང་བར་ལ་བཟླ་བའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་པ་དང༌། ཡང༌། མ་རིག་པ་ཉིད་རང་བྱུང་བས། །འཁྲུལ་པའི་རྒྱུ་ཉིད་ཡེ་ནས་སངས། །ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་སྐྱེ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པ་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་བསྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོར་གནས། །བྱས་པས་བྱུང་ས་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་འགྱུར་མེད་འགགས་ཟིན་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ས། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །རྐྱེན་རྣམས་རྐྱེན་གྱིས་རང་གྲོལ་བས། །ལྟོས་པ་རྣམས་ནི་ཅོག་བཞག་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་གཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང༌། །མཚན་བཅས་རང་སར་དག་པ་དང༌། །སྟོང་དང་དངོས་པོའི་མཐའ་གྲོལ་དང་ །འགྱུ་ཟད་རྟོག་པ་མེད་པ་དང༌། །བློ་ཟད་ཡིད་ལས་འདས་པའོ། །ཞེས་པ་དང༌། སྔ་མ་ལས། འབྱུང་བ་ལྔ་ཉིད་ཡེ་དངས་པས། །སྣང་བ་འོད་གསལ་ཉིད་དུ་གྲོལ། །དབང་པོ་ལྔ་ཉིད་ཅེར་གཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཅེས་སོ། །གསུམ་པ་ནི། ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་དགྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་རལ་བས་མཐོང་སར་ཡང༌། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །དེའང་སྒོ་གསུམ་ཡེ་ནས་གྲོལ་བས་གདོད་ཀྱིས་འབད་པས་གྲོལ་མི་དགོས་ཏེ། ལུས་ཀྱིས་ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་ཅི་ཡང་མི་དགོས་པར་འབྱུང་བ་རང་གནད་ཀྱིས་གྲོལ་བས་འགྲོ་བ་དྲུག་ཏུ་སླར་མི་ལྡོག །ངག་གིས་འབད་པ་སྙིང་པོ་བཟླས་པ་ལ་སོགས་པ་བྱ་མི་དགོས་པར། བརྗོད་པ་གསལ་དག་ཏུ་གྲོལ་བས། སྨྲས་ཚད་སྒྲ་དོན་གྱི་གནད་ཀྱིས་གྲོལ། །སེམས་ཀྱི་འབད་པ་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་བྱ་མི་དགོས་པར། ཅི་བསམས་དགོངས་པའི་གནད་ཀྱིས་གྲོལ་བ་སྟེ། གཞན་ནས་བྱུང་བ་མེད་པས་རང་གྲོལ་བ་སྟེ་གཉེན་པོ་ཡོད་མི་སྲིད་པའོ། །དེ་ལྟར་ན་རང་གྲོལ་ལ་གཉེན་པོ་མེད་པའི་གནད་དོ །གྲོལ་ཞེས་བྱ་བ་ལ། བཞག་པ་ཙམ་གྱིས་གྲོལ་བ་དང༌། ཤེས་པ་ཙམ་གྱིས་གནད་ཐོག་ཏུ་གྲོལ་བ་དང༌། ཡེ་གྲོལ་དང༌། རང་གྲོལ་དང༌། ཅེར་གྲོལ་དང༌། ཡོངས་གྲོལ་ལ་སོགས་པ་མང་ཡང་འདི་ནི་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པས་འབད་མི་དགོས་པར་བསྟན་པའོ། །གསུམ་པ་རང་གྲོལ་གྱི་དགོངས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་སོ་སོར་བཤད། དོན་གྱི་མཇུག་བསྡུ་བའོ། །དང་པོ་ནི། མུ་ཏིག་ཕྲེང་བ་ལས། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་ས་མེད། ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོངས། །ཞེས་པས། ཕྱི་ནང་གཉིས་མེད་ཟང་ཐལ་བའི་རིག་པ་རྗེན་པ་ཤེལ་གོང་དྲི་མ་མེད་པ་ལྟ་བུ་ལ། གཞི་མེད་པའི་གནད་ཀྱིས་ད་འཁྲུལ་པའི་རྒྱུ་མེད་པས་རྩ་བ་དང་བྲལ་བའི་རིག་པ་ལ་ལམ་མེད། ལམ་མེད་པས་ད་འབྲས་བུ་ཁམས་གསུམ་དུ་ལྡོག་པའི་ས་མེད་དེ་ཡེ་ནས་གྲོལ་ཟིན་ནམ་མཁའ་ལྟ་བུའི་དགོངས་པ་ལྷུན་གྱིས་གྲུབ་ཟིན་པས། གྲོལ་ལུགས་ཆེན་པོ་ལྔ་དང་བཅས་ཏེ་ཐུན་མོང་གི་ཐེག་པ་ཀུན་ལས་ཁྱད་པར་དུ་འཕགས་པའི་གནད་དོ། །གཉིས་པ་ལྔ་སྟེ། ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ལ་བརྟེན་ནས། ལྟ་སྒོམ་འབད་རྩོལ་ལ་རག་མ་ལུས་པར་བསྟན་པ་ནི། ཡེ་ཤེས་ཁྱབ་པ་སྤྱིར་བཏང་བས་བྱས་པ་དང་བཅོས་པ་མེད་པའི་དོན་ཏེ། གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མ་སོང༌། གར་ཡང་མི་གནས་པ་ལས་འགྱུར་བ་མེད་པའི་དོན་ནོ། །གྲོལ་ནི་བཀྲོལ་བ་ལྟ་བུ་མ་ཡིན་པས། ལྟ་སྒོམ་གྱིས་འབད་མི་དགོས། གྲོལ་ཞེས་རང་ལུགས་སུ་གནས་པ་ལས། བཅས་བཅོས་མེད་པའི་དོན་ནོ། །དེ་ལྟར་ཡིན་པས་ལུས་ངག་ཡིད་གསུམ་རང་ལུགས་ལ་ལྷོད་ཆགས་ཤིང༌། སེམས་ཉིད་རྣལ་དུ་ཕེབས་པ་ལ་གྲོལ་ཞེས་བྱ། དེ་ཡང་གཏན་དུ་དེ་ལྟར་གནས་པས་ཐེག་པ་ཐུན་མོང་བ་ལས་འཕགས་པའོ། །ཡེ་ནས་གྲོལ་བའི་དཔེ་ནི། ཨཱ་ལི་ཀའི་འབྲས་བུ་ཡེ་ནས་སྨིན་པ་ལ། ད་སྨིན་རྒྱུ་མེད་པ་ལྟ་བུའོ། །ཡེ་གྲོལ་ལ་གསུམ། ཡེ་གྲོལ་གྱི་གོ་བ། འཇོག་པའི་འཐད་པ། གྲོལ་ལུགས་སོ། །ཡེ་གྲོལ་གྱི་གོ་བ་ནི། གློ་བུར་བ་མ་ཡིན་པར་ཐོག་མ་ནས་གྲོལ་ཟིན་པས། ད་བསྐྱར་ནས་གྲོལ་རྒྱུ་མེད་པའི་གནད་ནི། རིག་པ་ཉིད་འཁྲུལ་མ་མྱོང་བ་ལས་བྱུང་བའོ། །ཡེ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པས་འཐད་པ། ལུང་གིས་འཐད་པ། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི། ཡེ་ཉིད་ནས་རིག་པ་ཉིད་གྲོལ་བའི་གནད་ནི། རིག་པ་ལ་གཞི་མེད་པས་ལྡོག་ས་མེད་པ་དང༌། རྩ་བ་མེད་པས་བྱུང་ས་མེད་པ་དང༌། མཚན་ཉིད་མེད་པས་གཏན་ལ་མི་ཕེབས་པ་དང༌། སྐྱེ་བ་མེད་པས་གྲོལ་རྒྱུ་མེད་པའོ། །དེ་ཡང་ཡེ་གྲོལ་ཡིན་པའི་རྟགས་སུ་སྒོམ་སྒྲུབ་གང་གིས་ཀྱང་མཚན་ཉིད་མཐོང་བ་མེད། དེ་ཡང་རྒྱུ་འབྲས་རྗེས་མེད་ཀྱི་རིགས་པས་འཐད་དེ། རིག་པ་ལ་རྒྱུད་མེད་པས་འབྲས་བུ་མེད་དེ་ལས་དང་རྣམ་པར་སྨིན་པ་ཡོད་མི་སྲིད་དོ། །ལུང་གིས་འཐད་པ་ནི། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། །ཅེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཏད་ཡལ་རག་གཞག་གི་གཏན་ཚིགས་ཀྱིས་འགྲུབ་སྟེ། གཏད་པ་ཡེ་ནས་གྲོལ་བས། དེ་ཉིད་རང་སར་གྲོལ་ཏེ། ཡེ་ཉིད་ནས་གྲོལ་བའི་ཕྱིར་རོ། །དེ་ཡང་སེམས་ལས་བྱུང་ས་མེད་པ་དང༌། གནས་ས་མེད་པ་དང༌། འགྲོ་ས་མེད་པའི་གནད་ཀྱིས་ཡེ་ནས་གྲོལ་བར་ཤེས་སོ། །གྲོལ་ལུགས་ནི། སེམས་སྟོང་པ་ཡིན་པས་གྲོལ་ཞེས་བྱ་བའམ། མ་གྲོལ་ཞེས་ཐ་སྙད་ཙམ་དུ་གདགས་སུ་མེད་པས། ཡེ་ནས་གྲོལ་ཟིན་པའི་རྟགས་སུ། ད་དེ་ལ་བསྐྱར་ནས་གྲོལ་མི་དགོས་པ་ནི། སེམས་ཡེ་ནས་སངས་རྒྱས་པས་སོ། །ཡེ་ནས་གྲོལ་བ་དེ་ལ་གྲོལ་རྒྱུ་མེད་པས་ཤེས་སོ། །གཉིས་པ་རང་གྲོལ་ལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས། བླ་མའི་གདམས་ངག་ལ་རག་མ་ལུས་པར་བསྟན་པ་ནི། འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང༌། གྲོལ་ཀྱང་རང་གྲོལ་བས་སོ། །དཔེར་ན་ནམ་མཁའ་དང་སྤྲིན་བཞིན་ནོ། །དེ་ལྟར་ཡིན་པས་ཡུལ་གཞན་ལ་བརྟེན་པའི་བསྒོམ་པ་དང༌། ལྟ་བ་དང༌། སྤྱོད་པ་སྐྱོན་ཅན་ལྟ་བུ་མིན་པས་ནི། དོན་གྱིས་གྲོལ་ཞེས་བྱ་བ་ནི་ཆོས་ཟད་པ་ལ་བྱའོ། །རང་གྲོལ་ལ་གསུམ་སྟེ། རང་གྲོལ་གྱི་གོ་བ། རང་གྲོལ་གྱི་འཐད་པ། གྲོལ་ལུགས་སོ། །རང་གྲོལ་གྱི་གོ་བ་ནི། གཉེན་པོ་མེད་པའི་དོན་ཏེ། སྣང་བ་ཉིད་སྣང་བ་ནས་རང་གྲོལ་བས། སྣང་བ་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད། དེ་བཞིན་དུ་སྟོང་པ་ལ་སོགས་པ། དེ་ཉིད་ཀྱིས་གྲོལ་བ་ལས་ལོགས་པ་མེད་པའོ། །དཔེར་ན་ཆང་ནད་ཅན་ཆང་གིས་འཇོམས་པ་དང༌། དུག་གིས་དུག་འཇོམས་པ་དང༌། ལྕགས་ཀྱིས་ལྕགས་གཅོག་པ་ལ་སོགས་པ་དང་འདྲའོ། །ཉོན་མོངས་པ་ཉིད་དེ་ཉིད་ཀྱིས་གྲོལ་བས་ན་རང་གྲོལ་ཞེས་བྱའོ། །རང་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པས་འཐད། ལུང་གིས་འཐད། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི། ཆོས་ཉིད་ཀྱི་རིགས་པས་འཐད་དེ། གྲོལ་བ་ཐམས་ཅད་རང་གྲོལ་ཡིན་པས། གཞན་གྱིས་བཀྲོལ་བ་ལྟ་བུ་མ་ཡིན་པར་འཐད་ལ། གལ་ཏེ་གཞན་གྲོལ་ཡིན་ན། དངོས་པོ་གཅིག་ལ་གཟུགས་ཐ་དད་དུ་སྣང་བ་མི་སྲིད་པ་བཞིན་ནོ། །དངོས་པོའི་མཚན་ཉིད་དངོས་པོས་གཏན་ལ་ཕེབས་པ་བཞིན་ནོ། །ལུང་གིས་འཐད་པ་ནི། སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཅེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། རང་གྲོལ་ཆེན་པོ་ལ་རྩོད་གཞི་མེད་པའི་གཏན་ཚིགས་ཀྱིས་འགྲུབ་ཅིང་འཐད་དོ། །འདི་ལྟར་སྣང་བ་རང་གྲོལ་བ་ཡིན་ཏེ་གཉེན་པོ་གཞན་ལ་རག་ལུས་པ་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། རང་གིས་རང་གྲོལ་བ་ལས་མ་གཏོགས་པ་གཞན་མ་ཡིན་ཏེ། གཞུང་གཞན་ནས་ཀྱང༌། འདོད་ཆགས་ཅན་འདོད་ཆགས་ལ་ལམ་དུ་བྱས་པས་གྲོལ་བ་ལ་སོགས་པ་བཤད་དེ། ཀྱེ་རྡོ་རྗེ་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་བསྲོ་བར་བྱ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །སྣང་བ་སྣང་བ་རང་གི་ཐོག་ནས་གྲོལ་བ་ཉིད། སྣང་བ་ལས་མ་གཏོགས་པའི་གྲོལ་རྒྱུའམ་གྲོལ་རྐྱེན་གཞན་མེད་པའོ། །དེ་གཞི་མེད་དུ་གྲོལ་བས། གནས་པའི་རྟེན་མེད་པས། གཞི་རྩ་མེད་པས། གཞི་རྩ་མེད་པའི་སེམས་ཉིད་དེ། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་མ་ཡིན་དབྱིབས་སུ་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཅེས་སོ། །དེ་ཉིད་རང་ལས་མ་གཏོགས་པ་ལྡོག་པའི་ས་མེད་པས། །འགྲོ་ས་མེད་པས། སྐྱེ་མ་མྱོང་བའོ། །གང་ནས་བྱུང་བའི་ས་མེད་དེ། དེ་ཉིད་རང་མ་ཡིན་པའི་ཆོས་ལོགས་པ་མེད་པས་རང་གྲོལ་ཞེས་བྱའོ། །དཔེར་ན་སྦྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་པར་རང་གྲོལ་བ་བཞིན་ནོ། །གསུམ་པ་ཅེར་གྲོལ་མཐོང་ཡལ་གྱི་གནད་ལ་བརྟེན་ནས། རྒྱུད་ལུང་ལ་རག་མ་ལུས་པར་བསྟན་པ་ནི། ཅེར་གྱིས་མཐོང་བ་ཙམ་གྱིས། དེ་ཉིད་དུ་གྲོལ་བ་ནི། མ་བུ་ཕྲད་པས་གྲོལ་བ་ཡིན་པས། སྣང་བ་དེ་ཉིད་བློས་མ་བསྒྱུར། སྣང་བས་མ་བཅད་པར་བཞག་པས་རང་དག་དུ་གྲོལ་བའོ། །ཅེར་གྲོལ་མཐོང་ཡལ་ལ་བཞི་སྟེ། ཅེར་གྲོལ་གྱི་གོ་བ། ཅེར་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས། དཔེའོ། །ཅེར་གྲོལ་གྱི་གོ་བ་ནི། ཅེར་གྱིས་མཐོང་བ་ཙམ་གྱིས། དེ་ཉིད་མཐོང་བར་གྲོལ་བ་ནི། སྐད་ཅིག་དང་པོ་རང་ལ་མཐོང་ངམ། ཐོས་སམ། རིག་པ་ཙམ་གྱིས་གྲོལ་བ་སྟེ། དེ་ལ་ནི་ཆོས་ཉིད་མངོན་སུམ་གྱི་རྩིས་ཐེབས་སོ། །ཅེར་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང༌། གཏན་ཚིགས་སོ། རིགས་པ་ནི། གཏང་ཡལ་གང་དུ་ཡང་མ་དམིགས་པས་འཐད་དེ། སྣང་བ་སྣང་ཐོག་ཏུ་སྣང་བ་ཙམ་གྱིས་གྲོལ་བ་དང༌། ཤེས་པ་འགྱུས་ཐོག་ཏུ་འགྱུས་པ་ཙམ་གྱིས་གྲོལ་བ་སྟེ། སྟོང་པ་རང་སོའི་གནད་ཀྱིས་གཟུགས་ཅེར་གྱིས་མཐོང་བས། གཟུགས་སྙེམས་པ་ཙམ་ལ་བསྟན་ནས། དེ་ཉིད་ཀྱིས་གྲོལ་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པའོ། །དེ་གྲོལ་བར་ཅིས་ཤེས་ན། གཟུགས་སུ་མཐོང་བས་གཟུགས་མ་ཡིན་པའི་སྤྲོས་པ་ཆོད། དེ་ལ་ཅེར་གྱིས་གཞག་པས། དེ་ཉིད་གྲོལ་ཏེ། གཞན་ལ་འཇུག་པའི་ཤེས་པ་མི་སྐྱེ་བས་སོ། །ལུང་གིས་འཐད་པ་ནི། གསེར་གྱི་སྙིང་པོའི་རྒྱུད་ལས། ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཅེས་སོ། །གཏན་ཚིགས་ནི། ཕྱོགས་བྲལ་རང་དག་གི་གཏན་ཚིགས་ཀྱིས་འཐད་དེ། འདི་ལྟར་སྣང་བཅེར་གྲོལ་ཡིན་ཏེ། དེ་ཉིད་ཅེར་སར་བཞག་ནས། བཞག་སར་གྲོལ་ལ། གྲོལ་སར་ཡལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཅན་དུམ་བུ་ལ་བསླབས་པས། དུམ་བུར་ཅེར་སར་གྲོལ་ཏེ། གང་དུ་ཡང་སོང་བ་མེད་པ་དང༌། གང་ནས་ཀྱང་འོང་བ་མེད་པ་དང་ གང་དུ་ཡང་འགྲོ་ས་མེད་པའོ། །གར་ཡང་གནས་པ་ལས་འགྱུར་བ་མེད་པའོ། །ཆོས་ཅན་སྤྱི་ལ་བསླབས་པས། སྣང་བ་ཐམས་ཅད་ཅེར་གྲོལ་དུ་སོང་བའོ། །དཔེ་ནི། དཔེར་ན་གཟུ་བོའི་བློ་ཅན་དུ་ལྷ་ཁང་དུ་ཕྱིན་པ་ལྟ་བུ་སྟེ། མཐོང་རིས་མེད་པའོ། །བཞི་པ་མཐའ་གྲོལ་ལྟོས་པ་དང་བྲལ་བའི་གནད་ལ་བརྟེན་ནས། ལྟོས་པ་གང་ལ་ཡང་མི་འཆའ་བའི་གནད་ནི། གཅིག་གི་མཐའ་ལས་གྲོལ་བ་ཡིན་པས། གཉིས་སུ་མི་གནས་ལ། གཉིས་ལས་གྲོལ་བས་གཅིག་ཏུ་ཡང་མི་གནས་པའོ། །དེ་བཞིན་དུ་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པ་ལ་སོགས་པའོ། །མུ་ནི་ཡོད་པའི་མུ་སྣང་བ་དང༌། མེད་པའི་མུ་མི་སྣང་བ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་བཞི་འགག་པ་ལ་གྲོལ་ཞེས་ཐ་སྙད་དུ་བྱའོ། །མཐའ་གྲོལ་ལྟོས་པ་དང་བྲལ་བ་ལ་གསུམ་སྟེ། མཐའ་གྲོལ་གྱི་གོ་བ། མཐའ་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས་སོ། མཐའ་གྲོལ་གྱི་གོ་བ་ནི། ཡོད་པ་དང༌། མེད་པ་དང༌། སྣང་བ་དང༌། སྟོང་པའི་མཐའ་གང་ལ་ཡང་ལྟོས་པ་མི་འཆའ་བའོ། །དོན་གྱིས་འདི་ཡིན་འདི་མིན་གྱི་རྩིས་ལས་འདས་པའོ། །མཐའ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པ། ལུང༌། གཏན་ཚིགས་སོ། རིགས་པ་ནི། ལྟོས་བྲལ་ངོ་བོ་ཉིད་ཀྱི་རིགས་པས་འཐད་དེ། གང་ལ་ཡང་མ་ལྟོས་པས་མཐའ་དང་བྲལ་བ་ཡིན་པས། མཐའ་གང་ལ་ཡང་གནས་པ་མ་ཡིན་ནོ། །དེའི་ཕྱིར་ན་མཐའ་བྲལ་བ་དབུས་མི་དམིགས་པའི་ལྟ་བ་ཞེས་བྱའོ། །ལུང་གིས་འཐད་པ་ནི། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ་ཞེས་སོ། །གཏན་ཚིགས་ནི། གཅིག་ཤེས་པས་ཀུན་གྲོལ་བའི་གཏན་ཚིགས་ཀྱིས་འཐད་དེ། གཅིག་མཐའ་དང་བྲལ་བར་ཤེས་པས། འདི་ལྟར་སྣང་བཏགས་ཐམས་ཅད་ལས་གྲོལ་བ་ཡིན་ཏེ། ལྟོས་པ་གང་ལ་ཡང་བཅར་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། ཡོད་མཐའ་ལ་མི་གནས་པས། མེད་མཐའ་ལས་གྲོལ་ལ། མེད་མཐའ་ལ་མི་གནས་པས། ཡོད་མཐའ་གྲོལ་ལ། ཡོད་མེད་གཉིས་ཀ་ལ་མི་གནས་པས། གཉིས་ཀ་གྲོལ། གཉིས་ཀ་མ་ཡིན་པས། གཉིས་ཀ་མ་ཡིན་པ་གྲོལ་བའོ། །ལྔ་པ་གཅིག་གྲོལ་ཟླ་མེད་པའི་གནད་ལ་བརྟེན་ནས། ཐབས་དང་ཤེས་རབ་ལ་རག་མ་ལུས་པར་བསྟན་པ་ནི། གཅིག་ནི་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ཉིད་དེ། དེའི་ངང་དུ་གྲོལ་བ་ཡིན་པས་དུ་མ་གྲངས་ཀྱི་མཐའ་ཐམས་ཅད་སྟོངས་པའོ། །གཅིག་གྲོལ་ཟླ་མེད་པའི་གནད་ལ་བཞི་སྟེ། གཅིག་གྲོལ་གྱི་གོ་བ། གཅིག་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས། དཔེའོ། །གཅིག་གྲོལ་གྱི་གཅོད་བ་ནི། གཅིག་གྲོལ་དེ་མི་འཐད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཏུ་གྲོལ་བ་ལས་མ་རྟོགས་པ་གང་ཡང་མེད་དོ། །དེས་ན་རིག་པ་ལ་ཡེ་ནས་གྲོལ་མ་གྲོལ་གྱི་ཐ་སྙད་ལས་འདས་པའོ། །གཅིག་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང༌། གཏན་ཚིགས་སོ། རིགས་པས་འཐད་པ་ནི། གྲོལ་བ་ཐམས་ཅད་ཐ་དད་པ་མིན་ཏེ། གཅིག་ལས་གཞན་མེད་པས་གྲོལ་ཞེས་བྱ་སྟེ། གཅིག་པོ་ནི་རིག་པ་ཉིད་དོ། །དེ་ཡང་རང་རིག་གཅིག་པུ་མ་ཡིན་པའི་ཆོས་ལོག་པ་མེད་པས་སོ། །ལུང་གིས་འཐད་པ་ནི། གསེར་གྱི་སྙིང་པོ་ལས། གཅིག་པུ་གྲོལ་བའི་ཆོས་ཉིད་ནི། །དུ་མ་རོ་གཅིག་ཡིན་པའི་ཕྱིར། །ཅེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཅིག་ཤེས་ཀུན་གྲོལ་གྱིས་འཐད་དེ། གཅིག་རིག་པར་ཤེས་པས། འཁོར་འདས་ཀུན་གྲོལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཉིད་དུ་ངོ་ཤེས་པས་སྣང་ཤེས་ཀུན་གྲོལ་བའོ། །དཔེ་ནི། དུ་མ་རོ་གཅིག་ཏུ་ཤེས་པས། ཚྭ་གཅིག་གི་རོ་གཏན་ལ་ཕེབས་ན། ཚྭ་ཀུན་གྱི་རོ་གཏན་ལ་ཕེབས་པའམ། བུ་རམ་དང༌། མེ་གཅིག་ངོ་ཤེས་པས་ཀུན་ཤེས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང༌། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམ་ཐམས་ཅད་ཀྱང༌། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་པ་བཞིན་ནོ། །དེ་ལྟར་གྲོལ་ལུགས་ལྔ་པོ་གང་ཟག་གཅིག་ལ་བརྩི་བ་མ་ཡིན་ཏེ དབང་པོའི་བྱེ་བྲག་གིས་གང་ལ་གང་མོས་ཀྱིས་གྲོལ་བ་ཡིན་ནོ། །གསུམ་པ་གྲོལ་ལུགས་ལྔའི་མཇུག་་བསྡུ་བ་ལ་ལྔས་བསྟན་པ་ནི། དེ་ཡང་འདིར་གྲོལ་ལུགས་ལྔ་པོ་དེ་ལྟོས་གཞི་དང་བྲལ་བ་ནི། རང་གྲོལ་ཡིན་པས་དམིགས་པའི་ལྟ་བ་དང་སྒོམ་པ་དང་སྤྱོད་པའི་ཆོས་ཀྱི་ལྟོས་པ་དང་བྲལ་བ་སྟེ། རྐྱེན་རྣམས་རྐྱེན་གྱིས་གྲོལ་བ་དཔེར་ན་དྲི་མས་དྲི་མ་འཁྲུ་བ་ལྟར་རྐྱེན་ངན་རྐྱེན་ངན་གྱིས་གྲོལ་ཏེ་ཡེ་ཤེས་ཀྱི་གྲོགས་སུ་འཆར་ལ། ཀ་དག་ཀ་དག་གིས་གྲོལ་ལ་རིག་པ་རིག་པས་གྲོལ་བའོ། །ཡེ་གྲོལ་ལ་གཟུང་འཛིན་ཟུང་འཇུག་གི་ལྟོས་པ་དང་བྲལ་བས། ཡུལ་་རྣམས་ཡུལ་གྱིས་གྲོལ་བ་དུག་གིས་དུག་རྣམས་འཇོམས་པ་ལྟ་བུ་དང༌། ཅེར་གྲོལ་འཁོར་འདས་གཉིས་ལ་མི་ལྟོས་པས་རྒྱུ་ཡིས་རྒྱུ་རྣམས་གྲོལ་བ་དཔེར་ན་ལྕགས་ཀྱིས་ལྕགས་གཅོད་པ་ལྟ་བུ་དང༌། མཐའ་གྲོལ་ཐ་སྙད་ཀྱི་ཚིག་ལ་མི་ལྟོས་པས་ཆོས་ཆོས་ཀྱིས་གྲོལ་བའི་དཔེ་ཤིང་ལས་བྱུང་བའི་མེ་དེས་ཤིང་དེ་ཉིད་བསྲེགས་པ་ལྟ་བུ་དང༌། གཅིག་གྲོལ་གྲོལ་བྱེད་བློ་ལ་མི་ལྟོས་པས་སེམས་ཉིད་སེམས་ཀྱིས་གྲོལ་བའི་དཔེ་རྡོ་ཡིས་རྡོ་རྣམས་གཅོག་པ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །དྲི་མས་དྲི་མ་འཁྲུད་པ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གི་དུག་རྣམས་འཇོམས་པ་དང༌། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་དང༌། །ཤིང་གིས་ཤིང་རྣམས་བསྲེགས་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཅེས་སོ། །དེའང་ཐམས་ཅད་རིག་པར་མ་རྫོགས་པ་མེད་པའི་གནད་ཀྱིས་རིག་པ་གྲོལ་དུས་ཆོས་ཐམས་ཅད་གྲོལ་བ་རྟེན་གཞི་ཞིག་པས་རྟེན་ཆོས་་འཇིག་པ་ལྟར། རང་གྲོལ་རང་ཞིག་ལ་དབྱིངས་སུ་ཕྱམ་གདལ་བ་ནི། དེ་ཉིད་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་ས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་གཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་ཆས་ཡིན་ཕྱིར་དབྱིངས་རྫོགས་པའོ། །ཞེས་སོ། །དེ་ལྟར་རྫོགས་ཤིང་གྲོལ་བའི་རིག་པ་དེ་ཉིད་ཐོག་མ་ནས་ཀ་དག་ཡིན་པས་དྲི་མ་མེད་ཅིང༌། ཐུགས་ཡིན་པས་རྒྱུད་པ་ཟད་ལ། ཉག་གཅིག་བདེ་བ་ཆེན་པོ་སྨྲ་བསམ་བརྗོད་ལས་འདས་པ། ཡེ་ནས་རྣམ་དག་ཟང་ཀ རྡོས་བཅས་དག་པའི་སྟོང་པ། སྤྱིར་སྣང་འཁོར་འདས་ཀྱི་འཕེན་ཆས་མ་གོས་པ། ཆོས་ཟད་འགྱུ་སངས་བེམས་རིག་ལས་འདས་པ། གཉུག་མ་གཞིའི་སངས་རྒྱས་སུ་བཞུགས་པ་ཉིད། མུ་ཏིག་ཕྲེང་བ་ལས། ཨེ་མ་རང་རྫོགས་ཆེན་པོའི་ཆོས་སྐུ་ནི། །ཀ་ནས་དག་པས་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། །ཟླ་དང་བྲལ་བས་རྩིས་ལས་འདས། །སྡུག་བསྔལ་རྒྱུ་མེད་བདེ་ཆེན་པོ། །བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས། །ཡེ་ནས་རང་རིག་རྣམ་དག་པའོ། །ཟག་པ་ཟད་ཕྱིར་རྡོ་བཅས་མིན། །དངོས་པོ་ཟད་ཕྱིར་སྟོང་པར་གནས། །གཉིས་ཀྱིས་འཕེལ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བས་ཐབས་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། །བེམས་རིག་གཉིས་མེད་ཚོགས་གཉིས་རྫོགས། །འགྲན་པའི་ཟླ་མེད་ཅོག་གཞག་རང༌། །བཅོས་པའི་ཚིག་མེད་ཀུན་ཏུ་ཁྱབ། །བསམ་བྱེད་སེམས་མེད་དྲན་པ་བྲལ། །སོ་མ་ཉིད་ཡིན་གཉུག་མའི་ངང༌། །མ་བཅོས་མཆོག་ཡིན་རྣལ་མར་བཞུགས། །ཞེས་སོ། །དེ་ལྟར་ཕྱི་སྣང་བ་ནང་ལུས་སེམས་དང་བཅས་པ་ཐམས་ཅད་མེད་པ་གསལ་སྣང་ཆུའི་ཟླ་བ་ལྟ་བུར་རྟོགས་པ་རྩལ་འབྱོངས་ཏེ། རིག་པ་ནམ་མཁའ་ལྟ་བུའི་དོན་ལ་བརྟན་པ་རྣམས་ནི། ཆོས་ཟད་པས་སྣང་བ་དང་ལུས་ཆུ་ཟླ་ལྟར་འབྱོངས་ཏེ། རྩིག་པ་དང་ར་བ་ལ་སོགས་པ་ལ་ཐོགས་པ་མེད་ཅིང༌། སྤྱན་དང་མངོན་ཤེས་ཚད་མེད་པ་ཐོབ། འཕགས་པའི་བདེན་པ་མཐོང་ནས་ཡང་སྲིད་པ་རྣམ་པར་གྲོལ་ཏེ། ཀ་དག་གིས་ས་ལ་གྲོལ་བ་ནི། འབྱུང་བཞིའི་རྡུལ་ཕྲན་ནུས་མེད་པོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་སྐུའི་རྫུ་འཕྲུལ་བསྟན་ནས། དོན་དུ་འགྱུར་ན་ཡེ་ཤེས་ཀྱི་མེས་བསྲེགས་པའི་རྡུལ་ཕྲན་དེ་དག་སྐུ་གདུང་དང་རང་བསྲེལ་དུ་བྱིན་གྱིས་རློབ་ཅིང༌། མི་འགྱུར་ན་རང་དེངས་སུ་ཞི་བར་མཛད་ནས། རིག་པ་ཆོས་སྐུའི་དབྱིངས་སུ་བཞུགས་ཏེ། གཟུགས་སྐུ་འཕྲིན་ལས་དང་བཅས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ནི། ཟངས་ཡིག་ཅན་དང་རྟགས་ཚད་ལས། སྣང་བ་བཞི་ཚད་དུ་མ་ཕྱིན་ཡང༌། རྡོས་བཅས་མི་སྣང་བར་གདོད་མའི་སར་གྲོལ་བ་ཡོད་དོ་ཞེས་པའི་དགོངས་པ་སྟེ། ཁྲེགས་ཆོད་དུ་གྲོལ་བའི་ཚུལ་དུ་གསལ་བར། རིན་པོ་ཆེ་སྤུངས་པའི་རྒྱུད་ལས་གསུངས་པ། མ་བཏང་རང་སོར་གཞག་པ་ཡི། །སེམས་ཀྱིས་འདི་ཡི་ཚིག་ཀུན་ཡང༌། །སུས་ཀྱང་བསླབས་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང༌། །འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁས་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གིས་ཉམས་མྱོང་བར། །ལུས་ཅན་ཀུན་ཀྱང་དེ་བཞིན་སོང༌། །ལུས་མེད་རྣམས་ནི་སྨོས་ཅི་དགོས། །ཞེས་སོ། །རྣལ་འབྱོར་པ་འདིའི་རྟོགས་པ་ཚད་དུ་ཕྱིན་ན། རྡུལ་ཕྲན་ཆ་མེད་དུ་ལུས་རྡོས་བཅས་རང་སར་དེངས་ལ། ཅུང་ཟད་མ་ཕྱིན་ཡང་གཞན་ལས་འཕགས་པ་ཡིན་ན་རོ་དེ་སྲང་གཅིག་ལ་སོགས་པའི་ལྕིར་ཙམ་དུ་ཡང་ལ་ཆུང་བ་ལ་སོགས་པ་སྟེ་རིག་པ་ཀ་དག་ལ་ཐིམ་པའོ། །འདིའི་གནད་ནི། རིག་པའི་ངོ་བོ་ལ་ཟང་ཐལ་རྡོས་བཅས་དག་པ་གོམས་པའི་ཆ་ལས་བྱུང་བ་སྟེ། སེམས་དང་དེའི་འཁྲུལ་སྣང་མེད་པ་གསལ་སྣང་གི་ཆ་ཡང་དུས་དེར་རང་ངོ་ལ་རྣམ་པར་དག་ནས་སེམས་དང་ཡེ་ཤེས་ཕྱེད་ཏེ། སེམས་དག་ཡེ་ཤེས་ཀྱི་བདེན་པ་མཐོང་བས་བློ་བདེ་བ་ནི། སེང་གེ་རྩལ་རྫོགས་ལས། སངས་རྒྱས་བདེན་པ་མཐོང་ན་རྒྱལ་བའི་སྲས། རྟོག་པ་ཁོང་དུ་ཆུད་ན་ནམ་ཡང་བདེ། །ཞེས་རྒྱ་ཆེར་གསུངས་པ་ཐོག་ཏུ་ཕེབས་པའི་དུས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ་སྟེ་རིམ་བཅུ་དགུ་པའོ། །དེ་ལྟར་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕབ་ནས། ད་ནི་ཐོད་རྒལ་གྱི་གནད་ལས་རྡོས་བཅས་འོད་ལུས་སུ་དག་པའི་ཐབས་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། ཁྲེགས་ཆོད་ལས་ཁྱད་པར་དུ་འཕགས་ཚུལ་དང༌། ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བཤད་པའོ། །དང་པོ་ནི། ཁྱད་པར་བདུན་གྱིས་འཕགས་ཏེ། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། རང་སྣང་མངོན་སུམ་གཟིགས་པའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། ཉམས་མྱོང་འཕེལ་སྣང་གི་ཁྱད་པར་དང་བདུན་ནོ། །དང་པོ་ནི། ཁྲེགས་ཆོད་ཀྱིས་ཕྱི་འཁྲུལ་སྣང་གི་ས་རྡོ་རི་བྲག་ལ་སོགས་པ་དག་པར་བྱེད་མི་ནུས་ཤིང༌། ཡུལ་དུ་བྱེད་པས་སྒྱུ་མ་དང་གཞི་མེད་ལ་སོགས་པའི་རྒྱས་འདེབས་ཡིད་དཔྱོད་ལ་ལྟོས་པས། སེམས་ཀྱི་རྣམ་ཤེས་ཚོགས་པའི་ཆོས་ལ་བརྟེན་ཞིང་མྱུར་དུ་མི་གྲོལ་བ་ཉིད། ཐོད་རྒལ་དུ་འོད་ལྔ་དབྱིངས་རིག་གི་སྣང་བ་ཡུལ་དུ་བྱེད་པས། འཁྲུལ་སྣང་གི་མིང་མེད་ཡིད་དཔྱོད་ཀྱིས་རྒྱས་འདེབས་མི་དགོས་ཤིང༌། སེམས་ཀྱི་ཆོས་མིག་གི་རྣམ་ཤེས་ལ་སོགས་པ་རང་འགགས་ལ་སྦྱོང་བས། འཁོར་བ་མིང་མེད་དུ་ལ་ཟློས་ཏེ། ཚེ་དེས་འོད་དུ་གྲོལ་བའི་ཁྱད་ཞུགས་པ་ནི། ཐལ་འགྱུར་ལས། འདི་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལས་གྲོལ། །ཅེས་སོ། །འོ་ན་ཁྲེགས་ཆོད་འབྱོངས་ནའང་སྣང་བ་ཚད་དུ་མ་ཕྱིན་པར་ཕུང་པ་ལས་གྲོལ་བར་བཤད་པས་ཁྱད་ཅི་ཡོད་ན། ཤིན་ཏུ་ཆེ་སྟེ། ཁྲེགས་ཆོད་ཀྱིས་འབྱོངས་ཡང་རྡུལ་ཕྲན་ཆ་མེད་ལས། འོད་དུ་འགྲོ་མི་སྲིད། འོད་དུ་མ་སོང་ན་རྡོ་རྗེའི་ལུས་མི་གྲུབ་སྟེ། རེས་འགའ་བའི་སྒྱུ་ལུས་ཀྱིས་མཐར་ཐུག་གིས་མི་ཆོད་པ་དང༌། འོད་ལུས་མ་ཐོབ་ན་འཕོ་བ་ཆེན་པོའི་སྐུ་མི་ཐོབ་པས་གཞན་དོན་རླབས་པོ་ཆེ་རྟེན་དེས་མི་འགྲུབ་པས་ན། འོད་དང་རྡུལ་ཕྲན་དུ་དེངས་པའི་ཆ་ལས། འཕོ་བ་ཆེན་མོས་དོན་མི་བྱེད་དང་སྤྱན་དང་མངོན་ཤེས་དང༌། རྫུ་འཕྲུལ་གྲུབ་པ་ལ་རླབས་ཆེ་ཆུང་གི་ཁྱད་ཡོད་པའོ། །གཉིས་པ་ནི། རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇལ་བ་ལས་རང་འོད་མི་མཐོང་བ་དེ། ཐོད་རྒལ་གྱིས་གནད་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་གདངས་ཀྱི་འོད་གསལ་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་ཡོད་པས་འཕགས་ཏེ། རང་ཤར་ལས། རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་རྟོགས་པ་མེད། །ཅེས་སོ། །གསུམ་པ་ནི། རིག་པའི་ཡེ་ཤེས་ཁྲེགས་ཆོད་དུ་བལྟར་མེད་ཀྱི་རྒྱས་བཀབ་ནས་མཐོང་དུ་མེད་པ་ཅིག་ཏུ་ཐག་གཅོད་པ་དེ། ཐོད་རྒལ་དུ་ཡེ་ཤེས་ཀྱི་མཐོངས་ཕྱེ་བས་ཆོས་ཉིད་ཀྱི་ཉི་ཟེར་གསལ་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཞེས་སོ། །བཞི་པ་ནི། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དྭངས་པ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པ་སྟེ། དེ་ཉིད་ལས། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་སྣང་བའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་སོ། །ལྔ་པ་ནི། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་སེམས་ཀྱི་ཆོས་ལ་དྭངས་འཚོལ་བ་ལས། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་སྒྲོན་མ་བཞིའི་སྣང་བ་འཆར་བས་འཕགས་ཏེ། དེ་ཉིད་ལས། སྒོ་ནས་ཇི་ལྟར་འབྱུང་བ་ནི། །འཇུག་པའི་རླུང་གིས་བསྐུལ་བ་ཡིས། སྒྲོན་མ་བཞི་ལས་ལས་བཞིར་བྱུང༌། ཞེས་སོ། །དྲུག་པ་ནི། ཁྲེགས་ཆོད་ཀྱིས་བལྟར་མེད་རིག་་པ་རངས་དངས་ཀྱི་དབང་པོ་ལ་དངས་འཚོལ་བ་ལས། ཐོད་རྒལ་དུ་ཕྱི་ནང་ཡེ་ཤེས་ཟང་ཐལ་གྱི་དབང་པོས་དབྱིངས་དང༌། ཡེ་ཤེས་འདུ་འབྲལ་མེད་པའི་སྣང་བ་ལ་དངོས་སུ་དཔྱོད་པའི་ཁྱད་ཞུགས་ཏེ། ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང༌། །ཞེས་སོ། །བདུན་པ་ནི། ཁྲེགས་ཆོད་ཀྱིས་ཕྱི་ཡུལ་ནང་སེམས་ཀྱི་འཁྲུལ་པ་སྣང་དུ་བཅུག་ནས་སྤོང་ལེན་མེད་པའི་ངང་རྒྱས་འདེབས་པས་མྱུར་དུ་དེ་དག་མི་གྲོལ་བ་ཉིད། ཐོད་རྒལ་དུ་གནད་བཅས་པའི་སྐད་ཅིག་ནས། ཕྱི་ནང་གི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་རང་སངས་ཏེ། མ་སྤངས་གནས་སུ་དག་པ་རྒྱས་འདེབས་ལ་མི་ལྟོས་ཤིང༌། ཡེ་ཤེས་ཀྱི་འཕེལ་སྣང་ཟླ་བ་ཡར་ངོ་བཞིན་གོང་དུ་འཕེལ་ཏེ། སྣང་བ་བཞི་ཚད་དུ་ཕྱིན་ནས་མྱུར་དུ་གྲོལ་བ་ཉིད། དེ་ལས། སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང༌། །འབྱུང་བའི་རགས་པ་དག་པ་དང༌། །ཡེ་ཤེས་དག་པ་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །འདི་དག་གི་ཁྱད་པར་ཞིབ་མོར་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང༌། །ཆེ་ལོང་ཙམ་བརྗོད་པ་སྟེ། མདོར་བསྡུ་ན་རིག་པའི་དོན་དངོས་སུ་མཐོང་ཞིང་བལྟར་ཡོད་པས་འཁྲུལ་པ་སྐད་ཅིག་ལ་ལྡོག་་པ་དང༌། ཡིད་དཔྱོད་ལ་ལུས་པས་འཁྲུལ་སྣང་ལ་ལམ་བྱས་ནས་མ་འཁྲུལ་པའི་འབྲས་བུ་འཚོལ་བའི་ཁྱད་པར་གྱིས་ཆེ་བར་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །ཆོས་འདི་ལ་གནད་འདི་ལྟ་བུ་ཡོད་པས་ཀུན་གྱི་རྩེ་མོ་བླ་ན་མེད་པ་ཞེས་བྱའོ། །དོན་གཉིས་པ་ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བསྟན་པ་ལ་གསུམ་སྟེ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་སྤྱིར་བསྟན་པ། ཉིན་མཚན་འོད་གསལ་གྱི་འཁོར་ལོ་བྱེད་བྲག་ཏུ་བཤད་པ། གདོངས་ཀློང་ཡེ་་ཤེས་ཀྱི་འཁོར་ལོ་རྒྱ་ཆེར་བསྟན་པའོ། །དང་པོ་ལ་བཞི་སྟེ། བཅའ་བ་ལུས་ཀྱི་གནད་གསུམ། གཟིགས་པ་སྒོའི་གནད་གསུམ། ཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་མོ། །དང་པོ་ནི། ལུས་ཀྱི་འདུག་སྟངས་གསུམ་གང་འཆའ་ཡང༌། ཁོང་ལྷོད་པར་བཅས་པ་རྩ་རླུང་བདེ་ལུགས་སུ་གནས་པའི་དགོས་པ་ཡོད་ལ། ཆེད་དུ་བསྡམས་ན་རླུང་ལ་སོགས་པ་ལོག་པ་དང་འབྱམས་པ་འབྱུང་སྟེ་རྩ་འཆུས་པ་དང་སྒྲིམས་དྲགས་པའི་ཕྱིར་རོ། །དེ་ལ་ལྟ་སྟངས་བཅས་དུས་རླུང་གནད་རབ་ཏུ་དལ་བ་ལས་ཕྱིར་བཟུང་ཁ་ནས་དྲང་བ་འདིའི་ཁྱད་པར་ཅན་གྱི་ཆོས་གནད་འདུས་གལ་པོ་ཆེ་ཡིན་ནོ། །དེ་ཡང་སྣ་ནས་འབྱུང་རྔུབ་བྱེད་པ་ཐུན་མོང་གི་ལུགས་ཏེ་འཁོར་ལོ་བཞིའི་ནང་དུ་བཀང་ནས་སེམས་གསལ་དངས་ཕྱེད་པའི་ཏིང་ངེ་འཛིན་བསྐྱེད་པ་སྟེ། དེའི་ལུགས་ལ་རླུང་ལོག་པ། འབྱམས་པ། འཁྱིལ་བ། རྨུགས་པ་བཞིའི་གེགས་འབྱུང་ཞིང་འཁྲུལ་སྣང་དུ་མ་འཆར་བ་ཡིན་ལ། འདིར་རླུང་དག་པར་བྱེད་ཀྱི་འཕེལ་བ་ལམ་དུ་མི་བྱེད་ལ། འཁོར་ལོ་བཞི་དང་ནང་དུ་བཀང་པས་སེམས་ཀུན་ཏུ་རྟོག་པ་དར་རེ་འགགས་ཀྱང་གཏན་ནས་འགག་མི་ཐུབ་པའི་ཕྱིར་ན། ལས་རླུང་སོར་རང་འགགས་ལ་ཁ་ནས་གཏོང་བའོ། སྣ་ནས་རོ་རྐྱང་དུ་འཇུག་ལ། དེ་ནས་འཁོར་ལོ་བཞི་ཐམས་ཅད་པའི་རྩ་ནང་དུ་འཇུག་པས། རྟོག་པ་ཐ་དད་པ་འགྱུ་བའི་རྟ་བྱེད་པས་འདིར་བཀག་ནས། ཁ་དང་གློ་བར་འབྲེལ་ལ། གློ་བའི་རྩ་སོག་མའི་སྦུ་གུ་ཙམ་དེའི་ནང་གི་སེམས་ཀྱི་རྟ་དེ་རང་འགགས་ལ་གཏོང་བའི་ཕྱིར། རླུང་ཁ་ནས་དལ་བུས་ཕྱིར་དྲངས་ལ་ཡུན་ཇི་ཙམ་གནས་ཀྱི་བར་བཟུང་བས། རྟ་དང་མི་གཉིས་སོ་སོར་བྲལ་ནས། མི་སྙིང་ནང་གི་རིག་པ་ལ་ཐིམ་པས་མི་རྟོག་པའི་བསམ་གཏན་རང་བབས་སུ་འགྲུབ་པའི་གནད་དེ་ཡིན་ལ། སྐབས་སུ་རླུང་ཧུར་སྒྲ་དང་བཅས་ཏེ་དྲག་པོར་འཕངས་པས། རླུང་འདུས་ཀྱི་གེགས་སེམས་མི་དགའ་བ་དང༌། ཉོན་མོངས་ཀྱི་རྟོག་པ་གཡོ་བ་དང༌། སྙིང་ག་གཟེར་བ་རྣམས་སེལ་ལོ། །དུས་དེ་དག་ཏུ་དྲག་ཏུ་འཕང་བ་ནི་གནད་དམ་པའོ། །དེའང་རླུང་གི་གནད་འདི་མི་ཤེས་པར་བསྒོམས་ཀྱང་སྣང་བའི་འཕེལ་དང་རྟགས་ཚད་འབྱུང་བར་གཏན་ནས་མི་འགྱུར་རོ། །གཉིས་པ་གཟིགས་པ་སྒོའི་གནད་གསུམ་ནི། གཟིགས་སྟངས་གསུམ་གང་བྱེད་ཀྱང་རྩོལ་བས་གཅུན་པ་མ་ཡིན་པར། ཁོང་ལྷོད་དེ་རང་བབས་སུ་བྱས་ལ། མིག་མི་འགུལ་བས་ལྟ་སྟངས་གཟིར་བ་གནད་དེ། ཐལ་འགྱུར་ལས། རྒྱང་བཞག་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་སོ། །གསུམ་པ་ཁྲིད་པ་དབྱིངས་ཀྱི་གནད་གསུམ་ལ། མིག་དལ་བུས་ཟུར་དང་སྟེང་འོག་ཏུ་དབྱིངས་སྣང་ཁད་པ་ལ་མིག་མ་འགུལ་རྟོགས་པ་མ་འགྱུས་པར་ཤེས་པ་གསལ་སྟོང་དུ་ཤིགས་སེ་བཞག་པ་གནད་ཡིན་ཏེ། དེ་ཉིད་ལས། དབྱིངས་ཀྱི་གནད་ནི་འཁྲིད་པ་སྟེ། ཞེས་པ་དང༌། རྩལ་རྫོགས་ལས། ཆོས་ཉིད་དྲན་པ་སངས་པའི་ནམ་མཁའ་ལ། །ཚོམ་བུ་ལྔར་སྣང་གསེར་གྱི་བྱ་ཁྱུང་ལྡིང༌། །འཛིན་ཆགས་རྟོག་མཐའ་བྲལ་བའི་ངང་དུ་འུབ། །རང་སྣང་ཕྱོགས་ལྷུང་མེད་པའི་ནམ་མཁའ་ལ། །སྟོང་གསལ་སྤྲོས་དང་བྲལ་བའི་བྱ་ཁྱུང་ལྡིང༌། །སྣང་ལ་འཛིན་པ་མེད་པའི་ངང་དུ་འུབ། །མཚན་མ་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །གཟུང་འཛིན་བྲལ་བ་ཆོས་སྐུའི་བྱ་ཁྱུང་ལྡིང༌། །ཆོས་ཉིད་རང་སྣང་ཐིག་ལེའི་ངང་དུ་འུབ། །ཅེས་སོ། །བཞི་པ་ནི། ཕྱིའི་ཡུལ་ནམ་མཁའ་སྤྲིན་དེངས་ལ་གཏད་པས་རིག་པ་དངས་སངས་ཕྱེད་ལ་སྣང་བའི་འཕེལ་མྱུར། ནང་གི་ཡུལ་དབྱིངས་ཀྱི་སྒྲོན་མ་ལ་གཏད་པས་འོད་གསལ་མ་བུ་འབྲེལ། གསང་བའི་ཡུལ་རིག་པ་རང་དངས་ལ་གཏད་པས་ཀ་དག་ཆོས་ཟད་ཀྱི་དགོངས་པ་རང་ས་ན་གསལ་བའི་གནད་ཡོད་དེ། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པའི་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །སྒྲོ་འདོགས་ཐམས་ཅད་གཅོད་པ་དང༌། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་ལྟ་བ་མ་ཡེངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་པ་དང༌། ཐལ་འགྱུར་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །ཞེས་པ་དང༌། ཡང༌། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིབས་ཉིད་དང༌། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང༌། །ཞེས་སོ། །འདིའི་དུས་སུ་རྩ་ནང་གི་རླུང་རྒྱུ་བས་རྟོག་པ་ཕྲ་མོ་ཤ་ར་ར་འབྱུང་ཡང༌། མངོན་སུམ་གྱི་དོན་ལ་གནོད་པ་མེད་དེ། རྟོག་པ་དེ་ཉིད་རང་གིས་རང་ཚུགས་མི་ཐུབ་པར་གྲོལ་ནས་སང་སང་འགྲོ་སྟེ། བྱ་སྲད་བུས་བཟུང་བ་འཕུར་བ་ལྟར། ཡལ་ཡུལ་འཕྲོ་ཡང་སྔར་བཞིན་ལུ་གུ་རྒྱུད་གཅིག་ལ་གཅིག་མཐུད་དུ་ཕྱལ་བར་ཡེངས་པ་དེ་འདྲ་མེད་པས། ལས་དང་བག་ཆགས་མི་གསོག །འོད་གསལ་གྱི་སྒོམ་པ་མི་འཇིག །རིག་པའི་རྩལ་འཆར་དུ་བཅུག་པས། ཤེས་རབ་ཐོལ་བྱུང་དུ་སྐྱེ་བའི་གོ་འབྱེད་པའོ། །དེ་ཡང་ལྟ་སྟངས་གཟིགས་སྟངས་གཅུན་པས་རྟོག་པ་ཤེད་པོ་ཆེ་ནི་རང་འགགས། ཤེད་ཆུང་ཕྲ་ཕྲོ་རྣམ་རང་གྲོལ་དུ་སོང་བ་ནི། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོགས་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །འདིའི་དུས་ན་ལྟ་སྒོམ་སྤྱོད་པ་གསུམ་གྱི་དགོངས་པ་ཀློང་གཅིག་ཏུ་འདྲིལ་བ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རྒྱ་ཆད་ཕྱོགས་ལྷུང་མེད་པས་ལྟ་བའི་ཚད་དང་ལྡན། །གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན། །རང་བྱུང་བཅོས་བསླད་མེད་པས་སྤྱོད་པའི་ཚད་དང་ལྡན། །བདེ་ཆེན་ཟག་པ་མེད་པའི་བྱང་ཆུབ་དངོས་མེད་འདི། །བཟུང་བས་མི་ཟིན་ཆུ་ཡི་ཟླ་བ་འདྲ། །འདོད་དགུ་རང་འབྱུང་ཕྱུག་པོའི་བང་མཛོད་འདྲ། །ཞེས་སོ། །དེའང་དབྱིངས་རིག་གི་སྣང་བ་མ་ཤར་ན་མིག་ཟུར་ལ་མཉམ་པར་བལྟས་པས། མཐོང་དུས་ནམ་མཁའི་དཀྱིལ་སྨིན་དབྲག་གི་ཐད་ལ་མི་འགུལ་བར་བལྟ་བ་གནད་ཡིན་ཏེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། །འདི་ནི་གསང་བའི་ཐུག་ས་སྟེ། །མིག་ནི་རབ་ཏུ་གནན་བྱ་སྟེ། །དེ་ཡང་འདུ་འབྲལ་མེད་པར་བརྟག །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །འོད་ནི་ཕྲ་ལ་འཁྲིལ་བ་འབྱུང༌། །དེ་ལ་ངོ་བོ་ལུ་གུ་རྒྱུད། །ཕྲ་དང་འཁྱུག་དང་འགྱུ་བའོ། །མིག་ནི་ནམ་མཁའི་ཁམས་སུ་བརྟག །སངས་རྒྱས་སྐུ་ཡི་ཐིག་ལེ་འཆར། །དེ་ཉིད་དགོངས་པའི་དྲོད་རྙེད་ནས། །རིག་པའི་སྐུ་ནི་ལུ་གུ་རྒྱུད། །སྐུ་དང་བཅས་པ་སྣང་བའོ། །ཞེས་སོ། །སྐབས་འདིར་འོད་གསལ་གྱི་ཆིངས་གསུམ་གཏན་ལ་དབབ་པ་ནི། དགོངས་པ་ངོ་བོའི་ཆིངས་ལ་སེམས་ཀྱི་དྲི་མ་དག་ཚུལ། ངང་ལ་མི་གཡོ་མཉམ་པར་བཞག་ཚུལ། དེ་ལས་རྟགས་ཚད་དུས་ངེས་འཆར་ཚུལ་དང་གསུམ་ལས། དང་པོ་ལ་གསུམ་སྟེ། ངོ་བོའི་དགོངས་པ་དངོས། སེམས་དང་བག་ཆགས་ཀྱི་མཚོན་དཔེ། དེ་དང་བྲལ་ཚུལ་གྱི་མདོ་ཆིངས་སོ། །དང་པོ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། མ་སྐྱོད་མཁའ་ལ་དེ་བཞིན་རིག་པ་གསལ། གསལ་ལ་མ་ཡེངས་གཏིང་དཔག་དཀའ་བའི་ངང༌། །སྟོང་གསལ་གདལ་བ་བདེ་ཆེན་དབྱིངས་ལ་སྤྱོད། །རྩེ་གཅིག་གསལ་ན་དོན་དམ་དབྱིངས་ཀྱི་ངང༌། །མ་འདྲེས་རྫོགས་ན་ལྷུན་གྲུབ་ས་ལ་གནས། །ཞེས་སོ། །རིག་པའི་ངོ་བོ་དེ་ལ་ཤེས་རབ་བཞི་རང་རྩལ་དུ་འཆར་བས་རྟོགས་པ་ལྷག་མཐོང་གི་གནས་ལུགས་མཚོན་པའོ། །ཤེས་རབ་བཞི་ནི། རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་བཞི་དང་ལྡན། །ཤེས་རབ་རྣམ་བཞི་འདི་ལྟ་སྟེ། །རྣམ་པར་གྲོལ་བྱེད་ཤེས་རབ་ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་པ་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་པོ། །རྣམ་པར་སྐྱོད་བྱེད་ཤེས་རབ་ནི། །སྐུ་ལྔ་ཀ་དག་དབྱིངས་སུ་སྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་སྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་སྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་སྐྱོད་པར་བྱེད། །དེ་ཕྱིར་སྐྱོད་བྱེད་ཤེས་རབ་པོ། །རྣམ་པར་སྡུད་བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔའི་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ནང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ནང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་པོ། །རྣམ་པར་འབྱེད་བྱེད་ཤེས་རབ་ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་དང་མྱང་འདས་གཉིས་སུ་འབྱེད། །རྟོགས་དང་མ་རྟོགས་གཉིས་སུ་འབྱེད། །བཟང་དང་ངན་པ་གཉིས་སུ་འབྱེད། །དེ་ཕྱིར་འབྱེད་བྱེད་ཤེས་རབ་པོ། །ཞེས་སོ། །གཉིས་པ་སེམས་དང་བག་ཆགས་དགོངས་པའི་དག་བྱ་རྣམས་དུས་དེར་དག་པ་ལས། དེའི་མཚོན་དཔེ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཨ་ཧོ་རྡོ་རྗེ་འཛིན་པ་ཉོན། །མ་སྨིན་རྣམ་རྟོག་འཁོར་བ་ནི། །དཔེར་ན་གི་ལིང་ལྕགས་བཅུག་བཞིན། །གྲོལ་མིན་ཐར་པའི་དུས་མི་འབྱུང༌། །མ་རིག་ལྕགས་བཅུག་ཐར་མི་འགྱུར། །མ་རིག་ཆུ་དང་འདྲ་སྟེ་ཉོན་མོངས་སྡུད། །ཞེ་སྡང་མེ་ནི་བསྐལ་པའི་མེ་དཔུང་འདྲ། །འདོད་ཆགས་དངོས་གང་ལན་ཚྭའི་ཆུ་འཐུང་འདྲ། །གཏི་མུག་འཐིབས་པ་ཁང་སྟོང་མུན་ནག་འདྲ། །ང་རྒྱལ་དྲེགས་པ་རི་བོ་བསྙིལ་བ་འདྲ། །ཕྲག་དོག་གནོད་སེམས་གཅོང་རོང་དོག་མོ་འདྲ། །ཉོན་མོངས་རྣམ་ལྔ་ཡེ་ཤེས་སྒྲིབ་པར་བྱེད། །ཡིད་ནི་དཔེར་ན་ཁྱི་མོ་རྐུན་མ་འདྲ། །རྣམ་ཤེས་དཔེར་ན་ནགས་ཀྱི་སྤྲེའུ་འདྲ། །སེམས་ནི་དཔེར་ན་མི་གཙང་འདམ་རྫབ་འདྲ། །ཀུན་གཞི་དཔེར་ན་སེམས་ཅན་ཕག་པ་འདྲ། །ཤེས་པ་དཔེར་ན་བྱ་སྒྲོ་རླུང་ཁྱེར་འདྲ། །གཟུང་འཛིན་དཔེར་ན་སྐྱེས་པ་བུད་མེད་འདྲ། །ལས་ཀྱི་བྱེ་བྲག་བྱ་རྙོས་འཛིངས་པ་ད་འདྲ། །སྡུག་བསྔལ་བྱེ་བྲག་ཆུ་ཡི་གཉེར་མ་འདྲ། །ཉོན་མོངས་འབྲས་བུ་བཟོད་པའི་ཐབས་མེད་དེ། །འཁོར་བའི་སྡུག་བསྔལ་གཟུང་འཛིན་བརྟོད་ཕུར་འདི། །བྱས་པས་མི་ཐོན་བཞག་པས་ཐོན་པར་འགྱུར། །བྱས་པའི་ཆོས་རྣམས་སྤངས་ན་དལ་བ་འགྲུབ། །བསམ་པ་ཀུན་སྤངས་ཡེ་ཤེས་མཆོག་མི་གཡོ། །གསང་སྔགས་རྒྱལ་པོས་ཉོན་མོངས་ཡེ་ཤེས་འགྱུར། །དཔེར་ན་ཁང་སྟོང་སྒྲོན་མེ་བཏེགས་པ་བཞིན། །ཡེ་ཤེས་སྒྲོན་མེས་མ་རིག་རིག་པར་འགྱུར། །ཅེས་སོ། །གསུམ་པ་དེ་དང་བྲལ་ཚུལ་གྱི་མདོ་ཆིངས་ལ་གསུམ་སྟེ། མངོན་སུམ་གྱི་རང་དུས་བྲལ་ཚུལ་དངོས། །བྲལ་བའི་འཐད་པ་དགོད་པ། རྣམ་གྲངས་གཞན་བརྗོད་པའོ། །དང་པོ་ནི། ཕྱི་སྣང་བའི་འོད་གསལ་ལ་བལྟས་པས། འཁྲུལ་པ་མེད་པ་ནང་རང་དངས་ཀྱི་བསྒོམ་པ་རང་ས་ན་གསལ་དུས། སེམས་དང་ཡེ་ཤེས་དར་ཅིག་རྒྱབ་གྱེས་པས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡེ་ཤེས་ཀྱིས་བསྒྲིབས་ཏེ། འཁོར་བའི་ཆོས་མི་གསལ། འདས་པ་རང་ཆས་སུ་ལྷུན་གྱིས་གྲུབ་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་ཡེ་ཤེས་དགོངས་པ་དངོས། །སྦུབས་དང་བྲལ་བའི་འོད་ཟེར་དག་སྣང་དངོས། །ཞེས་པ་དང༌། རང་ཤར་ལས། སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་རྡོ་རྗེ་སེམས་དཔའ་ངས། །གསལ་བྱེད་སྣང་ལ་རྟོག་པ་མེད་པར་ཤེས། །རྟོག་མེད་ཤེས་རབ་མཉམ་ཉིད་ནི། །རང་གིས་རང་གྲོལ་ཆེན་པོའོ། །ཞེས་སོ། །གཉིས་པ་འཐད་པ་ནི། སྣང་བའི་ངང་ལ་མ་གཡོས་པར་བཞག་པས་འཁོར་བའི་ཆོས་རང་སངས་ལ་སོང་བ་ཆུ་མི་གཡོ་བས་རྙོག་རང་སངས་པ་ལྟ་བུ་སྟེ། ནོར་བུ་ཆུ་དངས་ཀྱི་དཔེས་དགོངས་པ་གཏིང་དཔག་དཀའ་བ་མཚོན་པ་ནི། སྔ་མ་ལས། རང་བྱུང་བདུད་རྩིའི་ཐིགས་པ་འདི། །དཔེར་ན་ནོར་བུ་ཆུ་དངས་བཞིན། །རྙོག་ཅན་བཞག་ན་རྙོག་མ་དངས། །དེ་བཞིན་སྙིང་པོའི་གདམས་ངག་འདིས། །བཏབ་ན་ཉོན་མོངས་གོས་མི་འགྱུར། །ཅེས་པ་དང་ གཅིག་པུ་དལ་བས་སྣང་བ་གྲོགས་སུ་འཆར། །མ་སྐྱེས་དབྱིངས་ན་ཡེ་ཤེས་འོད་གསལ་བ། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །དཔགས་པས་མི་དཔོགས་ནམ་མཁའི་དབྱིངས་དང་འདྲ། །གསལ་ལ་འཚེར་བས་ཉི་མའི་འོད་དང་འདྲ། །འགྱུར་བ་མེད་པའི་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་དཔག་དཀའ་རྒྱ་མཚོའི་གཏིང་དང་འདྲ། །གོས་པ་མེད་པས་འདམ་གྱི་པད་མ་འདྲ། །ངོས་གཟུང་མེད་པས་ཆུ་ཡི་ཟླ་བ་འདྲ། །ཅིར་ཡང་སྣང་བས་ནམ་མཁའི་ཆོ་འཕྲུལ་འདྲ། །གསལ་ལ་རྫོགས་པས་བར་སྔན་འཇའ་ཚོན་འདྲ། །ཞེས་སོ། །གསུམ་པ་རྣམ་གྲངས་གཞན་བརྗོད་པ་ནི། དབྱིངས་རིག་ལ་སོགས་པའི་དགོངས་པ་ཐམས་ཅད་རྩ་བ་རིག་པའི་ཀློང་གཅིག་ཏུ་ལ་ཟློ་ཞིང་ཐག་གཅོད་པ་སྟེ། ཡང་དེ་ཉིད་ལས། དོན་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་སྐྱོལ་ཞིག བྱང་ཆུབ་ལམ་གྱི་སྒྲོན་མ་ངོ་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་ངང་དུ་སྡུས་ཤིག རྒྱུད་ཐམས་ཅད་ཡི་གེ་མེད་པའི་རྒྱུད་ཆེན་པོ་རང་གི་རིག་པའི་རྒྱུད་ཆེན་པོར་སྐྱོལ་ཅིག །ལུང་ཐམས་ཅད་བསྟན་དུ་མེད་པ་རྩ་བའི་ལུང་ཆེན་པོར་སྐྱོལ་ཞིག མན་ངག་ཐམས་ཅད་བརྗོད་གཞི་དང་བྲལ་བར་སྐྱོལ་ཞིག སྒྲུབ་པ་ཐམས་ཅད་བྱ་བྱེད་དང་བྲལ་བར་སྐྱོལ་ཅིག སྤྱོད་པ་ཐམས་ཅད་མ་བཅོས་པའི་མཆོག་ཆེན་པོར་སྐྱོལ་ཅིག བསྒོམ་པ་ཐམས་ཅད་གསལ་བ་འཛིན་མེད་ཆེན་པོར་སྐྱོལ་ཞིག ལྟ་བ་ཐམས་ཅད་ཟང་ཐལ་ཅི་ལ་ཡང་མ་ཆགས་པར་སྐྱོལ་ཅིག འབྲས་བུ་ཐམས་ཅད་ཡེ་ཤེས་ཆིག་ཆོད་ཆེན་པོར་སྐྱོལ་ཞིག དེ་རྣམས་ཐམས་ཅད་མི་གནས་པའི་ཀློང་གཅིག་ཏུ་དྲིལ་ཅིག འཁོར་བའི་བྱ་བ་ཐམས་ཅད་ཐོང་ཞིག ཡེ་ཤེས་ཀྱི་སྣང་བ་ལ་རྟག་ཏུ་འདྲིས་པར་གྱིས་ཤིག ཡེ་ཤེས་འཆར་བའི་དུས་ངོ་ཤེས་པར་གྱིས་ཤིག གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །ལམ་གྱི་ཆོས་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔར་ཤེས་པར་གྱིས་ཤིག འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག །རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག །ཐུགས་རྗེའི་ཆོས་ཐམས་ཅད་སེམས་ཅན་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག །ཡེ་ཤེས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ཤེས་པར་གྱིས་ཤིག །འོད་ཀྱི་ཆོས་ཐམས་ཅད་འཛིན་པ་མེད་པར་ཤེས་པར་གྱིས་ཤིག །ཟེར་གྱི་ཆོས་ཐམས་ཅད་སྤྲོ་བསྡུ་མེད་པར་ཤེས་པར་གྱིས་ཤིག རིག་པའི་ཆོས་ཐམས་ཅད་བདག་རྟོག་དང་བྲལ་བར་ཤེས་པར་གྱིས་ཤིག །དེ་བཞིན་དུ་ཆོས་ཐམས་ཅད་ཇི་ལ་ཡང་མི་རྟོག་མི་སེམས་པར་སྐྱོལ་ཅིག་ཅེས་སོ། །གཉིས་པ་ངང་ལ་མི་གཡོ་མཉམ་པར་བཞག་ཚུལ་ལ་གཉིས་ལས། ངོ་བོའི་ངང་ལ་བཞག་ཚུལ་མདོར་བསྟན་པ་ནི། ཐལ་འགྱུར་ལས། བསྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །རང་བཞིན་གྱི་སྣང་བ་ལ་བཞག་ཚུལ་རྒྱས་པར་བཤད་པ་ནི། ཀློང་དྲུག་པ་ལས། འདས་པའི་སྐུ་གསུམ་ལ་སྣ་གཏད། མ་འོངས་པའི་སྐུ་གསུམ་ལ་རྒྱབ་བརྟེན། ད་ལྟར་གྱི་སྐུ་གསུམ་ལ་ལོངས་སྤྱོད་པ་ནི། སངས་རྒྱས་རྣམས་ཀྱི་འབྲས་བུ་ལ་མངོན་དུ་བྱས་པ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ཞེས་བྱའོ། །འདས་པའི་ཡེ་ཤེས་ལྔ་ལ་གཞི་བྱས། མ་འོངས་པའི་ཡེ་ཤེས་ལྔ་ལ་རྩེ་མོ་གཏད། ད་ལྟར་གྱི་ཡེ་ཤེས་ལྔ་ལམ་དུ་བྱེད་པ་ནི། གསལ་བས་གསལ་བའི་འོད་འདུས་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་རིག་པ་ལ་ཡིད་ཆེས་བྱ། མ་འོངས་པའི་རིག་པ་ལ་ཚད་བཟུང༌། ད་ལྟར་གྱི་རིག་པ་ལམ་དུ་བྱེད་པ་ནི། མ་ཡིས་བུ་བཟུང་བ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་ཐིག་ལེ་ལ་ཆ་བཟུང༌། མ་འོངས་པའི་ཐིག་ལེ་ལ་བློ་གཏད། ད་ལྟར་གྱི་ཐིག་ལེ་རྣམས་གཅིག་ཏུ་བསྡུས་པ་ནི། ཉག་གཅིག་རྩ་བ་བཅད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་དྲིལ་བའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ནོ། །འདས་པའི་དབྱིངས་དང་མཚམས་སྦྱར། མ་འོངས་པའི་དབྱིངས་དང་རྒྱ་བསྐྱེད། ད་ལྟར་གྱི་དབྱིངས་དང་ས་གཅིག་ལ་གནས་པ་ནི། རིག་པ་དབྱིངས་སུ་ཚུད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འབྲེལ་པར་གནས་པ་ཞེས་བྱའོ། །འདས་པའི་སྒྲོན་མ་རྣམས་ལ་སྣ་གཏད། མ་འོངས་པའི་སྒྲོན་མ་ལག་ཏུ་གཟུང༌། ད་ལྟར་གྱི་སྒྲོན་མ་རྣམས་ལ་གསལ་གདབ་པ་ནི། སྟོང་པ་ཆོས་འབྱུང་སྒྲོན་མ་རང་དག་གི་ལྟ་བ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་སྣང་བ་ཡིན་ནོ། །འདས་པའི་འོད་རྣམས་ལ་ལམ་གཏོད། མ་འོངས་པའི་འོད་རྣམས་ལ་སེམས་གཞག །ད་ལྟར་གྱི་འོད་རྣམས་ལ་བློ་ཕབ་པ་ནི། སྣང་བ་ཐམས་ཅད་ལ་རང་རྒྱས་ཐེབས་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འདུ་འབྲལ་མེད་པའོ་ཞེས་སོ། །གསུམ་པ་དེ་ལས་རྟགས་ཚད་དུས་ངེས་འཆར་ཚུལ་ལ་གསུམ་སྟེ། འོད་གསལ་སྐུ་གསུམ་གྱི་རྟགས། ཏིང་འཛིན་ལྷུན་གྲུབ་ཀྱི་ཚད། མི་གཡོ་མཉམ་གཞག་གི་དུས་སོ། །དང་པོ་ནི། ཡང་དེ་ཉིད་ལས། ཏིང་འཛིན་དང་པོ་ཅོག་གཞག་གིས། །སྐུ་གསུམ་རིམ་གྱིས་གོམས་པ་ཡིས། །དངོས་པོ་གཤིས་ཀྱི་རྣལ་འབྱོར་ལ། །དོན་འདིས་མཆོག་ཏུ་ཉེ་བར་འགྱུར། །སྐུ་གསུམ་གོམས་པའི་ཏིང་འཛིན་ཉམས། །ཅིག་ཅར་སྐྱེ་བ་མ་ཡིན་ཏེ། །འདི་ཀུན་རིམ་གྱིས་བློ་ཡུལ་ལོ། །ཐོག་མ་ཏིང་འཛིན་སྤྲུལ་སྐུ་ཐོབ། །དེ་དུས་རང་གི་ཤེས་པ་ལ། །སྔར་མ་མཐོང་བའི་ཆོས་རྣམས་ནི། །བསམས་པ་མེད་པར་བློ་ལ་འཆར། །རང་གི་གདམས་པའི་ཐ་སྙད་ཚིག །མ་བཟུང་བཞིན་དུ་སེམས་ལ་བཀྲ། །སྐྱེས་བུ་སྐལ་དང་ལྡན་པ་ལ། །ཆོས་ཀྱི་རོ་ཡིས་སེམས་རྒྱས་པས། །ལུས་ཀྱང་ཞག་ནི་དྲུག་བདུན་ན། །ཡོད་པ་དག་ནི་མི་ཚོར་ཞིང༌། །ས་ཡི་སྟེང་ལ་འཕགས་ནས་ནི། །བར་སྣང་དག་ལ་འགྲོ་བའི་ཉམས། །རང་གི་སྤྱོད་ཡུལ་ཉིད་དུ་འབྱུང༌། །རིག་པ་བཅོས་མེད་མཁར་བཞག་ན། །རང་གིས་སྤྲུལ་སྐུ་དེ་ལྟར་འཐོབ། །དེ་འདས་རིག་པ་མ་འགྱུས་པས། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱང༌། །རང་གི་ཤེས་པའི་རྒྱུན་དུ་ནི། །རང་སྣང་རྩོལ་བ་ཀུན་བྲལ་བར། །ཉམས་སུ་མྱོང་བ་འདི་ལྟར་འབྱུང༌། །སྔར་མ་མཐོང་བའི་འོད་སྣང་ཡང༌། །དུམ་བུ་དུམ་བུས་སུས་མཐོང་བ། །འདི་ཡང་ལོངས་སྤྱོད་རྫོགས་སྐུར་སྦྱོང༌། །སྐལ་ལྡན་རྣལ་འབྱོར་རིགས་ལྡན་དེའི། །ཤེས་པ་རང་གསལ་ཉམས་རེ་གསལ། །རང་གསལ་བློ་ལ་ལ་གོམས་པ་ཡིས། །ནང་གསལ་འགྱུ་ཡིད་ཕྱིར་མི་འཆོར། །དངོས་པོའི་རྗེས་སུ་སེམས་མི་འབྲང༌། །འཇིག་རྟེན་བྱ་བ་བློར་མི་སྣང༌། །འདིས་ནི་ལོངས་སྤྱོད་རྫོགས་པ་ཐོབ། །དེ་ནས་རིག་པ་ནམ་མཁའ་ལ། །ཅོག་གཞག་ཆེན་པོའི་ལྟ་སྟངས་ཀྱིས། །ཡེངས་པ་མེད་པར་མཉམ་བཞག་པས། །ཡང་ནི་ཆོས་སྐུའི་ཏིང་འཛིན་སྣང༌། །དེ་དུས་ཤེས་པ་གཏིང་ནས་གསལ། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །སྣང་བ་འཕེལ་བའི་ཚད་ཡིན་ཏེ། །ཤེས་པ་རྣོ་ལ་མྱུར་བ་ཡིས། །སྔར་མ་མཐོང་བའི་སངས་རྒྱས་མཐོང༌། །འདི་ཡིས་དེ་དུས་མི་རྣམས་ནི། །བརྒྱ་སྟོང་བྱེ་བ་བློ་ལ་སྣང༌། །ལུས་ཀྱི་སྔར་མ་བྱས་པ་ཡི། །ཤེས་པ་མེད་པའི་བཟོ་རྣམས་དང༌། །སྒྱུ་རྩལ་རྣམས་དང་ཡི་གེ་དང༌། །བརྡ་དང་སྐད་དང་རྟེན་འབྲེལ་དང༌། །ཇི་ལྟར་སྔར་མ་མཐོང་བ་ཡི། །འདི་ཀུན་ཉམས་སུ་མྱོང་བ་དང༌། །ས་དང་ཆུ་དང་མེ་རླུང་གི །སྒྲ་ཡང་འདི་ཡིས་རང་དབང་ཐོབ། །མདོར་ན་མངོན་ཤེས་དྲུག་རྣམས་ཀྱང༌། །སྐལ་དང་ལྡན་པ་འདིས་ཐོབ་སྟེ། །རང་དང་ཕ་རོལ་དོན་རྣམས་ནི། །སྐྱེས་བུ་འདི་ཡིས་བྱེད་པར་འགྱུར། །ཅེས་སོ། །གཉིས་པ་ཏིང་་འཛིན་ལྷུན་གྲུབ་ཀྱི་ཚད་ནི། །ཡང་དེ་ཉིད་ལས། སྐུ་གསུམ་རང་བྱུང་དགོངས་པ་ནི། །མདོར་ན་འདི་ལྟར་ཉམས་ཚད་རྙེད། །སྤྲུལ་པ་སྐུ་ཡི་རྣལ་འབྱོར་སྤྱོད། །སྔར་མེད་སྙིང་རྗེ་ཆེན་པོ་ནི། །རང་གི་རྒྱུད་ལ་མཆོག་ཏུ་སྐྱེ། །འདི་དུས་སྤྲུལ་སྐུའི་ཏིང་འཛིན་ཐོབ། །གསལ་ལ་མི་རྟོག་ཤེས་པའི་ཉམས། །ལོངས་སྐུའི་ཏིང་ངེ་འཛིན་ཞེས་བྱ། །ཟག་མེད་སྟོང་པ་ཐིག་ལེའི་སྐུ། །རྩོལ་བ་མེད་པར་རང་ཤར་ཚེ། །ཆོས་ཀྱི་སྐུ་ཡི་ཏིང་ངེ་འཛིན། །རྣལ་འབྱོར་ལྡན་པ་འདིས་ཐོབ་བོ། །ཞེས་སོ། །གསུམ་པ་མི་གཡོ་མཉམ་གཞག་གི་དུས་ལ་གཉིས་ཏེ། འོད་གསལ་མངོན་དུ་སྣང་བའི་དུས་དང༌། གདམས་ངག་བྱུང་ས་འདེབས་པའི་དུས་སོ། །དང་པོ་ནི། ཡང་དེ་ཉིད་ལས། སྣང་བ་ཐམས་ཅད་རང་དབང་དུ་གྱུར་ནས། རིག་པ་མངོན་སུམ་དུ་བསྟན་པའི་ཚེ། དགོངས་པ་བདེན་མཐོང་གི་དུས་ཞེས་བྱའོ། །སྣང་བ་ཐམས་ཅད་རང་ཐད་དུ་ཤར་ཏེ། ཉམས་ཀྱི་ས་བོན་འཕེལ་བའི་ཚེ། རིག་པ་ཉིད་སྲང་ལ་ཐེབས་པའི་དུས་ཞེས་བྱའོ། །སྐྱེས་བུ་འབྱུང་བའི་སྟོབས་ཟད་ནས། །ཤེས་པ་རྣམས་ཁ་ནང་དུ་བལྟས་པའི་ཚེ། རིག་པའི་བྱུང་ས་འདེབས་པའི་དུས་སོ། །ཆོས་ཉིད་རྐྱེན་དང་བྲལ་ནས་སྣང་བ་ཐམས་ཅད་བདེ་བར་གདལ་བའི་ཚེ། ཆོས་ཉིད་མ་བུ་མཉམ་པའི་དུས་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་བདེན་པའི་འོད་ཟེར་གྱིས་རང་གི་ལུས་གང་ཞིང་རྒྱས་ནས། སྐུ་མངོན་པར་བྱང་ཆུབ་པའི་ཚེ། བརྟན་པ་རང་ཐོབ་ཀྱི་དུས་ཞེས་བྱའོ། །ཞེས་སོ། །གཉིས་པ་གདམས་ངག་བྱུང་ས་འདེབས་པའི་དུས་ནི། རང་ཤར་ལས། རྒྱུད་ལ་ཤེས་རིག་ཤར་བའི་དུས་སུ། སྐུ་ངོ་ཤེས་པར་གྱིས་ཤིག རྟོགས་པ་རྒྱུད་ལ་སྐྱེས་པའི་དུས་སུ་རིག་པའི་ཡུལ་ངོ་ཤེས་པར་གྱིས་ཤིག །ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་དུས་སུ་སྒྲོན་མ་རྣམ་པར་དག་པ་ངོ་ཤེས་པར་གྱིས་ཤིག །སྟོབས་ཁྱད་པར་ཅན་སྐྱེས་པའི་དུས་སུ། །ཏིང་ངེ་འཛིན་ལམ་དགྱེར་བ་ངོ་ཤེས་པར་གྱིས་ཤིག རིག་པའི་སྐུ་མཐོང་བའི་དུས་སུ་ཞེ་འདོད་མེད་པར་ཤེས་པར་གྱིས་ཤིག །ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་སུ་བདུད་ཀྱི་བསླུ་བ་ངོ་ཤེས་པར་གྱིས་ཤིག ཉམ་ང་བ་མེད་པའི་སྤྱོད་པ་ཀློང་རྡོལ་བའི་དུས་ན། ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག །སྟོང་པ་ཡུལ་ལ་ཁྱབ་པའི་དུས་ན་འོད་ངོ་ཤེས་པར་གྱིས་ཤིག སྒྲོན་མ་ཡུལ་ལ་སྣང་བའི་དུས་ན། དབྱིངས་དང་ཡུལ་ངོ་ཤེས་པར་གྱིས་ཤིག་ཅེས་པ་དང༌། སེང་གེ་རྩལ་རྫོགས་ལས། སྣང་བ་དུམ་བུ་དུམ་བུའི་ཚེ། །མཁས་པས་རབ་ཏུ་བརྟག་པར་བྱ། །ཤིན་ཏུ་ཕྲ་དང་འགྱུ་བའི་ཚེ། །གོམས་པས་རབ་ཏུ་གནས་པར་བྱ། །འཕྲིག་དང་ཕྲ་དང་འགྱུ་བའི་ཚེ། །མཐོང་བས་རབ་ཏུ་གཟུང་བར་བྱ། །ཟླུམ་དང་ཕྲ་དང་འཁྲིལ་བའི་ཚེ། །མཁས་པས་ཡེངས་མེད་ཏིང་འཛིན་བརྟན། །ལྟེམ་དང་མེར་དང་སྐུར་སྣང་ཚེ། །གོམས་པས་སྣང་བ་མཆེད་པ་གཟུང༌། །ཡང་དག་ཀུན་ཏུ་སྣང་བའི་ཚེ། །མཁས་པས་སྣང་བ་བསྡུ་བར་བཤད། །ཆགས་དང་ཞེན་པ་མེད་པའི་ཚེ། །མཁས་པས་གཟུང་ཐབས་ཤེས་པར་བྱ། །གསང་སྔགས་གོམས་པའི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་གསུམ་སྟེ། དབྱིངས་འོད་གསལ་ཀྱི་འཆར་གཞི་ངོས་གཟུང་བ། དེ་ལས་སྒྲོན་མའི་ཉམས་ལེན་བསྟན་པ། ཉིན་མཚན་འཁོར་ཡུག་གི་བསྒོམ་ཚུལ་ངེས་པའོ། །དང་པོ་ནི། སྔར་ཡང་བཤད་མོད་ཀྱི། འོན་ཀྱང་འདིར་རབ་ཏུ་བསྡུས་ཏེ་གསལ་བར་བསྟན་པ་ལྔ་སྟེ། དབྱིངས་ཀྱི་འདུག་ཚུལ། སྒྲོན་མའི་གནས་ཚུལ། དབྱིངས་རིག་འཆར་ཚུལ། ཉམས་སུ་བླང་ཚུལ། ཁྱད་པར་ངེས་ཚུལ་ལོ། །དང་པོ་ནི། དབྱིངས་ཀྱི་འོད་གསལ་བདེ་བར་གཤེགས་པའི་སྙིང་པོ་དེ་སེམས་ཅན་ཀུན་ལ་དབྱེར་མེད་དུ་གནས་ཏེ། ནོར་བུ་འཕྲ་བཀོད་ལས། ཏིལ་འབྲུའམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་རང་ཆས་སུ །གནས་ནས་ལམ་ཞུགས་སྒོ་དག་ཏུ། །རྣམ་པར་འཐོན་ནས་དོན་ལ་སྤྱོད། །ནམ་མཁས་གར་ཁྱབ་སེམས་ཅན་ཏེ། །རིག་པའི་དོན་ཡང་དེ་ཙམ་མོ། །ཞེས་སོ། །གང་ན་ཡོད་ཅེ་ན། དེ་ཉིད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་གི་ཐུགས་ཀྱི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །དེའང་རིག་པ་འོད་ཀྱི་ཀློང་ན་སྐུ་དང་ཡེ་ཤེས་སུ་ཇི་ལྟར་བཞུགས། གནས་ངེས་པ་ནི་གང་དང་གང་ཞེ་ན། རྩལ་རྫོགས་ལས། རང་རང་ཙིཏྟ་རིན་ཆེན་ནང༌། །ཚོན་གང་འོད་འབར་བུམ་པའི་ཚུལ། །ནང་ན་ཡེ་ཤེས་མེ་འོད་འབར། །གཞལ་ཡས་ཡེ་ཤེས་དུ་མ་སྣང༌། །སྐུ་ཡི་ངོ་བོ་རེ་རེ་ལ། །གསུང་གི་སྤྲུལ་པ་གྲངས་མེད་ཅིང༌། །ཐུགས་ཀྱི་དགོངས་པ་འདའ་མེད་ཅིག །ཅེས་པ་དང༌། ཀུན་གཞི་ཆོས་འབྱུང་ཆེན་མོའི་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །སྟོང་པ་མཚན་བྲལ་ནམ་མཁའི་མཛོད། །རིག་པའི་ཡེ་ཤེས་འོད་དུ་གནས། །དེ་ནི་གསང་བའི་མཛོད་དུ་བསྟན། །ཅེས་སོ། །དེའང་རིག་པའི་ངོ་བོ་དེ་གཞི་སྙིང་གནས་དུས་དབྱིངས་འོད་ལྔའི་ནང་ན་ཡོད་པ་རྨ་བྱའི་སྒོ་ང་ལྟ་བུའོ། །ལམ་དབྱིངས་ལ་ཤར་དུས་ནམ་མཁའི་འཇའ་འོད་དང༌། མཐར་ཕྱིན་དུས་ཕྲུ་གུ་སྒོང་རྒྱ་ལས་གྲོལ་བ་ལྟ་བུ་སྟེ། རྩལ་རྫོགས་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །ནང་འོད་ཡེ་ཤེས་གསལ་བར་བསྟན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་སྐྱོལ་བའི་རིག་པ་ནི། །རྨ་བྱའི་ཕྲུ་གུ་སྒོ་ང་རྣམས། །རྡོལ་ཏེ་དོན་པ་ལྟ་བུའོ། །ཞེས་སོ། །དེའང་ཡེ་ཤེས་དེ་མ་སྨིན་པའི་དུས་སུ་ཀུན་གྱི་གོ་འབྱེད། སྣང་བའི་དུས་སུ་འོད། །གོམས་དུས་སྐུར་སྣང་སྟེ། དེ་ལས། སྤྲོས་པ་མེད་པའི་དབྱིངས་ཉིད་ནས། །འོད་གསལ་ཐོགས་མེད་རེག་པ་བྱུང༌། །སྣང་བའི་དུས་ན་འོད་སྣང་སྟེ། །རྫོགས་པའི་དུས་ན་རང་སྣང་ངོ༌། །གོམས་པའི་དུས་ན་སྐུ་རུ་འགྱུར། །ཤེས་རབ་ཐབས་དང་འབྲེལ་བ་ཡིས། །དོན་དམ་དཀྱིལ་འཁོར་རྣམ་ལྔ་མཐོང༌། །ཞེས་སོ། །དེ་ལྟར་གནས་པའི་སྐུ་དང་རིག་པ་དང་དབྱིངས་དང་ཡེ་ཤེས་ཀྱི་མཚན་ཉིད་ནི། །ཡང་དེ་ཉིད་ལས། སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང༌། །སྟོང་པ་དང་ནི་རྟོག་བྲལ་ལོ། །རིག་པའི་མཚན་ཉིད་འདི་ལྟ་སྟེ། །ཕྲ་བ་ཉིད་དང་འཕྲོ་བ་དང༌། །ལུ་གུ་རྒྱུད་དང་འགུལ་བའོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་སྟོང་མཐའ་ཡས། །གསལ་དང་དྲོ་དང་བསིལ་བ་དང༌། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་བྱུང་དང་རང་གསལ་དང༌། །ཡེ་དང་ཤེས་དང་རྟོགས་པའོ། །གསལ་དང་འཚེར་དང་འབྱམས་ཡས་ཉིད། །སྣང་དང་མུན་དང་གོ་འབྱེད་དང༌། །སྟོང་དང་གསལ་བའི་ཡེ་ཤེས་མཆོག །གསང་སྔགས་མཚན་ཉིད་དག་ཏུ་འདོད། །ཅེས་སོ། །གཉིས་པ་སྒྲོན་མའི་གནས་ཚུལ་ནི། །ལྷ་ལ་ཁྲུ་གང༌། ལྷ་མིན་ལ་སོར་བཞི། མི་ལ་ཚོན་གང༌། དུད་འགྲོ་ལ་རང་གསལ། ཡི་དྭགས་ལ་ཏིལ་འབྲུ་ཙམ། དམྱལ་བ་ལ་རྟ་རྔ་ཙམ། །སངས་རྒྱས་ལ་ཚད་མེད་པ། བྱང་ཆུབ་སེམས་མདའ་གང༌། སྤྲུལ་སྐུ་ལ་འདོམ་གང་བ་སྟེ། རང་འོད་ཡེ་ཤེས་ཀྱི་སྣང་བ་ཡོད་པ་ནི། ཡང་དེ་ཉིད་ལས། ཡེ་ཤེས་གནས་ལུགས་ཆེ་ཆུང་དང༌། །སྣང་བ་དྲུག་གི་ཕྱོགས་དག་ནས། །རབ་ཏུ་བཤད་པ་འདི་ལྟ་སྟེ། །དགའ་ལྡན་རྣམས་ལ་ཁྲུ་གང་གནས། །རྩོད་ལྡན་རྣམས་ལ་སོར་བཞི་གནས། །ཆ་མཉམ་ལྡན་ལ་ཚོན་གང་ངོ༌། །གཉིས་ལྡན་རྣམས་ལ་རང་གསལ་ཙམ། །བཀྲེས་ལྡན་རྣམས་ལ་ཏིལ་འབྲུ་ཙམ། །སྡུག་བསྔལ་ལྡན་ལ་རྟ་རྔ་ཙམ། །དེ་བཞིན་དུ་ནི་གནས་པར་བཤད། །སངས་རྒྱས་རྣམས་ལ་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་མདའ་གང་ངོ༌། །སྤྲུལ་པའི་སྐུ་ལ་འདོམ་གང་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྤྲུལ་པའི་སྐུ་དང་ལྷ་རྣམས་ལ། །མངོན་སུམ་ཡུལ་ལ་སྣང་བའོ། །དེ་རྣམས་མན་ཆད་ཡུལ་ལྔ་ལ། །མ་བསྟན་མཐོང་བར་མི་འགྱུར་རོ། །ཞེས་སོ། །དེའང་བར་སྣང་ལ་རང་སྣང་བ་སངས་རྒྱས་སེམས་དཔའ་ལྷ་གསུམ་སྒྲོན་མའི་སྣང་བ་ཆེ་བ་ནི་ཡུལ་ཡངས་པས་སོ། །གཞན་ལྔ་རང་ལུས་ཀྱི་ཡུལ་ཡིན་པས་ཆུ་བའོ། །གསུམ་པ་དབྱིངས་ཀྱི་རིག་གི་འཆར་ཚུལ་ལ་གཉིས་ལས། །དབྱིངས་ནི་ནང་ན་ཡོད་པའི་འོད་ལྔ་ཡེ་ཤེས་ཀྱི་རང་གདངས་ཕྱིའི་ཡུལ་དུ་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང༌། དེ་ལས་མཆེད་པ་ལྔ་ལྡན་ཡེ་ཤེས་ཆེན་པོའི་འོད་གཉིས་ཡུལ་སྣང་དུ་རང་ཤར་བའོ། །རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཆ་ཤས་ཀྱི་སྐུ་དང་བཅས་པ་སྟེ། རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་པ་དང༌། རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །རང་བྱུང་དབྱིངས་ཀྱི་སྒྲོན་མ་ལ། །རང་སྣང་འོད་ནི་བསམ་མི་ཁྱབ། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །ཟེར་ལྡན་ཐིག་ལེ་བསམ་མི་ཁྱབ། །ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མཚོན་པའི་ཚིག་ནི་བསམ་མི་ཁྱབ། །རྐྱེན་མེད་ཡུལ་གྱི་སྣང་བ་ལ། །འགག་མེད་འབྱུང་བ་བསམ་མི་ཁྱབ། །ཅེས་སོ། །བཞི་པ་ཉམས་སུ་བླང་ཚུལ་གཉིས་ཏེ། གནད་ཀྱིས་གཅུན་པ་དང༌། དེ་ལས་ཤར་བའི་ཉམས་སྣང་ངོ༌། །དང་པོ་ལའང་སྤྱིའི་བཞག་ཐབས་དང༌། བྱེ་བྲག་གི་གཅུད་ཐབས་གཉིས་ལས། དང་པོ་ནི། རང་ཤར་ལས། ཆོས་ཉིད་རང་སྣང་ནམ་མཁའ་ལ། །རིག་པ་ཡེ་་ཤེས་མ་ཡེངས་པར། །འཛིན་མེ་ངང་དུ་བཞག་གྱུར་ན། །ཡེ་ཤེས་དག་པའི་རང་སྣང་མཐོང༌། །མ་རིག་འཁྲུལ་སྣང་ཆོས་རྣམས་ལོག །ཅེས་པ་དང༌། ནུབ་པ་མེད་པའི་རྒྱལ་མཚན་ལ། །འགྱུར་བ་མེད་པའི་སྒྲོན་མ་གསལ། །རྟོག་པ་མེད་པའི་ཡེ་ཤེས་ལ། །གསལ་འགྲིབ་མེད་པའི་འོད་ལྔ་གསལ། །ཅེས་པ་དང༌། ནོར་བུ་རིན་ཆེན་བདུད་རྩི་ལ། །བྱས་ཤིང་བསྒོམས་པས་རྙེད་མི་འགྱུར། །སྒྲོན་མ་དབྱིངས་ཀྱི་སྣང་བ་ལ། །མ་ཡེངས་གསལ་འཛིན་མེད་པར་བརྟག །དེ་ལྟར་དོན་ལས་མ་ཡེངས་ན། །རིན་ཆེན་བདུད་རྩིའི་སྒྲོན་མ་ཡིན། །བཏང་བཞག་མེད་ན་རྙེད་པའི་མཆོག །འཛིན་པ་མེད་ན་རང་སར་གྲོལ། །ཅེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སྐུ་ཡི་གནད་ནི་གདངས་ཀྱིས་སོ། །ཡེ་ཤེས་འདུག་སྟངས་དག་གིས་སོ། །ཐིག་ལེ་བསྐྱིལ་ཞིང་དཀྲུགས་པས་འགྲུབ། །འོད་ནི་ཡས་ཤིང་སྡུད་པའོ། །འབྲེལ་ལྡན་བསྡམས་པས་རླུང་གི་གནད། །འཇུག་པའི་ལས་ནི་མཐའ་ཡིས་དབྱེ། །དེ་ཡི་འགྱུར་བྱེད་ལས་རླུང་ཟད། །འཁྲུལ་པའི་སྡེབས་དང་སྦྱར་བའོ། །རིག་པའི་གནད་ནི་དབྱུང་བ་དང༌། །བསྐྱིལ་ཞིང་མཁའ་ལ་གཏད་པའོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང༌། །དགུག་དང་ཁམས་ཀྱི་བྱེར་ཡས་སྦྱར། །སྣང་བའི་གནད་ནི་འཕེལ་དང་ཟད། །སྣ་ཚོགས་རང་སར་གྲོལ་བའོ། །ཞེས་སོ། །དེའང་སྐུ་མཐོང་དུས་དེ་རྫོགས་པའི་གནད་གདངས་དེ་ལ་མི་འགྱུར་བར་བལྟ་བའོ། །ཡེ་ཤེས་མཁར་ཐབ་ལ་སོགས་པའི་དུས་ན་འདུག་སྟངས་མི་འགྱུར་བའོ། །ཐིག་ལེ་མ་འཕེལ་ན་མིག་དབུས་སུ་དྲིལ་ནས་འོད་རྩ་གཅུད་པའོ། །འོད་པྲ་ཡས་ན་སྨིན་ཕྲག་ཏུ་གཏད་པའོ། །རྟོག་པ་འཐོར་ན་རླུང་འཆིང་ཞིང་འཕེན་པའོ། །རིག་པའི་གནད་ལུ་གུ་རྒྱུད་མཁའ་ལ་དབྱུང་བའོ། །དབྱིངས་ཀྱི་གནད་དབུས་སུ་བསྡུ་ཞིང་མིག་ཟུར་ནས་ཁྲིད་དེ་བལྟ་བའོ། །འདི་དག་གནད་དོ། །གཉིས་པ་དེ་ལྟར་ཉམས་སུ་བླངས་དུས་རིམ་པས་ཉམས་སུ་ཤར་བའི་དབྱིངས་རིག་གི་གནད་ནི། །དང་པོ་ཉམས་སུ་ལེན་པ་ནས་མཐར་རྫོགས་ཀྱི་བར་ཏེ། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །དཔེར་ན་འདབ་ཆགས་འཕུར་སྐྱེན་བཞིན། །སྐད་ཅིག་ཙམ་ལ་ཀུན་ཏུ་རྒྱུ། །དེ་ལ་རྩི་ཡིས་ཐེབས་གྱུར་ན། །རི་དྭགས་མགྱོགས་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །བུང་བ་བཅུད་ལ་འཁོར་བ་ཙམ། །དེ་ནས་རང་སྣང་བལྟས་གྱུར་ན། །དཔེར་ན་སྨིག་རྒྱུ་ལྟ་བུར་གནས། །དེ་ནས་དོན་ལ་མ་ཡེངས་ན། །འགུལ་ལམ་འཕྲིག་པ་ཙམ་དུ་འགྱུར། །དེ་ཡི་དོན་ལ་མ་ཡེངས་ན། །ལྟེམ་བཞིན་པ་དང་མེར་བར་འགྱུར། །དེ་བས་ཤིན་ཏུ་བལྟས་གྱུར་ན། །འགྲོ་འོང་མ་ཡིན་འོད་སྣང་མཐོང༌། །དེ་ཡི་དོན་ལ་བརྟན་གྱུར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་མཐོང༌། །དེ་ལ་ཡང་དག་བལྟས་གྱུར་ན། །ཐིག་ལེ་སྐུ་དང་བཅས་པ་མཐོང༌། །དེ་ཡི་དོན་ལ་མ་ཡེངས་ན། །འཁྲུལ་སྣང་ལོངས་སྐུར་མཐོང་བར་འགྱུར། །སྐུ་ཡི་སྣང་བ་དེ་རྣམས་ཀུན། །སྒྱུ་མ་འཇའ་ཚོན་ཇི་བཞིན་པའོ། །དེ་ལ་རབ་ཏུ་བརྟན་གྱུར་ནས། །ཉིན་མོ་མཚན་མོ་མེད་པ་ནི། །དཔེར་ན་ཅེ་སྤྱང་མོ་ཡི་མིག །ཉིན་དང་མཚན་མོ་མེད་པ་ལྟར། །རང་སྣང་དཀྱིལ་འཁོར་དེ་བཞིན་ནོ། །ཞེས་སོ། །དེའང་སྟོང་གཟུགས་ཀྱི་འཇའ་འོད་ཐིག་ལེ་སྐུ་ལ་སོགས་པ་ཀུན། ཕྱིའི་བར་སྣང་ལ་ཡོད་པར་ཕལ་དུ་བརྗོད་པ་དང༌། དེ་ན་ཡོད་སྙམ་དུ་འཛིན་ཏེ། གླིང་ལོག་པས་དེ་ལྟར་མ་ཡིན་ཏེ། ནང་ལུས་ཀྱི་འོད་རྩ་དངས་པ་ན་ཡོད་པ་ཀུན། མིག་གི་འོད་རྩ་དངས་པས་ཚུར་ནང་དུ་སྟོང་གཟུགས་མཐོང་བ་ཡིན་ནོ། །དེའང་སྙིང་གའི་གདངས་རྩ་ཀུན་ཁྱབ་པར་འཕྲོ་བ་ནི། ད་ལྟ་གཞི་སྣང་ཤར་བའི་དུས་ཡིན་ལ། རང་ངོ་ཤེས་ནས་རང་གདངས་ལ་ས་ལེ་བཞག་པས། ཇེ་དག་ལ་སོང་སྟེ། རླུང་སེམས་དག་དུས་ལྷུན་གྲུབ་ཀྱི་སྣང་བ་ཅི་ཡིན་པས་ལུས་ནང་དུ་མཐོང་ནས་རྩལ་གཞི་ཐིམ་ལ་ནང་དུ་འཇུག་དུས། ཚད་ཕེབས་ནས་ཟད་པར་འགྲོ་བ་སྟེ། སླར་ནུབ་དུས་གཞི་སྣང་གཞི་ལ་ཐིམ་པས་ཀ་དག་ཏུ་གྲོལ་བ་ལས། སྣང་བ་དེ་ཀུན་འཕེལ་བར་སྣང་དུས་འཕེལ་བ་རང་མཚན་དུ་མེད་ལ། ནང་དུ་རང་ལོག་པ་ལས་འགྲིབས་པ་མེད་དོ། །འདིར་རྒྱུད་དང་མན་ངག་ལས་ཕྱིའི་ནམ་མཁའ་ན་ཡོད་པར་གསུངས་པ་དེ། རེ་ཞིག་དགོངས་ཏེ་གསུངས་པ་ནི་རྐྱེན་ཕྱིའི་ནམ་མཁར་མིག་གཏད་ན་མཐོང་བའི་ཆ་དང་དེ་ན་ཡོད་ཡོད་འདྲ་བས་སོ། །རང་བཞིན་དུ་ཕྱི་ན་ཡོད་ན་གཞན་གྱིས་ཀྱང་མཐོང་དུ་རུང་བ་ལས། ཕྱི་ན་མེད་པར་ཤེས་ལ། གཞན་གྱིས་རང་གི་སྟོང་གཟུགས་མི་མཐོང་བ་དེ་ལུས་ཀྱིས་བསྒྲིབས་པས་སོ། །རང་གིས་མཐོང་བ་ནི་འོད་རྩ་དག་པའི་གསེང་ལས་ནང་དུ་ཤར་བ་མཐོངས་ཁུང་ལས་ནང་ན་ཉི་མ་ཤར་བའི་སྣང་བ་མཐོང་བ་བཞིན་ནོ། །གཏན་ཚིགས་ནི་མིག་བཙུམས་ནས་སྟོང་གཟུགས་མཐོང་བ་འདིས་ཀྱང་ནང་ན་ཡོད་པར་ཤེས་པ་ཡིན་ནོ། །དེས་ན་སྐུ་ལ་སོགས་པའི་སྣང་བ་ཕྱིའི་ཡུལ་ན་མེད་ཀྱང་ཡོད་ཡོད་ལྟར་སྣང་བ། མེ་ལོང་ལ་བལྟས་དུས་བྱད་ཤར་བ་ལྟར། །ནང་འོད་རྩ་དངས་པའི་མེ་ལོང་ན། སྙིང་གའི་རིག་པ་བྱད་ལྟ་བུའི་གདངས་སྣང་བ་དེ། ཡུལ་ལ་མེད་ཀྱང་ནང་དུ་མཐོང་བ་དམིགས་པ་དག་པའི་འོད་རྩའི་ཡོན་ཏན་གྱི་ཆ་ལས་ཤར་བའོ། །ཕྱི་ནང་གཉིས་ཆ་འཛོལ་བ་སྣང་བ་ཙམ་ལ་འཁྲུལ་པའང་ཕལ་པ་རྣམས་རེ་བདེན། ཚུལ་འདི་ལྟར་གོ་ན་སྐྱེས་བུ་ཤེས་རབ་ཅན་རྫོགས་པ་ཆེན་པོའི་ཀློང་ནས་སྐྱེས་པ་ཞེས་བྱ་སྟེ། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཁོ་བོ་བཞིན་ནོ། །ཚུལ་འདི་དག་ཡིད་ཆེས་པའི་ལུང་དང་སྦྱར་བ་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ། །རིག་པའི་སྣང་བ་སྐུ་རུ་ཤར། །རང་གི་གནས་ལུགས་མཐོང་བ་ནི། །ཡུལ་ལ་ཡོད་པ་མ་ཡིན་ཏེ། །དམིགས་པ་དག་པས་མངོན་དུ་གསལ། །རང་གི་དཀྱིལ་དང་འཁོར་དུ་བཅས། །ཡེ་ཤེས་དོན་ལ་ཡུལ་མེད་ཀྱང༌། །སེམས་ཅན་དུས་ན་ཡུལ་ལྟར་སྣང༌། །མཐོང་བའི་ཡུལ་ལ་རྟོགས་པ་ཆེ། །གོ་བའི་ཡུལ་ན་བདེ་བ་ཆེ། །སྣང་བ་མཐོང་ན་ཉམས་མྱོང་ཆེ། །རང་རིག་གཅིག་པུ་གྲོགས་ཀྱི་མཆོག །སྣང་བའི་ཡུལ་དུ་མེད་པས་ན། །རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཅེས་སོ། །འདི་ནི་གོ་རྒྱུ་ཅིག་ཡོད་པས་བློ་གྲོས་ཅན་རྣམས་ཀྱིས་རིག་པར་བྱའོ། །རང་བཞིན་དུ་རྟོགས་སླ་བས་ལུས་སྣང་ཞེས་བརྗོད་པ་ལ་འགལ་བ་མེད་པས། ཕྱིའི་ནམ་མཁའ་ལ་དབྱིངས་རིག་དང་སྒྲོན་མ་སྣང་ཞེས་རྨོངས་པ་རྣམས་ལ་རྟོགས་སླ་བའི་ཕྱིར་བཤད་པར་བྱའོ། །རང་གི་ནང་དུ་གོ་རྒྱུ་ནི་སྔ་མ་བཞིན་ནོ། །ལྔ་པ་ཁྱད་པར་ངེས་ཚུལ་ནི། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། དང་པོ་གཞི་ནས་འཕགས་ཏེ་འཁོར་བར་འཁྲུལ་ཡང་རིག་པ་ངན་དུ་སོང་བ་མེད། དེ་ནས་བླ་མས་ངོ་སྤྲད་དེ་སྟོར་ནས་འཁྱམས་པ་དེ་ཕྱིས་རྩད་ཆོད་དུས་དགའ་བ་དང༌། དང་པོ་སྟོར་དུས་འཁྲུལ་པའི་དུས་ཀྱི་རིག་པ་གཉིས་ལ་བཟང་ངན་ཁྱད་མེད། མ་བསྒོམས་པའི་རིག་པ་དང༌། བསྒོམས་དུས་ལ་ཁྱད་མེད་པ་དང༌། འཁོར་དུས་དང༌། འདས་དུས་ཀྱི་རིག་པ་ལ་བཟང་ངན་མེད་དེ། གཉིད་དུ་སོང་དུས་དང༌། སད་དུས་དང༌། འགྲོ་ཁའི་རིག་པ་ལ་བཟང་ངན་ཁྱད་མེད་པ་བཞིན་ནོ། །འོན་ཀྱང་སྣང་ཚུལ་བཟང་ངན་རྨི་ལམ་བདེ་སྡུག་ཙམ་ཡོད་པས། དེ་ལ་ལྟོས་ནས་ལམ་བསྒོམ་པ་ཡིན་ལ། ངོ་བོ་བཟང་དུ་འགྲོ་བར་རེ་བ་ནི་མ་ཡིན་ཏེ། རིག་པ་ལ་འཕོ་འགྱུར་མེད་པའི་ཕྱིར་རོ། །དེ་སྐད་དུའང་རང་ཤར་ལས། ཨེ་མ་ཧོ། །ནོར་བུ་རིན་ཆེན་བདུད་རྩི་འདི། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །དེ་ཚེ་སྡུག་བསྔལ་ལོག་པར་འཁྱམས། །ནོར་བུ་རིན་ཆེན་བདུད་རྩི་དེ། །བཙལ་བས་རྙེད་པའི་གནས་མེད་དེ། །རང་ལས་རང་བྱུང་རང་གིས་རྟོགས། །ནོར་བུ་རིན་ཆེན་བདུད་རྩི་དེ། །སྟོར་བ་མ་ཚོར་རྙེད་པ་ཚོར། །སྟོར་བས་དངོས་པོ་མཚན་མ་མེད། །རྙེད་པས་དགའ་བའི་མདངས་དང་ལྡན། །རྙེད་པའི་དུས་དང་སྟོར་བའི་དུས། །ཁྱད་མེད་གཅིག་གི་ངང་དུ་རྟོགས། །ཞེས་སོ། །དེའང་རང་རིག་གི་ངང་དུ་སྟོར་བ་དེ་རང་གི་ངང་ནས་རྙེད་ཀྱང༌། རང་རིག་གཅིག་གི་འཁོར་ལོ་ལས། གཞན་དུ་འཆུགས་པ་མེད་དེ། རྒྱལ་པོའི་བང་མཛོད་དུ་ནོར་བུ་སྟོར་ནས་ནོར་བུ་མེད་པས་སྡུག་བསྔལ་བྱེད་པ་ཉིད། །བང་མཛོད་ནས་རྙེད་པས་དགའ་བདེ་རྒྱས་ཀྱང་གཉིས་ཀ་བང་མཛོད་གཅིག་ལས་མ་གཡོས་པ་བཞིན་དུ། །རིག་པའི་ངང་ནས་འཁོར་འདས་གཉིས་སུ་སྣང་བ་ཡང་དང་འདྲའོ། །འདི་ནི་ཡངས་པ་ཆོས་ཉིད་ཀྱི་ཀློང་རྟོགས་པ་ཡིད་བཞིན་མཆོག་གི་རང་གནད་ངེས་པའི་གསང་ཚིག་ཏུའོ། །གཉིས་པ་དེ་ལས་སྒྲོན་མའི་ཉམས་ལེན་བསྟན་པ་ལ་གསུམ་སྟེ། སྔོན་འགྲོ་གནས་ཀྱི་མཚན་ཉིད། དངོས་གཞི་སྒྲོན་མའི་གཏེམ་ཚུལ། དེ་ལས་སྣང་བའི་འཆར་ལུགས་སོ། །དང་པོ་ནི། ཚེ་འདིའི་བྱ་བ་ཐམས་ཅད་སྤངས་ཏེ། བླ་མ་དམ་པ་མཉེས་པར་བྱས་ལ། རབ་ཏུ་དབེན་པའི་གནས་མུན་པས་བརྒྱན་པའི་ཁང་བུར་མི་གཡོ་བ་གསུམ་གྱིས་འདུག་ནས། བླ་མའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་གསོལ་བ་སྙིང་ནས་འདེབས་པ་སྟེ། ཐལ་འགྱུར་ལས། སྒྲོན་མ་གཏེམ་པ་འདི་ལྟ་སྟེ། །དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོང་བ་བྱ། །འཁོར་བའི་འབྲེལ་བ་ཀུན་སྤངས་ལ། །དབེན་པའི་ཕྱོགས་སམ་དུར་ཁྲོད་དུ། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། ཨར་ལ་གཏད་པ་དང༌། དངས་སུ་འཇུག་པ་གཉིས་ལས། དང་པོ་ནི། ཙོག་པུར་འདུག་ལ་མཐེབ་མཛུབ་ཀྱི་གཏེམས་པས་དམར་གསལ་དངས་པའི་འོད་ཟླུམ་སྣང་བ་ལ་གཏད་ནས་ཉམས་སུ་བླང་ངོ༌། །ཐུན་ཆུང་ལ་གྲངས་མང་བར་བྱས་ལ། མཐེབ་མཛུབ་ཀྱི་རྩོལ་བ་བཏང་ནས་དར་རེ་བལྟ་ཞིང༌། ཡང་གཏེམས་པས་སྣང་བ་མཐོང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། དེ་ཉིད་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཐིག་ལེ་སྟོང་པའི་སྒྲོན་མ་གཏེམས། །གཏེམས་པ་དེ་ལས་གང་བྱུང་བ། །ཆོས་ཉིད་མངོན་སུམ་སྣང་བའོ། །ཞེས་སོ། །དངས་སུ་འཇུག་པ་ནི། དེ་ནས་འོད་ལྔའི་སྣང་བ་ལས་དང་པོ་དུ་བ་ལྟ་བུ་དང༌། རྨུགས་པ་སྒྱུ་མ་ལྟ་བུ་དང༌། སྤྲིན་ལྡིང་བ་ལྟ་བུ་དང༌། མེ་སྟག་འཕྲོ་བ་ལྟ་བུ་དང༌། ཉི་མ་དང་ཟླ་བ་དང༌། སྐར་མའི་རྣམ་པ་ལྟ་བུ་དང༌། བར་སྣང་གི་འཇའ་ཚོན་ལྟ་བུ་དང༌། འོད་དཀར་གསལ་དང༌། སེར་གསལ་དང༌། དམར་གསལ་དང༌། ལྗང་གསལ་དང༌། མཐིང་ག་དང༌། སྣ་ཚོགས་དང༌། དྲ་བ་རིས་དང༌། རྩིབས་ཤར་དང༌། ཟླུམ་ཁྲིགས་དང༌། ཐིག་ལེ་དང༌། མཆོད་རྟེན་དང༌། ལྷ་སྐུ་དང༌། སེམས་ཅན་གྱི་གཟུགས་ཐ་དད་པ་ཕྱམ་ཕྱམ་ཕར་ཡལ་ཚུར་ཡལ་འདུར་རང་སྣང་བའི་དུས་ན། དངས་སུ་བཅུག་པས་རླུང་ལྔའི་འཆར་སྣང་ཚད་མེད་པ་འཆར་ཏེ། ཐལ་འགྱུར་ལས། དེ་ལས་ཡེ་ཤེས་འཕེལ་བའི་ཉམས། ཁ་དོག་དང་ནི་དབྱིབས་ཀྱི་ཡང༌། །ཕྱི་དང་ནང་ཀུན་གསལ་བར་ཁྱབ། །གོང་ནས་གོང་དུ་ངེས་པར་འཕེལ། །འདི་དུས་ལུས་ངག་བདེ་བའི་རྟགས། །སྣང་བའི་ཚད་དང་རིམ་པས་སྦྱར། ཅེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ལུགས་ནི། དང་པོ་དམར་སེར་ཟླུམ་པོ་ལས། ཕྱིས་འོད་ལྔའི་མུ་ཁྱུད་དུ་སྣང་ངོ༌། །དེའང་རླུང་གི་གནད་ཀྱིས་འགུལ་བ་ལས། ཕྱིར་བཟུང་དལ་བ་གནད་དོ། །དེ་ནས་དངས་པའི་ཆ་ཉམས་སུ་བླངས་པས། སྒྲོན་མ་མེ་ལོང་ཙམ། འོད་རེ་ལྡེ་ཙམ། ཐིག་ལེ་འཁར་ཕོར་ཙམ་ལས་སྐུ་དང་བཅས་པ་མཆེད་པ་ནི། དེ་ལས། དེ་ལྟར་གཏེམས་པའི་སྣང་བ་ནི། དང་པོ་དམར་པོ་དག་པ་ཡི། །དབང་རྫོགས་ཟླུམ་པོ་རང་གསལ་རྫོགས། །མཛུབ་གཉིས་དག་ལས་གསུམ་དུ་འགྱུར། །དེ་ནས་ཡང་ཡང་གཏེམས་པ་ཡིས། །ཡེ་ཤེས་ལྔ་ཡི་ཁ་དོག་ནི། །དཀར་དམར་ལྗང་གུ་མཐིང་སེར་གྱི། །ཡུལ་ལ་སྣང་སྟེ་རྩོལ་པའོ། །དེ་ནས་རྩོལ་བྲལ་ཕྱི་པ་ཡང༌། །རླུང་གི་ཆ་ཡིས་འགྲོ་འོང་དང༌། །མེ་ལོང་དག་གི་དབྱིབས་ཙམ་ལས། །གཉིས་དང་གསུམ་གྱི་ཆར་སྣང་ངོ༌། །དེ་ཉིད་རྟག་ཏུ་གོམས་པ་ལས། །ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །དེ་ལས་གོམས་པའི་ཚད་རྙེད་ནས། །ཐིག་ལེའི་ནད་དུ་སྐུ་དང་བཅས། །ཕྱེད་སྐུ་དག་ཏུ་ཡུན་འགའ་གནས། །དེ་ལ་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །འདི་དག་གི་དུས་སུ་སྔར་བསྟན་པའི་ཚད་དང་རྟགས་ཀྱི་རིམ་པ་རྣམས་འཆར་ཞིང༌། ཡེ་ཤེས་རྫོགས་པའི་སྣང་བ་དབྱིངས་དང༌། ཆོས་ཉིད་དག་པའི་སྣང་བ་རིག་པ་དང༌། ཐིག་ལེ་སྨིན་པའི་སྣང་བ་སྐུ་ལས་དཀྱིལ་འཁོར་དུ་ཚད་ལ་ཕེབས་ནས། སླར་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་དེ། ཐལ་འགྱུར་ལས། ཡེ་ཤེས་རྫོགས་པའི་སྣང་བ་དང༌། །ཆོས་ཉིད་དང་པའི་སྣང་བ་ལས། །སྣང་གསུམ་རྫོགས་ནས་ཟད་པར་འགྱུར། །ཅེས་པ་དང༌། འདི་དུས་ལུས་ངག་ཡིད་ཀྱི་ཚད། །སོ་སོའི་སྣང་བ་མཐོང་དུས་ཀྱི། །རང་ལ་སྨིན་པས་རྟགས་རྫོགས་ཏེ། །ཟད་པའི་ཚད་རྣམས་མངོན་པར་སྣང༌། །ཞེས་སོ། །དེ་ལྟར་ཉམས་སུ་བླངས་པས་བརྩོན་འགྲུས་རབ་རྣམས་ལོ་གསུམ། འབྲིང་རྣམས་ལོ་ལྔ། ཐ་མ་རྣམས་ལོ་བདུན་ཟླ་བ་བཅུ་གཅིག ཞག་དྲུག་ན་ཆོས་ཉིད་ཟད་པའི་སྣང་བ་མཐོང་ནས་འོད་ལུས་སུ་གྲོལ་ཏེ། དེ་ཉིད་ལས། འདི་ལ་བརྩོན་འགྲུས་ཆེ་ཆུང་གིས། །ཞག་དང་ཟླ་བ་ལོ་རྣམས་ཀྱིས། །སོ་སོའི་དུས་ལ་ངེས་པར་འགྲུབ། །འགྱུ་རབ་མེད་པའི་དུས་དག་ལས། །སོ་སོའི་ཚད་ལ་ཕེབས་པའོ། །ཞེས་སོ། །འདི་ནི་ཉམས་སུ་ལེན་པ་གསང་བའི་གནད་གལ་པོ་ཆེའོ། །གསུམ་པ་ཉིན་མཚན་ཁོར་ཡུག་གི་ཚུལ་ངེས་པ་ལ་བཞི་སྟེ། སྲོལ་ལ་དབང་པོ་གནད་དུ་བསྡུ་བས་དྲན་པའི་སྒོ་བཅད། རྣམ་ཕྱེད་ཤེས་བྱ་བུམ་པར་བཅུག་པས་ཤེས་རབ་ཐོག་ན་གསལ། ཐོ་རངས་ཡེ་ཤེས་གསལ་ལ་སྟོན་པས་བྱུང་ཚོར་རྣམས་རང་སར་དག ཉིན་པར་སྣང་བ་རྒྱ་ཡིས་བཏབ་པས། མཚན་མ་རྣམས་ཟིལ་གྱིས་མནན་པའོ། །འདི་དག་སྔར་ཡང་བཤད་མོད། འདིར་ཡང་ཐོད་རྒལ་གྱི་གྲོགས་སུ་བཤད་པས་མདོར་བསྡུས་ཏེ་ཉམས་སུ་བླངས་ན། ཅུང་ཟད་སྔར་དང་མི་འདྲ་བའི་ཁྱད་ཡོད་དེ། ཉིན་དུས་གླང་པོའི་ལྟ་སྟངས་ཀྱིས་མངོན་སུམ་ལ་ལྟ་ཞིང༌། འཁྲུལ་སྣང་རང་འགགས་ལ་བཏང་བས་མཚན་མ་ཟིལ་གྱིས་གནོན་པ་ཡིན་ནོ། །མཚན་དུས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཤེས་པ་གཏད་དེ། ཐིག་ལེ་དེ་འཕེལ་དུས་ཤེས་པའང་གསལ་ཆ་འཕེལ་ལ། འགྲིབ་དུས་ཤེས་པ་ཇེ་ཕྲ་ལ་སོང་བས་མཐར་དམིགས་མེད་དུ་སོང་བའི་ངང་ལ་བློ་དམིགས་བསམ་སྤྲོ་བསྡུ་མེད་པར་མཉམ་པར་གཞག་གོ །གཉིད་དུ་འགྲོ་ཁར་དུང་ཁང་ན་ཐིག་ལེ་སྟོང་པ་ཡལ་བའི་ངང་ལ་སེམས་གཏད་ནས། གཉིད་ཀྱི་འོད་གསལ་ངོས་བཟུང་ལ། ནམ་ཕྱེད་ན་སྙིང་ནང་གི་འོད་གསལ་ལ་སེམས་བཟུང་ནས་ཉལ་བས། རྨི་ལམ་འོད་གསལ་དུ་གྲོལ་ནས་བག་ཆགས་རྒྱུན་འཆད་པའོ། །དེ་ནས་ཐོ་རངས་སེང་གེའི་ལྟ་སྟངས་ཀྱིས་གཞུ་གང་གི་ནམ་མཁའ་ལ་ཨ་དཀར་པོ་ཅིག་ལ་ཤེས་པ་གཏད་པས། གསལ་སྟོང་སྤྲོས་པ་དང་བྲལ་བའི་དོན་ཁོང་ནས་འཆར་ཏེ། དེའི་ངང་ལ་ཇི་ཙམ་གནས་པར་བསྒོམ་པ་ཡིན་ནོ། །ཀློང་དྲུག་པ་ལས། ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕང༌། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། །འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་སྒོམ་པ། །ཉིན་དུས་སྣང་བ་རྒྱས་འདེབས་སོ། །མཚན་དུས་རང་གི་གནས་ཁང་དུ། །དུས་བཞི་མཉམ་པའི་ཚད་གཟུང་ཕྱིར། །དབང་པོའི་སྒོ་རྣམས་རང་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། །ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་གཏད། །དེ་བཞིན་ཐིག་ལེ་ཕྲར་གྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པ་ཇེ་ཕྲ་ཇེ་ཕྲར་གཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་དབྱུང༌། །འདི་ལྟར་མཚན་མོའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པས་སྤྱོད། །འདིས་ནི་སྣང་བ་རང་རྒྱས་ཐེབས། །ཞེས་སོ། །དེ་ལྟར་ཉིན་མཚན་འཁོར་ཡུག་ཏུ་ཉམས་སུ་བླངས་པས། འཁྲུལ་སྣང་རང་འགགས་ཏེ་འོད་གསལ་དུ་གྲོལ་བ་ནི། དེ་ཉིད་ལས། ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །དེ་ལྟར་རང་སྣང་ཚད་ཟིན་ནས། །འགྲོ་དྲུག་འཁྲུལ་པའི་སྣང་བ་འགག །དེ་ཉིད་འགགས་པའི་དུས་ཀྱི་ཚེ། །རིག་པ་སྲང་ལ་ཐེབས་པ་ཡིན། །དེ་ལྟར་སྲང་ལ་ནམ་ཐེབས་ཚེ། །རང་གི་ལུས་ཀྱང་མི་སྣང་སྟེ། །འབྱུང་བས་བསྐྱེད་པའི་ཤ་ཁྲག་ལུས། །འབྱུང་བ་རང་སར་དག་པའི་ཕྱིར། །འདི་ནི་ཡུལ་དུ་སྣང་བའི་ཕྱིར། །འཁྲུལ་པས་གཟུང་བའི་ཡིད་ཀྱི་ལུས། །འབྱུང་བ་རང་སར་སངས་པའི་ཕྱིར། །འདི་ཡང་མི་སྣང་རང་སར་ཡལ། །རིགས་པས་གཟུང་བའི་འོད་ཀྱི་ལུས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུའོ། །འདི་ཚེ་ཆོས་ཉིད་ཟད་དང་ཉེ། །འདི་ལ་གང་གོམས་སངས་རྒྱས་ཞིང༌། །དེ་ནས་ལུས་གསུམ་མཐའ་ཟད་ནས། །བྱ་བྲལ་རྫོགས་པའི་ལུས་ཐོབ་སྟེ། །འདི་ཚེ་ལུས་ཀྱི་མཐའ་རྣམས་དང༌། །བྲལ་བ་ལ་ནི་ཉེ་བ་ཡིན། །གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་སྟོངས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་ལ་ནི་སུ་གོམས་པ། །མི་ལྡོག་ས་ལ་འདི་ཡིས་ཕྱིན། །ཅེས་སོ། །དེའང་འོད་ལུས་དང་བསམ་གཏན་གྱི་ལུས་གཉིས་ཀྱི་ཁྱད་ནི་འོད་ལུས་རིག་པའི་རང་འོད་དྲི་མ་མེད་པ་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལས་སེམས་ཅན་གྱིས་བལྟར་མེད་ལ། བསམ་གཏན་ལྷའི་ལུས་ནི་རྣམ་སྨིན་བག་ཆགས་སྐྱེས་འབྱུང་བཞིའི་རྡུལ་ཕྲན་ཤིན་ཏུ་དངས་པ་འགྱེས་ཆོས་ཅན་སེམས་ཅན་ལྷའི་མིག་ཡོད་པ་ལ་སྣང་བའི་ཁྱད་ཡོད་པར་ཤེས་པར་བྱའོ། །དོན་གསུམ་པ་དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། རྣམ་པས་དོན་བསྡུ་བའོ། །དང་པོ་ནི། སེང་གེ་རྩལ་རྫོགས་ལས། དེ་ཡང་དགོངས་པ་ལྔ་གང་ཞེ་ན། རི་བོ་སྤྱི་ཆིངས་ཀྱི་དགོངས་པས་ལྟ་བས་ལ་བཟླ་བར་བྱའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པས་ས་གཟུང་བར་བྱའོ། །ཐིག་ལེ་མཐོངས་རྟོལ་གྱི་དགོངས་པས་སྣང་བའི་འཆར་ཚུལ་བརྟག་པར་བྱའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པས་དོན་མཐའ་ལ་བསྐྱལ་བར་བྱའོ། །རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པས་རིག་པ་དབྱིངས་ལ་བསྐྱལ་བར་བྱའོ་ཞེས་སོ། །གཉིས་པ་ལ་ལྔ་ལས། དང་པོ་རི་བོ་སྤྱི་ཆིངས་ཀྱི་དགོངས་པའི་ངོ་བོ་ནི་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་འཕོ་འགྱུར་མེད་པའི་རིག་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །དེ་ཉིད་དབང་པོས་རྟོགས་དུས། དབྱིངས་རིག་ཡུལ་ལ་སྣང་བ་ན་གང་ཟག་གི་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟ་དགོངས་སྤྱོད་འབྲས་བཞི་བཞིར་འཆར་བས་ཆ་བཅུ་གཉིས་ཏེ། རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ཤར་བའི་དུས་ན། རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་ཏེ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ལྟ་བ་རྣམས་གསུམ་འཆར་ཏེ། དབང་པོ་རབ་ལ་ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་བའི་ལྟ་བ་ནི། རང་གི་ཡེ་ཤེས་རྟོགས་མེད་ཀྱི་རིག་པ་སྐུ་དང་བཅས་པར་རྟོགས་པའོ། །དེའི་ཚེ་དགོངས་པ་ནི་གསལ་བ་ལ་མི་གཡོ་བ་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུའོ། །སྤྱོད་པ་ནི་འགག་མེད་ཤུགས་བྱུང་གི་སྤྱོད་པ་ནམ་མཁའི་མདུང་བསྐོར་ལྟ་བུའོ། །འབྲས་བུ་ནི་སྐྱེ་མེད་རང་བྱུང་གི་སྣང་བ་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་ནི། རང་གི་རིག་པ་སྐྱེ་བ་མེད་པ་ཙམ་དུ་རྟོགས་སོ། །དགོངས་པ་ནི་རྒྱ་མཚོ་ལ་དར་ཆགས་པ་ལྟར་རྣམ་རྟོག་གི་ཕྱོགས་དང་བྲལ་བའོ། །སྤྱོད་པ་ནི་མ་བཀག་ལྷུག་པ་སྨྱོན་པ་ལྟ་བུ་སྟེ། སྣང་བ་གང་ལ་ཡང་ཐོགས་རྡུགས་མེད་པར་སྤྱོད་པའོ། །འབྲས་བུ་ནི། མཚན་མ་ཟིལ་གྱིས་ནོན་པས་རང་གནས་ཀྱི་དགོངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་ལྟ་བ་ནི་སྣང་བ་འདི་ཉིད་ལ་སྒྱུ་མའམ་སྤྲུལ་པ་ལྟ་བུར་རྟོགས་པའོ། །དགོངས་པ་ནི་རང་གི་སྣང་བ་ངོ་སྤྲད་པས་བར་མ་དོ་ལ་ཡེ་ཤེས་འཆར་བར་ཤེས་པ་སེང་ཕྲུག་མངལ་རྒྱ་དང་བྲལ་བ་ལྟ་བུ་སྟེ། སྦུབས་ཀྱི་ཡེ་ཤེས་བསྒྲིབས་པར་མཐོང་བའོ། །སྤྱོད་པ་ནི། འཁོར་འདས་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི། ལུས་བོར་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱིན་པའོ་ཞེས་སོ། །གཉིས་པ་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པའི་ངོ་བོ་ནི། རིག་པའི་རྩལ་དབང་ཡེ་ནས་རྫོགས་པར་རྟོགས་པ་སྟེ། དབང་པོ་གསུམ་གྱིས་རྟོགས་ཚུལ་ཐ་དད་པ་ནི། ཡང་དེ་ཉིད་ལས། ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་སྐྱེས་པའི་དུས་ན། ཡང་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱིས་ལྟ་སྟངས་གསུམ་དུ་བྱུང་སྟེ། དབང་པོ་རབ་ཀྱིས་དབང་བསྐུར་བ་དེ་ཉིད་སྐྱེ་མེད་ཀྱི་འབྲས་བུ་རང་ཆས་སུ་བསྟན་པ་ཙམ་གྱིས་རྟོགས་སོ། །དགོངས་པ་ནི། ཤེས་རབ་ཀྱི་སྦྱོར་བས་ཐིག་ལེ་ལ་རྒྱས་བཏབ་པས་བདེ་བ་ཆེན་པོ་མཁའ་མཉམ་གྱི་དགོངས་པ་ལས་མ་གཡོས་པའོ། །སྤྱོད་པ་ནི། བྱང་ཆུབ་ཀྱི་སེམས་དཀར་དམར་ལ་གཙང་སྨེ་མེད་པར་སྤྱོད་པའོ། །འབྲས་བུ་ནི། རིགས་ཀྱི་སའི་དེ་བཞིན་ཉིད་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་ནི། སྣང་བ་རིག་པའི་སྟོབས་སུ་གྱུར་པ་ཙམ་དུ་རྟོགས་པའོ། །དགོངས་པ་ནི། གསལ་ལ་མ་ཡེངས་པ་ཉི་ཟླ་ཟུང་དུ་འབྲེལ་བ་ལྟ་བུར་གནས་སོ། །སྤྱོད་པ་ནི། ཡང་དག་པའི་ཆོས་ཉིད་རྣལ་འབྱོར་ངང་ལ་སྤྱོད་པའོ། །འབྲས་བུ་ནི། སྐྱེ་ཤི་མེད་པའི་དེ་བཞིན་ཉིད་ཐོབ་པའོ། །དབང་པོ་ཐ་མའི་ལྟ་བ་ནི། དབང་བསྐུར་བའི་ཡོན་ཏན་རྣམས་རྒྱས་པར་འབྱུང་བར་རྟོགས་སོ། །དགོངས་པ་ནི། ལྷའི་སྐུ་མཚན་མ་དང་བཅས་པ་ལ་བརྟེན་ཏེ་བསྒོམ་པའོ། །སྤྱོད་པ་ནི། ཆོས་ཉིད་ཀྱི་རོལ་པ་ལ་སྤྱོད་དོ། །འབྲས་བུ་ནི། ཡོན་ཏན་གྱི་སྒོ་ནས་སངས་རྒྱས་འཐོབ་བོ་ཞེས་སོ། །གསུམ་་ཐིག་པ་ལེ་མཐོངས་རྟོལ་གྱི་དགོངས་པའི་ངོ་བོ་ནི། བར་དོའི་ཤེས་རབ་རང་བྱུང་གི་རིག་པས་རང་སྣང་གི་མཐོངས་རང་རིག་ཏུ་རྟོལ་ནས་སངས་རྒྱ་བ་སྟེ། གང་ཟག་གི་དབང་པོའི་བྱེ་བྲག་གིས་ཐ་དད་པ་ནི། དེ་ལས། ཐིག་ལེ་མཐོངས་རྟོལ་གྱི་དགོངས་པ་ཤར་བའི་ཚེ། ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་ལྟས་མི་འདྲ་བ་གསུམ་དུ་འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟར། ཡེ་ཤེས་ཀྱི་རྩལ་ཡོན་ཏན་དུ་ཤར་ནས། སྐད་ཅིག་མ་གསུམ་ལ་གྲོལ་བར་རྟོགས་སོ། །དགོངས་པ་ནི། བར་སྣང་ལ་ཉི་མ་ཤར་བ་ལྟར་གསལ་བ་ཟང་ཐལ་ཀུན་ལ་ཁྱབ་པར་གནས་སོ། །སྤྱོད་པ་ནི། ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ལ་ལོངས་སྤྱོད་དོ། །འབྲས་བུ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་དེ་བཞིན་གཤེགས་པའོ། །དབང་པོ་འབྲིང་གི་ལྟ་བ་ནི། ཆོས་ཉིད་ཀྱི་བདེ་བ་ཟག་མེད་ཆེན་པོའི་སྣང་བ་ཁད་ཀྱིས་སྐྱེ་བར་རྟོགས་སོ། །དགོངས་པ་ནི། སྐད་ཅིག་མ་རེ་རེ་ལ་མཐོང་བའི་ཡུལ་ཁྱད་པར་ཅན་རེ་རེ་མཐོང་བས། རྟོགས་པ་ཁྱད་པར་ཅན་རེ་རེ་སྐྱེ་བ་དང༌། ཆོས་ཀྱི་སྐུའི་སྣང་བ་རེ་རེ་མཐོང་བ་དང༌། ཐུགས་ཀའི་དེ་བཞིན་ཉིད་རྣམ་པར་དག་པའི་དགོངས་པ་ལ་གནས་སོ། སྤྱོད་པ་ནི། རང་གི་ཐུགས་ཀའི་ཟེར་ཐག་དང་གཉིས་སུ་མེད་པར་སྤྱོད་དོ། །འབྲས་བུ་ནི། རང་གི་རིག་པའི་སྣང་བ་སྐྱེ་བ་མེད་པའི་ཆོས་སྐུར་མཐོང་བའོ། །དབང་པོ་ཐ་མའི་ལྟ་བ་ནི། ཡེ་ཤེས་དག་པའི་སྣང་བ་ལ། ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པར་རྟོགས་སོ། །དགོངས་པ་ནི། སྣང་བ་དེ་ཉིད་ལ་མཐོང་བྱེད་མེད་པར་གནས་སོ། །སྤྱོད་པ་ནི། ཐེ་ཚོམ་དང་ཡིད་གཉིས་ཀྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་འབྲས་བུ་ཐོབ་པའོ་ཞེས་སོ། །བཞི་པ་ཉི་ཟླ་ཁད་མཉམ་གྱི་དགོངས་པའི་ངོ་བོ་ནི། སྣང་སྟོང་ཟད་མ་མཉམ་ཉིད་དུ་རྟོགས་པ་སྟེ། དབང་པོས་སོ་སོར་ཕྱེ་བ་ནི རྩལ་རྫོགས་ལས། ཉི་ཟླ་ཁད་མཉམ་གྱི་དགོངས་པ་ཀློང་རྡོལ་བའི་དུས་ན། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་ལྟས་གསུམ་དུ་འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཟང་ཐལ་དུ་རྟོགས་སོ། །དགོངས་པ་ནི་འགག་མེད་ཀྱི་ཡེ་ཤེས་ཆུ་བོའི་གཞུང་ལྟ་བུ་དང་མི་འབྲལ་བའོ། །སྤྱོད་པ་ནི། ཡེ་ཤེས་ཆེན་པོའི་སྤྱོད་པས་རོལ་པ་མ་འགགས་པར་སྤྱོད་དོ། །འབྲས་བུ་ནི། ཐབས་དང་ཤེས་རབ་གཉིས་སྦྱོར་བ་དང་སྒྲོལ་བ་གཉིས་ཏེ་རྣམ་པ་བཞི་འདུ་འབྲལ་མེད་པའི་འབྲས་བུ་ཐོབ་བོ། །ཡང་དབང་པོ་འབྲིང་གི་མཐོང་ལྟས་གསུམ་ནི། ལྟ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྟོགས་སོ། །དགོངས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བར་སྣང་ལ་ཉི་ཟླ་ཤར་བ་ལྟ་བུའི་ངང་ལ་གནས་སོ། །སྤྱོད་པ་ནི་བདེ་བ་ཆེན་པོ་གསང་བའི་ཐིག་ལེ་དཀར་དམར་ལ་སྤྱོད་དོ། །འབྲས་བུ་ནི། རིགས་ཀྱི་སངས་རྒྱས་ལྔའི་སྦྱོར་བའི་ལྷུམས་སུ་སངས་རྒྱས་པའི་འབྲས་བུ་ཐོབ་བོ། །དབང་པོ་ཐ་མའི་མཐོང་ལྟས་གསུམ་ནི། ལྟ་བ་ཡབ་ཡུམ་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་རྒྱུར་མཚོན་པའི་ལྟ་བར་རྟོགས་སོ། །དགོངས་པ་ནི། ལྷའི་རང་བཞིན་སྙིང་པོ་དྲན་པས་ཏིང་ངེ་འཛིན་གསལ་བའི་ངང་དུ་གནས་པའོ། །སྤྱོད་པ་ནི། སྨན་ལྔ་བདུད་རྩི་ལྔ་ལ་སྤྱོད་པའོ། །འབྲས་བུ་ནི། བར་མ་དོ་ལ་ཡི་དམ་ལྷའི་སྒྱུ་ལུས་བཟུང་སྟེ། སྣང་བ་དག་པའི་འབྲས་བུ་ཐོབ་པའོ་ཞེས་སོ། །ལྔ་པ་རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པའི་ངོ་བོ་ནི། ངང་དངས་མཉམ་པའི་ཆོས་ཉིད་དུ་རང་བཞིན་ཤུགས་ཀྱི་བསམ་གཏན་ལ་གནས་པ་སྟེ། དབང་པོ་སོ་སོས་དབྱེ་ན། རྩལ་རྫོགས་ལས། རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པའི་དུས་ན། ཡང་དབང་པོ་གསུམ་ལ་མཐོང་ལྟས་གསུམ་འཆར་ཏེ། དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཆེན་པོའི་མཛད་པས་ཅིར་སྣང་རང་གི་སྣང་བ་ཉིད་དུ་རྟོགས་སོ། །དགོངས་པ་ནི། སྣང་བ་ལ་ཆགས་ཞེན་ཆུང་བ་ཆང་གིས་ར་རོ་བ་ལྟ་བུའོ། །སྤྱོད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པར་སྤྱོད་དོ། །འབྲས་བུ་ནི་སྣང་བ་ལ་མི་གནས་པའི་ཡེ་ཤེས་ཆིག་ཆོད་དུ་སྐྱེ་བའི་འབྲས་བུ་ཐོབ་པའོ། །དབང་པོ་འབྲིང་གི་མཐོང་ལྟས་གསུམ་ནི། ལྟ་བ་གསལ་བ་ཟང་ཐལ་ཡེ་ཤེས་ཀྱི་སྐུར་རྟོགས་པའོ། །དགོངས་པ་ནི། དྲག་ལ་ཡུན་ཐུང་བ་འབབ་ཆུ་ལྟ་བུ་དང་ལྡན་པའོ། །སྤྱོད་པ་ནི། ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རིག་དགས་ལྟ་བུའི་སྤྱོད་ཡུལ་དང་ལྡན་པའོ། །འབྲས་བུ་ནི། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ལ་མཐར་ཕྱིན་པའི་ངེས་པ་རྙེད་དོ། །དབང་པོ་ཐ་མའི་མཐོང་ལྟས་གསུམ་ནི། ལྟ་བ་ནི། འཁྲུལ་པའི་སྣང་བ་ཁད་ཀྱིས་སྤང་བར་འདོད་པའོ། །དགོངས་པ་ནི། ལྷ་དང་མིའི་སེམས་འཛིན་ལ་གནས་སོ། །སྤྱོད་པ་ནི། བཅོས་མ་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་ནོ། །འབྲས་བུ་ནི། །ལྷ་དང་མིའི་གོ་འཕང་ཐོབ་བོ་ཞེས་སོ། །གསུམ་པ་རྣམ་པས་དོན་བསྡུ་བ་ནི། དགོངས་པ་ལྔ་པོ་དེས་གསང་བ་སྙིང་ཏིག་གི་རྣལ་འབྱོར་ཀུན་བཅིངས་ཏེ། རྣལ་འབྱོར་པའི་ཉམས་ལེན་ཤར་བ་ནི། རི་བོ་སྤྱི་ཆིངས་ཀྱིས་རྫོགས་པ་ཆེན་པོའི་ལྟ་བ་མཐོ་དམན་དང་དལ་ཁོད་མེད་པར་སྙོམས་ཏེ་ལ་བཟླས། ཡེ་ཤེས་སྤྱི་བླུགས་ཀྱིས་དེའི་ངང་དུ་རང་གནས་ཆོས་ཉིད་དུ་ས་བཟུང༌། ཐིག་ལེ་མཐོངས་རྟོལ་གྱིས་དབྱིངས་སྣང་ལས་རིག་པའི་གྲོལ་ཚུལ་བརྟག ཉི་ཟླ་ཁད་མཉམ་གྱིས་དགོངས་པ་ཆོས་ཟད་ཀྱི་ཀློང་དུ་བསྐྱལ། རྒྱ་མཚོའི་ཀློང་རྟོལ་གྱིས་དབྱིངས་རིག་ཀ་དག་གི་སར་བཙན་ས་འཛིན་པའོ། །དེའང་དང་པོ་ལྟ་བས་ཕུ་འཁྲུས་པས་འཁྲུལ་སྣང་གི་འཇིག་པ་ཟིལ་གྱི་གནོན་པ་སེང་གེ་རྣམ་བསྒྱིངས་ལྟ་བུ་དང༌། གཉིས་པས་རང་དབང་ཆོས་ཉིད་དུ་ཐོབ་པ་རྒྱལ་རིག་དབང་བསྐུར་བ་ལྟ་བུ་དང༌། གསུམ་པས་དག་པ་དབྱིངས་སུ་ཕྱིན་པ་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ལས་འཐོན་པ་ལྟ་བུ་དང༌། བཞི་པས་ཀུན་མཉམ་ཡངས་པ་ཆེན་པོར་གདལ་བ་ཉི་ཟླ་གཉིས་མེད་དུ་སྙོམས་པ་ལྟ་བུ་དང༌། ལྔ་པས་རང་སྣང་ཡེ་ཤེས་སུ་གསལ་བ་རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའི་དགོངས་པར་ཐིག་ལེ་མཆོག་གསང་བླ་ན་མེད་པའི་དོན་འདུས་པར་གཏན་ལ་ཕབ་པ་ནི། སེང་གེ་རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ནི། སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །ཐིག་ལེ་མཐོངས་རྟོལ་གྱི་དགོངས་པ་ནི་རྨ་བྱའི་ཕྲ་གུ་སྒོ་ང་ནས་ཐོན་པ་ལྟ་བུའོ། །ཉི་ཟླ་ཁད་མཉམ་ཀྱི་གདོངས་པ་ནི་ཉི་མ་དང་ཟླ་བ་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལྟ་བུའོ། །རྒྱ་མཚོ་ཀློང་རྟོལ་གྱི་དགོངས་པ་ནི། རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ་ཞེས་སོ། །དེ་ལྟར་གསོལ་བ་ལྔ་པོ་རེ་རེ་ལ་དབང་པོ་གསུམ་དུ་ཕྱེ་བས་བཅོ་ལྔ་པོ་རེ་རེ་ལ་ལྟ་དགོངས་སྤྱོད་འབྲས་བཞི་བཞིར་ཕྱེ་བས་ཆོས་ཀྱི་རྣམ་གྲངས་དྲུག་ཅུར་བྱུང་བ་ནི་བསྐལ་པའི་འཕེལ་འགྲིབ་དང་སེམས་ཅན་གྱི་ཉོན་མོངས་པ་དང་ལྟ་བའི་རྣམ་གྲངས་དྲུག་ཅུ་སྦྱང་བ་ལས། ཡེ་ཤེས་ཀྱི་རང་བཞིན་ཉམས་སུ་ལེན་པའི་རྣམ་དག་ཏུ་སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ལྷུན་གྲུབ་ཐོད་རྒལ་གྱི་ཡེ་ཤེས་ཉམས་སུ་ལེན་པའི་གནད་ངེས་པ་སྟེ་རིམ་ཁང་ཉི་ཤུ་པའོ། །དེ་ལྟར་ཁྲིད་ཀྱི་ཚུལ་གྱིས་ཉམས་སུ་ལེན་པའི་ཐབས་རྣམས་བསྟན་ནས། ད་ནི་ངོ་སྤྲོད་དུ་གདབ་པས་ཉམས་སུ་ཇི་ལྟར་བླང་བའི་རིམ་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ ངོ་སྤྲོད་སྤྱིའི་རིམ་པས་ཆོས་ཐམས་ཅད་གཏན་ལ་དབབ་པ་དང༌། དེའི་བྱེ་བྲག་ངེས་པས་སེམས་དང་ཡེ་ཤེས་ཀྱི་མཚོན་དཔེ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་སྤྲོད་པའི་སྔོན་དུ་འགྲོ་བ་དང༌། ངོ་སྤྲད་པ་དངོས་གཉིས་ལས། དང་པོ་ནི། གནས་ཁང་ཕྱོགས་ཕྱེད་པ་ཉི་མའི་ཟེར་ཐག་དང་བཅས་པར་མེན་ཤེལ་དྲི་མ་མེད་པ་སྟ་གོན་དུ་བྱ་བ་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། གནས་ཁང་ཕྱོགས་ནི་ཕྱེད་པར་ཡང༌། །བུ་ག་ཉི་མའི་ཟེར་ལྡན་མ། །གསལ་བར་བྱེད་པའི་མེ་ལོང་ཕྱར་བ་ཡིས། །འོད་ཀྱི་སྣང་བ་ཕྱིར་བྱུང་མཐོང་བ་ཡིན། །ཅེས་སོ། །དེ་ལ་རྡོ་རྗེ་སེམས་དཔའི་མེ་ལོང་དཔེའི་ངོ་སྤྲོད་དུ་སྔོན་བྱུང་སྟོན་པའི་བྱིན་གྱིས་བརླབས་ལས། འཛམ་བུའི་གླིང་འདིར་བྱུང་ཚུལ་ནི། འཁོར་བ་དོང་སྤྲུགས་རིན་པོ་ཆེ་གསང་བའི་རྒྱུད་ལས། སངས་རྒྱས་ལྔ་ཡི་གདུང་འཛིན་པ། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །མཁའ་ཀློང་ལྔ་ཡི་གདུང་འཛིན་པ། །སྣང་མེད་མཁའ་ལ་ཁྱབ་པར་གདལ། །ཁ་དོག་མ་འདྲེས་སོ་སོར་གསལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ངོ་བོ་འགག་མེད་དག་པའི་གཞི། །རང་བཞིན་འབྱུང་བ་ཆེན་པོ་ལྔ། །ཐུགས་རྗེ་གཟུགས་སྐུ་ཡོངས་སུ་བསྟན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། །ཡེ་ཤེས་ལྔ་ལྡན་ཆུ་ཟླའི་སྐུ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ། །རྡོ་རྗེ་འཆང་གི་གཡོན་དུ་བབས། །གདངས་ཀྱི་རྣམ་པ་གསུམ་ལྡན་པ། །བྱང་ཤར་མཚམས་ན་ཟུར་ལ་འཇུག །མཚན་མོའི་ཕྱོགས་ན་ཉིན་མོ་ལྟ། །ཤེས་རབ་གཡས་ཟུར་དྲུང་བཞག་ན། །སངས་རྒྱས་ཉག་གཅིག་ངེས་མཐོང་འགྱུར། །ཤེས་རབ་ལྷག་མཐོང་ཡེ་ཤེས་ནི། །སངས་རྒྱས་དགོངས་པ་ཉག་གཅིག་ཡིན། །བདུད་་རྩི་ལྕེ་ཡིས་དོན་སྦྱར་ན། །རིག་པའི་ཁུ་བྱུག་ཚིག་གཅིག་ཡིན། །འགྱུར་མེད་རྡོ་རྗེ་ལུས་ཀྱི་མཆོག །མན་ངག་ཏི་ཀ་ཟུར་འགྲོས་ཅན། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཡིན། །ཅེས་པ་དང༌། དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་ཡང་ཐོག །པ་ཏ་རི་ཀད་ཀ་ཞེས་བྱ་བར་བབས་སོ། །དེ་ནས་རི་བོ་རྩེ་ལྔའི་རྩེ་ལ་བབས་སོ། །དེ་ནས་རྡོ་རྗེ་གདན་དུ་བབས་སོ། །དེ་ནས་གངས་ཏི་སེ་ལ་བབས་སོ། །དེ་ནས་མཆོད་རྟེན་ཆེན་པོ་དེ་འོད་ཟེར་དུ་འཕྲོས་ཏེ། སེམས་ཅན་གྱི་རྟོག་པ་བསལ་ལོ་ཞེས་གསུངས་ཏེ། ཐོག་མ་འཇིག་རྟེན་འདི་ཆགས་དུས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས་སྤྲུལ་པ་རང་བཞིན་གྱི་བྱིན་རླབས་ལས། སྟོན་པ་རྡོ་རྗེ་འཆང་འགྲོ་བའི་དོན་ལ་དགའ་ལྡན་བརྩེགས་པ་བྱོན་པའི་གཡོན་དུ་བབས་ནས། སུམ་ཅུ་རྩ་གསུམ་དང༌། རི་བོ་རྩེ་ལྔ་དང༌། རྡོ་རྗེ་གདན་དང༌། གངས་རི་ཏི་སེའི་བར་དུ་འགྲོ་བའི་དོན་ལ་གཅིག་ནས་གཅིག་ཏུ་བབས་ཏེ། དིང་སང་ཏི་སེའི་རྩེ་མོ་རིན་པོ་ཆེ་འོད་འཕྲོ་བའི་ཁང་བུ་ན་བཞུགས་ཏེ། མཁའ་འགྲོ་དང་གྲུབ་པ་དང་རིག་སྔགས་འཆང་དུ་མས་བསྟི་སྟང་དུ་བྱེད་ཅིང་འདུན་ཏོ། །དེ་ལྟར་དངོས་ཀྱི་མེ་ལོང་མེད་ན་ཡང༌། །མཚན་དཔེ་ངེས་པ་ལ་ནོར་བུ་སྣ་ཚོགས་སམ། །གངས་དང་རྒྱ་མཚོའི་གླིང་ལ་སོགས་པ་ནས་རང་བྱུང་བའི་མེན་ཤེལ་བཙལ་ལ་ངོ་སྤྲོད་པའི་མེ་ལོང་དུ་བྱ་བ་ནི། ངོ་སྤྲོད་སྤྲས་པ་ལས། རིན་ཆེན་སྙིང་པོ་ནོར་བུ་འོད་འབར་རམ། ནོར་བུ་མར་གད་སྔོན་པོ་ཆུ་ཤེལ་ལམ། །ས་ཡི་སྙིང་པོ་རིན་ཆེན་མིག་མ་ཕུག །རྡོ་ཡི་སྙིང་པོ་རིན་ཆེན་མེན་ཤེལ་གྱིས། །སངས་རྒྱས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྡོ་རྗེ་སེམས་དཔའི་མཚོན་དཔེ་ནི། །དྲི་མེད་དཀར་པོ་ཟླ་བའི་མདོག །མུན་དང་སྣང་བའི་མཚམས་ནས་བརྟག །ནོར་བུ་འོད་གསལ་དྲི་མེད་པས། །སྣང་བ་ཁ་དོག་ལྔ་དང་ལྡན། །སྐུ་ལྔ་སོ་སོར་མ་ཕྱེ་བས། །མདུན་དང་རྒྱབ་ཏུ་དབྱེར་མི་ཕྱེད། །སྣང་གསལ་ཆོས་ཉིད་འོད་པོ་ཆེ། །གསལ་བའི་ཆོས་ཉིད་ཀུན་ཏུ་འབར། །སྣང་བྱེད་སྒྲོན་མ་ཀུན་གྱི་མཆོག །སྟོང་པ་ཆེན་པོའི་མཁའ་ཀློང་དུ། །སྣང་བ་ཐམས་ཅད་འོད་དུ་ཤར། །ཤར་བ་དེ་ཉིད་སྤོགས་པ་མིན། །སུས་ཀྱང་བཟུང་བར་ནུས་མ་ཡིན། །གལ་ཏེ་ཤེས་རབ་མིག་ལྡན་པས། །རང་སྣང་དྲི་མེད་ཟླ་རྒྱས་བཞིན། །བཞིན་བཟངས་དཀྱིལ་འཁོར་མཐོང་འགྱུར་ཏེ། །ཡེངས་མེད་རྫོགས་ཆེན་བསྒོམ་པའོ། །ཞེས་སོ། །དེ་ལྟ་བུའི་མེ་ལོང་དེ་གཟུངས་ཆུས་དྲི་མ་བཀྲུས་ལ་རང་གི་རྩ་བའི་བླ་མར་མོས་པས། ཨཱོཾ་ཨཱཿཧཱུྃ་བརྒྱ་སྟོང་གིས་བྱིན་གྱིས་བརླབས་ལ་རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་ལ། ཡན་ལག་བདུན་པས་མངའ་གསོལ་ཏེ། སླར་ཡང་ཤིས་པ་བརྗོད་ནས། དར་ཚོན་ལྔ་དང་དྲིའི་ཕྱེ་མ་བསྒོམ་པས་ན་བཟའ་གསོལ་ཏེ། དཔེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །གཉིས་པ་ངོ་སྤྲད་པ་དངོས་ལ། བརྒྱུད་པ་དང༌། ངོ་སྤྲད་པ་གཉིས་ལས། བརྒྱུད་པ་ནི། སངས་རྒྱས་དགོངས་པས་བརྒྱུད་པ། རིགས་འཛིན་བརྡས་བརྒྱུད་པ། གང་ཟག་སྙན་ཁུངས་ནས་བརྒྱུད་པ་གསུམ་བརྗོད་ལ། ངོ་སྤྲད་པ་དངོས་ནི། གདམས་པ་ཟང་མོའི་ངོ་སྤྲོད་ཐེག་པ་གཅིག །རིགས་གཅིག ཐིག་ལེ་གཅིག ཡེ་ཤེས་མིག་གཅིག དཔེར་གཅིག་སྟེ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་ངོ་སྤྲད་ན། དཔེ་ལ་བརྟེན་ནས་དོན་ངོ་ཤེས་ཏེ། སྤྲོས་པ་མེད་པའི་ཀློང༌། བསོད་ནམས་བརྒྱན་པའི་སྐུ། སྤྲུལ་པའི་རྡོ་རྗེ་འོད་སྲུང་ལ། བཅོམ་ལྡན་འདས་གཟི་བརྗིད་མཐའ་ཡས་ཀྱིས། སྐྱེ་མེད་དག་པའི་ཀློང་ནས། སྙིང་པོ་བྱང་ཆུབ་མཆོག་གི་ཐིགས་པ་གསུམ་སྤྲོས་ཏེ། སྐུ་མངོན་པར་སྣང་བ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུ་ནས། སྐུའི་ཐིག་པ་མེན་ཤེལ་གསང་བའི་སྐུང་ཕྱུང་ནས་དཔེའི་ཡེ་ཤེས་སུ་བཞག གསུང་སྤྲོས་པ་མེད་པའི་ཀློང་ནས། གསུང་གི་ཐིགས་པ་བདུད་རྩི་བྱང་ཆུབ་སེམས་ཀྱི་ཡང་ཞུན་ཕྱུང་ནས། དོན་གྱི་ཡེ་ཤེས་ངོ་སྤྲད། ཐུགས་རྡོ་རྗེ་ལྟར་མི་འགྱུར་བའི་ངང་ནས། ཐུགས་ཀྱི་ཐིགས་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་བའི་སྒྲོན་མ་ཕྱུང་ནས། རྟགས་ཀྱི་ཡེ་ཤེས་ཀྱིས་ཡིད་ཆེས་པར་གཏན་ལ་ཕབ་བོ། །སྐུའི་ཐིགས་པ་རང་བྱུང་གི་ཡེ་ཤེས་ལྔས་སྤྲས་པ། རང་བཞིན་རྣམ་པར་དག་པ་དྲི་མ་མེད་པའི་ཡེ་ཤེས་མདུན་རྒྱབ་མེད་པར་གསལ་བས། ཡེ་ཤེས་ཟང་ཐལ་ཆེན་པོ། ཕྱི་ནང་མེད་པར་གསལ་བས། གཉིས་སུ་མེད་པའི་ཡེ་ཤེས། ནང་མེད་པའི་ནང་ནས། རྐྱེན་མེད་པའི་ཡེ་ཤེས་ཆ་འདྲེས་པར་གསལ་བས། མ་འདྲེས་ཡོངས་སུ་རྫོགས་པའི་ཡེ་ཤེས། ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་དང་དུས་མཉམ་དུ་བྱུང་བས། ལྷན་ཅིག་འབྱུང་བའི་ཡེ་ཤེས། སྣང་བ་མཐའ་ཡས་ཀྱི་སྐུའི་གདུང་འཛིན་ཅིང༌། སེམས་ཅན་གྱི་རྟོག་པ་སེལ་བས། སྐུ་གདུང་རིང་བསྲེལ་ཆེན་པོ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔའི་དཔེ་མཚོན་པས་རྡོ་རྗེ་སེམས་དཔའི་ཡེ་ཤེས་གསལ་བ་སྟེ། མཚོན་དཔེའི་རྣམ་པ་མང་ན་ཡང་དཔེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རིན་པོ་ཆེ་ཤེལ་ལ་བྱ་སྟེ། ཤེལ་རང་བཞིན་གྱིས་རྣམ་པར་དག་པ་ཕྱི་ནང་མེད་པར་གསལ་བ་དེས་མཚོན་པས། ཆོས་སྐུ་ངོ་ཤེས། ཤེལ་གྱི་ནང་འོད་ལ་བརྟེན་ནས། ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ལས། ཤེས་རབ་ཀྱི་སྐུར་གསལ་ལུགས་ངོ་ཤེས། ཕྱིར་གསལ་གྱི་འོད་ལ་བརྟེན་ནས། སྤྲུལ་པའི་སྐུ་འོད་ཀྱི་ཤར་ལུགས་ངོ་ཤེས། ཤེལ་རྟེན་ཅིང་མཚོན་ནས་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་ཤེས། ནང་གསལ་གྱི་མཚན་ཉིད་འཛིན་པའི་ཡེ་ཤེས་ངོ་ཤེས། ཕྱིར་གསལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས། ནང་དུ་ཐིམ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས། ཤེལ་གྱི་སྣང་བ་སྣ་ཚོགས་མཚོན་པས། སྣང་ལུགས་ངོ་ཤེས། །ཤེལ་རང་གི་ངོ་བོ་མཚོན་པས་གནས་ལུགས་ཉག་གཅིག་ཏུ་ངོ་ཤེས། ཤེལ་འོད་རང་བཅས་པས་རིག་པའི་ཡེ་ཤེས་སུ་ངོ་ཤེས་ཏེ དེ་དག་ཀྱང་མཚོན་དཔེ་ངེས་པའི་ཕྱོགས་བསྡུ་ན། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང༌། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲུ་ཡི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང༌། །ཞེས་གསུངས་པའི་དོན་རིམ་པ་ཇི་ལྟ་བ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། དེ་ལ་ཐོག་མའི་སྤྱི་གཞི་རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ངོ་སྤྲད་པར་བྱའོ། །དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་ཏེ སྟོང་པ་རིག་པའི་སྙིང་པོ་ཅན་ཐིག་ལེ་ཉག་གཅིག་དེ། མེ་ལོང་དངས་པ་གཅིག་སློབ་དཔོན་གྱིས་བཟུང་ལ། སློབ་མ་ལ་བསྟན་ཏེ། འདི་སྐད་བརྗོད་དོ། །ཀུན་ཏུ་བཟང་པོའི་སྣང་གསལ་མེ་ལོང་འདི། །ཕྱོགས་མཐུན་དཔེ་ཡིས་རང་བཞིན་རྟོགས་པར་བྱེད། །རྟོགས་པའི་དོན་དེ་སྣང་གསལ་ངོ་སྤྲོད་ཡིན། །དང་པོ་ཀུན་བཟང་གནས་ལུགས་ངོ་སྤྲོད་ཡིན། །རིག་པ་ཟང་ཐལ་གནས་པས་མེན་ཤེལ་འདྲ། །རིག་པ་རྟོག་མེད་གསལ་བས་མེན་ཤེལ་འདྲ། །རིག་པ་ལྷུན་གྲུབ་གནས་པས་མེན་ཤེལ་འདྲ། །རིག་པ་མ་འགགས་ཕྱོགས་མེད་མེན་ཤེལ་འདྲ། །ཞེས་གསུངས་པས། འོད་ལྔ་ཕྱིར་མིག་གསལ་ཀྱང༌། ནང་ནས་གསལ་བའི་རང་བཞིན་ཅན་གྱི། རང་བཞིན་ནི། འོད་དཀར་པོའང་ཁོ་རང་དང་དབྱེར་མེད་དུ་གནས་པས་ཐུགས་རྗེ་མཚོན། ཤེལ་ངོ་བོས་ཀ་དག་དང་གསུམ་དུ་མཚོན་ཀྱང༌། དབྱེར་མེད་པས་ཐིག་ལེ་ཉག་གཅིག་གི་དོན་དཔེ་དེས་ཇི་ལྟར་གནས་པ་ཁོང་དུ་ཆུད་པར་བྱའོ། །དེ་ནས་འཁྲུལ་གཞི་མཚོན་པ་ནི། ཤེལ་ཉི་ཟེར་ལ་ཕྱར་ལ། ནང་འོད་གཉིས་ཕྱིར་བསྟན་པས། གཞི་ལས་གཞི་སྣང་ཤར་བའི་དུས་ཀྱི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་རྒྱུའི་རྐྱེན། ཁ་དོག་ལྔ་ལྡན་ཡུལ། དཀར་པོ་ཕྲ་བོ་དེ་ཀུན་ཏུ་ཚོལ་བའི་ཡིད་མཚོན་པ། ཐོག་མའི་འགྱུ་བ་དེ་འོད་དང་ལྷན་ཅིག་ཤར་བས། ལྷན་ཅིག་སྐྱེས་པའི་མ་རིག་པ་ཤེས་བྱའི་སྒྲིབ་པར་ཤར་རོ། །ཀུན་ཏུ་བཟང་པོ་གཞི་ནས་འཕགས་པའི་ཤེས་རབ་ཀྱི་དབང་པོས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ནས། སངས་རྒྱས་ཀུན་གྱི་སྤྱི་མེད་ཡང་མེས་ཆེན་པོར་སྔར་སངས་རྒྱས་པ་ཡིན་ནོ། །གྲོལ་ཚུལ་འདིས། དང་པོའི་སངས་རྒྱས་ཀྱི་བྱུང་ཚུལ་དང་འཆར་ཚུལ་ཀུན་ཤེས་པར་བྱའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་འཇམ་དཔལ་ལས་གསུངས་པས་ཏེ། ཀུན་ཏུ་བཟང་པོའི་གྲོལ་གཞི་བསྟན་པའོ། །དེའང་གཞི་ལས་གཞི་སྣང་དུ་ཤར་བ་ངོ་ཤེས་ཏེ་གྲོལ་ནས་འཁོར་བར་འཁྲུལ་མ་མང་བའི་སངས་རྒྱས་ད་ལྟའང་དབྱིངས་ནས་འཆར་བ་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །གཞི་སྣང་དེ་སེམས་ཅན་རྣམས་ཀྱིས་རང་སྣང་དུ་མ་ཤེས་ཏེ། ཀུན་ཏུ་བརྟགས་པའི་མ་རིག་ཉོན་མོངས་སྒྲིབ་པར་ཤར། ཅེས་པས། རིག་པ་ལྡང་ཉལ་གྱིས་བག་ཆགས་ཀྱིས་འཁྲུལ་པ་སྣ་ཚོགས་སུ་ཤར་རོ། །དེ་ཡང་ཤེལ་རས་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ་རེ་མོས་ཀྱིས་བཞག་པའམ། འོད་དཀར་པོ་དེ་ཁ་དོག་དཀར་པོ་ལ་སོགས་པ་རེ་རེ་བཞིན་བཞག་པ་དང་མཚུངས་སོ། །དེར་རིག་པའི་ཡེ་ཤེས་རྟོག་ཚོགས་ཀྱི་དྲ་བ་དང༌། ལུས་ཀྱི་སྦུབས་སུ་ཚུད་པས། བཞི་འཛིན་པའི་རིག་པ་སྙིང་ག་ན་གནས་ཚུལ་དང༌། སེམས་ཅན་ཐམས་ཅད་ལ་ཁྱབ་ཚུལ་ངོ་སྤྲད་དོ། །དེ་ཡང་རང་བཞིན་འཁྲུལ་ཚུལ་ངོ་སྤྲོད་ཡིན་ནོ། །འཁྲུལ་པ་རྐྱེན་ལས་བྱུང་བ་མེན་ཤེལ་འོད་དང་འདྲ། །དངོས་པོ་སྣ་ཚོགས་སྣང་བ་མེན་ཤེལ་འོད་དང་འདྲ། །སྣང་ཡང་ངོ་བོ་འགྱུར་མེན་ཤེལ་དང་འདྲ། །ཟད་མེད་འཕེལ་བ་མེད་པས་མེན་ཤེལ་འོད་དང་འདྲ། །ཞེས་གསུངས་པ་རྣམས་གོ་བར་བྱས་ལ་བརྡ་དོན་ལེགས་པར་སྤྲད་དོ། །འཁྲུལ་པའི་སེམས་ཅན་གྲོལ་ཚུལ་བརྡ་དོན་ནི། སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུ་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཅེས་གསུངས་པ་ལས། སྙིང་ག་ནས་ཡེ་ཤེས་སུམ་བརྩེགས་གློ་བའི་རླུང་དང་ཡེ་ཤེས་ཀྱི་གདངས་གཉིས་ཕྲད་པས། རྩལ་སེམས་སུ་བྱུང་བས། རྩལ་གཞིའི་ངང་དུ་ཐིམ་ཞིང་མི་གཡོ་བར་གནས་པའི་དཔེ། ནང་འོད་ཕྱིར་འཕྲོས་པས་དཀར་པོ་སེམས་ཀྱི་དཔེ། དྲུག་པ་ཡིད་ཅེས་བྱ། འོད་ལྔ་ཡེ་ཤེས་ཀྱི་དཔེ། གཞི་འཛིན་པའི་རིག་པའོ། །སེམས་དང་ཡེ་ཤེས་གཉིས་དཔེའི་ངོ་སྤྲོད་དེ་འཐད་དོ། །བར་དོའི་ངོ་སྤྲོད་སྒྲ་འོད་ཟེར་གསུམ་དང༌། རྡོ་རྗེ་སེམས་དཔའི་ཁོང་གསེང་རྩ་ལམ་ངོ་སྤྲོད་ལ་སོགས་པ་ཅི་རིགས་པ་རྣམས་མེན་ཤེལ་ལ་ངེས་ཤེས་བསྐྱེད་ལ། རྣལ་འབྱོར་ངོ་དང་ཤེས་པ་སྤྲད་ནས་ཡིད་ཆེས་པར་བྱས་ཏེ་ཉམས་ལེན་ལ་བརྩོན་པར་བྱའོ། །འབྲས་བུར་གྲོལ་ཚུལ་ནི། གོང་དུ་ནང་གསལ་ཀ་དག་གི་གྲོལ་གཞི་རང་བྱུང་ངོ་བོ་ཉིད་སྐུར་གསལ་ཡང༌། ཕྱིར་གསལ་ཅེས་པས། འོད་ལྔ་དང་དཀར་པོ་གཉིས་འདྲེས་པ་ལ་ངོ་སྤྲད་དེ། འདི་ཤེས་རབ་ཡོད་ན་གནད་ཆེ་བར་ཡོད་པས། ལམ་གྱི་ཡེ་ཤེས་སམ། ཡེ་ཤེས་མེད་པར་འདོད་པ་དབུ་མ་རབ་ཏུ་མི་གནས་པའམ། རང་རེ་རྫོགས་ཆེན་པོ་ཀ་དག་ལ་ཡེ་ཤེས་མེད་པར་འདོད་པ་ཡོད་པས། འཁྲུལ་པ་རྩ་ནས་དག་ཀྱང༌། སྐུ་གཉིས་མི་འགག་པར་འཆར་བ་ལ། ཡེ་ཤེས་དབྱིངས་ལ་ཡོད་དགོས་པས། འོད་ལྔ་དཀར་པོ་དང་འདྲེས་པ་དེ་མེ་ལོང་ཡེ་ཤེས། ཡང་དཀར་པོ་ལོགས་སུ་འཆར་བ་ལོངས་སྐུ་ལས་སྤྲུལ་སྐུ་འཕྲོ་བའི་དཔེ། དེ་དག་ནི་དག་པ་གཉིས་ལྡན་དུ་རྣམ་པ་ཐམས་ཅད་མཁྱེན་པར་སངས་རྒྱས་པའི་ངོ་སྤྲོད་དོ། །བླ་དག་སུ་སངས་རྒྱས་མྱ་ངན་ལས་འདས་ཞེས་པ་ནི། སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུར་ཐིམ་པ་ནི། ཤེལ་ཉི་མའི་རྐྱེན་དང་བྲལ་བས། ཐོག་མའི་གཞི་ཀ་དག་ལ་བཙན་ས་ཟིན་ནས་མི་འཁྲུལ་པར་གནས་པ་ནི། ངོ་བོ་ལ་དབྱེར་མེད་དེ་ཀ་ལྟར་གྲོལ་བ་ཡིན་ཀྱང༌། རིག་མ་རིག་གི་ཁྱད་ཀྱིས། ཐམས་ཅད་ཡེ་ཤེས་ཀྱི་སྐུ་ཁོ་ནར་འདུག་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གཙོ་ཆེར་ཡེ་ཤེས་གཉིས་ལྡན་ཡིན་ནོ། །ནང་གསལ་དུ་ཡོད་པས་ཟད་སར་སྐྱོལ་བའི་ངོ་བོ་དེ་ཐོག་མིའི་སྤྱི་གཞིར་རང་བྱུང་ངོ་བོ་ཉིད་སྐུ་དང་དབྱེར་མེད་དོ། །འོན་ཀྱང་ཉི་མ་སྤྲིན་གྱིས་བསྒྲིབས་པ་དང༌། གྲོལ་བ་ལྟར་རང་ངོ་ཤེས་ཤིང་སྒྲིབ་པ་ཐམས་ཅད་ལས་གྲོལ་བས་རྟོགས་པ་མངོན་དུ་གྱུར་པའི་ཆ་ནས། ཐོག་མའི་གཞི་དང༌། ཐ་མའི་གྲོལ་ས་གཉིས་ཁྱད་པར་ཤིན་ཏུ་ཆེ་བར་ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱ་སྟེ། གནད་གལ་པོ་ཆེའོ། །ཡེ་ཤེས་དབྱིངས་སུ་འཁྱིལ་བ་མེན་ཤེལ་འོད་དང་འདྲ། །ཆོས་སྐུ་གསལ་དག་ཤར་བ་མེན་ཤེལ་ཉིད་དང་འདྲ། །ཞེས་སོ། །རང་ངོ་ཤེས་པའི་ཆོས་སྐུ་དེ་རང་མལ་དུ་རང་ཉིད་གནས་པ་ཡིན་པས། ད་ལྟ་ཡང་མ་འཁྲུལ་པའི་ཆོས་སྐུ་བཙན་ས་འཛིན་པར་འདོད་ན། རང་གསལ་རྗེན་པ་ཟང་ཐལ་ཆེན་པོའི་ངང་ལ་སལ་ལེ་ཧྲིག་གེ་མ་ཡེངས་པར་སྐྱོང་བ་ཉིད་གནད་དུ་ཆེ་སྟེ། འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པའི་ཞལ་ནས། རང་ངོ་ཤེས་པའི་ཆོས་སྐུ་རང་མལ་ཉིད་ཡིན་པས། །མ་འཁྲུལ་བཙན་ས་འཛིན་པར་འདོད་པ་སུ་ཡོད་ཀུན། །མ་ནོར་མ་འཁྲུལ་མི་ཡེངས་བྱེད་པ་གནད་ཡིན་པས། །དགོངས་པ་རྒྱ་མཚོ་ལྟ་བུར་ཤེས་རབ་ཅན་གྱིས་ཤེས་པར་མཛོད། །ཅེས་ལེགས་པར་གསུངས་པ་ཡིན་ནོ། །ངོ་སྤྲོད་འདི་ཀུན་གྱི་དུས་ན་སོས་གདལ་ནས་རང་གིས་ཀྱང་གསར་དུ་ཡིད་ཆེས་ཐུན་མོང་མ་ཡིན་པ་བསྐྱེད་ནས་གཞན་ལ་བསྟན་པར་བྱ་སྟེ། ཡང་འཇིག་རྟེན་ཉི་མ་ཆོས་རྗེ་བླ་མའི་ཞལ་ནས། ངོ་སྤྲོད་རྣམས་རིམ་པས་ངོ་སྤྲད་ཅིང་ལེགས་པར་གཟབས་ལ་བྱའོ། །འལ་ལེ། འོལ་ལེ། ཅི་ཡིན་ཆ་མེད། ངོ་སྤྲད་མིན། མ་སྤྲད་མིན་མ་བྱེད། ཆོས་མིན་གྱི་བྱ་བ་རུས་སུ་མ་འདོན། འཁྲུལ་ཕྱིར་མ་འབྲེང༌། བླ་མ་ལ་སོགས་ཀྱི་མིང་ཐོགས་ནས་ཆོས་མིན་གྱིས་བྱ་བ་ངན་པ་རྣམས་མ་བྱེད། མིང་དོན་འཛོམ་པར་བྱེད་དགོས་པ་ལགས་སོ་ཞེས་གདམས་པར་མཛད་པས། ཕྱི་རབས་ཀྱི་དུས་ནའང་ཆོས་འདི་བར་ཞུགས་པ་རྣམས་ཀྱིས་དེ་བཞིན་ཐུགས་ལ་བཞག་འཚལ་ལོ། དོན་གཉིས་པ་དེའི་བྱེ་བྲག་ངེས་པས་སེམས་ཅན་དང་ཡེ་ཤེས་ཀྱི་མཚན་དཔེ་རྒྱས་པར་བསྟན་པ་ལ་གཉིས་ཏེ། རྩ་བ་རིག་པ་ལས་འཁྲུལ་པས་ལྡོག་ཚུལ་སེམས་ཀྱི་ངོ་སྤྲོད་དང༌། རིག་པ་རང་སྣང་དང་བཅས་པ་རང་སྣང་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །དང་པོ་ནི། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱོན་ཚུལ། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བར་རྒྱས་ཐེབས། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ་ཞེས་གསུངས་པས། འདི་ལ་གསུམ་སྟེ། ཕྱི་ཡུལ་གྱི་གནད་ཀྱིས་ནང་སེམས་གཏན་ལ་དབབ་པ། ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པ། གསང་བ་དབྱིངས་ཀྱི་གནད་ཀྱིས་བླ་ན་མེད་པ་རིག་པ་ཉིད་གཏན་ལ་དབབ་པའོ། །དང་པོ་ལ་སྣང་ཡུལ་གཞི་མེད་འཁྲུལ་པར་བསྟན་པ་དང་ སྣང་འཛིན་རང་སེམས་སྟོང་པར་བསྟན་པ་གཉིས་ལས། དང་པོ་ནི་ཕྱི་སྣང་བ་སྣ་ཚོགས་དཀར་དམར་གྱི་སྣང་བ་སྣོད་བཅུད་འབྱུང་བ་ལྔས་བསྡུས་ཀྱི་ཀློང་ན་གསལ་བ་འདི་དག རང་སེམས་འཁྲུལ་པའི་ངོ་ལ་སྣང་བ་མ་གཏོགས་པ་ཕྱི་དོན་གྱི་དངོས་པོ་དང༌། ནང་སེམས་ཀྱི་དངོས་པོ་གཉིས་ཀར་མ་གྲུབ་པས། གཞི་མེད་སྟོང་པའི་ཆོ་འཕྲུལ་མེད་པ་གསལ་སྣང་གི་རང་བཞིན་རབ་རིབ་ཅན་གྱི་སྐྲ་ཤད་དང་རྨི་ལམ་སྒྱུ་མའི་སྣང་བ་དང་འདྲ་བར་ཤེས་པར་བྱ་སྟེ། ཀློང་དྲུག་པ་ལས། སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་བཞིན། ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས །དེ་བཞིན་དུ་མི་འཇིག་པའང་གསུངས། །ཞེས་སོ། གང་ལ་སྣང་ན་སེམས་ལ་སྣང་སྟེ། རབ་རིབ་ཀྱི་སྐྲ་ཤད་མིག་སྐྱོན་ཅན་གྱི་དབང་པོ་མ་དག་པ་ལ་སྣང་བ་བཞིན་ནོ། །དེ་ཉིད་ལས། དམིགས་སུ་ཡོད་པའི་སེམས་ཉིད་ལ། སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །ཞེས་སོ། །སེམས་ལ་སྣང་ཡང་སྣང་ཚུལ་ཕྱིར་གསལ་བ་འདི་རྣམས་རང་གི་སེམས་མ་ཡིན་ཏེ། རང་མེད་ཀྱང་ཡོད་པ་དང་ ཡུལ་དུ་གནས་པ་དང༌། ཁ་དོག་དང༌། དབྱིབས་ལ་སོགས་པར་མཐོང་བའི་ཕྱིར་རོ། །སེམས་ལ་དེ་དག་མེད་པས་སེམས་མ་ཡིན་ནོ། །འདིར་སྣང་ཡུལ་གཟུགས་སོགས་ཕྱི་ན་སྣང་བ་འདི་དག་མེད་པ་གསལ་སྣང་འཁྲུལ་པ་རྨི་ལམ་ལྟ་བུར་ངོ་སྤྲད་ལ། འདི་ནི་གཟུགས་སོ། །ཁ་དོག་གོ་སྙམ་པ་ལ་སོགས་པ་ཤར་ཤར་དང་པོར་འཆར་བའི་སྣང་ཡུལ་འཛིན་པ་དེ་སྣང་བའི་སེམས་ཞེས་བྱ། གཟུང་བའི་སེམས་ཞེས་བྱ། །ཡུལ་གྱི་སེམས་ཞེས་བྱ་བར་ངོས་བཟུང་ནས། སྣང་བའི་སེམས་དེ་ཡོད་དམ་སྙམ་ན་ཡུལ་མེད་པ་གསལ་སྣང་འཛིན་པས་ཀྱང་མི་བདེན་ལ། ཁ་དོག་ངོས་གཟུང་དུ་མ་གྲུབ་པས་ཀྱང་མེད་ལ། སྐྱེ་འགག་གནས་གསུམ་དུ་བརྟགས་པས་ཀྱང་མེད་པའི་ཕྱིར། སེམས་ཉིད་སྟོང་པར་ངོ་སྤྲད་པ་ཞེས་བྱ་སྟེ། རང་ཡལ་གཏད་མེད་ཡེ་སངས་སུ་ངོ་སྤྲད་དོ། །དེས་ན་ཆོས་ཕལ་དང༌། རྫོགས་ཆེན་པ་ཕལ་གྱིས་སྣང་བ་དང༌། སྣང་ཡུལ་མ་ཕྱེད་པས། ཕྱི་སྣང་ཡུལ་རང་མཚན་སེམས་སུ་འདོད་པ་ནི། སེམས་ཙམ་རྣམ་བདེན་དྲི་བཅས་སུ་གོལ་བ་ཡིན་ནོ། །འདིར་སྣང་བ་སེམས་སུ་ངོ་སྤྲོད་དུས་སྣང་མི་སྣང་དུ་སེམས་ཀྱིས་འཛིན་པས། ཡུལ་དང་པོ་མཇལ་བའི་སེམས་ལ་སྣང་བའི་སེམས་དང་ རྗེས་ལ་དེའི་ཁྱད་པར་སེམས་བྱུང་དུ་དཔྱོད་པ་ལ་འཛིན་པའི་སེམས་ཞེས་འདོད་པས། སྤང་བྱ་དག་བྱ་འཁྲུལ་སྣང་འཁྲུལ་འཛིན་འཁོར་བ་ཞེས་བྱ་སྟེ། བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཅེས་པ་དང༌། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ཅེས་སྤང་བྱར་བཤད་པ་ཀུན་གུང་མཐུན་པར་འཇུག་པས་གནད་གལ་པོ་ཆེ་འདི་བློ་མཆོག་དམ་པ་ཤེས་རབ་ཅན་རྣམས་ཀྱིས་རྟོགས་པར་བྱའོ། །དེའང་ཕྱི་ནང་གཞི་མེད་དུ་མཇལ་བ་ལ་འདི་ལྟ་བུ་ཅིག་དགོས་སོ། །གཉིས་པ་ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པ་ནི། སེམས་ལ་བརྟགས་པས་ངོ་བོ་ངོས་གཟུང་མེད་དུས། བེམས་པོ་ལྟ་བུར་སོང་བ་མེད་དེ། ཕྱལ་ཕྱལ་བ་ལ་ས་ལེ་བ་ངོས་གཟུང་དུ་མེད་པས་བརྗོད་མ་ཤེས་ཀྱང༌། རང་གསལ་སྟོང་པ་རང་གདངས་ཀྱི་ངང་དབྱིངས་ཀ་དག་དྲི་མ་མེད་པར་འཆར་བ་ཆོས་ཟད་ནང་གི་ཆོས་དབྱིངས་སུ་ངོ་སྤྲད་པས། མཐའ་བྲལ་དྲི་མ་མེད་པའི་རྟོགས་པ་ཁོང་ནས་འཆར་ཏེ། དེའི་ངང་ལ་གོམས་པས་འོད་གསལ་དབྱིངས་སྣང་གི་སྣང་བའང་ཞར་ལ་མཐོང་བ་ཉིད། ངོ་སྤྲོད་སྤྲོས་པ་ལས། ཡེ་ནས་མེད་པ་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེར། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །ཅེས་སོ། །གསུམ་པ་གསང་བ་དབྱིངས་ཀྱི་གནད་ཀྱིས་བླ་ན་མེད་པ་རིག་པ་གཏན་ལ་དབབ་པ་ནི། སེམས་དབྱིངས་སུ་དག་པའི་སྟོང་པ་དེ་ཡང་སྟོང་ཆད་ཅང་མེད་པོ་མ་ཡིན་པར། ས་ལེ་བ་ལ་ཧྲིག་གེ་བ། རང་དངས་རང་གསལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཆོས་སྐུ་དྲི་མ་དང་བྲལ་བར་ངོ་སྤྲད་པས། རིག་པའི་ཆ་ནས་ཆད་པར་མ་སོང༌། དངོས་པོ་མེད་པས་རྟགས་པར་མ་སོང༌། གང་དུའང་བརྗོད་དུ་མེད་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐག་ཆོད་པའི་ངང་ལ་བཞག་པས། རིག་པའི་རང་གདངས་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་རང་སྣང་བ་ནི། དེ་ཉིད་ལས། གཞི་ལ་གནས་པའི་རིག་པ་ཡིས། །ཆོས་ཉིད་འདུས་པའི་དབྱིངས་དང་ཕྲད། །མཚན་ཉིད་འཛིན་པའི་རིག་པ་ཡིས། །རྣམ་པར་དག་པའི་དབྱིངས་དང་ཕྲད། །ལུ་གུ་རྒྱུད་ཀྱི་རིག་པ་ཡིས། །རང་བཞིན་འོད་ཀྱི་དབྱིངས་དང་ཕྲད། །ཅེས་སོ། །དེ་ལྟར་ན་ཡུལ་སྣང་གཞི་མེད་དུ་ངོ་སྤྲད་པས། སྣང་ཡུལ་སྣོད་བཅུད་ཀྱི་འཁོར་བ་ལ་བཟླའོ། །སྣང་བ་སེམས་སུ་ངོ་སྤྲད་པས། ཤར་གྲོལ་རང་ཡལ་གྱི་དམིགས་ཤེས། སེམས་ཉིད་སྟོང་པར་ངོ་སྤྲད་པས། གཟུང་འཛིན་འཁྲུལ་བའི་རྩ་བ་ཆོད། སྟོང་པ་དབྱིངས་རིག་ཏུ་ངོ་སྤྲད་པས། ཉམས་ལེན་སྐུ་གསུམ་གཅིག་ཏུ་དྲིལ་ནས། ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། སེམས་ལས་འཁྲུལ་པ་ལྡོག་ཚུལ་གྱི་ངོ་སྤྲད་རབ་ཏུ་གཅེས་པར་བསྟན་ཏེ། དཔེའི་ངོ་སྤྲོད་ཀྱིས། རིག་པའི་ཡེ་ཤེས་རང་ལ་ཡོད་པའི་དོན། བྱང་ཆུབ་སེམས་ཀྱི་སྒྲོན་མས་རྟགས་ཡིད་ཆེས་པར་བསྟན་པ་ནི། དེ་ཉིད་ལས། སངས་རྒྱས་ཀུན་གྱི་ཚད་འཛིན་པ། །དཔེ་ཡི་ཡེ་ཤེས་རྣམས་ལ་བརྟག། །རྟགས་ཀྱི་ཡེ་ཤེས་ཚད་འཛིན་པ། །ཐིག་ལེ་སྟོང་པའི་སྒྲོན་མ་བརྟག །དོན་གྱི་ཡེ་ཤེས་ཚད་འཛིན་པ། །མངོན་སུམ་གསལ་བའི་སྣང་བ་བརྟག །ཅེས་སོ། །མདོར་ཧྲིལ་གྱིས་བསྡུ་ན། ཕྱི་སྣང་བའི་ཡུལ་གཞི་མེད། དེ་འཛིན་སྣང་བའི་སེམས་སྟོང་པར་ངོ་སྤྲད་པས། འཁོར་བ་འཁྲུལ་པ་གཏན་མེད་པོ་གཅིག་ཏུ་ཤེས་ནས། དེས་མི་ཆོག་པར། རྩ་བ་རིག་པའི་དོན་མངོན་སུམ་ངོ་སྤྲད་དེ་དབྱིངས་རིག་འདུ་འབྲལ་མེད་པར་ངོ་སྤྲད་ནས། ཀ་དག་གི་ཆོས་སྐུ་ལ་བསྐྱལ་བར་བྱའོ་ཞེས་བློ་མཆོག་ཡང་རབ་པ་རྣམས་ལ་གདམས་པ་ཡིན་ནོ། །དོན་གཉིས་པ་རང་སྣང་ཡེ་ཤེས་ཀྱི་ངོ་སྤྲོད་ལ་གཉིས་ཏེ གདམས་ཡུལ་དབང་པོའི་དབྱེ་བ་དང༌། གདམས་པ་ངོ་སྤྲོད་ཀྱི་རིམ་པའོ། །དང་པོ་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་བདུན་བདུན་དུ་ཕྱེ་བས་ཉི་ཤུ་རྩ་གཅིག་སྟེ། དེ་དག་ཀྱང་ཤེས་རབ་དང༌། སྦྱངས་པ་དང༌། གྲོལ་བ་ཐ་དད་པའོ། །དང་པོ་རབ་ཏུ་ཅེས་པ་ནི། ཤེས་རབ་དང་རྟོགས་པའི་ཆ་སྟེ། དེའང་དབྱེ་ན་བདུན་ནི། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང་ རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང་ རབ་ཀྱི་མཐར་ཕྱིན་པའོ། །དེ་དག་ཀྱང་རང་སྣང་རྟོགས་སླ་བའི་ཆ་ནས་གཞག་པའོ། །འབྲིང་ལ་ཡང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང་ འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་བཞིན་དུ་ཐ་མ་ལ་ཡང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ། །གཉིས་པ་ནི དེ་ལྟར་དབང་པོ་ཉི་ཤུ་རྩ་གཅིག་བྱུང་བས་ངོ་སྤྲོད་ཀྱང་ཉི་ཤུ་རྩ་གཅིག་འབྱུང་ལ། དེ་ཡང་སོ་སོར་ངོ་སྤྲད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང༌། ཁྱད་པར་གྱི་མཚོན་ཚུལ་ལོ། །དང་པོ་ནི། འོད་དང་ཡེ་ཤེས་རིག་པ་གསུམ་ལ། བདུན་ཚན་དུ་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། རིག་པ་གཞི་ནས་འཕགས་ཏེ། ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་གྱི་ངོ་སྤྲོད་ལ་སོགས་ཏེ་ངོ་སྤྲད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ། །གངས་སམ། གཡའ་འམ། རྒྱ་མཚོ་ལས་བྱུང་བའི་མེན་ཤེལ་དྲི་མ་མེད་པ་ཞིག །སྐར་ཁུང་གི་སྣང་བ་ལ་ཕྱར་ན། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེའང་གང་ཞེ་ན། ཁ་དོག་མཐིང་ག་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའོ། །མེན་ཤེལ་གཅིག་རྗེས་སུ་འཇུག་པའི་གང་ཟག་དེའི་མིག་གཡས་པར་ལག་པ་གཡས་པས་བཟུང་སྟེ། མིག་གི་སྟེང་དུ་བཞག་ན་སྣང་བ་མཐོང་བར་འགྱུར་རོ།ལག་པ་གཡོན་པས་མིག་གཡོན་པ་དགག་པར་བྱའོ། །དེ་ནི་དཔེའི་ངོ་སྤྲོད་དོ། །དོན་དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་གནས་སོ། །དེ་ནི་དོན་གྱི་ངོ་སྤྲད་དོ། །རྟགས་རང་གི་མཛུབ་མོས་མིག་མནན་ན་འོད་ཀྱི་ཐིག་ལེ་ཉའི་མིག་ལྟ་བུ་འཆར་རོ། །དེ་ནི་རྟགས་ཀྱི་ངོ་སྤྲོད་དོ། །ཆོས་ཀྱི་སྐུའི་ངོ་སྤྲོད་ནི། ཉི་མའི་དཀྱིལ་འཁོར་ལ་སྤྲད་དོ། །ལོངས་སྤྱོད་རྫོགས་པ་སྐུའི་ངོ་སྤྲོད་ནི། དེ་བཞིན་གཤེགས་པའི་སྐུ་རས་ལ་བྲིས་པ་རང་གི་མདུན་དུ་བཞག་སྟེ། ཤེལ་མིག་གི་སྟེང་དུ་བཞག་ནས། མིག་ནམ་མཁའ་ལ་བལྟས་ན། ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྣ་བ་ཅན་མཐོང་བར་འགྱུར་རོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་བར་མ་དོ་ལ་འཆར་བ་ངོ་ཤེས་པར་གྱིས་ཤིག སྤྲུལ་པའི་སྐུ་ལ་ངོ་སྤྲད་པ་ནི། ཆོས་ཅན་མཚན་མར་སྣང་བ་རང་གི་རིག་པའི་ཆོ་འཕྲུལ་དུ་ངོ་ཤེས་པར་གྱིས་ཤིག ཆོས་ཉིན་རང་གི་འོད་ཟེར་གྱི་ཕུང་པོར་ཤེས་པར་གྱིས་ཤིག དེ་ནི་རྣམ་རྟོག་བག་ཆགས་ཀྱི་སྦུབས་འདི་ཉིད་མ་བོར་བ་ལ་ངོ་ཤེས་པར་གྱིས་ཤིག དེ་ནི་སྤྲུལ་པ་སྐུའི་ངོ་སྤྲོད་དོ། །རྩའི་གཅུན་ཐབས་སྣང་བ་རང་ལུགས་སུ་འཆར་བའི་ངོ་སྤྲོད་དེ། །དེ་ལྟར་རྣམ་པ་བདུན་ཏེ་འོད་ཀྱི་ངོ་སྤྲོད་ཅེས་བྱའོ། །ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོ་འཁར་གཞོང་གི་བཅུད་ལ་བརྟག་པ་ནི། འཁར་ཕོར་ལེགས་པར་ཆུས་བཀང་ནས། མིག་གི་ཐོག་ཏུ་གསལ་བྱེད་ཀྱི་མེ་ལོང་བཞག་སྟེ་བལྟས་པས། ཐིག་ལེ་དང༌། ཐིག་ཕྲན་གྱི་ཚུལ་དུ་འཆར་ཏེ། དེ་ལས་ཀྱང་འོད་དང༌། མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། དངུལ་གྱི་མེ་ལོང་གཉིས་ཀྱི་བར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཏེ། བར་འགྲན་ཚུར་འགྲམ་གཉིས་སུ་མེ་ལོང་རེ་རེ་གཟུགས་སོ། །དེ་ལས་སྣང་བ་གཉིས་འཆར་རོ། །མཉམ་པ་ཉིད་ཀྱི་ཡེ་་ཤེས་ཀྱི་ངོ་སྤྲོད་ནི། ཆུའི་ཟླ་བ་ལ་ངོས་གཟུང་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མར་མེ་ལ་ངོས་གཟུང་ངོ༌། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མེན་ཤེལ་དྲི་མེད་པ་ལ་ངོས་གཟུང་ངོ༌། །མི་གནས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། །ནམ་མཁའི་འཇའ་ཚོན་གྱིས་ངོས་གཟུང་བའོ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའ་སྤྲིན་མེད་པས་ངོས་གཟུང་བའོ། །བདུན་མོ་དེ་ནི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །ད་ནི་རིག་པའི་ངོ་སྤྲོད་བསྟན་ཏེ། རིག་པ་གཞོན་ནུ་བུམ་པའི་སྐུའི་ངོ་སྤྲོད་ནི། མི་གོས་ཁ་དོག་དཀར་པོ་གྱོན་པ་ཞིག་རང་གི་མདུན་དུ་བཞག་ནས། མིག་གི་སྟེང་དུ་རིན་པོ་ཆེ་བཞག་ནས། མིག་ནམ་མཁའ་ལ་བཏེག་སྟེ་བལྟས་ན། དེ་བཞིན་གཤེགས་པ་ཞི་བའི་སྐུ་མཐོང་བར་འགྱུར་རོ། །དེ་ནི་རིག་པ་བུམ་པའི་སྐུའི་ངོ་སྤྲོད་དོ། །རིག་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་སྐུའི་ངོ་སྤྲོད་ནི། ཁྱིམ་མུན་པ་ནག་པོར་མི་གོས་ནག་པོ་གོན་པ་རང་གི་མདུན་དུ་བཞག་སྟེ། གོང་གི་ལྟར་བལྟས་ན། དེ་བཞིན་གཤེགས་པ་ཁྲོ་བོའི་སྐུ་མཐོང་བར་འགྱུར་རོ། །རིག་པ་གཞི་གནས་ཀྱི་ངོ་སྤྲོད་ནི། །རྒྱ་མཚོ་དངས་པ་ལ་ངོས་གཟུང་ངོ༌། །རིག་པ་ཀུན་ཏུ་གསལ་བའི་ངོ་སྤྲོད་ནི། ཉི་མ་དང་ཟླ་བ་ངོས་གཟུང་ངོ༌། །རིག་པ་གཉིས་སུ་མེད་པའི་ངོ་སྤྲོད་ནི། བུམ་པའི་སྐུ་ལ་ངོས་གཟུང་བའོ། །རིག་པ་དྲི་མ་དང་བཅས་པའི་ངོ་སྤྲོད་ནི། ཉི་ཟླ་སྤྲིན་གྱི་བསྒྲིབས་པ་ལྟ་བུ་ལ་ངོས་གཟུང་ངོ༌། །རིག་པ་ཅིར་ཡང་མི་གནས་པའི་ངོ་སྤྲོད་ནི། །མིག་བར་སྣང་ལ་བལྟས་པས་ཤེས་པར་བྱའོ། །དེ་ལྟར་བདུན་ནི་རིག་པའི་ངོ་སྤྲོད་དོ། །དེ་ལྟར་ཉི་ཤུ་རྩ་གཅིག་རྫོགས་ནས། རིགས་ཀྱི་བུ་དེ་མྱ་ངན་ལས་འདའ་བའི་ཚེ། རིག་པ་མིག་ནས་ལམ་བྱུང་ནས་བར་མ་དོའི་སྣང་བ་ལ་འཇུག་གོ་ཞེས་སོ། །གཉིས་པ་ཁྱད་པར་གྱི་མཚོན་ཚུལ་ལ་གཉིས་ཏེ། ངོ་སྤྲོད་ཀྱི་ཆིངས་མདོར་བསྟན་པ་དང༌། དེའི་རང་བཞིན་རྒྱས་པར་དབྱེ་བའོ། །དང་པོ་ནི། འོད་དང་ཡེ་ཤེས་ལ་ངོ་སྤྲོད་པ་བདུན་གྱིས་དབང་པོ་ཐ་མ་བདུན་ཡིད་ཆེས་པའི་མཚོན་དཔེར་བསྟན་ལ། སྐུ་དང༌། ཐིག་ལེ་ལ་ངོ་སྤྲད་པ་བདུན་གྱིས་འབྲིང་པོ་བདུན་འོད་གསལ་གྱི་ངོ་བོ་ལ་ཡིད་ཆེས་བསྐྱེད་ཅིང༌། རིག་པ་དང་དབྱིངས་ལ་ངོ་སྤྲད་པ་བདུན་གྱིས་རབ་རྣམས་ཡིད་ཆེས་པར་བསྟན་པ་ནི། ངོ་སྤྲོད་སྤྲས་པ་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གིས། །བློ་ཆུང་རིམ་པ་བདུན་རྣམས་གྲོལ། །སྐུ་དང་ཐིག་ལེ་ཉིད་ལ་ཡང༌། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས། །འབྲིང་པོ་བདུན་པོའི་དོན་དུའོ། །རིག་པ་དང་ནི་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་སོ། །གཉིས་པ་ལ་གསུམ་ལས། འོད་དང་ཡེ་ཤེས་ལ་ངོ་སྤྲད་པ། བདུན་ལས། ཡེ་ཤེས་ཀྱི་རང་འོད་དབྱིངས་ནས་བསྐྱོད་པའི་སྣང་བ་འོད་ལྔ་གསལ་བས་རང་འོད་ངོ་སྤྲད་པ་དང༌། དེ་ལས་ཕྱིར་གསལ་དུ་ཤར་བ་དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བ་ངོ་སྤྲད་པ་དང༌། མེ་ལོང་ལྟ་བུ་ལ་སོགས་པ་ལྔའི་རང་སྣང་ཤེས་པའི་སྤྲོད་དོ། །བར་གྱི་འབྲེལ་ཐག་ཟེར་གྱིས་སྣང་བ་དང༌། སྐུ་གསུམ་གཅིག་ཏུ་འབྲེལ་བའི་སྣང་བ་དང༌། སྣང་གསལ་ལས་ཡེ་ཤེས་རང་སྣང་གི་སྣང་བ་དང༌། རྡུལ་ཚོན་ལས་རིག་པ་མ་བུའི་ཚད་དང༌། མི་མོ་ལས་ཡེ་ཤེས་ཁོང་གསེང་གི་སྣང་བ་སྟེ་བདུན་ངོ་སྤྲད་དོ། །གཉིས་པ་ཐིག་ལེ་དང༌། སྐུ་ལ་ངོ་སྤྲད་པ། བདུན་ལས། ཐིག་ལེ་ལ་ཡེ་ཤེས་ལྔའི་སྣང་བ་དག་པ་ཐིག་ལེའི་སྣང་བར་ཤར་བ་ལྔ་ལ། འཁར་ཕོར་གྱི་བཅུད་ཀྱིས་ཐིག་ལེ་རང་ངོ་སྤྲད་པ་དང༌། རས་ཀྱི་སྣམ་བུས་ཡེ་ཤེས་ཀྱི་འོད་སྣང་ངོ་སྤྲད་པ་དང༌། འཁྱིལ་ཆུས་བར་དོ་དང་པོའི་སྣང་བ་ངོ་སྤྲད་པ་དང༌། རྨ་བྱའི་མེ་ལོང་གིས་དགོངས་པ་ངོ་སྤྲད་པ་དང༌། དབྱུགས་པའི་འཁར་ཕོར་གྱིས་བདེ་ཆེན་ཚངས་པའི་སྒོ་ནས་སྣང་བའི་ཐིག་ལེ་དགུ་བརྩེགས་ངོ་སྤྲད་པའོ། །སྐུ་ལ་གཉིས་ཏེ། རིག་པ་གཞོན་ནུ་བུམ་པའི་སྐུ་དང༌། གཞོན་ནུ་ཁྲོ་གཉེར་ཅན་གྱི་སྐུའོ། །འདི་གཉིས་ཀྱང་ཕྱེད་སྐུ་དང༌། རང་རྐྱང་དང༌། ཚོམ་བུའི་དཀྱིལ་འཁོར་ལས། སེམས་དཔའ་དང༌། སེམས་མ་དང༌། ཡབ་ཡུམ་ཟུང་འབྲེལ་དུ་སྣང་བར་ངོ་སྤྲད་པ་ལྔ་ཡོད་ཀྱང༌། ཞི་ཁྲོ་གཉིས་ཀྱི་སྐུར་རིགས་བསྡུས་པས་དེ་ལྟར་བདུན་ནོ། །གསུམ་པ་རིག་་དང་དབྱིངས་ལ་ངོ་སྤྲད་པ་བདུན་ལས། རིག་པའི་ངོ་སྤྲོད་གཉིས་ནི། སྐུ་གསུམ་དབྱེར་མེད་དུ་ངོ་སྤྲད་པ་དང༌། ཡབ་ཡུམ་ཁ་སྦྱོར་ལས་སྤྲུལ་པ་འཕྲོ་བར་ངོ་སྤྲད་པ་སྟེ། རིག་པ་སྐུར་སྨིན་པའི་ངོ་སྤྲོད་དོ། །དབྱིངས་ཀྱི་ངོ་སྤྲོད་ལ་ལྔ་ལས། ཡེ་ཤེས་རླུང་གིས་བསྐྱོད་པའི་དབྱིངས་སྣང་ངོ་སྤྲད་པ་དང༌། རིགས་ལྔའི་སྣམ་བུ་སྣང་བ་དབྱིངས་ཀྱི་ཡེ་ཤེས་ངོ་སྤྲད་པ་དང༌། དབྱིངས་ཀྱི་རྒྱན་དྲ་བ་དང་ དྲ་བ་ཕྱེད་པ་འཕྱང་བས་གཞལ་ཡས་ཁང་ངོ་སྤྲད་པ་དང༌། སྐར་ཁུང་གི་ཕྱོགས་བཞི་དབུས་དང་ལྔར་རིགས་ལྔའི་་སྣང་བ་ལ་མེ་ལོང་བཏེགས་ནས་བསྟན་པས། དབྱིངས་ཀྱི་སྐུའི་ངོ་སྤྲོད་དང༌། སྣོད་ཆུས་བཀང་བར་མེ་ཏོག་ལྔའི་ཚོམ་བུ་ལ་དེ་བཞིན་དུ་བཏེག་ནས་བསྟན་པས། དབྱིངས་ཀྱི་ཚོམ་བུ་ངོ་སྤྲད་པ་སྟེ་བདུན་ནོ། །འདི་དག་ཀྱང་ངོ་སྤྲོད་པའི་དུས་སུ་མཆོད་གཏོར་དང༌། ཚོགས་ཀྱི་ཡོ་བྱད་བཟང་པོ་བཤམས་ལ། ཆས་གོས་དང་གནས་ཁང་འཛོམ་པར་གཟབས་ལ་བྱའོ། །ངོ་སྤྲོད་སྤྲས་པའི་རྒྱུད་ལས། དེ་ནས་སྐལ་ལྡན་རྗེས་འཇུག་རྣམས། །རང་གི་ངོ་བོ་བལྟ་བའི་ཕྱིར། །གནས་ཁང་ཕྱོགས་ནི་ཕྱེད་པར་ཡང༌། །བུ་ག་ཉི་མའི་ཟེར་ལྡན་ལ། །གསལ་བྱེད་མེ་ལོང་ཕྱར་བ་ཡིས། །འོད་ལྔ་ཕྱིར་བྱུང་མཐོང་བ་ཡིན། །མིག་གི་སྟེང་དུ་མཁས་པས་དེ་བཞག་ནས། །རང་འོད་གསལ་བའི་ཕྱི་ཡང་མཐོང་བའོ། །རྗེས་འཇུག་གཡོན་པའི་ཟུར་གྱིས་གཅིག་ལ་གཅིག་བལྟས་ན། །བར་གྱི་འབྲེལ་ཐག་ཟེར་གྱི་སྣང་བ་མཐོང༌། །ཡང་ན་མིག་གི་སྟེང་དུ་འོད་བཞག་ནས། །ཡང་ནི་གཅིག་གིས་གཅིག་ལ་བལྟས་པ་ན། །སྐུ་གསུམ་གཅིག་ཏུ་འབྲེལ་བའི་ཚུལ་ཡང་མཐོང༌། །མར་མེའི་སྙིང་པོ་ལ་ནི་དེ་ཉིད་ཀྱིས་བལྟས་ན། །ཡེ་ཤེས་སྣང་གསལ་རང་གི་ངོ་ཡང་ཕྲད། །མཁས་པས་རྡུལ་ཚོན་འགྲམ་དུ་མེ་ལོང་གཉིས། །གསལ་བྱེད་མིག་གིས་ཐབས་མཆོག་ཉིད་བལྟས་ན། །རིག་པ་མ་བུའི་ཚད་རྣམས་དེ་ཕྲད་ནས། །ཆོས་ཉིད་མ་ཡི་ཚད་རྣམས་ཤེས་པ་ཡིན། །ཁམས་པའི་གཟུགས་བརྙན་ཁོང་སྟོང་དབང་སྒོ་དོད། །ནང་དུ་མར་མེ་བཅུག་སྟེ་ཡེ་ཤེས་སྒོ་ལ་བཟུང༌། །འཁར་ཕོར་ཆུས་བལྟམས་ལེགས་པའི་ནང་ཉིད་བལྟ། །ཐིག་ལེ་ཉིད་ཀྱི་རང་ངོ་འཕྲོད་པ་ཡིན། །རས་ཀྱི་སྣམ་བུ་དཀར་དམར་རྣམས་བཀྲམ་ནས། །གསལ་བྱེད་ལྡན་པའི་མིག་གིས་བལྟས་གྱུར་ན། །ཡེ་ཤེས་རྣམས་ཀྱི་འོད་རྣམས་རང་ངོ་ཕྲད། །རྒྱ་མཚོ་ལྟེང་ཀ་རྫིང་ངམ་འཁྱིལ་ཆུའི་འགྲམ། །གསལ་བྱེད་ལྡན་པའི་མིག་གིས་དེ་བལྟས་ན། །འོད་ཀྱི་གོང་བུས་ནམ་མཁའ་གང་བ་ཡིས། །བར་དོ་དང་པོའི་སྣང་བ་གཏན་ལ་འབེབས། །རྨ་བྱའི་མེ་ལོང་ཉིད་ཀྱི་འཕྲེང་བརྒྱུས་པ། །གསལ་བྱེད་ཐོགས་པའི་མིག་གིས་བལྟས་ན་ནི། །ཐིག་ལེ་འོད་གསལ་ལྡན་པའི་མཐོང་བ་ནི། །ཡེ་ཤེས་དགོངས་པ་ཉིད་ཀྱི་ངོ་ཡང་སྤྲད། །དབྱུག་པ་འཁར་ཕོར་བརྒྱ་བསྒྲིགས་དེ་མགོ་ལ། །གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །ཐིག་ལེ་དགུ་བརྩེགས་ཚངས་པའི་དོན་ངོ་སྤྲད། །རིགས་ལྔའི་འདྲ་འབག་ཐང་ལ་བཞག་ནས་ནི། །གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །ནམ་མཁའི་དབྱིངས་ཉིད་དུ་ནི་གཟུགས་ཀྱི་སྐུ། །སྣང་བ་ཉིད་ནི་ཉམས་ཀྱི་དགོངས་པའོ། །སྐྱེས་བུ་རྒྱན་ལྡན་རང་གི་མདུན་བཞག་སྟེ། །གསལ་བྱེད་ལྡན་པའི་མིག་གིས་བལྟས་པ་ན། །འོད་ཀྱི་སྐུ་ནི་འགྲོ་འོང་ཟེར་དང་བཅས། །དེ་ཉིད་མཐོང་བས་ལོངས་སྐུ་རང་རྐྱང་སྣང༌། །རིག་པ་གཞོན་ནུ་བུམ་པའི་སྐུ་ཞེས་བྱ། །ཡང་ནི་སྣང་བ་མེད་པའི་ཁྱིམ་དག་ཏུ། །སྐྱེས་བུ་ཁ་དོག་ནག་པ་རབ་བརྒྱན་པ། །རང་གི་མདུན་དུ་གོང་བཞིན་བཞག་ནས་ནི། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །ཁྲོ་སྐུ་འཇིགས་པའི་གཟུགས་བརྙན་ནམ་མཁར་ནི། །འགྲོ་དང་འོང་དང་རྟགས་དང་བཅས་པར་མཐོང༌། །ལོངས་སྤྱོད་ཁྲོ་སྐུའི་ངོ་བོ་བསྟན་པའོ། །རིག་པ་ཉིད་ནི་གཞོན་ནུ་ཁྲོ་གཉེར་ཅན། །དཔའ་བོ་ཉིད་ནི་སྟོབས་དང་ལྡན་པར་བསྟན། །སྐྱེས་བུ་རྒྱན་ལྡན་བྱེད་སྣང་མཚམས་འདུག་སྟེ། །གསལ་ཕྱེད་ལྡན་པས་གོང་བཞིན་བལྟས་པ་ན། །སེམས་དཔའ་ཉིད་ཀྱི་བཞུགས་ཚུལ་ངོ་སྤྲད་ནས། །སྐུ་ཕྱེད་བསྟན་པས་འདྲ་འབག་ཉིད་ལ་ཕྲད། །ཤེལ་ལས་བྱས་པའི་ལུགས་སྐུ་ཕྱག་གང་བ། །རྣལ་འབྱོར་ལྡན་པས་གཡོན་པས་བཟུང་ནས་ནི། །གསལ་བྱེད་ལྡན་པས་ཡང་ནི་དེ་བལྟས་ན། །ཤིན་ཏུ་འོད་དང་ལྡན་པའི་སྐུ་མཐོང་བར། །སྐུ་ཕྱེད་ཉིད་ཀྱིས་སེམས་མའི་རང་ངོ་ཕྲད། །གསལ་བྱེད་སྣང་བ་མཉམ་ཉིད་སྐུ་ཞེས་བྱ། །སྐལ་ལྡན་གཉིས་ཀ་རྒྱན་གྱིས་རབ་བརྒྱན་ཏེ། །གསལ་བྱེད་ལྡན་པའི་མིག་གིས་མཚན་ཚུན་བལྟ། །ཡབ་དང་ཡུམ་གྱི་ངོ་བསྟན་ཡེ་ཤེས་བཟུང༌། །མཉམ་ཉིད་ཁ་སྦྱོར་དགོངས་པ་ཞེས་བྱའོ། །དེ་གཉིས་བར་དུ་སྐྱེས་བུ་རྒྱན་དང་ལྡན། །གསུམ་གཉིས་གཅིག་བལྟས་སྐུ་གསུམ་རང་ངོ་སྤྲད། །སྐུ་གསུམ་རང་འཇུག་དགོངས་པ་ཞེས་བྱའོ། །ཡང་ནི་སྐྱེས་བུ་རྒྱན་ལྡན་གཉིས་ཀྱི་བར། །རྟ་རྔ་དག་ལ་སྒོ་ང་གཉིས་བརྒྱུས་ཏེ། །ནམ་མཁའི་ཐད་དུ་གཉིས་ཀས་རབ་བཟུང་ནས། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །རབ་ཏུ་ཐིག་ལེ་ཟེར་དང་ལྡན་པ་མཐོང༌། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ངོས་བཟུང༌། །གཉིས་མེད་གསང་སྦྱོར་ཞེས་བྱའི་དགོངས་པའོ། །དབྱུག་པ་ཡང་ནི་ནམ་མཁར་བསླང་བྱས་ཏེ། །ཁ་དོག་མི་མཐུན་དར་གྱི་འུར་ལྕེ་ཕྱར། །གསལ་བྱེད་ལྡན་པས་ཡང་ནི་བལྟས་པ་ན། །ཡེ་ཤེས་བསྐྱོད་པའི་ནང་རླུང་རང་ངོ་ཕྲད། །གནས་པ་རླུང་འཛིན་ཞེས་བྱའི་དགོངས་པའོ། །སྐུ་ནི་ཁ་དོག་དམར་སེར་ལྗང་དང་མཐིང༌། །ཁ་དོག་དཀར་དམར་སྣམ་བུ་བལྟས་ན། །རིགས་ལྔ་སོ་སོའི་སྐུ་ཡང་རང་ངོ་འཕྲོད། །རིགས་རྣམས་འབྱེད་པ་ཞེས་བྱའི་ངོ་སྤྲོད་དོ། །ཤིང་གི་བར་སྣང་ཕྱོགས་བཞི་སྟེང་འོག་ཏུ། །མུ་ཏིག་ལ་སོགས་ཕྲེང་བས་ཡོངས་བསྐོར་ཏེ། །གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན། །དྲ་བ་དང་ནི་དྲ་བ་ཕྱེད་པ་ཡང༌། །ཤིན་ཏུ་གསལ་བའི་འོད་ཀྱིས་རྣམ་སྤྲས་ཏེ། །སྟེང་འོག་ཕྱོགས་མཚམས་རྣམས་ནི་གསལ་བར་མཐོང༌། །རིགས་ལྔའི་དྲ་བ་ཉིད་ལ་ངོ་སྤྲད་པས། །གཞལ་ཡས་རང་སྟོན་ཞེས་བྱའི་ངོ་སྤྲོད་དོ། །ཡང་ནི་གནས་ཁང་ཕྱོགས་ནི་ཕྱེད་པ་རུ། །ཕྱོགས་བཞིར་སྐར་ཁུང་དབུས་ཀྱི་མཐོངས་དང་བཅས། །རང་འོད་ལྷ་ཡི་གཟུགས་བརྙན་ལེགས་བྲིས་ལ། །ལོགས་ལ་བཀྲམ་སྟེང་དབུས་སུ་དམར་པོ་ཕྱུང༌། །འོད་དང་ལྡན་པའི་རྫས་རྣམས་བཀྲམ་ནས་ནི། །དེ་ཡི་འོད་རྣམས་རང་འོད་ལྷ་དང་སྦྱར། །དེ་ཉིད་བལྟ་ཞིང་བློ་ལ་གོམས་པར་བྱ། །དེ་ལྟར་བྱང་ན་ལྷ་དང་མཉམ་པར་གནས། །མེ་ཏོག་སྣོད་བཀང་རང་གི་མདུན་བཞག་སྟེ། །གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན། །ཚོམ་བུ་རྣམས་དང་རང་ངོ་ཕྲད་པ་ཡིན། །དེ་ཡི་ཕྱིར་ན་འདི་ལ་སུས་གོམས་པ། །བར་དོ་ལ་ནི་སྣང་བ་ཕ་རོལ་ལོ། །ཞེས་སོ། །དེ་ལྟར་རྒྱས་པ་ཉི་ཤུ་རྩ་གཅིག་ནི། །བློ་སྤྲོས་པ་ཆེ་བ་རྣམས་ཀྱི་དོན་དུ་བསྟན། སྤྲོས་པ་འབྲིང་རྣམས་ལ་འོད་ལ་ནང་འོད་དང་ཕྱིར་སྣང་གཉིས། ཡེ་ཤེས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། སྐུ་ལ་རང་རྐྱང་ཡབ་ཡུམ། ཚོམ་བུ་གསུམ། ཐིག་ལེ་ལ་གཞི་ལམ་འབྲས་བུ་གསུམ། རིག་པ་ལ་གཞི་གནས་དང་མཚན་ཉིད་འཛིན་པ་ཡུལ་སྣང་གསུམ། དབྱིངས་ལ་ཕྱི་ནང་གཉིས་ཏེ་ངོ་སྤྲོད་ཀྱི་རྣམ་གྲངས་བཅུ་དྲུག་གིས་བསྟན་ལ། སྤྲོས་པ་ཆུང་བ་རྣམས་ལ་དཔེ་དང་དོན་དང་རྟགས་གསུམ། ཤིན་ཏུ་སྤྲོས་པ་དང་བྲལ་བ་རྣམས་ལ་མངོན་སུམ་ཉག་གཅིག་གི་སྣང་བས་ངོ་འཕྲོད་པ་ཡིན་ཏེ། དེ་ཉིད་ལས། ཆེན་པོ་རྣམས་ཀྱི་དོན་དུ་ནི། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །དེ་ཉིད་ཕྱི་ལས་ནང་དུ་བསྡུས། །ཡང་བསྡུས་པ་ནི་འདི་དག་གོ །འོད་ལ་གཉིས་ཏེ་ཡེ་ཤེས་གསུམ། །སྐུ་ལ་གསུམ་བསྟན་ཐིག་ལེ་གསུམ། །རིག་པ་གསུམ་སྟེ་དབྱིངས་ལ་གཉིས། །དེ་དག་བསྡུས་པའི་དོན་དུའོ། །ཤིན་ཏུ་བསྡུས་པ་འདི་དག་གོ །དཔེ་དང་རྟགས་དང་དོན་གསུམ་གྱིས། །རང་བཞི་གནས་པའི་འབྲས་བུ་འཐོབ། །ཕྱག་རྒྱ་ལྷ་ཡི་རྣལ་འབྱོར་འཇུག །མཚན་མ་ཅན་གྱི་དོན་དུའོ། །སྤྲོས་བྲལ་ཉག་གཅིག་དགོངས་པ་ནི། །དེ་དག་རྣམས་ཀྱི་འཛིན་པ་བྲལ། །སྨིན་པས་སྨིན་པ་ལམ་དུ་བྱེད། །མངོན་སུམ་རྒྱུན་དུ་གནས་པ་ལ། །སྙིང་པོ་རང་གིས་རང་མཐོང་བས། །གཞན་རྩོལ་རྣམས་ཀྱིས་ཅི་ཞིག་བྱ། །འདི་ཉིད་ལ་ནི་གོམས་པར་བྱའོ། །ཞེས་གསུངས་སོ། །ལུང་ནང་འགལ་སྤང་བ་ནི། ནོར་བུ་འཕྲ་བཀོད་ལས། ཀྱེ་མ་རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དུས་ཀྱི་སྙིགས་མ་ལྔ་བརྒྱའི་དུས་སུ། བསླུ་བྲིད་བྱིས་པའི་ངང་ཚུལ་ཅན་དག་གིས། སངས་རྒྱས་ཀྱི་དགོངས་པ་དཔེ་ལ་ཡིད་ཆེས་བྱེད་པའི་དུས་འབྱུང་སྟེ། དེའི་ཚེ་རང་གི་རྒྱུད་གསང་བ་འདི་འབྱུང་བ་ཡིན་ནོ། །ཡང་དག་པའི་རིག་པ་ཉིད་ལ་དཔེས་མཚོན་དུ་མེད་དོ། །རང་བཞིན་གྱི་འོད་ལྔ་རང་ཆས་སུ་ཡོད་པ་ལ། གཟུགས་བརྙན་གྱི་འོད་ལྔ་བསྟན་ཡང་སངས་རྒྱ་བར་མི་འགྱུར་རོ་ཞེས་བཤད་པས། དཔེའི་ངོ་སྤྲོད་བཀག་པ་མ་ཡིན་ནམ་ཞེ་ན། དེ་ནི་རིག་པ་མངོན་སུམ་གྱི་དོན་མ་མཐོང་བར་ཡིད་དཔྱོད་འཛིན་པས་རིག་པའི་དཔེ་འདི་འདྲའོ་ཞེས་ལ་ལས་ནམ་མཁའ་དང༌། ལ་ལས་འབྱུང་བ་ཐ་དད་པ་དང༌། ལ་ལས་འོད་དང༌། ལྷའི་སྐུས་མཚོན་པ། ཐུན་མོང་གི་ཐེག་པ་སྤྱི་དང༌། ཕྱི་ནང་གསང་བའི་ཆ་ཁ་ཅིག་ལ་དམན་པ་དག་པའི་རང་བཞིན་ཙམ་དུ་མཛད་དེ། དགག་གཞི་རིག་པ་ཀ་དག་ལ། །དངོས་པོ་རང་མཚན་པར་ཞེན་པ་དགག་པའི་ཕྱིར་གསུངས་པ་ཡིན་ལ། གསང་བ་སྙིང་ཏིག་གི་དོན་མཚོན་པའི་སྐབས་འདིར། དཔེ་ཇི་ཙམ་བསྟན་ཡང་གོལ་ས་དང༌། ཞེན་ས་མེད་དེ། རིག་པ་མངོན་སུམ་མཐོང་བ་དག་གིས་དེའི་གྲོགས་ཙམ་དུ་ངོ་སྤྲོད་ཀྱང༌། སླར་ངོ་བོ་དང༌། མཆེད་པ་དང༌། ཐིམ་ཚུལ་གྱིས་མེན་ཤེལ་ལྟར་ཀ་དག་ཟང་ཐལ་ཆེན་པོ་ཁོ་ན་ཤེལ་གོང་དག་པས་མཚོན་པའི་ཕྱིར། འཐད་པ་དང་བཅས་པ་ཡིན་ལ། འདི་ཙམ་ཞིག་རྒྱུད་དེར་ཡང་མཚོན་པ་དེར་གསུངས་ཏེ། དེ་ཉིད་ལས། རྡོ་རྗེ་སེམས་དཔའི་མཚོན་དཔེ་ནི། ཁ་དོག་དཀར་པོ་ཟླ་བའི་མདོག ཅེས་པ་ལ་སོགས་པས་དཔེ་རྟགས་དོན་གསུམ་གྱིས་རིག་པ་མཚོན་ནས། སྐྱེད་མེད་འགག་མེད་ཟང་ཐལ་ཀློང་ཡངས་པར་བསྟན་པ་ཡིན་ནོ། །དེ་ནས་དབང་པོ་དང་མཐུན་པར་ངོ་སྤྲོད་པ་འདི་ནི། ཉམས་ལེན་ལག་ཁྲིད་དང་བཅས་པ་སྟེ། གོལ་ས་དང་འཆུགས་ས་མེད་པ། སྙན་བརྒྱུད་དང་ཕྱག་བཞེས་འཛོམ་པ། ཡིད་ཆེས་དང༌། སྒྲོ་འདོགས་ཆོད་པ། ཚིག་དང་དོན་དུ་འབྲེལ་པ། སངས་རྒྱས་ཀྱི་ཆོས་རྒྱུད་ཀྱི་གནས་སྟོན་པ་ལ་ངོ་སྤྲོད་མཆོག་ཏུ་གསུངས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། རྡོ་རྗེའི་གནས་དཀའ་བ་ངོ་སྤྲོད་ལ་བརྟེན་ནས་མཚོན་པ་སྟེ། རིམ་ཁང་ཉི་ཤུ་རྩ་གཅིག་པའོ། །དེ་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བསྟན་ནས། །ད་ནི་ཉམས་སུ་ལེན་པ་པོ་རྣལ་འབྱོར་པའི་རྟགས་ངེས་པའི་རིམ་པ་བསྟན་པ་ལ་གསུམ་སྟེ། ཚེ་སྔ་མ་ལ་སྦྱངས་པའི་རྟགས་ད་ལྟ་ལུས་ངག་ཡིད་ལ་ཇི་ལྟར་གནས་པའི་དོན་སྤྱིར་བསྟན། །ད་ལྟ་ལམ་ལ་ཞུགས་པའི་རྟགས་སྒོ་གསུམ་སྣང་བ་དང་བཅས་པ་ལ་འཆར་ལུགས་བྱེ་བྲག་ཏུ་བཤད། བར་དོ་དང་ཕྱི་མ་ལ་གྲོལ་འཁྲུལ་ངེས་པའི་རྟགས་གསང་བས་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྔོན་དུ་ལུས་ཀྱིས་སྐུ་གསུང་ཐུགས་ལ་ཇི་ལྟར་སྦྱངས་པའི་རྟགས། །ངག་གིས་ཇི་ལྟར་གོམས་པའི་རྟགས། །སེམས་ཀྱིས་ཇི་ལྟར་བསླབས་པའི་རྟགས་སོ། །དང་པོ་ནི། ཚེ་སྔ་མ་ལ་ལུས་ཀྱི་སྒོ་ནས་སྐུ་གསུང་ཐུགས་ལ་སྦྱངས་ནས་བར་ཆད་པས་ད་ལྟ་དེའི་རྟགས་བསྟན་པ་ལ་བཞི་སྟེ། རྟགས་ཀྱི་རིམ་པ། འབྱུང་བའི་འཐད་པ། གོམས་ན་འབྲས་བུ། མ་གོམས་ན་ངེས་པ་མི་རྙེད་པའོ། །དང་པོ་ནི། དཔལ་ནམ་མཁའ་མེད་པ་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལས། ཇི་ལྟར་རྫོགས་སངས་རྒྱས་རྣམས་ཀྱི། །སྐུ་ཡི་རྟགས་དང་གསུང་གི་རྟགས། །དེ་བཞིན་རྡོ་རྗེ་ཐུགས་ཀྱི་རྟགས། །ཇི་ལྟར་སྔོན་དུ་ཤར་བ་ལྟར། །འདིར་ཡང་སེམས་ཅན་ཀུན་ལུས་ལ། །འདི་དག་རྣམས་ནི་སྣང་བར་འགྱུར། །འདི་ཉིད་སུ་ལ་སྣང་བ་དེ། །སྔོན་ནས་སྦྱངས་པའི་སྐལ་བ་ཅན། །སྔ་མ་མ་སྨིན་པ་ལས་ནི། །ད་ལྟའི་དུས་ངེས་འབྲས་བུ་ནི། །སུ་ཡིས་འགྲུབ་པའི་མི་དེ་ལ། །ལུས་ཀྱི་རྟགས་དང་དེ་བཞིན་ངག །ཡིད་སོགས་རྟགས་འདི་འབྱུང་བ་ཡིན། །ཅེས་པས། ཚེ་སྔ་མ་ལ་སངས་རྒྱས་ཀྱི་སྐུ་ལ་སྦྱངས་པའི་རྟགས་སུ་སྐྱེས་པའམ་བུད་མེད་གང་ཞིག་གི་དཔྲལ་བའི་དཀྱིལ་ན་དུང་གཡས་སུ་འཁྱིལ་པའམ་རྩེ་གསུམ་འདྲ་བའི་གཉེར་མ་གྱེན་འགྲེང་དང༌། ཨཱོཾ་གྱི་མཚན་མ་རྣམས། རི་མོའམ། རང་འབུར་དུ་ཡོད་པའོ། །གསུང་ལ་སྦྱངས་པའི་རྟགས་སུ་སྐྱེས་པའི་མགྲིན་པ་གཡས་དང༌། བུད་མེད་ཀྱི་གཡོན་ན་པདྨ་འདབ་བརྒྱད་དམ། དུང་གཡས་སུ་འཁྱིལ་པའམ། དར་ལྕེ་ལྟ་བུའམ། ལྕགས་ཀྱུ་དང༌། རལ་གྲི་དང༌། ཨཱཿས་མཚན་པ་རྣམས་རི་མོའམ། རང་འབུར་དུ་འབྱུང་བའོ། །ཐུགས་ལ་ཡངས་པའི་རྟགས་སུ་སྙིང་ག་ན་རྡོ་རྗེ་དང༌། འཁོར་ལོ་དང༌། རྩེ་གསུམ་གྱི་ཤ་མདངས་སམ། རིན་པོ་ཆེའི་དབྱིབས་སམ། ཡི་གེའི་རྣམ་པ་ཧཱུྃ་དང་བཅས་པའོ། །གཉིས་པ་རྟགས་དེ་དག་འབྱུང་བའི་འཐད་པ་ནི། འགྲོ་བ་ཀུན་ལ་གཞི་ནས་སྐུ་གསུང་ཐུགས་རང་ལ་ཡོད་པ་དེ་སྔོན་སྦྱངས་པས་ད་ལྟར་ཤར་བ་སྟེ། དེ་ཉིད་ལས། ཤན་པ་སྨད་འཚོང་སྐལ་མེད་ལའང༌། །གཞི་ནས་སྐུ་གསུང་ཐུགས་ཡོད་པས། །དེ་ལས་སྔོན་དུ་གོམས་པས་ན། །གོང་དུ་བར་ཆོད་ཞུགས་པ་ལ། །གོང་གི་སྐུ་གསུང་ཐུགས་ཀྱི་རྟགས། །འདི་ཀུན་ལ་ཡང་འབྱུང་བ་ཡོད། །ཅེས་སོ། །གསུམ་པ་གོམས་པར་བྱས་ན་འབྲས་བུ་ཐོབ་ཚུལ་ནི། །རྟགས་དེ་དག་ཡོད་པས་ཚེ་འདིར་འབད་ན་མྱུར་དུ་སྐུ་གསུང་ཐུགས་སུ་གྲོལ་ཏེ། དེ་ཡང་སྐུའི་རྟགས་ཡོད་པས་སྐུ་ལ་ད་ལྟ་སྦྱངས་ན་ཚེ་གཉིས་ན་རྡོ་རྗེའི་སྐུ་འཐོབ་ལ། གསུང་གིས་གསུང་རྡོ་རྗེ་སྐྱེ་བ་གཉིས་ན་འགྲུབ་ཅིང༌། ཐུགས་ལ་གོམས་པས་གསུམ་ན་འགྲུབ་པའོ། །རྟགས་དང་གོམས་པའི་འབྲས་བུ་ངེས་པའི་ཤེས་བྱེད་ནི། །སྐུ་གདུང་འབར་བ་ལས། བདེ་གཤེགས་སྐུ་ལ་སུས་འབྱོངས་པ། །དེ་ཡི་དཔྲལ་བའི་དབྱིངས་སུ་ཡང༌། །དུང་ནི་གཡས་སུ་འཁྱིལ་པའམ། །ཡང་ན་རྩེ་གསུམ་གཉེར་མ་གྱེན། །དེ་བཞིན་ཡང་ན་ཡི་གེ་ཨཱོཾ། །རི་མོའམ་ནི་རང་འབུར་དུ། །སུ་ལ་རྟགས་འདི་བྱུང་བའི་མི། །སྔོན་དུ་སངས་རྒྱས་སྐུ་ལ་སྦྱངས། །འདི་ཉིད་སྦྱངས་པའི་རྣལ་འབྱོར་དེ། །སངས་རྒྱས་སྐུ་དང་དབྱེར་མེད་པར། །གདེང་དང་ལྡན་པའི་རང་དུས་ནི། །ཚེ་ནི་གཉིས་ན་ཐོབ་པར་འགྱུར། །འདི་ལ་བར་ཆོད་མ་ཞུགས་པར། །སྒོམ་པ་ཉིད་ལ་བརྩོན་པ་ནི། །འདི་ཉིད་རབ་ཏུ་གཅེས་པའོ། །སངས་རྒྱས་ཀུན་གྱི་གསུང་ལ་ནི། །སྔོན་དུ་འབྱོངས་པའི་མི་དེ་ཉིད། །སྐལ་བ་དང་ནི་ལྡན་པ་ལ། །དེ་ཡི་མགྲིན་པའི་གཡས་གཡོན་དུ། །པདྨ་འདབ་མ་བརྒྱད་པའམ། །ཡང་ན་དུང་ནི་གཡས་སུ་འཁྱིལ། །དེ་བཞིན་དར་ལྕེ་ཕྱར་བའམ། །ལྕགས་ཀྱུའམ་ནི་རལ་གྲི་དང༌། །ཡི་གེ་ཨཱཿཡིས་མཚན་པ་ནི། །རི་མོ་ཉིད་དམ་འབུར་དུ་ཡང༌། །སུ་ལ་ཡོད་པའི་སྐྱེས་བུ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་ཡང༌། །འདི་ཡིས་སྔོན་དུ་སྦྱངས་པས་ན། །ཚེ་གཉིས་ཀྱིས་ནི་གསུང་གཅིག་ཏུ། །ངེས་པའི་འབྲས་བུ་ཐོབ་པར་འགྱུར། །འདི་ཡང་བར་ཆོད་མེད་པ་གཅེས། །བར་མ་ཆོད་པའི་གསུང་བསྒོམས་ན། །གདོན་མི་ཟ་བར་ཐོབ་པར་ངེས། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང༌། །སྔོན་དུ་གོམས་པར་སུས་བྱས་པ། །འདི་ཡིས་ལུས་ལ་རྟགས་འདིའོ། །གང་གི་སྙིང་གའི་གནས་སུ་ནི། །རྩེ་གསུམ་རྡོ་རྗེ་གྱེན་འགྲེང་དང༌། །དེ་བཞིན་འཁོར་ལོ་རྩིབས་བཞིའམ། །རིམ་པ་གསུམ་པའི་ཤ་མདངས་སམ། །རིན་པོ་ཆེ་ཡི་དབྱིབས་ཉིད་དམ། །ཡི་གེ་ཧཱུྃ་གི་མཚན་མ་ནི། །སུ་ལ་བྱུང་བའི་སྐྱེས་བུ་ནི། །སངས་རྒྱས་ཀྱི་ཡང་ཐུགས་ལ་ནི། །འདི་ཡིས་སྒོམས་སོ་སྐལ་དང་ལྡན། །འདིས་ནི་བསྒོམས་ལ་བརྩོན་བྱས་ན། །བར་མ་ཆད་དེ་ཚེ་གསུམ་ན། །སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་བ་ལ་ཐེ་ཚོམ་མེད། །ཅེས་སོ། །བཞི་པ་རྟགས་དེ་དག་ཡོད་ཀྱང་ཆོས་ཉམས་སུ་མ་བླངས་ན། ཐོག་མ་མེད་པའི་བག་ཆགས་སྙགས་རིང༌། འཕྲལ་གྱི་མི་དགེ་བ་འབྱུང་ཉེ། ལས་ཀྱི་འཕེན་པ་ཤུགས་དྲགས་པས། །སྔར་གྱི་རྟགས་ཡོད་པ་ཙམ་ལས། དེས་མ་མི་སྐྱོབ་པར་ཕྱི་མ་ལ། །སྔར་གྱི་དགེ་བ་ཅུང་ཟད་དང་ད་ལྟའི་སྣ་ཚོགས་འདྲེས་མའི་ལས་ཀྱིས། སྐུའི་རྟགས་ཅན་གཟུགས་དང༌། གསུང་དེ་ལས་ཁྱད་པར་དུ་ཚངས་རིས་དང༌། །ཐུགས་ཀྱི་རྟགས་ཅན་ལྷ་མིན་དུ་སྐྱེ་བར། དེ་ཉིད་ལས། འདི་ཉིད་ལས་ནི་བར་ཆད་ནས། །འབྲས་བུ་ཉིད་ནི་མི་འཐོབ་སྟེ། །ཐུགས་ལས་ཡིད་འཁྲུག་གནས་སུ་འགྱུར། །སྐུ་ལས་དེ་བཞིན་གཟུགས་ཁམས་ལྷ། །གསུང་ལ་ཚངས་པའི་གནས་སུའོ། །ཞེས་སོ། །གཉིས་པ་ངག་གིས་ཇི་ལྟར་གོམས་པས་ད་ལྟའི་རྟགས་གསུམ་འཆར་ཚུལ་ལའང༌། །རྟགས་བྱུང་ན་སྐུ་གསུམ་ཐུགས་ལ་རྣལ་འབྱོར་དུ་བརྩོན་པར་བྱས་ན། ཚེ་གཉིས་ན་གྲོལ་བ་འཐོབ་ལ། གཞན་དུ་མི་འཐོབ་པ་ཉིད་དོ། །རྟགས་དང་དེའི་རང་བཞིན་ནི། དེ་ཉིད་ལས། འདི་ལྟར་སེམས་ཅན་དག་ལ་ཡང༌། །སྔོན་དུ་སངས་རྒྱས་སྐུ་གསུམ་ལ། །གོམས་ཤིང་སྦྱངས་པའི་རྟགས་སུ་ཡང༌། །འདི་ལྟར་འབྱུང་ངོ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱི་སྐུ་ཉིད་ལ། །སྔོན་དུ་སུ་ཡིས་གོམས་པ་དེའི། །སྨྲས་པའི་ཚིག་ནི་བཙན་པ་དང༌། །ཆད་ནས་འགྱུར་བ་མེད་པར་ཡང༌། །འདི་ཉིད་འགྱུར་ཏེ་སྐལ་དང་ལྡན། །ཉི་མ་ཡི་ནི་དུས་གཅིག་ལ། །ཚིགས་སུ་བཅད་པ་སྟོང་ངམ་ནི། །ཡང་ན་བཞི་བརྒྱའི་ཚིགས་བཅད་ཀྱི། །དོན་ནི་བློ་ལ་སྣང་བར་འགྱུར། །ཅི་སྨྲས་གཞན་ལ་ཕན་པའི་མི། །འདིས་ནི་སྔོན་དུ་སྐུ་ལ་ཡང༌། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །སྔོན་དུ་སངས་རྒྱས་ཀུན་གྱི་ཡང༌། །གསུང་ལ་སུ་ཡིས་གོམས་པ་ལ། །སྐད་ནི་ཚངས་པའི་དབྱངས་བཞིན་དུ། །ཀུན་གྱི་རྣ་བར་སྙན་པ་དང༌། ཚིགས་སུ་བཅད་པ་སྟོང་ལ་ཡང༌། །ཉིན་གཅིག་ལ་ནི་བློར་ཟིན་དང༌། །སེམས་ཅན་ཐམས་ཅད་བྲན་བཞིན་དུ། །འདི་ཡིས་འཁོར་བར་གྱུར་པ་དེ། །སྔོན་དུ་སངས་རྒྱས་གསུང་ལ་ཡང༌། །འདི་ཡིས་གོམས་སོ་མཁའ་འགྲོ་མ། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང༌། །སྔོན་དུ་གོམས་པའི་སྐྱེས་བུ་ཡིས། །ཕ་རོལ་ཚིག་གཅིག་སྨྲས་པས་ནི། །དེ་ཡི་དོན་ནི་དེ་ལུགས་སུ། །ཇི་ལྟར་བཞིན་དུ་གོ་བ་དང༌། །རང་གིས་སྨྲས་པའི་ཚིག་རྣམས་ལ། །འགྱུར་བ་མེད་པར་གཞན་རྗེས་འཛིན། །འདིས་ནི་སངས་རྒྱས་རྣམས་ལ་ཡང༌། །སྔོན་དུ་གོམས་སོ་མཁའ་འགྲོ་མ། །དེ་ལྟར་སྐུ་གསུང་ཐུགས་ལ་ཡང༌། །སུ་ཡིས་གོམས་པའི་སྐྱེས་བུ་ནི། །ཚེ་གཉིས་ལ་ནི་སངས་རྒྱས་འཐོབ། །ཅེས་སོ། །གསུམ་པ་སེམས་ཀྱི་རྟགས་ད་ལྟ་ཡིད་ལ་ཤར་བས་གོམས་པར་བྱས་ན་ཚེ་གསུམ་ན་ཐུགས་ཀྱི་ཀློང་དུ་གྲོལ་བར་བསྟན་པ་ནི། ཡང་དེ་ཉིད་ལས། སེམས་ཅན་གང་གི་ཡིད་ལ་ཡང་རྟགས་འདི་རྣམས་དང་ལྡན་པ་དེ། །སངས་རྒྱས་སྐུ་གསུང་ཐུགས་ལ་ཡང༌། །འདི་ཡིས་གོམས་པར་ང་ཡིས་བསྟན། །མ་བསླབས་སྒོམ་པ་རང་འབབ་དང༌། །སེམས་ནི་ངང་གིས་དལ་བ་རྙེད། །འདིས་ནི་སྔོན་དུ་སྐུ་ལ་གོམས། །བསམ་པས་ཆོས་རྣམས་བློར་སྣང་དང༌། །སྔར་མ་མཐོང་བའི་ཡུལ་མཐོང་དང༌། །སྔར་མ་ཐོས་པའི་ཆོས་ཀྱི་ཚིག །རང་བཞིན་དུ་ནི་ཤེས་པ་ནི། །འདིས་ནི་སྔོན་དུ་སངས་རྒྱས་ཀྱི། །གསུང་ལ་གོམས་སོ་མཁའ་གྲོ་མ། །རྟག་ཏུ་གཅིག་པུར་འདུག་པ་དང༌། །གང་ལའང་འཇིགས་པའི་སེམས་མེད་དང༌། །རི་དང་ནགས་ཚལ་འགྲིམ་པའི་མི། །འདིས་ནི་སྔོན་དུ་ཐུགས་ལ་ཡང༌། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །འདི་ལྟར་ལྡན་པའི་སྐྱེས་བུ་དེས། །བར་མ་ཆད་པར་བདེན་སྤྱད་ན། །ཚེ་གསུམ་གྱིས་ནི་གདོན་མེད་པར། །སངས་རྒྱས་ཉིད་ལ་ཐེ་ཚོམ་མེད། །ཅེས་སོ། །རྟགས་འདི་དག་རང་བཞིན་གྱིས་ལུས་ངག་ཡིད་ལ་ཡེ་ནས་གནས་པ་ཚེ་སྔ་མ་ལ་གོམས་པས་གསལ་དུ་བཏང་བ་སྟེ། དེ་ཉིད་ལ་མཐར་མ་ཕྱིན་ཏེ། བར་ཆད་དུ་གྱུར་པས་ཚེ་འདི་ལ་ཤར་ལ། འདིར་ཡང་མ་འབད་ན་མ་ངེས་པ་ཞེས་བྱ་སྟེ། ལས་ཐ་དད་ཀྱི་དབང་གིས་སྲིད་པ་གཞན་དུ་འཇུག་པའོ། །རྟགས་འདི་དག་ཡིད་དཔྱོད་འཛིན་པའི་དོན་གོམས་པས་འགྲོ་བ་ཕལ་པ་བྱ་དང་རི་དགས་དང༌། །ཁྱི་དང་རྟ་ལ་སོགས་པ་ལ་འབྱུང་བ་ཡང་ཚེ་སྔ་མར་དཀར་པོ་སྐུ་གསུང་ཐུགས་ལ་སྦྱངས་པས་བྱུང་ལ། ནག་པོའི་ལས་ཀྱིས་ངན་སོང་བའི་འགྲོ་བར་སྐྱེས་ཏེ། ཕྱི་མ་ཕན་ཆད་ད་ལྟའི་བྱེད་ལས་ལ་རག་པས། ད་ལྟ་བདེན་པ་དམ་པའི་ཆོས་ལ་སྤྱད་པ་གལ་ཆེའོ། །ཡང་དེ་ལས། འདི་ལྟར་རིགས་དང་རིགས་མིན་ལ། །སྔོན་དུ་གོམས་པའི་ཤུགས་ཀྱིས་ནི། །འདི་རྟགས་ལུས་ལ་འབྱུང་བ་ཡོད། །བྱ་དང་རི་དྭགས་ཁྱི་ལ་སོགས། །བྱོལ་སོང་གཟུགས་སུ་འཛིན་པ་ལ། །འདི་རྟགས་རྣམས་ནི་འབྱུང་བ་ཡོད། །སྔོན་དུ་སྦྱངས་ཏེ་བར་ཆད་ཡིན། །ཅེས་སོ། །དོན་གཉིས་པ་ད་ལྟ་ལམ་ལ་ཞུགས་པའི་རྟགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་བ་སྤྱིའི་རྟགས་ཤེས་པར་བྱ་བ་དང༌། ཐུན་མོང་མ་ཡིན་པ་གསང་བ་མཆོག་གི་ལམ་རྟགས་མངོན་དུ་བྱའོ། །དང་པོ་ལ་གསུམ་སྟེ། །འཁྲུལ་པ་རང་གིས་རང་གཟིངས་པ་འགྱུར་བའི་རྟགས་དང༌། མན་ངག་གི་གནད་རང་ཐོག་ཏུ་མ་ཕེབས་པ་ངེས་པ་མེད་པའི་རྟགས་དང༌། རིག་པ་མངོན་སུམ་གྱིས་མ་ཟིན་པ་བདུད་ཀྱི་བར་ཆོད་ཀྱི་རྟགས་སོ། །དང་པོ་ནི། ཉམས་སུ་མ་བླངས་པའི་སྐྱེ་བོ་རྣམས་དང་བྱ་དང་རི་དྭགས་ལ་སོགས་པ་རྣམས་ལའང་འབྱུང་བ་ཡོད་དེ། འགྱུར་ཞིང་དོན་མེད་པས་རྒྱུའི་རྟགས་ཞེས་བྱའོ། །གཉིས་པ་ནི། ཐེག་པ་ཐུན་མོང་གི་ལམ་ཉམས་སུ་བླང་པ་དང་འདིའི་སྔོན་འགྲོ་སྦྱངས་པ་དང་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཉམས་སུ་བླངས་དུས་འབྱུང་བ་སྲིད་པས། གོལ་ས་དང་གོལ་ས་མ་ཡིན་པའི་ཡན་ལག་ཤེས་པར་བའི་ཕྱིར་བཤད་ན། བརྒྱ་དང་བཅུ་དྲུག་ལས། དང་པོ་ལུས་ངག་སེམས་ལ་འབྱུང་བ་ངེས་པ་མེད་པའི་རྟགས་ལྔ་བཅུ་ཐམ་པ་ནི། ཡི་དཔྱོད་ཚིག་ལ་མཁས་པ་རང་རྡོལ་བ་དང༌། ཕ་རོལ་གྱི་ཤེས་པ་དུམ་བུ་ཤེས་པ་དང༌། ལྷའི་སྐུ་མཐོང་བ་དང༌། །ལུས་ལ་སྐུ་གདུང་འབྲུལ་བ་དང༌། ངག་ལ་ནུས་པ་འབྱུང་བ་དང༌། གཞན་གྱིས་ལུང་སྟོན་པ་དང༌། རྟོག་པ་འགག་པ་དང༌། ཞི་གནས་རྒྱུན་རིང་བ་དང༌། ལུས་ཀྱི་དྲོད་དུམ་བུ་བ་དང༌། འཇིག་རྟེན་གྱི་འདྲེའི་ཆ་བྱད་མཐོང་བ་དང༌། ཆོས་རྩོམ་ཞིང་ཚིག་སྒྲོ་འདོགས་པ་ལ་གཟོ་བ་དང༌། ཤེས་པའི་སྣང་བ་དཔག་ཏུ་མེད་པ་འཕྲོ་བ་དང༌། སེམས་ཡང་བ་དང༌། དབང་པོ་གསལ་བ་དང༌། སྔོན་པས་བདེ་བ་ལྷག་ཏུ་ཆེ་བ་དང༌། གཉིད་མི་འབྱུང་བ་དང་ དགའ་བ་ཁྱད་པར་ཅན་དང༌། ཤེས་པ་སེང་བ་དང༌། རྟག་ཏུ་གླུ་ལེན་སྙིང་འདོད་པ་དང༌། འགྲོ་སྙིང་འདོད་པ་དང༌། མིག་འགྲོ་བ་གཞན་ལ་མི་ཆགས་པ་དང༌། རྐང་པའི་འགྲོས་མགྱོགས་པ་དང༌། སེམས་ཕྱོ་སང་ཁྱེར་བ་དང༌། ཤེས་པ་རྟག་ཏུ་འགྱུར་བ་དང༌། བློ་གཅིག་ཏུ་མི་ཕེབས་པ་དང༌། ཚིག་རྣམས་ལ་རྟོག་དཔྱོད་ཞིབ་པ་དང༌། མཁའ་འགྲོ་མའི་སྐད་ཐོས་པ་དང༌། ཡུལ་མཐའ་ཁོབ་ཀྱི་སྐྱེ་བོ་དང་ལྷན་ཅིག་ཏུ་གནས་པའི་ཉམས་སྣང་དང༌། རྟག་ཏུ་སྙིང་འདར་བ་དང༌། ལུས་ཀྱི་བ་སྤུ་རྣམས་གྱེན་ལ་ལངས་པ་དང༌། སེན་མོའི་དཀྱིལ་ནས་ཡི་གེ་རྣམས་རང་བྱུང་བ་དང༌། རྒས་ནས་སོའུ་སྐྱེ་བ་དང༌། གཞན་གྱི་ལུས་ལ་བྱིན་རླབས་སྟོན་པ་དང༌། སྐྱིལ་ཀྲུང་དུ་ནམ་མཁའ་ལ་འཕར་བ་དང༌། ལག་པའི་མཐིལ་ན་འཁོར་ལོ་ཡོད་པ་དང༌། རྐང་པའི་སོར་མོ་དྲ་བས་འབྲེལ་པ་དང༌། ཁ་ནས་འོད་འབྱུང་བ་དང༌། འགྲོ་འདུག་གི་ཚོར་བ་དང༌། ལུས་བྱོལ་སོང་དུ་སྤྲུལ་ཤེས་པ་དང༌། ཡན་ལག་ལས་རིང་བསྲེལ་ཕྲ་མོ་འབྲུལ་བ་དང༌། ལྷ་དང༌། ལྷ་མ་ཡིན་རྩོད་པ་མཐོང་བ་དང༌། ཡི་གེ་རིས་སྔོན་མི་ཤེས་པ་ཤེས་པ་དང༌། མིག་ལས་སྒྲ་འབྱུང་བ་དང༌། མི་མ་ཡིན་རྣམས་དང་གླེང་བར་ནུས་པ་དང༌། ཕྱི་རོལ་གྱི་རླུང་འཆིང་བར་ནུས་པ་དང༌། ཉི་ཟླ་འཛིན་པར་ནུས་པ་དང༌། གཞན་གྱི་འབྱུང་བ་འཁྲུག་པའི་དུས་ཤེས་པ་དང༌། ལུས་ལས་མེ་སྟག་འཕྲོ་བ་དང༌། ཐལ་མོ་བརྡབས་པ་ལས་སྒྲ་ངོ་མཚར་ཅན་འབྱུང་བའོ། །རྨི་ལམ་གྱུར་ཞིང་ངེས་པ་མེད་པའི་རྟགས་དྲུག་ཅུ་རྩ་དྲུག་ནི། རྨི་ལམ་ན་རྟག་ཏུ་ཆོས་སྨྲ་བ། ཉན་པ། ཀློག་པ། འཛིན་པ། སྒོམ་པར་བྱེད་པ་དང༌། ལྷའི་སྐུ་མཐོང་བ་དང་ མཆོད་རྟེན་དང༌། གཞལ་ཡས་ཁང་དང༌། ལུང་སྟོན་པ་མཐོང་བ་དང༌། སེང་གེའི་ཁྲི་ལ་འདུག་པ་དང༌། ཡུལ་སྔོན་མཐོང་མ་མྱོང་བ་སྣ་ཚོགས་མཐོང་བ་དང༌། ཉན་རང་དང་བྱང་ཆུབ་སེམས་དཔའི་སྐུ་མཐོང་བ་དང༌། ཤེལ་གྱི་མཆོད་རྟེན་ལ་འཛེག་པ་དང། གསེར་གྱི་སྐས་ལ་འཛེགས་པ་དང༌། གངས་ཀྱི་སྟོངས་ན་སྒོམ་པ་དང༌། ནམ་མཁའ་ལ་འཕུར་ཞིང་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་དང༌། སེང་གེ་ལ་ཞོན་ནས་ཕྱོགས་བཅུར་འགྲོ་བ་དང༌། ཤེལ་གྱི་མདུང་རིངས་གཞན་ལ་བརྡེག་པ་དང༌། སེམས་ཅན་རྣམས་ངན་སོང་ནས་བཏོན་པ་དང༌། འཁོར་བའི་ཆུ་བོ་བརྒལ་བར་རྨི་བ་དང༌། ལུས་བརྗེས་པ་རྨི་བ་དང༌། སངས་རྒྱས་ཀྱི་ཞལ་མཐོང་བ་དང༌། རིན་པོ་ཆེའི་གཏེར་རྙེད་པ་དང༌། འགྲོ་བ་དྲུག་སྐྱབས་གནས་སུ་བཙུད་པར་རྨི་བ་དང༌། ངན་སོང་གསུམ་རྒྱུན་ཆད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང༌། གླིང་བཞི་མཐོང་བ་དང༌། བླ་མ་དང་མཁན་པོས་ལུང་བསྟན་པར་རྨི་བ་དང༌། སྐུ་གསུམ་མཐོང་བ་དང༌། ཆོས་ཐམས་ཅད་ཤེས་པར་རྨི་བ་དང༌། དབུས་ཀྱི་རི་བོའི་རྩེར་ཕྱིན་པ་རྨི་བ་དང༌། བདག་ཉིད་སངས་རྒྱས་པར་རྨི་བ་དང༌། །འགྲོ་དྲུག་གི་ཁ་ལོ་གྱེན་ལ་བསྒྱུར་བར་རྨི་བ་དང༌། ཡན་ལག་རྣམས་རིན་པོ་ཆེའི་མཆོད་རྟེན་དུ་སོང་བར་རྨི་བ་དང༌། རང་གི་ལུས་ལ་སངས་རྒྱས་ཀྱི་སྤྲུལ་པ་འགྱེད་པར་རྨི་བ་དང༌། ཁམས་གསུམ་དོང་ནས་བཏོན་པ་རྨི་བ་དང༌། གསེར་གྱི་མདའ་གཞུ་འཛིན་པ་རྨི་བ་དང༌། མགོ་བོའི་སྟེང་དུ་སངས་རྒྱས་བཞུགས་པར་རྨི་བ་དང༌། རང་གི་ལུས་ཟང་ཐལ་དུ་སོང་བར་རྨི་བ་དང༌། འཁོར་བ་རྒྱུན་ཆད་པར་རྨི་བ་དང༌། བདག་ཉིད་ལ་རྒྱལ་པོར་དབང་བསྐུར་བ་རྨི་བ་དང༌། བདུད་རྣམས་ཕམ་པར་བྱས་པ་རྨི་བ་དང༌། རང་གི་ལུས་རང་གིས་སྦྱངས་པར་རྨི་བ་དང༌། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་རྒྱུན་ཆད་དོ་ཞེས་སྒྲ་ཐོས་པ་རྨི་བ་དང༌། བདག་ཉིད་བྱང་ཆུབ་སེམས་དཔའི་ལུས་སུ་སྤྲུལ་པར་རྨི་བ་དང༌། ཆོས་ཉིད་བརྗོད་དུ་མེད་པའི་དོན་རྟོགས་པར་རྨི་བ་དང༌། བདག་ཉིད་ལུས་མི་འདྲ་བ་དུ་མར་སྤྲུལ་པ་རྨི་བ་དང༌། ངག་གིས་འགྲོ་བ་རྣམས་བསྡུས་པར་རྨི་བ་དང༌། སེམས་ཀྱི་མཚན་ཉིད་མཐོང་བར་རྨི་བ་དང༌། ལྷ་རྣམས་ཀྱི་ཡུལ་མཐོང་བར་རྨི་བ་དང༌། གསེར་གྱི་ལྷ་ཁང་གི་ཡང་ཐོག་ན་འདུག་པར་རྨི་བ་དང༌། སངས་རྒྱས་ཀྱི་གསུང་ཐོས་པ་དང༌། སྐུ་མཐོང་བ་དང༌། ཐུགས་ཀྱི་དགོངས་པ་རྟོགས་པར་རྨི་བ་དང༌། ལག་པ་གཉིས་ནི་གསེར་གྱི་གདུགས་རེ་བཟུང་ནས་ནམ་མཁའ་ལ་འཕུར་བ་རྨི་བ་དང༌། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཕྱག་བྱེད་པར་རྨི་བ་དང༌། ནོར་བུ་རིན་པོ་ཆེའི་ཕུང་པོ་ལ་སྤྱོད་པར་རྨི་བ་དང༌། གླེགས་བམ་གྱི་ཆར་བབ་པ་རྨི་བ་དང༌། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་བདག་གི་རྣ་བར་གྲག་ཅིང་རང་ལ་སིལ་སྙན་སྣ་ཚོགས་པས་མཆོད་པར་རྨི་བ་དང༌། ལྷའི་དབང་པོས་རིན་པོ་ཆེའི་ཁྲི་རྐང་པ་བཞི་དང་ལྡན་པའི་སྟེང་དུ་བཞག་པ་ནམ་མཁའ་ལ་བཏེགས་ནས་འགྲོ་བར་རྨི་བ་དང༌། ཀླུའི་དབང་པོ་རྣམས་ཀྱིས་བདག་ལ་ནོར་བུའི་ཆར་འབེབས་པར་རྨི་བ་དང༌།བར་མ་དོའི་སྣང་བ་འཆར་ཞིང་རྨི་བ་དང༌། གླང་པོའི་སྟེང་ན་འདུག་སྟེ་སྐྱེས་བུ་སྟོབས་དང་ལྡན་པ་བཞིས་རྐང་པ་བཞི་ནས་བཏེག་ནས་ནམ་མཁའི་མཐོངས་ན་ཡར་འགྲོ་བ་རྨི་བ་དང༌། གསེར་གྱི་འཁོར་ལོའི་སྟེང་ན་བདག་ཉིད་གནས་ནས་ནམ་མཁའ་ལ་ལན་གསུམ་འཕར་བ་རྨི་བ་སྟེ། སྐུ་གདུང་འབར་བའི་རྒྱུད་འགྲེལ་ལས་གསུངས་པ་བཞིན་ནོ། །གསུམ་པ་བར་ཆོད་ཀྱི་རྟགས་ནི། ལུས་སྣ་ཚོགས་སུ་སྤྲུལ་ཤེས་པ་དང༌། ལུས་ལས་འོད་འབྱུང་བ་དང༌། གང་དུ་ཕྱིན་པའི་ས་ཕྱོགས་སུ་སྒྲ་འབྱུང་བ་དང༌། གཞན་ལ་ནུས་པ་འཇུག་པ་དང༌། ཚོགས་འདུ་བ་དང༌། ཚིག་གི་སྒྲོས་འདོགས་པ་ལ་གཟོ་བ་རྣམས་ནི། གང་ཟག་དེ་ལ་བར་ཆོད་བྱུང་བའི་རྟགས་ཤས་ཆེ་བས། སྐབས་སུ་ཆུའི་དཀྱིལ་འཁོར་དུ་བསྡད་ཅིང་མཇིང་པ་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་གཏེམ་སྟེ། ལུས་ལ་ཙནྡན་གྱི་མར་ཁུས་བྱུགས་ནས་ཕྱི་ནང་གི་དངོས་པོ་རགས་པར་བསྒོམས་ན་སེལ་བར་ངེས་སོ། །བདུད་ཀྱི་བྱིན་རླབས་ལས་སྤྲུལ་ཤེས་པ་དེ་ཡང་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བས། གཟུངས་ཆུས་ལུས་བཀྲུ་ཞིང་ཕཊ་བརྗོད་ལ་སྟོང་ཉིད་ནམ་མཁའ་ལྟར་བསྒོམ་པས་སེལ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་པ་གང་ཞིག་ལ་ཆོས་ཉིད་མ་རྟོགས་པར་རྟོགས་སོ་སྙམ་པ་ལས། དགའ་བྲོད་ཀྱི་བདུད་ཞུགས་ཏེ། ཐམས་ཅད་སྟོང་པར་རྟོགས་ཤིང་ཕྱལ་བར་ཞུགས་ནས་ལས་དང་རྣམ་པར་སྨིན་པས་མི་གནོད་པར་འཛིན་པ་དང༌། ཤ་ཟའི་མཁའ་འགྲོ་མ་དག་དེའི་དྲུང་དུ་ལུང་སྟོན་པ་དང༌། ཚོགས་འདུ་བ་ལ་སོགས་པས་དངོས་གྲུབ་ཕྲན་ཚེགས་འགྲུབ་པ་དང༌། མཁའ་འགྲོ་མ་དང་གཏམ་ཟེར་ཞིང་རྣ་བའི་དྲུང་དུ་གཟུགས་མེད་པའི་སྒྲས་ལེགས་ཉེས་དང་ཆོས་འཆད་པ་ལ་སོགས་པ་འོང་ཞིང༌། སྐབས་སུ་མངོན་ཤེས་ཕྲ་མོ་འཆར་བས་རློམ་སེམས་དང་བཅས་པ་ཡོད་དེ། འདི་ཀུན་ཡང་བདུད་ཀྱི་བར་དུ་གཅོད་པར་ཤེས་ནས་བསྐྱེད་རྫོགས་ལ་གནས་པའམ་ཚོགས་རྒྱ་ཆེན་པོ་བསགས་ལ་སྨོན་ལམ་བཏབ་པ་དང༌། སྟོང་པ་ཉིད་དུ་བསྒོམས་པས་གྲོལ་བར་བྱེད་པའོ། །རིག་པ་རང་ཤར་ལས། ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པས་སྨྱོན་པ་ལྟ་བུར་བྱུང་ན། བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང༌། ཡང་ན་དྲན་པ་ཉམས་པ་དག་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་ལུང་སྟོན་པ་དག་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ་ཞེས་པ་དང༌། ལུང་སྟོན་པ་ལ་གཉིས་ཏེ། མཁའ་འགྲོ་མ་བདག་གི་དབང་དུ་འགྱུར་བ་དང༌། བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་གཉིས་ཡིན་ཏེ། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ནི། ལས་ཐམས་ཅད་འགྲུབ་ཅིང་བྱ་བ་རྫོགས་པའོ། ། བདག་གི་དབང་དུ་མཁའ་འགྲོ་མ་འགྱུར་བར་བྱ་བའི་ཐབས་ནི། རིགས་ཀྱི་བུ་དེ་ཉམས་སུ་ལེན་པའི་དུས་ལུང་སྟོན་པ་དག་བྱུང་ན། དེ་ལ་ཆགས་པ་དང་དགའ་བའི་སེམས་མ་སྐྱེས་ཤིང༌། དེ་ལ་བདེན་པར་འཛིན་ན། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ཞེས་བྱའོ། །དེས་དོན་གང་ཡང་སྟོན་མི་ནུས་སོ། །ཡེ་ཤེས་རྣམ་པར་དག་པའི་མཁའ་འགྲོ་མ་འཇིག་རྟེན་དུ་མི་འབྱུང་ངོ༌། །ཤ་ཟ་ལས་ཀྱི་མཁའ་འགྲོ་མ་འཇིག་རྟེན་དུ་འོང་སྟེ། སྒྲུབ་པ་པོའི་གནས་ཉུལ་དུ་འོང་བ་དག་ཡོད་དེ། དེས་ནི་གཟུགས་མངོན་པར་སྣང་བ་མེད་པའི་ཕྱིར་གྲོལ་བར་མི་ནུས་སོ། །ཡང་དག་པའི་ལམ་ལ་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྲོག་གི་སྙིང་པོ་དུས་གཅིག་ཏུ་ཕུལ་བ་ཡིན་ནོ། །བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱང་ལུང་སྟོན་པ་དེ་ལ་བདེན་པར་བཟུང་ནས། ལུང་སྟོན་པ་དེ་ལ་རྟག་པར་བཟུང་ནས། ལུས་ལ་མི་ཆགས་པའི་སྤྱོད་པ་བྱེད་ཅིང༌། འབྲས་བུ་ཡིན་མིན་གྱི་མཐའ་ལས་འདས་སོ་ཞེས་བྱ་བ་བརྗོད་ཅིང༌། ལུང་སྟོན་པ་དེ་ལ་རྗེས་སུ་འཛིན་པ་དེ་ནི་བར་དུ་གཅོད་པའི་བདུད་ཉེ་བར་གྱུར་པ་ཡིན་པས། དེའི་དུས་སུ་བདུད་ཀྱིས་བསླུ་བ་ངོ་ཤེས་པར་བྱའོ་ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་གསང་བ་མཆོག་གི་རྟགས་མངོན་དུ་བྱ་བ་ལ་གསུམ་སྟེ། སྔོན་འགྲོ་འབྱོངས་པ་ལུས་ངག་སེམས་ཀྱི་རྟགས་སྤྱིར་བསྟན་པ། དངོས་གཞི་འབྱོངས་པ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པ། རྟགས་ཀྱི་ཁྱད་པར་གཞན་བརྗོད་པས་ལམ་གྱི་ཚད་བཟུང་བའོ། །དང་པོ་ལ་གསུམ་ལས། སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞི་སྒྲ་དོན་གྱི་སྔོན་འགྲོ་འབྱོངས་པའི་རྟགས་ནི། སྐུ་གདུང་འབར་བ་ལས། གང་གིས་འབྱུང་བའི་སྒྲ་རྣམས་དང༌། །རིགས་དྲུག་སྒྲ་ལ་སུས་གོམས་པ། །འདི་ལ་འབྱུང་བས་མི་གནོད་ཅིང༌། །དེ་བཞིན་མེ་ཡིས་ཚིག་པ་མེད། །ཆུ་ཡིས་བྱིང་ཞིང་ཁྱེར་བ་མེད། །རྐང་པ་ས་ལ་མ་རེག་པར། །བར་སྣང་ལ་ཡང་འགྲོ་བར་ནུས། །རླུང་གིས་གྲང་ཞིང་གཡོ་བ་མེད། །འདི་ལྟར་སུ་ལ་བྱུང་བ་ནི། །འབྱུང་བཞིའི་སྒྲ་ལ་གོམས་པ་ཡིན། །ཅེས་སོ། །སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ་འབྱོངས་པའི་ཚད་ནི། དེ་ལས། སེམས་ཅན་སྣང་བ་དང་མི་སྣང་བའི། སྐད་ཅིག་གང་གིས་ཤེས་པ་དེ། །རིགས་དྲུག་གཟུགས་སུ་མི་ལེན་ཕྱིར། །འགྲོ་བ་དྲུག་གི་སྐད་རྣམས་ཤེས། །འགྲོ་དྲུག་སེམས་རྒྱུན་རང་ཆོད་ཕྱིར། །དེ་ཀུན་སེམས་ཀྱི་བསམ་པ་ཤེས། །འཁྲུལ་རྟོག་བསམ་པ་ཟད་པའི་ཕྱིར། །མདོར་ན་མངོན་ཤེས་དྲུག་བྱུང་སྟེ། །འགྲོ་བ་དྲུག་གི་སྣང་བ་ནི། །རང་གི་རང་བཞིན་ལོ་གནས་ནི། །ཕྱིས་ཀྱི་སྐྱེ་རྒྱུན་བཅད་པའི་དོན། །འདི་ལྟར་སྐྱེས་བུ་འདིས་ཆོད་པས། །རང་རྟགས་འདི་ཀུན་འབྱུང་བའོ། །ཞེས་སོ། །རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི། ཡང་དེ་ལས། འཁོར་འདས་རུ་ཤན་འབྱེད་པ་ཡི། །སྔོན་དུ་འགྲོ་བ་ལུས་ངག་ཡིད། །སྤྱོད་པ་ལ་ནི་གོམས་པ་ལ། །འདི་ལྟར་ལུང་ལ་རྟགས་རྣམས་འབྱུང༌། །ལུས་ཀྱི་ཞེན་པ་རང་ལོག་པས། །འཁྲུལ་པའི་ཞེན་པ་རྒྱུན་བཅད་ཕྱིར། །རང་གི་ལུས་ལ་ཆགས་པ་མེད། །ནམ་མཁའ་ལ་ནི་སྤྱོད་པ་དང༌། །དེ་བཞིན་ས་ལ་འཛུལ་བར་ནུས། །བསམ་དང་མི་བསམ་དོན་རྣམས་ཤེས། །ཁ་ནས་ཆོས་ཀྱང་སྨྲ་བ་འབྱུང༌། །འདི་ལྟར་སུ་ལ་བྱུང་བའི་མི། །ལུས་དང་ངག་དང་སེམས་ཀྱིས་ནི། །འཁོར་བའི་རྟོགས་པའི་འཆིང་བ་ནི། །གང་གིས་བཅིངས་པ་ཀུན་ལས་གྲོལ། །ཕྱིས་ནི་ལུས་ངག་སེམས་འབྲེལ་ཆོད། །ཅེས་སོ། །དོན་གཉིས་པ་དངོས་གཞིའི་རྟགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་བ་ལྟ་སྒོམ་གྱི་རྟགས་སྤྱིར་བསྟན་པ་དང༌། མངོན་སུམ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྟ་བ་མཐའ་གྲོལ་ནམ་མཁའ་ལྟར་འབྱོངས་པས་ནམ་མཁའ་ལ་འགྲོ་བ་དང་སྐད་ཅིག་ལ་འཛམ་བུའི་གླིང་འཁོར་བ་དང༌། བེམས་པོ་ལ་བལྟས་པས་འཇུ་བའོ། །སྒོམ་པ་ངང་དངས་རང་བབས་ཀྱི་བསམ་གཏན་འབྱོངས་པས་ལུས་ངག་སེམས་ཀྱི་རྟགས་ངོ་མཚར་ཅན་འབྱུང་སྟེ། སྐུ་གདུང་འབར་བ་ལས། ལྟ་བ་ལ་ནི་གོམས་པའི་རྟགས། །སྐལ་དང་ལྡན་པའི་སྐྱེས་བུ་ལ། །འདི་བཞིན་དུ་ཡང་འབྱུང་བར་འགྱུར། །སྟོང་པས་ལུས་དང་སེམས་རྒྱས་པས། །མཁའ་འགྲོ་བཞིན་ཏེ་ནམ་མཁའ་ལ། །རླུང་ལ་རང་དབང་བསྒྱུར་བའི་ཕྱིར། །རླུང་བཞིན་སྐད་ཅིག་དྲུག་བརྒྱ་ལ། །འཛམ་བུའི་གླིང་ཀུན་རྒྱུ་བར་ནུས། །རང་སེམས་སྟོང་པར་རྟོགས་པའི་ཕྱིར། །གང་ལ་བལྟས་པ་འཇུ་བར་ནུས། །འདིས་ནི་ལྟ་བའི་གདེང་ཆེན་རྙེད། །གང་གིས་སྒོམ་ལ་འབྱོངས་པའི་རྟགས། །ལུས་ལ་འབུ་སྲིན་སྲོག་ཆགས་མེད། །སྙིང་རྗེ་གཞན་དོན་མཐར་ཕྱིན་ཕྱིར། །རྣམ་རྟོག་སེམས་རྒྱུན་སྟོང་པས་ན། །ལུས་ནི་ཤིང་བལ་བཞིན་དུ་ཡང༌། །རིག་པ་འཆི་མེད་དོན་ལྡན་པས། །ལུས་ནི་བཅུ་དྲུག་ལོན་བཞིན་འགྱུར། །ཆོས་ཉིད་བརླན་གྱིས་སེམས་ཁྱབ་ཕྱིར། །ལུས་སོགས་སྐྲ་རྣམས་སྣུམ་བག་ལྡན། །འདི་ལྟར་སེམས་ནི་མི་འཕྲོ་བར། །གང་དུ་གཏད་པའི་སར་སྡོད་ཅིང༌། །འཁྲུལ་པའི་ཡུལ་ལ་འཇུག་མི་ནུས། །འདིས་ནི་སྒོམ་པ་རང་རྙེད་ནས། །ཚེ་གཉིས་ཀྱིས་ནི་སངས་རྒྱས་འཐོབ། །ཅེས་སོ། །དེའང་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ཀྱི་རྟགས་ངེས་པ་ཡིན་ནོ། །གཉིས་པ་མངོན་སུམ་འོད་གསལ་གྱི་རྟགས་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། འོད་དང༌། དབྱིངས་དང༌། ཐིག་ལེ་དང༌། སྐུ་དང༌། རིག་པ་ཚད་དུ་འབྱོངས་པའི་རྟགས་བཤད་པའོ། །དང་པོ་འོད་ལ། ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། འོད་ཀྱི་ངོ་བོ་རིག་པའི་གདངས་སྟོན་པའོ། །ངེས་ཚིག་ནི། སྣང་ཞིང་གསལ་བའི་ཕྱིར་འོད་དོ། །དབྱེ་ན། རང་གི་མཚན་ཉིན་འཛིན་པའི་འོད་ཡེ་ཤེས་ལྔའི་རང་གདངས་དང༌། ཉམས་སུ་བླངས་པ་གོམས་པ་ཚད་ཀྱི་འོད་མངོན་སུམ་ལས་ཉམས་གོང་དུ་འབེལ་བའི་སྣང་བ་ཚད་ཕེབས་ལ་ཐུག་པ་སྟེ་རྣམ་པ་གཉིས་སོ། །མཚན་ཉིད་ནི། གསལ་བྱེད་གཞན་ལ་མ་ལྟོས་པར་རང་གསལ་བའོ། །འབྲས་བུ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ངང་དུ་སངས་རྒྱས་བའི་རྐྱེན་དུ་གྱུར་པའོ། །དེ་ལྟ་བུའི་འོད་ལ་གོམས་པས་འཁྲུལ་སྣང་འོད་གསལ་དུ་གྲོལ་ནས་ལུས་ངག་གི་རྟགས་ཁྱད་པར་ཅན་སྣང་བ་སྟེ། སྐུ་གདུང་འབར་བ་ལས། གང་གིས་འོད་ལ་སུས་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང༌། །འབྱུང་བཞིའི་སྣང་བ་རང་ནུབ་སྟེ། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འདི་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་ཏེ་ཐོགས་མེད་པར། །གང་ལའང་ཆགས་པ་མེད་པ་དང༌། །རི་བྲག་རྣམས་ལ་ཟང་ཐལ་དང༌། །དེ་བཞིན་ས་གཏིང་འཛུལ་བར་སྣང༌། །ཆུ་རྣམས་ལ་ཡང་ཟང་ཐལ་ལོ། །ལུས་ལ་གོས་ཀྱང་མེད་པར་ནི། །གཅེར་བུ་གང་ལ་ཐོགས་མེད་ཅིང༌། །ཟས་སོགས་འདོད་པ་རང་བྲལ་བས། །འདིས་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དེངས་ནས་ནི། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །ཅེས་སོ། །ཕྱི་སྣང་བའི་ཉམས་རྟགས་ལྟར། ནང་ཤེས་པ་ལའང་འབྱུང་སྟེ། སྐྱེས་བུ་གང་གིས་ལམ་མ་ནོར་བར་ཚུད་པས་མྱ་ངན་ལས་འདའ་བའི་རྟགས་འབྱུང་བ་ནི། རང་ཤར་ལས། རིག་པ་འགྱུར་མེད་རྟ་ལ་ཞོན། །ཡང་དག་འོད་ལ་རྟག་ཏུ་ལྟོས། །སྟོན་པའི་ཚིག་གིས་དོན་ཆེན་མཚོན། །རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་འདུག་ན་བདེ་བ་འཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལའང་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང༌། །འབུ་དང་སྲིན་འབུ་དེངས་པའི་ཕྱིར། །ཅེས་སོ། །གཉིས་པ་དབྱིངས་ལ་གོམས་པའི་རྟགས་ལའང༌། ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། དང་པོ་ངོ་བོ་ནི། ཡངས་ཤིང་ཁྱབ་གདལ་ཆེན་པོའི་བདག་ཉིད་གསལ་བ་རང་གསལ་བ་ཉིད་དོ། །ངེས་ཚིག་ནི། དཀྱིལ་ཞེས་བྱ། ཀློང་ཞེས་བྱ། ཆོས་ཉིད་དངོས་པོ་གཤིས་ཀྱི་རང་བཞིན་ཡངས་ཤིང་མཐར་ཐུག་མེད་པ་ཉིད་དོ། །དབྱེ་ན་ཕྱིའི་དབྱིངས་ནམ་མཁའ། ནང་གི་དབྱིངས་སྒྲོན་མ། གསང་བའི་དབྱིངས་འོད་དང་ཐིག་ལེ། བླ་ན་མེད་པའི་དབྱིངས་འཁྲུལ་སྣང་རང་འགགས་པའི་སྣང་བ་ཆེན་པོའོ། །དེའང་རིམ་པ་ལྟར། རིག་པ་དང༌། ཡེ་ཤེས་དང༌། སྐུ་གསུམ་དང༌། འབྲས་བུའི་ཡུལ་ཡིན་ནོ། །མཚན་ཉིད་ནི། ཡངས་ལ་གོ་འབྱེད་ཅིང་སྣང་བར་ནུས་ལ་ཁྱབ་པས་གསལ་བའི་ཡུལ་དུ་སྣང་བ་མེ་ལོང་དངས་པའི་དབྱིངས་བཞིན་ནོ། །མདོར་ན་ཆོས་ཉིད་དངོས་མ་ཡིན། །ཆོས་ཉིད་སྣང་བར་བྱེད་པའི་ཡུལ་གསལ་བའི་ནུས་པ་འབྱིན་པར་བྱེད་པའོ། །འབྲས་བུ་ནི། ཆོས་ཉིད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལ་བརྟེན་ནས། ཆོས་ཉིད་རང་གི་ངོ་བོ་མཐོང་སྟེ་མངོན་སུམ་མི་འགྱུར་བ་ལམ་དུ་བྱས་ནས་སངས་རྒྱ་བའོ། །དེ་ལྟ་བུའི་དབྱིངས་ལ་གོམས་པས་ཕྱིའི་རྟགས་ངོ་མཚར་བ་སྣང་ཉམས་སུ་འཆར་བ་ནི། སྐུ་གདུང་འབར་བ་ལས། གང་གིས་དབྱིངས་ལ་གོམས་པ་ནི། །དབུགས་ནི་ཕྱི་ནང་འགྱུ་བ་ཟད། །ནམ་མཁར་བྱ་བཞིན་འགྲོ་བ་དང༌། །དེ་བཞིན་ཆུ་ལ་ཉ་བཞིན་དུ། །སྐལ་དང་ལྡན་པ་འདི་འགྲོ་སྟེ། །སྔར་མ་མཐོང་བའི་ཡུལ་རྣམས་དང༌། །གླིང་དང་རི་རབ་བཅས་པ་ཡང༌། །འདུག་ས་གཅིག་ནས་མཐོང་བ་དང༌། །དེ་བཞིན་སངས་རྒྱས་ཞིང་ཁམས་ནི། །སྔ་ན་མཐོང་བ་མེད་པ་རྣམས། །འདི་ཀུན་དུས་གཅིག་མཐོང་བར་འགྱུར། །འདི་ལྟར་རྟགས་དང་གང་ལྡན་པ། །འདི་ནས་ཟླ་བ་བཅུ་དྲུག་ན། །ཆོས་ཀྱི་དབྱིངས་ཀྱང་མཐོང་བར་འགྱུར། །ཅེས་སོ། །ནང་གི་ཉམས་རྟགས་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐྱེས་བུ་དེ་ལ་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལ་ཡང་ཡིད་མི་འཇུག་པ་དང༌། ཤེས་མ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང༌། ཉོན་མོངས་པ་ལངས་ཀྱང་རྟོག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོས་ན་ཕ་རོལ་གྱི་སེམས་དང་མི་མཐུན་པར་བྱེད་པ་དང༌། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ་ཞེས་སོ། །གསུམ་པ་ཐིག་ལེ་གོམས་པའི་རྟགས་ལའང༌། དང་པོ་ཐིག་ལེའི་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི། ཐ་དད་མ་ཡིན་ཞིང་གཅིག་ཏུ་གནས་པས་ཟླ་དང་བྲལ་བའོ། །ངེས་ཚིག་ནི། ཐིག་མི་འགྱུར་བ། ལེ་གདལ་བ་ཆེན་པོས་ཀུན་ལ་ཁྱབ་པའོ། །དབྱེ་ན། ལུས་གནས་རྩའི་ཐིག་ལེ། རང་བཞིན་ལམ་གྱི་ཐིག་ལེ། མཐར་ཕྱིན་འབྲས་བུའི་ཐིག་ལེ་གསུམ་མོ། །དང་པོ་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་དམར་གཉིས་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལྔ་སྟེ། སྡེ་ཚན་གཉིས་སོ། །ཡེ་ཤེས་ཀྱི་ཐིག་ལེ་ལྔ་དང༌། གཞིའི་ཐིག་ལེ་བཟང་པོ་འོད་ཀྱི་གོང་བུར་ལུས་སྤྱིའི་རྩ་ནང་ན་མི་གཡོ་བར་གནས་ཏེ། ཐལ་འགྱུར་ལས། ལུས་ཀྱི་གནས་ནི་འདི་ལྟ་སྟེ། །སྤྱི་དང་ཙིཏྟ་རྩ་ཡི་ནང༌། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་སོ། །ལམ་གྱི་ཐིག་ལེ་བཟང་པོ་རྩའི་ནང་ནས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འགྲོ་བར་བྱེད་དོ། །བཟང་པོའི་ཐིག་ལེ་སྒྲོན་མ་བཞི་ཡུལ་ལ་འཆར་བར་བྱེད་པའོ། །བཟང་པོའི་རྩེ་མོ་ཤེས་རབ་ཀྱི་དཔྱོད་སྣ་ཚོགས་པ་རྩ་ནང་ནས་སྐྱོད་པར་བྱེད། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་ནི་སྒྲོན་མ་བཞི་ལ་བརྟེན་ནས་ཉམས་གོང་འཕེལ་གྱི་སྣང་བ་སྟོན་པར་བྱེད་པའོ། །རང་བཞིན་ལམ་གྱི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་བཅོས་མ་མེད་ཅིང་ཀུན་ལ་ཁྱབ་པ་དང༌། ཀུན་ཏུ་བཟང་པོའི་ཐིག་ལེ་བཟང་ངན་དང་ཆེ་ཆུང་མེད་པར་སྣང་བ་དང༌། དབྱིངས་ཀྱི་ཐིག་ལེ་ཕྱི་ནང་མེད་པར་གསལ་བ་དང༌། དབྱིངས་རྣམ་པར་དག་པའི་ཐིག་ལེ་གོལ་སྒྲིབ་དང་ཕྱོགས་ལྷུང་མེད་པར་ཤར་བ་དང༌། ཡེ་ཤེས་ཀྱི་ཐིག་ལེ་ཡེ་ནས་བྱས་པ་མེད་པར་བཞུགས་པ་དང༌། ཡེ་ཤེས་ཆེན་པོའི་ཐིག་ལེ་ཉོན་མོངས་པ་གང་གིས་ཀྱང་མ་བསྒྲིབས་པར་མངོན་སུམ་དུ་སྣང་བ་དང་དྲུག་གོ །མཐར་ཕྱིན་པ་འབྲས་བུའི་ཐིག་ལེ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་བྲལ་ངོས་གཟུང་དང་བྲལ་བ་ཀ་དག་གི་ངོ་བོའི་ངང་ལས་འཆར་ཚུལ་གྱི་སྣ་ཚོགས་སུ་སྣང་ལ། གྲུབ་རྒྱུ་གང་ཡང་མེད་པའོ། །ཐིག་ལེའི་མཚན་ཉིད་ནི། སྣ་ཚོགས་ཟུག་རྔུ་དང་བྲལ་བ། ཟླུམ་པོ་སྤྲོས་པ་མེད་པ། རིག་པའི་སྣང་བ་སྟོན་པས་ཡེ་ཤེས་ཟང་ཐལ་ཆེན་པོ། མུ་ཁྱུད་ལྔ་གཅིག་ཏུ་བཟླུམས་པས་སྐུའི་གནས་ཡིན་ལ། སྟོང་ཉིད་རྫས་སུ་མ་གྲུབ་པས་ངོ་བོ་ངོས་གཟུང་ལས་འདས་པའོ། །དེ་ལས་སྣང་བའི་འཕེལ་རྣམས་བྱུང་བས་ཡོན་ཏན་ཕྱོགས་མེད་དུ་ཤར། སྐྱོན་གང་གིས་ཀྱང་མ་གོས་པས་མཚན་ཉིད་ལ་དྲི་མ་མེད། རྩལ་མ་འགགས་པར་སྣང་བས་རོལ་པ་སྣ་ཚོགས་སུ་ཤར། མཚན་ཉིད་ལ་གཉིས་སུ་མེད་པས་ངོ་བོ་རང་དག །གཏན་ཚིགས་ཕྱོགས་མེད་དུ་ཤར་བས་གནས་ལུགས་རང་གྲོལ་བའོ། །དེ་ལྟ་བུའི་ཐིག་ལེ་ཀློང་དུ་གྱུར་པ་ལས། ཕྱིའི་རྟགས་ངེས་པ་ནི། སྐུ་གདུང་འབར་བ་ལས། ཐིག་ལེ་ཀློང་དུ་སུས་གྱུར་པ། །འདི་ནི་སྐལ་ལྡན་ཉག་གཅིག་མཐོང༌། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་རང་ཤར་བ། །འདི་ཀུན་རང་གི་ཉམས་ཀྱི་རྟགས། །ཚིག་གི་སྤྲོས་པ་རྣམས་ཆོད་དོ། །གཞན་ལ་བློ་ནི་སྐད་ཅིག་ཀྱང༌། །འཇུག་པར་མི་འགྱུར་དེ་སྐབས་མེད། །གཏམ་རྒྱུན་བརྗོད་པ་ཟད་པའི་ཕྱིར། །གཞན་ལ་སྨྲ་བྱེད་བསམ་པ་ཡང༌། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །འདི་ལྟར་སུ་ལ་སྣང་བ་དེ། །སྤྲོས་མེད་ཉག་གཅིག་དེས་རྩད་ཆོད། །འདི་ལྟར་རྟགས་དང་ལྡན་པ་དེ། །དེ་ནས་ལོ་ནི་གཉིས་ན་ཡང༌། །རིག་པ་ཉིད་ཀྱི་ཚད་ཤེས་ནས། །དབྱིངས་དང་རིག་པའི་རང་སྣང་དང༌། །འབྲལ་བ་མེད་པར་འདུག་པའོ། །དེ་ཡང་འབྱུང་བ་རང་དེངས་ས། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། བཞི་པ་སྐུ་ལ། །ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི། རྟག་པར་གནས་པའི་རང་བཞིན་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་རྟེན་དུ་གནས་པའོ། །ངེས་ཚིག་ནི། དྲི་མེད་ཟང་ཐལ་རང་རྫོགས་ཆེན་པོའོ། །དབྱེ་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་མོ། །དེའང་ཐེག་པ་ཐུན་མོང་བས་སྐུ་གསུམ་འབྲས་བུར་འདོད་ཀྱང༌། རྫོགས་པ་ཆེན་པོ་འདི་ལུགས་ཀྱིས་སྐུ་གསུམ་ལམ་གྱི་སྣང་བར་འདོད་དེ། དེའང་ཆོས་སྐུ་རང་སྣང་ཡིན་ཏེ། ཆོས་ཇི་སྲིད་ཡོད་པའི་བར་ལ་བློ་ཡོད་པས་ཀྱང་ལམ་ཡིན་ལ། སྐུ་ཇི་སྲིད་ཡོད་ཀྱི་བར་ལ་ལུས་ཡོད་པའི་ཕྱིར་ན་ཡང་ལམ་སྣང་ཡིན་ཏེ། མཐར་ཐུག་མ་ཡིན་ནོ། །འདིའི་དངོས་གཞི་ཚད་ཕེབས་རྫོགས་ནས། ཟད་པའི་སྣང་བ་སྟེ། ཀ་དག་ལ་ཐིམ་དུ་ཉེ་བ་དེ་ཡིན་ནོ། །ལོངས་སྐུ་དང་སྤྲུལ་སྐུ་ལམ་སྣང་ཡིན་ཏེ། སྣ་ཚོགས་སྣང་བའི་ཆོས་ཡོད་རིམ་ལ། མཐའ་བྲལ་རིས་མེད་མཉམ་པའི་མཐར་ཐུག་མ་ཡིན་པའི་ཕྱིར་རོ། །འདི་ཡང་ཚད་ཕེབས་ཀྱི་དུས་ན། ལྷུན་གྲུབ་ཀྱི་སྣང་བ་ལས་སྐུ་དང༌། ཞིང་དང༌། སྟོན་པར་སྣང་བ་རྣམས་སོ། །མཚན་ཉིད་ནི། ལམ་སྣང་འོད་གསལ་སྟོང་པའི་རང་བཞིན་ཅན་ནོ། །འབྲས་བུ་ནི། ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ལ་བསྐྱོད་པའི་ཚེ། ནང་གསལ་སྐུ་གསུམ་གྱི་འཆར་གཞི་ཙམ་དུ་གནས་པའོ། །དེ་ལྟ་བུའི་ལམ་སྣང་སྐུའི་ཆོས་ཉིད་ལ་གོམས་པས་ཐོབ་པའི་སྣང་ཉམས་སྐུ་གསུམ་གྱི་རྟགས་ནི། སྐུ་གདུང་འབར་བ་ལས། གང་གིས་སྐུ་ལ་ཚད་འབྱོངས་པ །སྐལ་དང་ལྡན་པའི་སྐྱེས་བུ་ལ། །སྔོན་དུ་རྟགས་ནི་འདི་ལྟ་བུ། །ཆོས་ཀྱི་སྐུ་ལ་སུས་གོམས་པ། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །ལུས་ནི་སུས་ཀྱང་མི་མཐོང་བར། །རྣལ་འབྱོར་རང་ནི་རང་དགར་རོལ། །མ་བཙལ་བཞག་པའི་བསམ་གཏན་ནི། །རང་གི་རྒྱུད་ལ་སྐྱེ་བ་དང༌། །ཤེས་པ་ཇི་མི་སྙམ་པའི་ཉམས། །རྣལ་འབྱོར་ཀུན་་གྱི་སེམས་ལ་སྣང༌། །འདི་ལྟར་བྱུང་བའི་སྐྱེས་བུ་རྣམས། །ཆོས་ཀྱི་སྐུ་ཡི་སྣང་བ་མཐོང༌། །འདི་མཐོང་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་འདུས་པའོ། །གང་གིས་ལོངས་སྤྱོད་རྫོགས་པ་ལ། །གོམས་ཤིང་གདེང་དུ་གྱུར་པའི་རྟགས། །འདི་ལྟར་ཉམས་སུ་མྱོང་བའི་མི། །སྐུ་ལྔ་ཡེ་ཤེས་ལྔ་ལ་རོལ། །རོལ་པ་ཆེན་པོའི་ལྟ་སྟངས་ཀྱིས། །འདི་ལྟར་རྟགས་དང་སུ་ལྡན་པ། །རྣལ་འབྱོར་ལྡན་པའི་སྐལ་ལྡན་དེ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་བ་ལ། །སྣང་བ་ཉིད་ཀྱང་སྐུ་རུ་ཡང༌། །རིམ་གྱིས་མཐོང་བའི་སྐྱེས་བུ་ནི། །ལོངས་སྐུའི་རྩ་བ་འདིས་མཐོང་ཡིན། །འདི་ལྟར་རྒྱུད་ལ་གོམས་པ་ཡི། །ངག་ནི་གསལ་ཞིང་སྐད་དང་ལྡན། །བརྫུན་དུ་བརྗོད་པའི་ཚིག་རྣམས་ནི། །འདི་ཡི་ཁ་ནས་ཚིག་མི་འབྱུང༌། །དེ་བཞིན་མི་དགེའི་ལས་ཀྱི་ཚིག །གཏན་དུ་སྨྲ་བའི་བརྗོད་མཐའ་འགགས། །དེ་ལྟར་རྟགས་དང་ལྡན་པ་དེས། །འདི་དོན་ཉམས་སུ་བླངས་ན་ནི། །ནམ་མཁའ་ལ་ནི་འཕུར་བ་དང༌། །རི་བྲག་ལ་ཡང་ཟང་ཐལ་དང༌། །ས་ཡི་འོག་ཏུ་འཛུལ་བ་དང༌། །ཆུ་ལ་འབྱིང་བ་མེད་པ་འབྱུང༌། །དེ་ལྟར་བྱུང་བའི་སྐལ་ལྡན་གྱིས། །དབྱིངས་རིག་གདེང་དུ་མ་ཚུད་ན། །འབྱུང་བ་ཉིད་ནི་རང་དེངས་སུ། །འགྱུར་བ་ཉིད་ནི་མ་ཡིན་ཏེ། །འདི་ནས་སྐྱེ་བ་འཕོས་ནས་ནི། །ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། །གང་དག་སྐྱེས་བུ་སྐལ་དང་ལྡན། །སྤྲུལ་པའི་སྐུ་ལ་གོམས་ནས་ནི། །འདི་ཉིད་གདེང་དུ་གྱུར་པའི་མི། །ལུས་ངག་སེམས་ཀྱི་རྟགས་འདི་དག །སུ་ལ་བྱུང་བའི་སྐྱེས་བུ་ནི། །འདི་ཡང་སྐལ་དང་ལྡན་པར་འགྱུར། །སྔོན་དུ་ཐོས་པའི་ཆོས་རྣམས་ཀྱི། །དོན་ནི་རང་གི་རྒྱུད་ལ་ཡང༌། །ཅིག་ཅར་དུ་ནི་འཆར་བར་ནི། །འདི་ལས་འགྱུར་རོ་མཁའ་འགྲོ་མ། །དེ་བཞིན་སྔོན་དུ་མ་ཐོས་པའི། །ཆོས་ཀྱི་ཚིག་ནི་སྣ་ཚོགས་པ། །རང་བཞིན་དུ་ནི་ཁ་ནས་སྨྲ། །དེ་བཞིན་གསང་སྔགས་གཞན་དག་གི །རྒྱུད་ཀྱི་ཚིག་རྣམས་ཇི་བཞིན་དུ། །རིམ་པ་ཇི་ལྟར་གསལ་བར་འགྱུར། །དེ་བཞིན་ཆོས་རྣམས་མཐའ་དག་ལ། །ཚིག་དང་དོན་གྱི་རྣམ་པ་ཀུན། །སེམས་ཅན་ཇི་ལྟར་མོས་པ་ཡི། །ཆོས་རྣམས་དང་ནི་མཐུན་པར་ཡང༌། །ཇི་ལྟར་དྲིས་པའི་ལན་དེ་ནི། །སྐལ་དང་ལྡན་པའི་འདིས་ལྡོན་པས། །འདི་ནི་སྨྲ་བའི་སེང་གེའོ། །ལུས་ཀྱི་སྟོབས་སུ་སྔོན་ན་བས། །རྐང་པ་མགྱོགས་པའི་སྟོབས་ཀྱང་རྙེད། །ལུས་ཀྱི་གཉེར་མ་མེད་པ་དང༌། །སྐྲ་དཀར་དག་ཀྱང་ནག་པོར་འགྱུར། །དེ་བཞིན་བཅུ་དྲུག་ལོན་པ་བཞིན། །གཞོན་པའི་མདངས་དང་ལྡན་པ་ཡང༌། །དཔེར་ན་རྩྭ་ནི་གཞོན་ནུ་ལ། །ཆར་པ་དག་ནི་ཡང་བབས་པས། །སྐྱེད་ནི་རང་སྐྱེད་ལྡན་པ་བཞིན། །སྔོན་ན་མེད་པའི་སྙིང་རྗེ་ཡང༌། །འདི་ལ་གཏིང་ནས་སྐྱེ་བ་དང༌། །དེ་རྗེས་སེམས་ཅན་དོན་ལ་འཇུག །རང་གི་ལུས་ཀྱི་ཕན་པ་ཡི། །སེམས་ཅན་དག་ནི་བྱུང་བ་ན། །འདི་ལ་ཇི་ལྟར་འདོད་པ་ཡི། །ལུས་དང་ཡན་ལག་གཏོང་བར་ནུས། །ཕྱི་རོལ་བདོག་པའི་སྨོས་ཅི་དགོས། །དེ་བཞིན་རང་གི་བླ་མ་ལ། །གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མིས། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །ཞེས་སོ། །དེ་ལྟར་སྤྲུལ་སྐུའི་རྟགས་ཡོད་པ་དེ་འདོད་ན་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་དུ་ལོ་དྲུག་ཁྲི་བརྒྱད་སྟོང་གནས་ནས། དེའི་ངང་ལས་གླིང་བཞི་བྱེ་བ་མང་པོར་སྤྲུལ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱས་ཏེ། ཀ་དག་གིས་ས་ལ་འདའོ། །རང་བཞིན་སྤྲུལ་པར་ལོ་བརྒྱ་ཕྲག་ལྔ་གས་པ་དང་འགལ་སྙམ་ན། མི་འགལ་ཏེ། རང་དོན་བསྒྲུབ་པ་ལ་ལྔ་བརྒྱ་གནས་ཀྱང༌། གཞན་དོན་བསྒྲུབ་པ་ལ་མཐའ་ཡས་པ་གནས་པ་ལ་ཅུང་ཟད་ཀྱང་འགལ་བ་མེད་དོ། །ཡང་དེ་ཉིད་ལས། དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །རྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱད་སྟོང་དུ། །དེ་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོའི་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ནི་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལས་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང༌། །དེ་བཞིན་མར་ལ་མར་ཐིམ་དང༌། །ནམ་མཁའ་ནམ་མཁའ་ཐིམ་པ་བཞིན། །ངོ་བོ་ངོས་གཟུང་མེད་པར་འགྱུར། །ཅེས་སོ། །ནང་ཤེས་པའི་ཉམས་ནི། རང་ཤར་ལས། དེ་ཡང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་ཞེན་པ་མེད་པ་དང༌། སྣང་བ་ཐམས་ཅད་འོད་དུ་ཤར་བ་དང༌། །འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། །ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མ་འགགས་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆད་པ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ་ཞེས་སོ། །ལྔ་པ་རིག་པ་ལ་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་དང་ལྔ་ལས། ངོ་བོ་ནི་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་སྟེ། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་སོ། །ངེས་ཚིག་ནི། སྔར་མ་རིག་པ་བླ་མའི་གདམས་ངག་གིས་རིག་པས་ན་རིག་པའོ། །དབྱེ་ན་གསུམ་ལས། གཞི་གནས་ཀྱི་རིག་པ་ནི་གཞི་དངོས་པོ་དོན་གྱི་གནས་ལུགས་དགེ་སྡིག་སྐྱོན་ལས་འདས་པའོ། །ལམ་སྣང་གི་རིག་པ་གྲུབ་མཐའ་སོ་སོ་ལ་གྲགས་པ། སེམས་ཉིད་དང༌། སྐྱེ་མེད་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། བློ་འདས་དང༌། དོན་གྱི་ཀུན་གཞི་དང༌། བྱང་ཆུབ་ཀྱི་སེམས་ཞེས་པ་ལ་སོགས་པ་མིང་ཅིར་བཏགས་ཀྱང༌། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པས་སོ་སོ་རང་གི་ཡེ་ཤེས་རང་གསལ་སྟོང་པ་རྗེན་པར་ས་ལེ་བ་འདིའོ། །ལྷག་མཐོང་གི་རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་མངོན་སུམ་དུ་སྣང་བས་ཡིད་དཔྱོད་ཚིག་གི་ར་བ་ལས་གྲོལ་བ། དགེ་སྡིག་སྐྱོན་ཡོན་གྱི་གསལ་འགྲིབ་མེད་པ། བརྩོན་པས་དེ་ལ་ལྟ་བ་མ་ཡེངས་ན་འོད་ལུས་ཟང་ཐལ་དུ་འགྲུབ་པ་དེའོ། །མཚན་ཉིད་ནི། རང་གསལ་རྗེན་པར་ཟང་མ་འདི་ཀའོ། །འབྲས་བུ་ནི། དེ་ཀ་ཉམས་སུ་བླངས་པས་ཀ་དག་ཟང་མ་ལ་གྲོལ་བར་བྱེད་པའོ། །ཐུན་མོང་དུ་སྐུ་གསུམ་འབྲས་བུར་འདོད་ཀྱང༌། འདིར་ལམ་དུ་བྱས་ནས། ཀ་དག་མཐའ་གྲོལ་ཆེན་པོ་སྐུ་དང་ཡེ་ཤེས་སུ་མ་གྲུབ་ལ། འཆར་གཞི་མ་འགགས་པ་མེན་ཤེལ་ལྟ་བུ་འབྲས་བུར་འདོད་པས་ཁྱད་པར་ཆེའོ། །དེ་ལྟ་བའི་རིག་པ་འབྱོངས་པའི་རྟགས་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྟགས་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་དད་པ་སྒྱུར་ནུས་དང༌། །བསམ་རྒྱུན་ཞེན་པ་རང་འགགས་དང༌། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་་པ་འདིས་དེངས་ནས། །སྐྱེ་མེད་མཆོག་གི་དངོས་གྲུབ་བརྙེས། །ཞེས་པ་དང༌། ཐལ་འགྱུར་ལ། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང༌། །ས་ལ་རེག་མེད་ཐོགས་མེད་དང༌། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣམ་པ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པ་ཚད། །ཅེས་གསུངས་སོ། །གསུམ་པ་རྟགས་ཀྱི་ཁྱད་པར་གཞན་བརྗོད་པས་ལམ་གྱི་ཚད་རྣམས་ལེགས་པར་གཟུང་བ་ལ་གསུམ་སྟེ། སྐྱེ་མེད་ཐོབ་པའི་རྟགས་སྤྱིར་བསྟན། ཡོན་ཏན་གྱི་རྟགས་བྱེ་བྲག་ཏུ་བཤད། རྟགས་གསུམ་འདྲེས་པའི་ཁྱད་པར་སོ་སོར་བརྗོད་པའོ། །དང་པོ་ནི། ཀ་དག་གི་རྟོགས་པ་ལ་གདེང་དུ་ཚུད་པའི་རྣལ་འབྱོར་པ་དེ་ཉིད་སྲིད་པར་སྐྱེ་བ་ཕྱིས་མི་ལེན་པའི་རྟགས་སུ་ལུས་ལ་སྲོག་ཆགས་མེད་པ་དང༌། སྐྲ་དང་སེན་མོ་མི་སྐྱེ་བ་དང་གཉིས་ཏེ། དེ་ནས་ཟླ་བ་གསུམ་ན་གཞན་གྱིས་མཐོང་བར་འོད་ལྔའི་དཀྱིལ་ན་རིགས་ལྔའི་སྐུར་ནམ་མཁའ་ལ་འཕགས་ཏེ་ཡལ་བ་ནི། སྐུ་གདུང་བར་བ་ལས། གང་གིས་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང༌། འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་པ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བའི་རྒྱུན་ཆད་དང༌། །གང་ལ་སྐྲ་དང་སེན་མོ་དང༌། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་ནས་ནི། །ཟླ་བ་དག་ནི་གསུམ་ན་ཡང༌། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །འདི་ནི་ཟད་པའི་དུས་ཀྱི་རྣལ་འབྱོར་པ་སྐལ་ཆེན་ནོ། །གཉིས་པ་ནི། དེའི་ཡོན་ཏན་ལ་བསྔགས་པ་སྟེ། སྣང་བ་ལུས་ངག་གི་ཡོན་ཏན་དང༌། །མེད་པ་རིག་པ་སྟོང་པའི་ཡོན་ཏན་ཚད་མེད་པ་ནི། རང་སྣང་སངས་རྒྱས་ཀྱི་ཞིང་ན་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དང་ཆོས་སྐུའི་ཡོན་ཏན་ལ་སྤྱོད་པ་སྟེ། དེ་ཉིད་ལས། འདི་ལྟར་རྟོགས་པའི་སྐྱེས་བུ་ཡི། །ཡོད་མེད་ཡོན་ཏན་བསམ་མི་ཁྱབ། །གཅིག་པར་གནས་པའི་ཡེ་ཤེས་ནི། །རང་གིས་རང་སྟོན་སྟོན་པ་ཆེ། །མ་བཀོད་ཡེ་གདངས་རང་ལ་གནས། །ཐབས་དང་ཤེས་རབ་རང་བཞིན་ལས། །སངས་རྒྱས་རིགས་ཀྱང་གཉིས་སུ་སྣང༌། །འདི་ཀུན་དེ་ཡི་འཁོར་དུ་སྣང༌། །གཞི་སྣང་རང་བཞིན་མེད་པ་ལས། །སྨྲ་བསམ་བརྗོད་མེད་ཆོས་སུ་སྣང༌། །དུས་གསུམ་མཉམ་པ་ཉིད་དུ་ཡང༌། །ཡེ་ནས་འདི་ཀུན་རང་གནས་པའོ། །ཞེས་སོ། གསུམ་པ་ལ་རྟགས་རྐྱང་པ་རེ་ཙམ་དང༌། གཉིས་འདྲེས་དང༌། གསུམ་ལྡན་རྣམས་ལས། ལུས་རྟགས་རྫོགས་ན་བར་དོར་གྲོལ་ལ། ལུས་དང་ངག་གཉིས་ཅི་རིགས་སུ་ཡོད་པ་ལུས་ལ་ངག་གི་རྟགས་ཅན་སྤྲུལ་པའི་ཞིང་དུ་གྲོལ་བ་དང༌། སེམས་རྟགས་རྫོགས་ན་བར་དོ་ལ་སྐད་ཅིག་གསུམ་གྱིས་གྲོལ་ཞིང༌། གསུམ་ཀ་རྫོགས་ན་སྙིང་རྗེ་གཞན་དོན་བྱེད་ལ། རང་དོན་ཐོབ་ངེས་སུ་ཤེས་པས། ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཏེ་དོན་བྱས་པའི་རྟེན་དེ་ཉིད་ལ་འོད་དུ་གྲོལ་བ་ཡིན་ལ། ལུས་དང་སེམས་ཀྱི་རྟགས་གཉིས་ཡོད་ན་རང་དོན་མྱུར་དུ་ཐོབ་ནས་གྲོལ་ལ། ངག་དང་སེམས་ཀྱི་རྟགས་འཛོམ་པ་ནི། ལོ་བཅུ་ན་འོད་ལུས་ཐོབ་ཅིང༌། ཡང་ལུས་ངག་ཡིད་གསུམ་གྱི་རྟགས་འཛོམ་པ་རྟེན་དེས་གཞན་དོན་མི་འབྱུང་བ་རྣམས་ལོ་གཉིས་ན་གྲོལ་བ་ཡིན་ཏེ། དེ་ཉིད་ལས། གང་གིས་སྐྱེས་བུ་རྩོལ་བ་ཅན། །ལུས་ཀྱི་རྟགས་ནི་རྫོགས་པ་ན། །བར་མ་དོ་ཡི་ཆོས་ཉིད་ལ། །བདེན་པ་མཐོང་སྟེ་སངས་རྒྱའོ། །ལུས་ལ་ངག་གི་རྟགས་ཡོད་པ། །འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་ཕྱུང་སྐྱེ་བ་གཅིག་གིས་ཐོགས། །སེམས་ལ་རྟགས་དང་གང་ལྡན་པ། །འདི་ནི་ཚེ་ཡི་འདུ་བྱེད་ཀྱི། །སྐྱེ་བ་གཉིས་ཀྱི་བར་མེད་པར། །སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུས་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པར་ཡང༌། །ངོ་བོ་ཉིད་ལ་རང་ཐིམ་མོ། །ལུས་དང་ངག་ཡིད་རྟགས་འཛོམ་ན། །འདི་ནི་བྱང་ཆུབ་སེམས་ཆེན་པོ། །སེམས་ཅན་འཛིན་པའི་སྙིང་རྗེ་ཅན། །འདིས་ནི་སེམས་ཅན་འཛིན་པའི་ཕྱིར། །ལོ་ནི་བྱེ་བ་བརྒྱ་སྟོང་དུ། །མི་ཡི་ལུས་ནི་གཅིག་གིས་ཀྱང༌། །འདི་དོན་རྫོགས་པར་བྱས་ནས་ནི། །སྐྱེ་གཉིས་བར་དུ་མི་འཇུག་པར། །མངོན་པར་རྫོགས་པར་འཚང་ཡང་རྒྱ། །ཡང་ནི་སྐལ་ལྡན་སུ་ཞིག་ལ། །ལུས་དང་སེམས་ཀྱི་རྟགས་ལྡན་ན། །འདི་ལྟར་ལྡན་ནས་ལོ་བཅུ་ན། །འབྱུང་བ་རང་སར་དེངས་ནས་ནི། །སྣང་བ་ཉིད་ནི་མི་སྣང་བར། །ཆོས་ཉིད་ཟང་པའི་སར་སྐྱོལ་ལོ། །གང་ལ་ལུས་ངག་སེམས་ཀྱི་རྟགས། །འདི་ལྟར་སྐྱེས་བུ་སྐལ་ལྡན་ལ། །སུ་ལ་འཛོམ་པའི་སྐལ་ལྡན་ལ། །འདི་ནས་ལོ་ནི་གཉིས་ན་ཡང༌། །འདི་ཡི་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེའང་ཕྱི་ནང་གི་རྟགས་ཁྱད་པར་ཅན་མེད་པར་རྟགས་འགའ་ཙམ་ཡོད་ཀྱང་མ་ངེས་པའི་རྟགས་ཅན་ཡིན་པས་གྲོལ་བར་མི་འགྱུར་ལ། ཕྱི་ནང་གི་རྟགས་ངེས་པ་ཅན་ལ་དེ་ལྟར་གྲོལ་ཚད་དུ་ཡོད་དེ། འདི་ལྟར་རྟགས་ཡོད་ཙམ་ལ་གྲོལ་བས་མ་ཁྱབ། གྲོལ་བ་ལ་རྟགས་ཡོད་པས་ཁྱབ་པའི་ཕྱིར་དམིགས་བསལ་འདི་ཉིད་གཅེས་ཏེ། སྐུ་གདུང་འབར་བ་ལས། ལུས་ངག་ཡིད་ཀྱི་རྟགས་ཀུན་ནི། །འགའ་ཙམ་འབྱུང་བའི་སྐྱེས་བུ་ནི། །རྣམ་པར་གྲོལ་བ་མ་ཡིན་ཏེ། །འཇིག་རྟེན་ཐུན་མོང་དངོས་གྲུབ་དང༌། །རིམ་གྱིས་ཉན་ཐོས་རང་སངས་རྒྱས། །འདི་དག་ཀུན་གྱི་ས་ལ་ཡང༌། །འདི་ཉིད་དེ་ཡི་ས་ལ་ཞུགས། །རྣམ་དག་ཆེན་པོའི་འབྲས་བུ་མེད། །གང་གིས་ལུས་ངག་ལྡན་པ་ཡི། །རྟགས་ནི་རྫོགས་པའི་སྐྱེས་བུ་ནི། །མཉམ་པ་ཆེན་པོ་ས་ལ་ཡང༌། །འདི་ཀུན་འགྲོའོ་མཁའ་འགྲོ་མ། །ཞེས་སོ། །དེ་ལྟར་རྟགས་ཙམ་ཡོད་ཀྱང་ངེས་པ་མེད་པར་གསུངས་ན། ད་ལྟ་གྲོལ་བའི་རྟགས་ཕྱི་ནང་གང་ཡང་མེད་པར་ད་བསྒོམ་མེད་དུ་སོང་བས་ལས་ཀྱིས་མི་གནོད་བསྒོམ་མི་དགོས། ཕྱིས་ཐོད་པ་མགོ་ལ་མི་འགེལ་བྱ་བ་དང༌། ངས་ཆོས་ཉིད་རྣལ་མའི་དོན་མཐོང་ལྟ་སྒོམ་མཐར་ཕྱིན་ཟེར་ཡང༌། བརྫུན་གཏོང་བས་གཞན་དང་རང་གཉིས་ཀ་བསླུ་བའི་བདུད་ཞུགས་པར་ཤེས་པར་བྱ་སྟེ། དེ་ཉིད་ལས། འདི་ལྟར་རྟགས་དང་མི་ལྡན་པར། །རང་སྣང་གདེང་དུ་ཚུད་པར་ནི། །གང་གི་ཁས་ནི་ལེན་པ་དེ། །ཡིད་དཔྱོད་རྣམས་ཀྱི་ལྟ་བ་དང༌། །དེ་བཞིན་ཡིད་དཔྱོད་སྒོམ་པར་ནི། །འདི་ཀུན་ཡིན་པས་གྲོལ་བར་ཡང༌། །འདི་ཉིད་ནུས་པ་མ་ཡིན་ཏེ། །འཁོར་བ་ཉིད་ལ་ཡུན་རིང་དུ། །མི་འདི་ཡང་ནི་གནས་པའོ། །ཞེས་སོ། །དེའང་ཐོད་རྒལ་སྒོམ་པའི་རྣལ་འབྱོར་པ་ལ་རྟགས་འདི་དག་གྲོལ་ངེས་བསླུ་བ་མེད་པར་འབྱུང་བས་བརྩོན་འགྲུས་ཁྱད་པར་ཅན་དུ་གདམས་པ་ནི། དེ་ལས། དེ་ཕྱིར་དབྱིངས་རིག་གོམས་པ་གཅེས། །དབྱིངས་དང་རིག་པ་སུས་གོམས་པ། །གོང་དུ་བཤད་པའི་རྟགས་དེ་རྣམས། །མི་འབྱུང་ཉིད་ནི་མི་སྲིད་དོ། །ཞེས་ལེགས་པར་གསུངས་པ་བཞིན་ནན་ཏན་བྱའོ། །སྤྱི་དོན་གསུམ་པ་བར་དོ་དང་ཕྱི་མ་གྲོལ་འཁྲུལ་ངེས་པའི་རྟགས་ཀྱི་མཇུག་བསྡུ་བ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་བས་བྱང་ཆུབ་ཐོབ་པའི་རྟགས་དང༌། འགྲོ་དྲུག་འཁྲུལ་པས་སྐྱེ་བ་ལེན་པའི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟགས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་དོན་བསྒོམས་ཀྱང༌། བརྩོན་འགྲུས་དམན་པས་ཚད་དུ་ནི་མ་ཕྱིན། རྡོས་བཅས་ཀྱི་བེམས་རིག་བྲལ་དུས་ཡང་སྲིད་རྣམ་པར་ལེན་པ་མེད་པར་ཟག་པ་རྣམས་ལས་གྲོལ་བའི་རྟགས་སུ་སྐུ་གདུང་རང་བསྲེལ་དང་སྒྲ་འོད་ཀྱི་སྣང་བ་ཆེན་པོས་མངོན་པར་སངས་རྒྱས་པའོ། །དེའང་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་སངས་རྒྱ་ལུགས་གཉིས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་རྟགས་སྣང་བས་རྡོས་བཅས་ཀྱི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ལ། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་བརྩོན་འགྲུས་རབ་རྡོས་བཅས་དག་པས་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ་ཞེས་པ་དང༌། སྐུ་གདུང་འབར་བ་ལས། སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་གི་སར་དེངས་ནས། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོའི་མི་སྣང་བར། །འབྲས་བུ་རང་ས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ཏེ། །གང་དག་མྱ་ངན་ལས་འདས་ནས། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང༌། །ས་ནི་གཡོ་བར་འགྱུར་བའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལྔ་སྟེ། །སྐུ་དང༌། གདུང་དང༌། འོད་དང༌། སྒྲ་དང༌། ས་གཡོ་བ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་བོ། དབྱེ་བ། རྒྱུ། གནས། འབྲས་བུ་དང་ལྔ་ལས། དང་པོ་ངོ་བོ་ནི། ལྷའི་རྣམ་པར་སྣང་བ་སྟེ་སྐུ་རྐྱང་དང༌། ཕྱེད་སྐུ་དང༌། ཡབ་ཡུམ་དང༌། ཚོམ་བུ་དང༌། དཀྱིལ་འཁོར་ཆེན་པོ་དང༌། དེའི་ཕྱོགས་དང་མཐུན་པ་མཆོད་རྟེན་དང༌། འཁོར་ལོ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རྒྱ་གྲམ་དང༌། རལ་གྲི་ལ་སོགས་པའོ། །བསྐྱེད་རྫོགས་ནར་མ་སོན་པ་ལས་ཡི་གེ་དང༌། ཕྱག་མཚན་དང༌། ཕྱེད་སྐུ་དང༌། རང་རྐྱང་དུ་སྣང་ལ། ཡོངས་སུ་རྫོགས་པ་ལས་ཡབ་ཡུམ་དང༌། ཚོམ་བུ་དང༌། དཀྱིལ་འཁོར་དུ་སྣང་བའོ། །དབྱེ་ན་ཞི་བའི་སྐུ་དང༌། ཁྲོ་བོའི་སྐུ་གཉིས་ཏེ། སྐུ་གདུང་འབར་བ་ལས། རིགས་ལྡན་མྱ་ངན་ལས་འདས་པ་ལ། །དེ་ཡི་ལྷག་མའི་ཟག་བཅས་ཀྱི། །ཕུང་པོའི་རྗེན་ཤུལ་བསྲེགས་སྦྱངས་པ། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །ཞེས་པ་དང༌། རང་ཤར་ལས། སྐུ་ལ་རྣམ་པ་གཉིས་ཡོད་དེ། །ཞི་བ་དང་ནི་ཁྲོ་བོར་གསུང། །ཁྲོ་བོ་དེ་བཞིན་གཤེགས་པའོ། །ཞི་བས་སྤྲུལ་སྐུའི་བྱིན་མི་ནུས། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། །སྐུ་ལ་ཡང་གཉིས་ཏེ། ཞི་བའི་སྐུ་དང་ཁྲོ་བོའི་སྐུའོ་ཞེས་སོ། །རྒྱུན་ནི་གཉིས་ལས། ངོ་བོའི་རྒྱུ་སེམས་ཅན་ཀུན་ལ་ཡེ་ནས་འོད་གསལ་གྱི་སྐུ་དང༌། གདུང་ཡོད་པ་ལས། འདིར་བསྐྱེད་རྫོགས་ཀྱིས་གསལ་བཏབ་པས་མངོན་གྱུར་གྱི་རྒྱུ་དངས་མའི་འབྱུང་བ་འདུས་པ་ལས་བྱུང་བ་སྟེ། བག་ལ་ཞར་ཡོད་པ་མ་སྨིན་པའི་རང་བཞིན། མངོན་གྱུར་སྨིན་པའི་སྐུ་གདུང་དུ་སྣང་བ་སྟེ། སྔ་མ་ལས། སེམས་ཅན་རྣམས་ལ་ཡེ་ཉིད་ནས། །རང་གཞག་ཆེན་པོར་གཞི་ལ་གནས། །སྨིན་དང་མ་སྨིན་ཁྱད་པར་གྱིས། །མངོན་དུ་བྱུང་དང་བག་ལ་ཞའོ། །ཞེས་སོ། །གནས་ནི་མགོའམ་སྒལ་ཚིགས་ནས་འབྱུང་བ་ཤས་ཆེ་ལ། གཞན་ལས་ཀྱང་འབྱུང་མོད། འདིར་འོད་གསལ་གོམས་པས་བྱུང་བའི་སྐུ་ནི་དེ་གཉིས་ལས་འབྱུང་བར་བསྟན་པ་ནི། སྐུ་གདུང་འབར་བ་ལས། དེ་བཞིན་སྐུ་ནི་མགོ་ལས་སོ། །ཡང་ན་སྒལ་བའི་བརྩེགས་མཚམས་ནས། །ཞེས་སོ། །འབྲས་བུ་ནི་གྲོལ་བ་ཐོབ་པའི་རིམ་པས་ཏེ། དེའང་ཞི་ཁྲོ་གཉིས་ཀ་བྱུང་ན་རྣམ་ཤེས་ནམ་མཁར་ཐིམ། ནམ་མཁའ་ཀ་དག་གི་རང་གདངས་ཤར་བའི་དུས་སུ་གྲོལ་བས་ཆོས་ཉིད་ཀྱི་བར་དོ་མེད་པར་སངས་རྒྱས་པས། ཚེ་འདིར་གྲོལ་བའི་ཁོངས་སུ་འདུས་ཏེ། རྟེན་འདི་ནས་འབྲལ་བའི་ཆ་ཕྱི་མ་དག་དེ་ཡིན་པའི་ཕྱིར་རོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་འོད་གསལ་གྱི་རང་སྣང་བསམ་གཏན་གྱི་ཞག་ལྔ་ན་གྲོལ་ལོ། །བསམ་གཏན་གྱི་ཞག་ནི་ཏིང་ངེ་འཛིན་གྱི་གནས་ཆ་ལ་ཟེར་ཏེ། རྣལ་འབྱོར་པ་ལ་རིང་ཐུང་གི་ཁྱད་ཡོད་པ་ཡིན་ནོ། །ཁྲོ་བོའི་སྐུ་བྱུང་ན་མིག་ནས་རྡོ་རྗེ་སེམས་དཔའི་སྣ་ཐག་ཤར་ཏེ། སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤར་བ་ལ་སྐད་ཅིག་ཆ་ལྔས་གྲོལ་ལོ། །དེ་སྐད་དུའང་སྐུ་གདུང་འབར་བ་ལས། གལ་ཏེ་གཉིས་ཀ་བྱུང་བ་ན། འདིས་ནི་བར་དོ་མེད་པར་ཡང༌། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདིས་འགྱུར་རོ། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་ཐིམ་མོ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ལ། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ་ཞེས་སོ། །དེའང་ཞི་བའི་སྐུ་བྱུང་བ་དེ་འོད་གསལ་ལམ་གཏོད་དེ་ཀ་དག་ས་ལ་ཟང་ཐལ་དུ་གྲོལ་བས། བར་དོ་ནས་རང་སྣང་གི་སྤྲུལ་པ་མི་འབྱུང་ལ། ཀ་དག་གིས་དེ་ཉིད་སྤྲུལ་པའི་སྣང་བ་བྲལ་བས་རང་སྣང་སྤྲུལ་པ་འབྱུང་བའི་ས་མ་ཡིན་ནོ། །འོན་ཀྱང་གཞན་སྣང་ལོངས་སྤྲུལ་འཆར་བའི་གཞི་ཡིན་པས་གཞན་དོན་དུ་འཕྲིན་ལས་དེ་ལ་བརྟེན་ནས་འབྱུང་ཡང༌། ཀ་དག་དངོས་སྤྲུལ་པའི་སྣང་ཆ་མེད་པར་ཤེས་པར་བྱའོ། །ཁྲོ་བོའི་སྐུ་བྱུང་བ་དེ་སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤེས་པས་གྲོལ་དུས། ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་ལ་དར་ཅིག་སྡོད་པས། བསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་རྫོགས་ནས། རང་སྣང་གི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་སྣང་བར། དག་པའི་སྒོ་ནས་སྤྲུལ་སྐུ་གང་འདུལ་སྤྲོས་ཏེ་དོན་བྱེད་པ། སྒྱུ་མས་སྒྱུ་མའི་དོན་བྱེད་པ་ལྟར། །རང་སྣང་ལ་རང་སྣང་གིས་དོན་བྱེད་པའོ། །སྤྲུལ་པ་འབྱིན་ནས་དེའི་སྔོན་དུ་གྲོལ་ཟིན་པ་ཅི་དགོས་ཏེ། རང་མ་གྲོལ་ན་རང་དོན་མ་རྫོགས་པས་གཞན་དོན་འབྱུང་བའི་གནས་སྐབས་མེད་པའི་ཕྱིར་རོ། །སྤྲུལ་པ་དེ་ཡང་སྐར་མདའ་རྒྱུག་པ་ཙམ་དང༌། དེ་བས་རིང་བ་དང་ཡུན་རིང་ཐུང་མ་ངེས་པར་བཤད་པའོ། །སྤྲུལ་པ་འབྱིན་ནུས་མི་ནུས་འདི་ལ་འཁྲུལ་ནས། སངས་རྒྱས་ནས་གཞན་དོན་བྱེད་ནུས་མི་ནུས་ལ་བློ་རྩེ་གཏོད་པ་མང་སྟེ། ནོར་བ་རྔམས་ཆེའོ། །སངས་རྒྱས་ནས་དོན་མི་བྱེད་པའི་སངས་རྒྱས་ཐེག་པ་ཆེན་པོ་ལ་མི་འདོད་ཅིང་དོན་ལ་མི་སྲིད་པའོ། །སྤྲུལ་པ་འབྱིན་ནུས་མི་ནུས་བར་དོའི་ལྷུན་གྲུབ་ཀྱི་སྒོ་འཆར་ལོང་མེད་པར་ཟང་ཐལ་དུ་ཀ་དག་ལ་གྲོལ་བ་རྣམས་ལ་སྤྲུལ་པ་མེད་དེ། སྤྲུལ་པའི་གདུལ་ཞིང་མ་དག་པ་དུས་དེར་མི་སྣང་བའི་ཕྱིར་རོ། །ལྷུན་གྲུབ་ཀྱི་སྒོ་སྣང་ནས་མ་དག་པ་སྣང་ལ། དེར་སྤྲུལ་པས་དོན་མ་བྱས་ན། འཁོར་བའི་སྣང་བ་མ་ནུབ་པས་སངས་རྒྱས་ཀྱི་མཛད་པ་རང་སྣང་དུ་མ་རྫོགས་པ་རྫོགས་པར་བྱེད་པ་ལ་སྤྲུལ་པ་བཀྱེ་བར་སྣང་ལ། དེས་དོན་མཛད་ནས་འཁོར་བ་སྟོངས་ནས་སླར་སྤྲུལ་སྣང་དེ་ལྷུན་གྲུབ་ཀྱི་སྒོ་བརྒྱད་ནང་ཐིམ་དུ་ཀ་དག་གི་ས་ལ་འགྲོ་བ་ཡིན་ནོ། །ཀ་དག་གི་ས་དེ་སྣང་མི་སྣང་ལས་འདས་པས་སྐུ་གསུམ་གྱི་འཆར་གཞི་ཙམ་ལས་སྐུ་གསུམ་སོ་སོ་བ་དངོས་སུ་དབྱེར་མེད་ལ། དེ་ལས་གཞི་སྣང་དུ་ཕྱིར་ནས་གཞན་དོན་འབྱུང་བའི་ཚུལ་ཤེས་པར་བྱའོ། །གནས་འདི་ནི་དཀའ་བའི་མཆོག་རྡོ་རྗེའི་ཆིངས་གསང་བ་ཆེན་པོ་སྟེ། ད་ཕན་ཆད་མ་ནོར་བར་སྨྲ་ཤེས་པ་བྱུང་སྲིད་ན་ཁོ་བོའི་མཐུར་ཤེས་པར་བྱའོ། །གཉིས་པ་གདུང་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བས་མདོར་བསྟན། །ཁྱད་པར་གྱི་དབྱེ་བས་རྒྱས་པར་བཤད། གདུང་དང་རིང་བསྲེལ་གྱི་ཁྱད་པར་གྱིས་དོན་བསྡུ་བའོ། །དང་པོ་ནི། སྤྱིར་འགྲོ་བ་ཐམས་ཅད་ཡེ་ནས་སངས་རྒྱས་པས་རིག་ལྔའི་རང་བཞིན་དུ་སོ་སོ་དང་སོ་སོ་མ་ཡིན་པར་གནས་ལ་དེ་དག་གི་སྐུའི་རིགས་དང་སྲོག་ཏུ་འཛིན་པ་ལ་གདུང་ལྔ་མ་སྨིན་པ་བག་ལ་ཞར་ཡོད་ལ། རྣལ་འབྱོར་པས་འོད་གསལ་སྙིང་པོའི་ལམ་སྦྱངས་པས་མངོན་གྱུར་དུ་སྨིན་ཏེ། ཤ་རཱི་རཾ་ལ་སོགས་པ་ལྔ་བྱུང་བས་རིགས་སོ་སོར་གྲོལ་བ་ནི། སྐུ་གདུང་འབར་བ་ལས། སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང༌། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ནི་ལྔ་ལྔར་འབྱུང༌། །ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་པ་རཱི་རཾ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པདྨའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །དེའང་སྐྱེས་བུ་ལ་གདུང་རིགས་ལྔ་ལས། རེ་རེའམ་ཐམས་ཅད་ཚང་བ་གང་བྱུང་ཡང་རིགས་ལྔའི་ཚོམ་བུའི་སྣང་བ་ལ། གདུང་རིགས་དེའི་སངས་རྒྱས་སུ་གྲོལ་བའི་རྟགས་ཡིན་ཏེ། དེ་ཉིད་ལས། ཐབས་ལྡན་མྱ་ངན་འདས་པ་ཡི། །ལུས་ལ་འདི་ཀུན་བྱུང་བ་སྟེ། །སོ་སོའི་རིགས་ཀྱི་གདུང་བྱུང་ན། །ཆོས་ཉིད་བར་མ་དོ་ལ་ཡང༌། །རང་རང་རིགས་ཀྱི་སངས་རྒྱས་ཀྱི། །སྐུ་ནི་མཐོང་ནས་གྲོལ་བའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གདུང་ལ་ཡང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི། ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི། ཁ་དོག་དམར་པོ་ནི་སྣང་བ་མཐའ་ཡས་ཀྱི། །ཁ་དོག་ལྗང་གུ་ནི་དོན་ཡོད་གྲུབ་པའི། ཁ་དོག་སྣ་ཚོགས་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ་ཞེས་སོ། །གཉིས་པ་ཁྱད་པར་གྱི་དབྱེ་བ་ལ་གདུང་རིགས་ལྔའི་ཁ་དོག ཆེ་ཆུང་གི་ཚད། གནས་ཀྱི་ཁྱད་པར། རྒྱུ་གང་ལས་བྱུང་བ་དང་བཞི་ལས། དང་པོ་ཁ་དོག་ནི་རིགས་ལྔའི་ཆ་འཛིན་པས་ལྔ་སྟེ། དེའང་ཞི་བའི་གདུང་གི་ཁ་དོག་དང༌། ཁྲོ་བོའི་གདུང་གི་ཁ་དོག་ཆ་གཉིས་སུ་འབྱུང་བ་ལས། སྐུ་གདུང་འབར་བར་ཞི་བའི་ཁ་དོག་གསུངས་པ་ནི། ཤ་རཱི་རཾ་དཀར་པོ། བ་རཱི་རཾ་སྔོ་ནག ཆུ་རཱི་རཾ་སེར་པོ། བསེ་རཱི་རཾ་དམར་པོ། ཉ་རཱི་རཾ་ལྗང་གུའོ། །རང་ཤར་དུ། ཁྲོ་བོའི་གདུང་གི་ཁ་དོག་གསུངས་པ་ནི། དེ་ཡང་རིགས་བསྟན་འདི་ལྟ་སྟེ། །ཤ་རཱི་རཾ་ནི་དཀར་ལ་གདངས། །ཆུ་རཱི་རཾ་ནི་སྔོ་ནག་གོ །བ་རཱི་རཾ་ནི་ཚིག་སེར་ལྡན། །ཉ་རཱི་རཾ་ནི་སྨུག་ནག་སྟེ། །པཉྩ་རཾ་ནི་དམར་ལྗང་ནག །དེ་བཞིན་ཁ་དོག་དབྱེ་བའོ། །ཞེས་སོ། །ཆེ་ཆུང་གི་ཚད་ནི་ཤ་རཱི་རཾ་མོན་སྲན་གྱི་འབྲུ་ཙམ་སྟེ་སྲན་དཀར་མོ་དང་མཉམ་ལ། གཞན་རྣམས་ཡུངས་ཀར་ག་འབྲུ་ཙམ་དང་སྲན་ཆུང་གི་འབྲུ་ཙམ་གྱི་བར་སྣུམ་ལ་འདྲིལ་ཞིང་ཟླུམ་པའོ། །གནས་ནི་ཤ་རཱི་རཾ་མགོ་ལ་གནས། བ་རཱི་རཾ་རྩིབ་མའི་གོ་བར་དང༌། ཆུ་རཱི་རཾ་མཆིན་པའི་སྟེང་དང༌། བསེ་རཱི་རཾ་མཁལ་མ་དང༌། ཉ་རཱི་རཾ་གློ་བའི་སྟེང་ན་གནས་པའོ། །རྒྱུ་ལ་གཉིས་ལས། ཞི་བའི་གདུང་གི་རྒྱུ་ནི་ཤ་རཱི་རཾ་རུས་པའི་དངས་མ་དང༌། བ་རཱི་རཾ་དྲོད་ཀྱི་དངས་མ་དང༌། ཆུ་རཱི་རཾ་ཁྲག་གི་དངས་མ་དང༌། བསེ་རཱི་རཾ་འབྱུང་བའི་དངས་མ་དང༌། ཉ་རཱི་རཾ་ཤེས་པའི་དངས་མ་ལུས་ལ་འདུས་པ་ལས་བྱུང་བའོ། །ཁྲོ་བོའི་གདུང་གི་རྒྱུ་ནི། ཤ་རཱི་རཾ་མགོ་བོའི་ཐོད་པའི་ལྷ་བ་དང༌། ཆུ་རཱི་རཾ་ཁྲག་གི་དངས་མ་དང༌། བ་རཱི་རཾ་ཚིགས་ཀྱི་དངས་མ་དང༌། ཉ་རཱི་རཾ་རྐང་གི་དངས་མ་དང༌། པཉྩ་རཾ་འབྱུང་བའི་དངས་མ་ལས་འབྱུང་སྟེ། རང་ཤར་ལས། ཤ་རཱི་རཾ་ནི་མགོ་ལས་འབྱུང༌། །ཆུ་རཱི་རཾ་ནི་ཁྲག་ལས་འབྱུང༌། །བ་རཱི་རཾ་ནི་ཚིགས་ལས་འབྱུང༌། །ཉ་རཱི་རཾ་ནི་རྐང་ལས་འབྱུང༌། །པཉྩ་རཾ་ནི་འབྱུང་བ་བཞིའི། །དངས་མ་ལས་ནི་ཡང་དག་འབྱུང༌། །ཞེས་སོ། །དེའང་གདུང་ལྔ་ཐམས་ཅད་དབྱིབས་རབ་ཏུ་ཟླུམ་ཞིང་སྣུམ་ལ་འདྲིལ་བ། གཏིང་གསལ་གྱི་འོད་ལྔ་ཡོད་པ་ཉི་ཟེར་ལ་བསྟན་དུས་རབ་ཏུ་འཚེར་ཞིང་དངས་པ་སྟེ། སྐུ་གདུང་འབར་བ་ལས། ཀྱེ་མ་ཉོན་ཅིག་མཁའ་འགྲོ་མ། །ཤ་རཱི་རཾ་ཞེས་དཀར་ལ་གདངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དངས་མ་ལས། །སྨིན་པས་འདྲིལ་བར་བྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་བྱུང༌། །བ་རཱི་རཾ་ཞེས་སྔོ་ལ་ནག །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་སྟེ་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང༌། །བ་རཱི་རཾ་ནི་དམར་ལ་གདངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལ་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང༌། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །ཞི་བའི་གདུང་གིས་རང་སྣང་ངེས་པའི་རིགས་ཀྱི་སར་གྲོལ་ལ། །ཁྲོ་བོའི་གདུང་གིས། །ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་དོན་ཡོད་ཀྱི་སྐུ། མི་འགྱུར་རྡོ་རྗེའི་སྐུ་འཐོབ་སྟེ། །རང་ཤར་ལས། ཤ་རཱི་རཾ་གྱིས་སྐྱེ་མེད་འཐོབ། །ཆུ་རཱི་རཾ་གྱིས་དོན་ཡོད་དོ། །བ་རཱི་རཾ་གྱིས་ལོངས་སྐུ་འཐོབ། །ཉ་རཱི་རཾ་གྱིས་སྤྲུལ་སྐུ་འཐོབ། །པཉྩ་རཾ་གྱིས་རྡོ་རྗེ་ཉིད། །ཅེས་སོ། །གསུམ་པ་གདུང་དང་རིང་བསྲེལ་གྱི་ཁྱད་པར་གྱིས་དོན་བསྡུ་བ་ནི། གདུང་དང་འདྲ་བའི་རིང་བསྲེལ་ཞེས་བྱ་བ། དབྱིབས་ཟླུམ་ཞིང་ཁ་དོག་ལྔ་གང་རུང་དུ་འདུག་པ་སྟེ། རིང་བསྲེལ་གྱི་རྒྱུ་དངས་མ་དཀར་དམར་དང་ཤ་རུས་དང་དྲོད་དབུགས་ཀྱི་དངས་མ་འདྲིལ་བ་ལས་བྱུང་ལ། གདུང་ནི་དངས་མའི་ཤིན་ཏུ་དངས་མ་ལས་བྱུང་བའོ། །སྐྱེད་པའི་གནས་དང་འབྱུང་བའི་གནས་ལུས་་ཀྱི་ཚིགས་དང་ཤ་ལྤགས་བར་ནས་འབྱུང་ཞིང་བསྐྱེད་ལ། སྨིན་པའི་གནས་ནི་རུས་པ་དང་ཤ་དང་པགས་པ་ཐམས་ཅད་ན་ཡོད་པས་ད་གཟོད་དེ་དག་ཐམས་ཅད་ལས་འབྱུང་ངོ། །དེའང་ཤ་དང་པགས་པ་དང་རུས་པ་ལས་འབྱུང་བ་དང༌། ཁྲག་དང་ཆུ་སེར་དངས་མ་ལས་འབྱུང་བ་དང༌། དྲོད་ལས་འབྱུང་བ་དང༌། དབུགས་ལས་འབྱུང་བ་སྟེ། རིགས་བཞི་ལ་ཁ་དོག་ཀྱང་དཀར་པོ་དང༌། དམར་སེར་དང༌། དམར་པོ་དང༌། ལྗང་མཐིང་སྟེ་ལྔར་འབྱུང་བའོ། །འདིའི་འབྲས་བུ་ནི་རང་བཞིན་སྤྲུལ་སྐུར་དབུགས་འབྱིན་པའོ། །དེའང་སྙིང་ཐིག་བསྒོམ་པའི་སྐལ་ལྡན་ལ་བྱུང་ན་དེ་ཡིན་ལ། །གཞན་ཀུན་མ་ངེས་ཏེ། །ལ་ལ་མཐོ་རིས་སུ་སྐྱེ། ལ་ལ་ངན་སོང་དུ་སྐྱེ་བ་ལ་སོགས་པ་སྟེ། འགྲོ་བ་ཕལ་པ་དང༌། བྱ་དང་ཁྱི་ལ་སོགས་པ་དང༌། སྡིག་ཅན་དང༌། དགེ་བའི་བཤེས་གཉེན་ཡིད་དཔྱོད་མཁན་རྣམས་ལ་ཡང་འབྱུང་བའི་ཕྱིར་རོ། །གདུང་ནི་འབྱུང་བའི་གནོད་པས་མི་ཤིགས་པས་ལྕགས་ཀྱི་གཏུན་དུ་ཐོ་བས་བརྡུངས་ཀྱང་མི་འཇིགས་ལ། རིང་བསྲེལ་ནི་འཇིགས་སྟེ། བསྲེགས་ཐལ་ན་ཡང་འཚིགས་པས་རིང་བསྲེལ་མི་འབྱུང་བ་ཡིན་ལ། རིང་བསྲེལ་རེ་བའི་རོ་སྲེག་དུས་ཧ་ཅང་མ་ཚིག་པ་གལ་ཆེའོ། །དེ་དག་ཀྱང་སྐུ་གདུང་འབར་བ་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདིས་ནི་སྤྲུལ་པའི་ཞིང་ཁམས་སོ། །ཞེས་པ་དང༌། རིང་བསྲེལ་ཉིད་ནི་ཚིགས་བར་རམ། །ཡང་ན་ཤ་དང་པགས་པའི་བར། །འདི་ཀུན་ལས་ནི་བསྐྱེད་ཅིང་འབྱུང༌། །ཞེས་སོ། །དེ་ལ་སྐྱེ་བོ་ཕལ་པ་དང༌། །སངས་རྒྱས་ཀྱི་རིང་བསྲེལ་ནི། རབ་ཏུ་དངས་མི་དངས་དང་འོད་ལྔ་ཡོད་མེད་དང༌། བྱང་ཆུབ་ཤིང་དང་དེའི་ལོ་མས་ཤེས་སོ། །གསུམ་པ་འོད་ལ་ངོ་བོ། རྒྱུ། དབྱེ་བ། གྲོལ་ཚད་ཀྱི་འབྲས་བུ་དང་བཞི་ལས། འོད་ཀྱི་ངོ་བོ་ནི། ཁ་དོག་ལྔ་རང་གསལ་བའོ། །རྒྱུན་ནི་འབྱུང་བ་དངས་པ་དང༌། རིག་པ་གོམས་པའི་རང་གདངས་གཉིས་འཛོམ་པ་ལས་འདས་དུས་འབྱུང་བའོ། །དབྱེ་ན་སྐབས་ཀྱིས་གྱེན་འགྲེང༌། རྩིབས་ཤར། མུ་ཁྱུད་གསུམ་མོ། །ཡང་ན་སྐས་ཀྱི་ཚུལ་གནམ་འཐེན་དུ་ཟུག་པ་དང༌། ནམ་མཁའི་དཀྱིལ་དུ་ཕེབས་པར་འོད་ཁྱིམ་དུ་སྣང་བའོ། །འབྲས་བུ་ནི་མུ་ཁྱུད་དུ་བྱུང་ན་བར་དོ་དང་པོར་གྲོལ་བའོ། །གྱེན་འགྲེང་གནམ་འཐེན་ལྟར་བྱུང་ན་ཀ་དག་ལ་ཟང་ཐལ་བས་ཆོས་ཉིད་ཀྱི་བར་དོ་མེད་པར་གྲོལ་ལོ། །རྩིབས་ཤར་ལ་བར་དོ་ཐ་མའི་ཚེ་གྲོལ་ལོ། །འོད་སྐས་ལྟར་སྐྱེས་བུ་དེ་འདས་པའི་ལུས་སམ་ཁང་པའམ། བསྲེགས་ཁང་ཁོར་ཡུག་ལ་ཟུག་ན། བསམ་གཏན་གྱི་ཞག་བདུན་ན་ཡེ་ཤེས་བཞི་སྦྱོར་ལ་གྲོལ་ལོ། །འོད་ཁྱིམ་ལྟར་བྱུང་ན། ཚོམ་བུའི་སྣང་བ་ལ་ཞག་ལྔ་ན་གྲོལ་བའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་བྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །འོད་སྐས་ལྟར་བྱུང་བ་དེ་ནི་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་པ་དང༌། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལས་བྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡི་ནི་འབྲས་བུ་འཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདི་ནི་བར་དོ་མི་སྣང་བར། །སྐད་ཅིག་ལས་ནི་སངས་རྒྱས་སོ། །འོད་ནི་རྩིབས་ལས་སྣང་འགྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་རྙེད་དོ། །ཞེས་སོ། །དེའང་ལྷུན་གྲུབ་སྣང་ན་སྤྲུལ་པ་འགྱེད་ལ། །དེའི་ངང་ནས་འཇིག་རྟེན་ཕྱོགས་བཅུར་ཡང་སེམས་ཅན་གྱི་དོན་ལ་སྤྲུལ་པ་ཕྱིར་འཕྲོ་བས། རང་སྣང་གཟུགས་བརྙན་གྱི་འགྲོ་དྲུག་དང༌། གཞན་སྣང་རང་མཚན་གྱི་འགྲོ་དྲུག་གཉིས་ཀྱི་གདུལ་ཞིང་དུ། །སྤྲུལ་པ་གཉིས་ཀྱིས་དོན་མཛད་པར་ཡང༌། དེ་ཉིད་ལས། དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ། །གང་ཞིག་བྱང་ཆུབ་རྙེད་པའི་མི། །འདི་ནི་སྐལ་ལྡན་སེམས་ཆེན་གྱིས། །སྤྲུལ་པ་ཡིས་ནི་ཕྱོགས་བཅུ་རུ། །སེམས་ཅན་དོན་ཀྱང་རང་བཞིན་དུ། །འདི་ཡིས་བྱེད་དོ་མཁའ་འགྲོ་མ། །ཞེས་སོ། །བཞི་པ་སྒྲ་ལ། ངོ་བོ། དབྱེ་བ། རྒྱུ། འབྲས་བུའི་ཚད་དང་བཞི་ལས། སྒྲའི་ངོ་བོ་རྣ་བའི་དབང་པོ་ལ་གྲག་པའོ། །དབྱེ་ན་སྙན་མི་སྙན་བར་མ་ལ་སོགས་པ་ཡོད་ཀྱང༌། སྐབས་འདིར་དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་དང༌། དྲག་ལ་ཡུན་ཐུང་བ་ཁྲོ་བོའི་འབྲུག་སྒྲ་གཉིས་ཏེ་འུར་བ་དང་ཐུག་པ་ཞེས་བྱའོ། །རྒྱུ་ནི་སྤྱིའི་རྒྱུ་ནམ་མཁའི་གསེང་ལ་གཉིས་འཐབས་པའི་རྐྱེན་ལས་བྱུང་ལ། འདིར་བརྟན་པ་ཐོབ་པའི་རྒྱུས་བྱུང་བའོ། །འབྲས་བུ་ནི། ལོངས་སྐུ་དང༌། དེ་ལས་སྤྲུལ་སྐུ་འཕྲོ་བ་ཐོབ་པའོ། །དེའང་དལ་ལ་རྒྱུན་རིང་བའི་འུར་བས་ཞི་བའི་སྐུ་ལས་བསམ་གཏན་གྱི་ཞག་བདུན་ན་བརྟན་པ་ཐོབ་ལ། འུར་ཐུག་བརྩེགས་མ་དྲག་ལ་ཡུན་ཐུང་བས་ཁྲོ་བོའི་སྐུ་ལ་གྲོལ་བའོ། །དེ་གཉིས་ཀྱང་རིགས་ལྔར་ཡོད་ལ། རིགས་ལྔ་གང་དུ་གྲོལ་བའི་མཚན་མ་བརྟགས་པ་ནི། རྣལ་འབྱོར་པ་འདས་པའི་གནས་སམ། རོ་བསྐྱལ་སྦྱངས་ཀྱིས་དེའི་ཤར་དུ་གྲག་ན་རྡོ་རྗེ་རིགས། །ལྷོར་རིན་ཆེན་རིགས། ནུབ་ཏུ་པདྨ་རིགས། །བྱང་དུ་ལས་ཀྱི་རིགས། སྟེང་དུ་བྱུང་ན་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་འགྲུབ་པ་སྟེ། སྐུ་གདུང་འབར་བ་ལས། གང་དུ་འདས་པའི་གནས་ཁང་གི །ཤར་གྱི་ཕྱོགས་ནས་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ནི། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང༌། །སྒྲ་ནི་རིན་ཆེན་རིགས་སུ་སྣང༌། །ནུབ་ཏུ་པདྨ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་གཤེགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང༌། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐུབ་པའོ། །དེ་ཀུན་ལོངས་སྐུའི་ཚད་དང་མཉམ། །འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང༌། །སྤྲུལ་པའི་སྐུ་ཡང་འབྱིན་པར་ནུས། །ནུས་དང་མཐུན་འཇུག་ཐབས་ཀྱིས་ནི། །འདི་ཡི་ས་མཐར་ཕྱིན་པའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་སོ། །ལྔ་པ་གཡོ་བ་ལ་ངོ་བོ། རྒྱུ། དབྱེ་བ་ལ། འབྲས་བུ་བཞི་ལས། ངོ་བོ་ནི་སྣོད་ཀྱི་འོག་གཞི་སྐྱེ་འགྲོ་བརྟེན་ཞིང་འདེགས་པའོ། །རྒྱུ་ནི་སྐྱེས་བུ་དེའི་ནུས་པས་རླུང་བསྐུལ་ཏེ་གཡོ་བའོ། །དབྱེ་ན་གཡོ་བ་རབ་ཏུ་གཡོ་བ། ཆེར་གཡོ་བ། ཀུན་ཏུ་རབ་ཏུ་གཡོ་བ་དང་བཞིའོ། །འབྲས་བུ་ནི། སྐྱེས་བུ་ཐུན་མོང་བ་བྱང་ཆུབ་སེམས་དཔའི་རིགས་ལ་སོགས་པ་རྣམས་དང༌། འདིའི་སྒོ་མ་མཐོང་ཡང་སྔོན་འགྲོ་སྦྱོང་འཕྲོ་ལ་ཤི་བའམ། དམིགས་པ་ཡུལ་གྱི་བློ་ཅན་འགའ་ཞིག་གམ། བཏགས་གྲོལ་བཏགས་པའི་གང་ཟག་ཕལ་པ་དག་ལམ་ལ་མོས་པ་དང་བརྩོན་པར་བྱེད་པ་ལས་ཚེ་འཕོས་བ་རྣམས་ཀྱི་རྟགས་ཏེ། དེའང་དབུགས་དང་བྲལ་མ་ཐག་གཡོས་དབུས་སུ་བྱུང་ན་ཉན་ཐོས་འཕགས་པའི་ས་དཀར་པོ་རྣམ་པར་མཐོང་བ་ཐོབ་ནས་ཕྱི་མ་བདུན་སྦྱོང་བ་ལ་གནས་སོ། །དེའང་རིགས་དང༌། བརྒྱད་པ་དང༌། མཐོང་བ་དང༌། སྲབ་པ་དང༌། བྱས་པ་རྟོགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་སྟེ་དམན་པའི་ས་བརྒྱད་དོ། །ཤི་ནས་ཞག་གསུམ་ན་ཤར་ཕྱོགས་ནས་གཡོས་ན་རང་སངས་རྒྱས་ཀྱི་ས་ཐོབ་བོ། །འདི་ལ་རྒྱུན་ཞུགས། ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་པའི་ས་དང་བཞིའོ། །ཤི་ནས་ཞག་དྲུག་ན་ལྷོར་གཡོས་ན་བྱང་ཆུབ་སེམས་དཔའི་སའོ། །འདི་ལ་རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་བ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ཏེ་རྒྱུའི་ས་བཅུ། ཀུན་ཏུ་འོད་འབྲས་བུའི་ས་དང་བཅུ་གཅིག་གོ །ཤི་ནས་ཞག་དགུ་ན་སྟེང་ནས་སྒྲ་ཅུང་ཟད་དང་མཉམ་དུ་གཡོས་ན་རིག་པ་འཛིན་པའི་ས་ཐོབ་པོ། །འདི་ལ་རྣམ་པར་སྨིན་པའི་ས་དང༌། ཚེ་ལ་དབང་བའི་ས་དང༌། ཕྱག་རྒྱ་ཆེན་པོའི་ས་དང༌། ལྷུན་གྱིས་གྲུབ་པའི་ས་དང་བཞིའོ། །དེའང་གང་ཟག་དེ་དག་གིས་མྱུར་དུ་འབྲས་བུ་མི་ཐོབ་པས། རང་རང་གི་ས་དེ་དག་གི་དང་པོ་ཐོབ་ནས་ཡོངས་སུ་རྫོགས་པར་སྦྱོང་བའི་བར་ལ་ཡུན་རིང་དུ་གནས་པར་གསུངས་ཏེ། སྐུ་གདུང་འབར་བ་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་གཡོས་ན། །འདིས་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང༌། །དེ་ཉིད་ས་ཡི་གཡོས་བྱུང་ན། །འདིས་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང༌། །ས་ནི་གཡོས་པར་གྱུར་ན་ནི། །འདིས་ན་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དེ་ཡང་ཐེག་པའི་སྒོ་དང་འཇུག་ལམ་སོ་སོ་ཡིན་པར་མ་གོ་བར། དེང་སང་ཐོས་པ་ཆུང་བ་དག་རྒྱུ་མཚན་ཉིད་ཁོ་ནའི་ས་ལམ་གྱི་ས་ཐམས་ཅད་ལ་འཇལ་བ་ནི། ཁུར་ཐོགས་པའི་བར་ཞག་གིས་ལྷ་ས་ལྟ་བུ་བགྲོད་པའི་བར་ཞག་དེས་དེར་འགྲོ་ཚད་ཀྱི་སྐྱེ་བོ་ལ་རྩིས་འདེབས་པ་དང་འདྲ་ཡང༌། ཐམས་ཅད་མཚོན་མི་ནུས་ཏེ། རྟ་པ་དང༌། རྐང་མགྱོགས་པ་དང༌། བྱ་ལ་སོགས་པ་ཁུར་པོ་བས་ཡུན་རིང་པོ་ཞག་བྱེད་པ་ཆོད་ལ། བུལ་ན་རིང་དུ་ཐོགས་པ་ཡོད་པས་མ་ངེས་པ་ལྟར། ལམ་སོ་སོའི་ཐབས་དང་ཤེས་རབ་ཀྱི་བྱེད་པ་ཡང་དེ་འདྲ་བར་མཁས་པ་ཤེས་རབ་ཅན་གྱིས་ཁོང་དུ་ཆུད་པར་རྟོགས་པར་བྱའོ། །དོན་གཉིས་པ་འགྲོ་དྲུག་འཁྲུལ་པས་སྐྱེ་བ་ལེན་པའི་རྟགས་ལ་གཉིས་ཏེ། སྤྱིའི་རྣམ་པར་གཞག་པ་དང༌། རྟགས་དངོས་བསྟན་པའོ། །དང་པོ་ནི། འདི་ལྟར་སེམས་ཅན་ཐམས་ཅད་ལ། འགྲོ་བའི་ལམ་གཉིས། འབྲས་བུ་གཉིས་ཏེ་བཞི་ལས། ལམ་ནི་ཆོས་ཉིད་ཀྱི་བར་མ་དོ་དང༌། སྲིད་པའི་བར་མ་དོ་གཉིས་མ་ཡིན་པས་ལམ་ཡོད་མི་སྲིད། འབྲས་བུ་ལ་སངས་རྒྱས་དང་སེམས་ཅན་རང་དུ་ལྡོག་པ་གཉིས་ལས་འགྲོ་ས་མེད་དོ། །སངས་རྒྱས་སུ་འགྲོ་བ་ལ་ལམ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་དང་ལྔའོ། །སེམས་ཅན་དུ་འཁྲུལ་པའི་ལམ་ཡང་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོ་མ་ངེས་པའི་ལམ་མོ། །འབྲས་བུ་ལས་ཁྱད་པར་དུ་སངས་རྒྱས་ནི་ཡེ་ཇི་བཞིན་པའི་སངས་རྒྱས་ཀྱི་འབྲས་བུ་དང༌། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་འབྲས་བུའོ། །སེམས་ཅན་གྱི་འབྲས་བུ་ནི་དམྱལ་བ། ཡི་དགས། བྱོལ་སོང༌། མི། ལྷ། ལྷ་མིན་དྲུག་ལས་འགྲོ་ས་མེད་དོ། །གཉིས་པ་རྟགས་དངོས་ལ་དྲུག་ལས། དང་པོ་དམྱལ་བར་སྐྱེ་བའི་རྟགས་ནི། ཤི་བའི་དུས་དེར་ནམ་མཁའ་སྤྲིན་ནག་པོས་འཁྲིགས་ཏེ མུན་བསྲོས་པ་བཞིན་སོང་ལ། ཆར་དང༌། ཁུ་རླངས་དང༌། རླུང་ཆེན་པོ་དང༌། སེར་བ་དང༌། བུ་ཡུག་འཚུབས་ན་ཚ་བའི་དམྱལ་བ་བརྒྱད་དང༌། གྲང་བ་བརྒྱད་དང༌། ཉི་ཚེ་བ་དང༌། ཉེ་འཁོར་བ་དང༌། སེམས་ཅན་དམྱལ་བ་མནར་མེད་དང༌། རྡོ་རྗེ་དམྱལ་བ་བདུན་དུ་སྐྱེའོ། །དེ་ལ་ཕྱི་མ་འདི་གཉིས་ཚ་དམྱལ་བརྒྱད་ཀྱི་ཁོངས་སུ་གཏོགས་ཀྱང་ཚེ་རིང་བ་དང༌། སྡུག་བསྔལ་ཆེ་བས་ཁྱད་པར་དུ་བྱས་ཏེ་ལོགས་སུ་བགྲངས་སོ། །དེའང་མཚམས་མེད་ལ་སོགས་པའི་ལས་ཀྱིས་ཚ་དམྱལ་ཐ་མ་དེར་སྐྱེས་པ་ཀུན་གྱི་ཚེ་བར་བསྐལ་གཅིག་ཡིན་ཡང༌། ཆོས་སྤངས་པའི་ལས་ཅན་དེ་དེ་བས་ཀྱང་བྱེ་བ་བརྒྱ་སྟོང་གིས་རིང་དུ་གནས་པས་སེམས་ཅན་དམྱལ་བ་མནར་མེད་ཅེས་བཤད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་སྤངས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཅན་དུ་སྐྱེས་ཏེ་སྡུག་བསྔལ་མི་བཟད་པ་མྱོང་བ་ལས། དེར་ཡང་མེའི་སྡུད་པའི་བསྐལ་པ་ཆེན་པོ་བྱུང་བ་ན། ཤར་ཕྱོགས་ཀྱི་འཇིག་རྟེན་ན་སེམས་ཅན་དམྱལ་བ་ཆེན་པོ་ཡོད་པའི་གནས་ག་ལ་བ་དེར་སྐྱེས་ཏེ། དེར་ཡང་མེའི་བསྐལ་བ་ཆེན་པོ་བྱུང་བ་ན་ཞེས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་བར་དུ་གསུངས་སོ། །དེ་བས་གསང་སྔགས་ཀྱི་སྒོར་ཞུགས་ནས་རྡོ་རྗེ་བླ་མ་ལ་དམ་ཚིག་ཆེན་པོ་ཉམས་པ་དེ་ཚེ་རིང་ཞིང་སྡུག་བསྔལ་ཆེ་བ་སྟེ། དམ་ཚིག་མཆོག་ཏུ་བཀོད་པ་སྡོང་པོའི་རྒྱུད་ལས། གང་གིས་རྡོ་རྗེ་བླ་མ་ལ། །ངན་སེམས་ལྡན་པས་སུན་ཕྱུང་སྟེ། །དམ་ལས་ཉམས་པ་ཆེན་པོ་དག །ཇི་སྲིད་རྒྱ་མཚོ་ཆེན་པོ་ལས། །སྐྲ་ཡི་ཉག་མ་རེ་རེ་ཡིས། །ཆུ་དེ་གཏོར་བ་ཟད་གྱུར་པ། །བསྐལ་པ་རྒྱ་མཚོ་དེ་སྙེད་དུ། །གནས་པར་འགྱུར་བ་གང་ཡིན་པ། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཅེས་སོ། །གཉིས་པ་ཡི་དགས་སུ་སྐྱེ་བའི་རྟགས་ནི། ཤི་བའི་དུས་ན་ནམ་མཁའ་མི་གསལ་བ་ལ་འོད་ཟེར་ཡལ་བ་ནུབ་ཀའི་སྣང་བ་ལྟ་བུ་དང༌། ཉི་ཟླ་ཤི་བ་དང༌། སྤྲིན་སེར་པོས་ཉི་ཟླ་མི་སྣང་བ་དང༌། ཆར་བབ་པའི་རྗེས་གྲང་པོ་དང༌། དེའི་སྲོད་ལ་ཆར་བབ་པ་སྟེ། འདི་དག་ནི་ཡི་དགས་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་དང༌། གློ་བུར་བའི་སྒྲིབ་པ་ཅན་དང༌། བྱེ་བྲག་པའི་སྒྲིབ་པ་ཅན་དང༌། ཕྱིན་ཅི་ལོག་ཏུ་སོང་བའི་སྒྲིབ་པ་ཅན་དང༌། ལས་དང་ལས་ཀྱི་རྣམ་གྲངས་པའི་སྒྲིབ་པ་ཅན་དང༌། ལོངས་སྤྱོད་སྣང་བ་དབང་དུ་མ་གྱུར་པའི་སྒྲིབ་པ་ཅན་དང་དེ་རྣམས་སུ་སྐྱེ་བའོ། །གསུམ་པ་དུད་འགྲོའི་རྟགས་ནི། ཚེ་འཕོས་པའི་དུས་སུ་ནམ་རྨུགས་ཤིང་བག་དྲོ་ལ་སྣུམ་མེད་ཅིང་སྤྲིན་ནག་པོས་འཁྲིགས་པ་དང༌། ན་བུན་ལང་ལོང་གིས་རྨུགས་པའམ། དུ་བའི་རྣམ་པས་ལུང་པ་སྔོ་སངས་ཏེ་སོང་བ་དང༌། རྨུགས་ཤིང་ཉམས་མི་དགའ་བའི་ནམ་མཁའ་བྱུང་ན་བྱོལ་སོང་རྐང་མངས་དང༌། རྐང་མེད་དང༌། རྐང་བཞི་པ་དང༌། འདབ་ཆགས་དང༌། སྡེར་ཆགས་ལ་སོགས་པར་སྐྱེ་བའོ། །བཞི་པ་ལྷ་མ་ཡིན་དུ་སྐྱེ་བའི་རྟགས་ནི། ཤི་བའི་དུས་སུ་རླུང་དྲག་པོ་ཕྱོགས་ཀུན་ནས་ལྡང་བ་དང༌། སྤྲིན་ཁམ་ནག་སྲོག་ཆགས་འཇིགས་པའི་གཟུགས་འདྲ་བ་འབྱུང་བ་དང༌། སྤྲིན་རྣམས་རབ་ཏུ་འཁྲུག་ཅིང་འབྲུག་དྲག་པོ་གློག་གི་ཕྲེང་བ་འཁྱུག་པས་ང་རོ་སྒྲོགས་པ་དང༌། ཉི་ཟླའི་འོད་སྤྲིན་གྱིས་མི་སྣང་བར་བསྒྲིབས་པ་སྟེ། ལྷ་མ་ཡིན་ཟུར་ཕུད་ལྔ་པ་དང༌། གདོང་དྲུག་པ་དང༌། ལག་རིང་དང༌། ལྟོ་འཕྱེ་ཆེན་པོ་དང༌། ནམ་མཁའ་ལྡིང་རལ་པ་ཅན་ལྔའི་སྐྱེ་བ་ལེན་པའོ། །ལྔ་པ་ལྷར་སྐྱེ་བའི་རྟགས་ནི། །དབུགས་དང་བྲལ་བའི་དུས་སུ། ནམ་མཁའ་དངས་ལ་ཉི་ཟླ་གསལ་ཞིང་རླུང་སེར་བུ་མེད་པ་ལ་ཕྱོགས་རྣམས་མདངས་བཟང་ཞིང་རབ་ཏུ་དགའ་བར་མཐོང་བ། འདི་ནི་འདོད་པའི་ལྷ་རིགས་དྲུག་དང༌། གཙང་མ་རིས་ཀྱི་ལྷ་ལྔ་དང༌། འོད་གསལ་ལ་སོགས་པའི་སྐྱེ་གནས་བཅོ་ལྔ་དང༌། སྐྱེ་མཆེད་མུ་བཞིར་སྐྱེ་བ་ལེན་པའི་རྟགས་སོ། །དྲུག་པ་མིར་སྐྱེ་བའི་རྟགས་ནི། ཚེ་འདས་པའི་དུས་ས་ནམ་མཁའ་རབ་ཏུ་གསལ་ཞིང་དངས་པ་ལ་སེར་བུ་མེད་པ་དང༌། འཇམ་སྤྲིན་སྲབ་མོ་དར་དཀར་གྱི་སྣལ་མ་བཞིན་བརྐྱང་པ་དང༌། ཉི་མ་དང་ཟླ་བ་འཇའ་འོད་ཀྱིས་འཁོར་ན། རིམ་པ་ལྟར། མི་ལུས་ཙམ་པོ་དང༌། གཙང་མ་དང༌། རིན་པོ་ཆེའི་སྐྱེ་གནས་སུ་སྐྱེ་བའི་རྟགས་སོ། །འདི་དག་ནི་སྤྱིའི་རྣམ་པར་གཞག་སྟེ། དམིགས་ཀྱིས་བསལ་ན། ངན་པོ་རླུང་དང༌། སེར་བ་ལ་སོགས་པ་མི་མ་ཡིན་ཁྲོས་པས་བཏང་བའམ། སྐྱེ་བོ་གཞན་སྡིག་པ་ཅན་ཤི་བའི་རྟགས་ཡིན་པ་ཡང་སྲིད་ལ། བཟང་པོ་འཇའ་འོད་དང་ནམ་དངས་པ་ལ་སོགས་པ་སྐྱེས་བུ་དམ་པ་གཞན་དག་ས་འཕར་བ་དང་ ཏིང་ངེ་འཛིན་ཐོབ་པ་དང༌། ཚེ་འཕོས་པ་ལ་སོགས་པའི་ཡིན་ཡང་སྲིད་པས། འདིར་ཁོ་རང་གི་བློ་ལ་རྟགས་དེ་འབྱུང་བའི་ནུས་པ་ཅན། གསོན་དུས་སེམས་དང་ཀུན་ཏུ་སྤྱོད་པ་བཟང་བ་ཅིག་ལ་ཤི་དུས་རྟགས་བཟང་པོ་དེ་རིགས་ལ། གསོན་དུས་ངན་པོ་ལ་རྟགས་བཟང་ཡང་གཞན་གྱི་རྟགས་འཆུགས་པ་ཡིན་ཏེ། འཇིག་རྟེན་ན་འཇའ་དོན་གཉེར་བ་དང་ཕྲད་པ་ཞེས་བྱའོ། །ཁོའི་རྟགས་ལས་ངན་པ་དེ་འབྱུང་བར་རིགས་ཏེ་ཕྱི་ནང་རྟེན་འབྲེལ་གཅིག་ཡིན་པའི་ཕྱིར་རོ། །འདིར་དམིགས་བསལ་མ་ཤེས་ན་སྐྱེས་བུ་དམ་པ་ལ་རྟགས་ངན་པ་དང་འདམ་པ་སྲིད་པས་སྐུར་པ་འདེབས་སོ་འོང་ལ། སྡིག་ཅན་ལ་རྟགས་བཟང་པོ་འཇའ་དོན་གཉེར་བ་དང་ཐུག་པས་རྗེས་སུ་ཡི་རང་སྐྱེས་ནས། ཁོའི་རྗེས་སུ་སློབ་པ་འབྱུང་སྲིད་པས། །དེ་དག་ལྡོག་པའི་ཕྱིར་བཤད་དོ། །ཇི་སྐད་དུ་སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད་ལས། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི། །ཚེ་ཡི་འདུ་བྱེད་བྱེད་པའི་ཚེ། །ནམ་མཁའ་ཡི་ནི་མཚན་ཉིད་ཀྱིས། །འདི་ཀུན་སྐྱེ་བའི་གནས་ལ་སྤྱོད། །གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང༌། །རླུང་དང་སེར་བ་བུ་ཡུག་དང༌། །འདི་ཀུན་སུ་ལ་བྱུང་བ་དེ། །དམྱལ་བ་ཡི་ནི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ནི་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་སླེག་ཉི་མ་མི་སྣང་དང༌། །ཆར་པའམ་ཤུལ་ལམ་ཡང་ན་ནི། །དེ་ཡི་སྲོད་ལ་འབབ་པར་འགྱུར། །འདི་ལྟར་སུ་ལ་བྱུང་བ་དེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང༌། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུས་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་ཅིང་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུག་ཅིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང༌། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་དེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དངས་པ་ལ། །ཉི་དང་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་ལྡང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་དངས་ལ། །མི་འབྱེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་སྣལ་མར་སྣང༌། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །དེ་ལྟར་རྟགས་དང་སུ་ལྡན་པ། །ངེས་པར་རིགས་དྲུག་སར་ངེས་ཡིན། །འདི་ལྟར་མ་ཡིན་འདུ་བྱེད་རྣམས། །རྟགས་མེད་ངེས་པ་མེད་པ་ཡིན། །འདི་ལྟར་རྟགས་ནི་དེ་དག་ཀུན། །ཞག་ནི་གཉིས་ནས་གསུམ་དུ་འོང༌། །འདི་ཀུན་སྐྱེ་གནས་དེར་སྐྱེའི་རྟགས། །ཞེས་གསུངས་སོ། །དེའང་རྟགས་མེད་པར་ཤི་བ་རྣམས་གང་དུ་སྐྱེ་རང་གི་ལས་ཀྱིས་ཤེས་མོད། འོན་ཀྱང་འཆི་དུས་དམྱལ་བའི་མེའི་སྣང་བ་དང༌། བཀྲེས་སྐོམ་འཇིགས་པའི་སྣང་བ་དང༌། ཤེས་པ་རྨུགས་པའམ་དུད་འགྲོའི་ནང་ན་འདུག་པ་སྙམ་པའམ། །མིའི་ཡུལ་སྔོན་མ་མཐོང་བའམ། རི་རབ་ཀྱི་ནང་དང་རྒྱ་མཚོའི་ནང་གི་ཉམས་སམ། ལྷའི་ཁང་བུའམ་སྐྱེ་མོས་ཚལ་གྱི་ནང་མཐོང་བའི་སྣང་བའམ། དཀར་སང་བ་ལྟ་བུའི་སྣང་བ་མཐོང་བ་རྣམས་འགྲོ་དྲུག་སོ་སོར་ངེས་པའི་ནང་གི་རྟགས་སུ་མདོ་ལས་བཤད་ལ། ཡང་རྒྱུད་སྡེ་ལས། དྲོད་རྐང་མཐིལ་དང༌། ཆུ་སོ་དང༌། ལྟེ་བ་ད་ང། མགྲིན་པ་དང༌། སྨིན་དབྲག་དང༌། སྤྱི་བོ་ནས་ཡལ་བ་ལ་འགྲོ་དྲུག་གི་སྐྱེ་གནས་ལེན་པའི་རྟགས་སུ་གསུངས་སོ། །རྟགས་བྱུང་བ་དག་ཀྱང་རང་གི་སེམས་དང་མཐུན་པར་སྣང་བ་ཡིན་ན་སྐྱེ་གནས་སོ་སོའི་རྟགས་སུ་ངེས་པར་ཤེས་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དུས་གསུམ་རྟགས་ཀྱི་རྣམ་གྲངས་ངེས་པ་གཏན་ལ་ཕབ་པ་སྟེ་རིམ་ཁང་ཉི་ཤུ་རྩ་གཉིས་པའོ། །དེ་ལྟར་གདམས་པའི་སྤྱིའི་གནས་དང་བརྩོན་པ་དང་དབང་པོ་རབ་རྣམས་ཚེ་འདིར་གྲོལ་བའི་ཐབས་རྟགས་ཀྱི་རིམ་པ་དང་བཅས་པ་བསྟན་ནས། ད་ནི་འབྲིང་རྣམས་བར་དོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ལ་གཉིས་ཏེ། བར་དོ་སྤྱིའི་རྣམ་པར་གཞག་པ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་བར་དོའི་ངོ་བོ། ངེས་ཚིག དབྱེ་བ། སྣང་ལུགས། ས་མཚམས་དང་ལྔ་ལས། དང་པོ་ངོ་བོ་ནི། ཕྱི་ཡུལ་གྱི་ཆོས་ནང་གི་བློ་ལ་སྣང་བའི་གནས་སྐབས་སོ། །དེའང་ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱིས་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གི་ཆོས་སོ་ཅོག་མ་དག་པ་འཁྲུལ་པའི་བར་དོ་ཡིན་ནོ། །དག་མ་དག་གི་ཆོས་དེ་གཉིས་གང་གི་བར་ན་ཡོད་ན། ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་པས་སླར་ཀ་དག་ཏུ་ནུབ་དགོས་པའི་ཕྱིར་གཤིས་ཀ་དག་གི་བར་ན་ཡོད་པའོ། །དང་པོ་ཡང་དེ་ནས་བྱུང༌། ད་ལྟ་ཡང་དེའི་འཆར་ཚུལ་གྱི་ཕྱི་ནང་གི་ངང་ན་གནས། ཐ་མ་ཡང་དེའི་ངང་དུ་སྐྱེལ་དགོས་པའི་ཕྱིར་རོ། །ཀ་དག་གི་དབྱིངས་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མི་ལྟོས་ཤིང་གང་གིའང་བར་ན་འཇུག་པ་མི་སྲིད་དེ། འཕོ་འགྱུར་དང་སྣང་སྟོང་མཐའ་ལས་འདས་པའི་ཕྱིར་རོ། །ཐལ་འགྱུར་ལས། །ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཞེས་སོ། །གནད་འདི་ཡང་ཤེས་རབ་ཡོད་ན་ཆིངས་རླབས་པོ་ཆེའོ། །གཉིས་པ་ངེས་ཚིག་ནི། བར་ཞེས་པ་གོང་འོག་སྔ་ཕྱི་གང་རུང་གི་དབུས་ཀྱི་ཆོས་ཡིན་པའི་ཆ་ནས་བརྗོད་དེ་དཔེར་ན་རྨི་ལམ་བར་དོ་གཉིད་དུ་འགྲོ་ཁ་དང་སད་པ་གཉིས་ཀྱི་བར་ན་ཡོད་པ་བཞིན་ནོ། །མ་ཞེས་པ་དབུས་མཚོན་པའོ། །དོ་ཞེས་པ་ཐོག་མཐའ་གཉིས་ཟུང་དུ་འཇུག་པའི་སྦྲེལ་ཐག་ལྟ་བུར་དབུས་སུ་གནས་ཏེ་དོ་ཡའི་དབུས་ཀྱི་སྦྲེལ་ཐག་བཞིན་ནོ། །གསུམ་པ་དབྱེ་ན་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། ཐེག་པ་ཐུན་མོང་བ་ཁ་ཅིག་ནས། སྐྱེ་ཤི་བར་དོ་དང༌། རྨི་ལམ་དོ་དང༌། ཆོས་ཉིད་བར་དོ་དང་ སྲིད་པ་བར་དོ་ལ་སོགས་པ་འདོད་ཀྱང༌། ཐུན་མོང་མ་ཡིན་པའི་ཐེག་པ་གསང་བ་རྒྱལ་པོ་འདིར། རང་བཞིན་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིར་བཞེད་དེ། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་སོ། །བཞི་པ་སྣང་ལུགས་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི། ཁམས་གསུམ་སྤྱི་ཚན་ལ་སྣང་བ་ནི། གཟུང་འཛིན་ཆགས་སྡང་ཉོན་མོངས་རྣམས་མངོན་གྱུར་དུ་འདོད་པ་དང༌། ཕྲ་བ་གཟུགས་གཟུགས་མེད་དོ། །འགྲོ་དྲུག་སོ་སོ་ལ་སྣང་བ་ནི། རྒྱུ་ཆུ་གཅིག་པུ་ལ་ལྷས་བདུད་རྩི་ལ་སོགས་པ་སྟེ བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང༌། །ཞེས་སོ། །གང་ཟག་སྒོ་ཚན་ལ་ལྷ་སྦྱིན་གཅིག་ལ་དགྲ་གཉེན་དུ་མར་སྣང་བ་དང༌། བདེ་སྡུག་དང་འཁྲུལ་མ་འཁྲུལ་དང༌། ཆགས་སྡང་དང༌། བཟང་ངན་དང༌། ཆོས་དང་ལྡན་མི་ལྡན་ལ་སོགས་པ་སྣང་ཚུལ་དུ་མ་ལས། ཕྱི་མའི་ལས་བཟང་ངན་གྱིས་རྒྱུ་འབྲས་ཐ་དད་ལ་སྤྱོད་པ་རྣམས་སོ། །མདོར་ན་སུ་ལ་ཅི་སྣང་ཡང་མདང་གི་རྨི་ལམ་བཟང་ངན་སྣ་ཚོགས་ལྟར་སྣང་བ་སྟེ། སྣང་ཡང་མ་གྲུབ་པས་མེད་པ་གསལ་སྣང་ལ་སྤྱོད་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི་བཞི་ལས། རང་བཞིན་གནས་པའི་བར་དོའི་སྣང་བ་ནི། གཟུགས་ལ་སོགས་པ་ཕུང་པོ་ལྔའི་བཅིངས་པས་སྐུ་ལྔའི་སྣང་བ་རང་འགགས་པ་དང༌། ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས་འོད་དང༌། ཁ་དོག་གི་སྣང་བ་རང་འགགས་པ་དང༌། ལས་དང་ཉོན་མོངས་པའི་བཅིངས་པས་ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་ཏེ། ཕྱི་སྣང་བའི་ཡུལ་ལ་ནང་འཛིན་པའི་སེམས་ཞེན་པས། ཕྱིན་ཅི་ལོག་བཞིའི་ཆུ་ཀླུང་རྒལ་དཀའ་བའི་ཀློང་ན་ཉིན་མཚན་འཁོར་མར་སྤྱོད་པས་ལས་དང་བག་ཆགས་དུ་མ་ལ་སྤྱོད་པའོ། །ཕྱིན་ཅི་ལོག་བཞི་ནི་འཁོར་བའི་འཁྲུལ་སྣང་རྨི་ལམ་སྒྱུ་མ་འདྲ་བའི་རང་བཞིན་མ་ཤེས་པས། མི་རྟག་པ་ལ་རྟག་པར་འཛིན། མི་བདེན་པ་ལ་བདེན་པར་འཛིན། སྡུག་བསྔལ་རྒྱུ་འབྲས་ལ་བདེ་བར་འཛིན། རང་བཞིན་གྱིས་སྟོང་པ་ལ་དངོས་པོ་དང་མཚན་མར་འཛིན་པའོ། །དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྡོམ་བཞི་བྱིས་པ་སོ་སོའི་སྐྱེ་བོ་དྲང་བའི་ཕྱིར་གསུངས་པ་ཡིན་ནོ། །འཆི་ཀ་མའི་བར་དོའི་སྣང་བ་ནི། ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང༌། སེམས་བྱུང་ཚོར་གྱི་ལམ་སྟོར་བས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང༌། བག་ཆགས་འཛིན་པའི་མཚོ་རྡོལ་བས་ཚེ་འདིའི་སྣང་བ་ལ་ཆགས་ཀྱང་འབྲལ་བའི་སྡུག་བསྔལ་ཉམས་སུ་མྱོང༌། །རང་གནོད་ཆོས་མིན་གྱི་ལས་དྲན་པས་ཕྱི་མ་ངན་སོང་གི་གཡང་སར་ལྷུང་གིས་དོགས་པའི་སྡུག་བསྔལ་ཉམས་སུ་མྱོང༌། ཞེན་འཛིན་གཅེས་སྤྲས་ཀྱིས་གསོལ་བའི་ལུས་དྲན་པས་རྟེན་ཕུང་པོའི་མཁར་པོ་འགྱེལ་གྱིས་དོགས་པའི་སྡུག་བསྔལ་སུ་མྱོང་སྟེ། དོན་གྱིས་བེམས་རིག་བྲལ་ན་ཤི་ཡིས་དོགས་པའི་སྡུག་བསྔལ་ལ་གནས་པའོ། །ཆོས་ཉིད་བར་དོའི་སྣང་བ་ནི། ཕུང་པོ་བདག་འཛིན་གྱི་རྟེན་བོར་བས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་མངོན་དུ་སྣང༌། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པས་རང་བཞིན་བསམ་གཏན་གྱི་ཆོས་ཉིད་ལ་ལོངས་སྤྱོད། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོངས་པས་རང་སྣང་འོད་གསལ་གྱི་ཆོས་ཉིད་ལ་སྤྱོད་པའོ། །སྲིད་པ་བར་དོའི་སྣང་བ་ནི། ཕྱི་ལུས་ཀྱི་སྲིད་པ་ཡིད་ཀྱི་ལུས་ཅན་དབང་པོ་ཀུན་ཚང་ཐོགས་མེད་དུ་རྒྱུ། ནང་སེམས་ཀྱི་སྲིད་པ་སྙམ་བྱེད་དུ་མ་ལ་རྟོག་ཅིང་ཡིད་འཇུག ལུས་སེམས་གཉིས་འདུས་ཀྱི་སྲིད་པ་རྟེན་གཉིས་མ་གཏོགས་པ་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ཞིང་བག་གྲང་བའོ། ། རྟེན་གཉིས་ནི། བྱིན་རླབས་ལས་གྲུབ་པ་རྡོ་རྗེའི་གདན་དང༌། མའི་མངལ་གཉིས་སོ། །དེ་ལ་སློབ་དཔོན་ཕལ་དག་རྡོ་རྗེའི་གདན་རྒྱ་གར་གྱི་དེ་ལ་ངོས་འཛིན་ཡང༌། འདིར་ཀ་དག་མི་འགྱུར་བའི་ནང་དབྱིངས་སངས་རྒྱས་ཐམས་ཅད་སངས་རྒྱ་བའི་གནས་མཆོག་དག་པ་མྱ་ངན་ལས་འདས་པའི་སྒོར་བཞུགས་པ་དེ་ལ་འདོད་ལ། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་འདོད་པ་ཡིན་པས། སྒྲ་ཇི་བཞིན་པ་མ་ཡིན་པར་ཤེས་པར་བྱའོ། །སྤྱིར་མདོའི་གནས་རྣམས་དྲང་དོན་དང་ངེས་དོན་གཉིས། དགོངས་པ་དང་ལྡེམ་དགོངས་གཉིས་ཏེ་ཚུལ་བཞིས་བཅིངས་ལ། རྒྱུད་སྡེའི་གནས་རྣམས་དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་ ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་མཐའ་དྲུག་གིས་བཅིངས་པར་ཤེས་པར་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པ་ཕུང་པོ་དང༌། །ཁམས་དང་ཉོན་མོངས་ཡུལ་དུ་སྣང༌། །འཆི་ཀའི་བན་བུན་ལང་ལིང་དང༌། ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོ་སྐུ་དང་ཡང༌། །ཡེ་ཤེས་འོད་དང་ཁ་དོག་གོ །ཐིག་ལེ་མཆེད་དང་འབྱུང་སྣང་དག །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང༌། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་བརྫུན་པ་ཡིད་ཀྱི་ཡུལ། །དཀར་སླེག་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པའི་ཡུལ་སྣང་བའོ། །ཞེས་སོ། །ལྔ་པ་ས་མཚམས་ནི་བཞི་ལས། རང་བཞིན་གནས་པའི་བར་དོའི་ས་མཚམས་མའི་མངལ་ནས་ཐོན་ནས་ཐ་མ་འཆི་རྐྱེན་གྱི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །དེ་ནས་དབུགས་ཁྲོགས་ཀྱིས་མ་ཆད་པའི་བར་ལ་འཆི་ཀ་མའི་བར་དོའོ། །ནང་དབུགས་ཆད་ནས་འོད་གསལ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བའི་བར་ནི་ཆོས་ཉིད་བར་དོའོ། །དེ་ནས་ལྷུན་གྲུབ་ནུབ་སྟེ་ཡད་ཡུད་རྨི་ལམ་ལྟར་ཤར་ནས་མའི་མངལ་དུ་ཚུད་པ་ཚུན་ཆད་སྲིད་པ་བར་དོའི་ས་མཚམས་སོ། །དེའང་འཆི་ཀའི་ཚེ་དུས་ཐ་མའི་ངོ་སྤྲོད་མཚོན་པ་རྣམས་ལ་འགྲོན་པོ་ལ་རྒལ་བ་ལ་ཚང་སྤྲུགས་སུ་གདབ་པའི་གདམས་ངག་ཞེས་བྱའོ། །དེའང་འཆི་ཀའི་དེ་འགྲོན་པོ་ལམ་ཞུགས་ཡིན་ལ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ཡིན་ཞིང༌། དེའི་ལམ་སྣང་སྣ་ཚོགས་པ་རང་སྣང་དུ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ལ། ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཀའི་སྤྲུགས་དེར་འདེབས་པ་ལ། ཚང་སྤྲུགས་སུ་འདེབས་པའི་གདམས་ངག་ཅེས་དཔེ་དོན་དེ་འཐད་དོ། །དེ་དག་ནི་བར་དོ་སྤྱིའི་རྣམ་པར་གཞག་པ་སྟེ། དབྱེ་ཕྱེད་པར་སླ་བའི་དགོས་པ་ཡོད་དོ། །དོན་གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། རང་བཞིན་གྱི་བར་དོ་ལ་ཤེས་བྱའི་གྲས་ཐག་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདངས་ངག འཆི་ཀ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མེ་ལོང་ལྟ་བ་ལྟ་བུའི་གདམས་ངག ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ །དང་པོ་ནི། ཐི་བྱ་ཚང་བྱེད་པའི་སྔོན་དུ་གནོད་འཚེའི་དགྲས་ཚུགས་སམ་མི་ཚུགས་བརྟགས་ནས་འཚེ་བ་མེད་པར་ཚང་བཅས་ཟིན་དུས་ཕྱིས་ཚང་དེར་ནམ་འཇུག་ཀྱང་སྒྲོ་འདོགས་གཅོད་མི་དགོས་པར་ཐེ་ཚོམ་དང༌། ཐོགས་ཆགས་མེད་པས་འཇུག་པ་ལྟར་རྣལ་འབྱོར་པ་དེ་ཡང་དང་པོར་འཁོར་བ་ལས་ཐར་པ་འདོད་པ་ཐབས་གང་ཟབ་གནད་གང་ཆེ་བ་བརྟགས་ནས་རང་ཡིད་ཆེས་པའི་ཆོས་དེ་ཡང་མཐའ་མ་ཆོད་པ་དང་ཐེ་ཚོམ་འཇུག་པ་དང་ཐོག་ཏུ་མ་ཕེབས་པ་གསུང་སྤོང་བ་ལ། དང་པོར་ཐོས་པས་བློ་སྦྱོང། བར་དུ་བསམ་པས་ཐག་བཅད། ཐ་མར་སྒོམ་པས་ལ་བཟླས་ཏེ་བློ་བདེ་བར་བྱེད་པ་ནི་ཚང་འཆའ་བ་དང་འདྲ་ལ། ཚང་དུ་འཇུག་པ་ལྟར་དོན་རྣམས་སུ་འབེབས་པ་དང་འཆི་དུས་ཉམ་ང་དང་བག་ཚ་མེད་པས་འཇུག་པའོ། །འདི་དག་གི་དོན་རྒྱས་པར་སྔར་བསྟན་ལ། འདིར་ལག་ལེན་བསྡུས་ཏེ་ཅུང་ཟད་བཤད་ན། ཕྱི་སྣང་བ་ལ་བལྟས་པས་སྣང་ཡུལ་སྒྱུ་མའི་འཁྲུལ་འཁོར་ལྟར་མཐོང་སྟེ། གཞི་མེད་སྟོང་པའི་རང་གཟུགས་ཙམ་དུ་མཐོང་དུས། ཆོས་ཅན་སྣ་ཚོགས་སུ་སྣང་ངོ་ཅོག་ལྟ་སྒོམ་སྤྱོད་པའི་མེ་ལོང་དུ་ཡེ་ནས་ཤར་ཏེ། ཆོས་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བའི་རང་རྩལ་ཡིན་པའི་ཕྱིར་རོ། །དེའང་ཆོས་ཅན་སྤྱི་ཟ་འོག་བེར་ཁྱིམ་ལྟར་དཀར་དམར་སྣ་ཚོགས་སུ་སྣང་བ་ཆུན་གཅིག་ལ་བལྟས་པས། ཅིར་སྣང་ཅི་ཤར་ཅི་ཐོས་ཐམས་ཅད་རང་སངས་སྟོང་པའི་རོལ་པར་མཐོང་དུས་སྣང་ཐོགས་བཅས་བཅོས་སྤོ་ལག་མེད་པར་བཞག་པས། སྣང་བ་སྣང་ས་ནས་གྲོལ་ཏེ་འཁྲུལ་པ་གཞི་མེད་དུ་གྲོལ་བ་སྒྱུ་མའི་རྩེ་མོ་ཙམ་དུ་ཤར་བས་ཕྱི་ཡུལ་དུ་འཛིན་པའི་འཁོར་བ་ལས་གྲོལ་བའོ། །ཆོས་ཅན་དུམ་བུ་པ་རི་ཁང་བཟང་སྐྱེས་པ་བུད་མེད་ལ་སོགས་པ་ཐོག་མར་སྣང་ཡུལ་དུ་གང་བྱུང་ལ་དུམ་བུར་བཅད་དེ་གང་སྣང་ས་དེར་ཆེར་ཆེར་བཞག་པས། ཤེས་པ་ཆེན་པོ་ལ་དཔྱོད་བྱེད་མ་ཞུགས་ཏེ། སྣང་བ་བློས་མ་བསྒྱུར། བློ་སྣང་བས་མ་ཕྲོགས་པར་རང་གནས་སུ་ཤིགས་སེ། རྣམ་ཤེས་ཚོགས་དྲུག་མ་བཀག་པར་རང་སོར་བཞག་པས་ཆོས་ཉིད་ཀྱི་སྣང་བ་ལྷུག་པར་འཆར་བའོ། །དེ་ལྟར་ཕྱི་ཆོས་ཅན་ལ་བལྟས་པས་ཡུལ་མེད་སྟོང་པའི་རང་གཟུགས་སུ་ཤེས་དུས་གཟུང་བ་ཡུལ་མེད་ནམ་མཁའ་ལྟར་དག་པས། གཟུང་བ་རང་བཞིན་མེད་པར་རྟོགས་པ་ཞེས་བྱའོ། །དེ་ལྟར་ཕྱི་ལ་ལྟ་མཁན་གྱི་ཤེས་པ་ལ་བལྟས་པས། འགྱུ་བ་སྟོང་ཡལ་རིས་མེད་དུ་སངས་ནས། ཧར་སངས་པར་མེད་རང་གསལ་དུ་རྟོགས་དུས ནང་ཆོས་ཉིད་སྐྱེ་འགག་གནས་མེད་ཆེན་པོར་རྟོགས་པས། འཛིན་པ་རྟེན་མེད་ནམ་མཁའ་འདྲ་བའི་ངང་ལ་རང་སངས་སུ་ཕྱལ་ལེ། །རྟེན་མེད་དུ་ཡེ་རེ། ཟང་ཐལ་དུ་རྗེན་ནེ བདེན་མེད་དུ་བུན་ནེ། རྩ་བྲལ་དུ་ཁྲེས་སེ། ཆོས་ཉིད་མཉམ་པ་ཆེན་པོའི་ངང་ན་དགའ་འཛུམ་ཤིག་གེ་བཞག་པས། ནང་འཛིན་པ་སེམས་ཀྱི་བརྟོད་ཕུར་ཐོན་པའི་དགོས་པ་ཡོད་དེ། དེ་ལྟར་ཡུལ་སེམས་གཞི་མེད་རྩ་བྲལ་དུ་རྟོགས་དུས། གསང་བ་རང་རིག་གཟུང་འཛིན་སྤྲོས་བྲལ་རྗེན་པ་ལ་སོང་སྟེ རིག་པ་རང་གསལ་ཀ་དག་ཆེན་པོ་བླ་མའི་ལུང་གིས་ངོ་སྤྲད་ལ་སྒྲོན་མ་བཞིས་དབྱིངས་རིག་འདུ་འབྲལ་མེད་པ་འོད་གསལ་གྱི་ངང་ལ་སྒོམ་དུས། ཕྱི་དབྱིངས་སྣང་རང་གདངས་ཀྱི་འོད་ལྔ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར། རྣམ་པ་ཕྱིར་སྣང་ཡང་ངོ་བོ་ནང་ན་གནས་པས། སྣང་སྟོང་ཆུ་ཟླའི་གཟུགས་བརྙན་ལྟར་ཤེས་ཏེ། སྣང་བ་ལ་དགའ་བྲོད་ཀྱི་འཛིན་ཞེན་མི་བྱ། ཕྱི་སྣང་བའི་འོད་གསལ་ལ་ཕར་བལྟས་པས། ནང་རིག་པའི་འོད་གསལ་ཚུར་གསལ་ཏེ། རིག་པ་སྒོམ་བློའི་གཉེན་པོ་དང་བྲལ་བ་ངང་དངས་རྒྱ་ཡན་གྱི་ལྟ་བ་ཡངས་པ། རང་བབས་ངང་གནས་ཀྱི་སྒོམ་པ་གསལ་བ། འོད་གསལ་སྤྱོད་པའི་བླང་དོར་མེད་པ། ཀ་དག་རང་གསལ་གྱི་འབྲས་བུ་རྙེད་པས། འཁྲུལ་སྣང་མ་སྤངས་པར་སྤོངས། འཁྲུལ་རྟོག་མ་བཀག་པར་ཁེགས། གཉིས་འཛིན་མ་སྦྱངས་པར་དག་ནས། སྐྱོན་མ་སྤངས་ཀ་ནས་དག་ལ། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། ལྟ་བའི་ཡུལ་ལས་འདས་པ། སྒོམ་པའི་བློ་ལས་འདས་པ། སྤྱོད་པའི་རྩིས་ལས་འདས་པ། འབྲས་བུའི་ཆོས་ལས་འདས་པ། འཁོར་བ་དོང་སྤྲུགས་ཀྱི་སྐལ་བ་ལ ཆོས་ཉིད་མངོན་སྣང་གི་ཞིང་ཁམས་གདལ་་ཏེ། སྐྱིད་པའི་འབྱུང་གནས་ཀྱི་ཡུལ་འཁོར་བཟང་པོར། འདོད་དགུར་རང་བྱུང་གི་ཕོ་བྲང་རྙེད་ནས། ཐོག་མའི་མགོན་པོ་འོད་མི་འགྱུར་བའི་རྒྱལ་པོ་དང༌། འོད་ལྔ་ལྷུན་གྲུབ་ཀྱི་བཙུན་མོ་འཛོམ་པར། ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་རང་གི་ཕ་མ་དང་ཕྲད་དེ། དགའ་བདེ་འབྲལ་མེད་ཀྱི་གཏན་སྲིད་ཟིན་པའི་དུས་ཞེས་བྱའོ། །འདི་དག་གི་ལུང་རྒྱས་པར་ནི་སྔར་བསྟན་ལ། སྐབས་གསལ་བས་ངེས་པར་བྱ་ན། ཉི་ཁ་སྦྱོར་ལས། ཀྱེ་མ་ཐུབ་པ་ཁྱོད་ཉོན་ཅིག །དེ་དག་རྣམས་ནི་བསྡུས་པ་ཡིས། །གཅིག་པར་གནས་པའི་ཐིག་ལེ་འཐོབ། །དེ་ཡང་གང་དང་གང་ཞེ་ན། །གཞག་པ་རྣམས་ཀྱིས་རང་རྒྱས་ཐེབས། །དགོངས་པ་རྣམས་ཀྱིས་དུས་ཚོད་བསྟན། །ཟད་ལུགས་རྣམས་ཀྱིས་དགོངས་པ་བསྟན། །བརྟན་པའི་གདེང་གིས་མི་ཟློག་རྟགས། དེ་ལྟར་དོན་རྣམས་བསྡུས་པའོ། །དེ་ཡི་འབྲས་བུ་འདི་དག་ཡིན། །དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ། །ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད། །ཐིག་ལེའི་སྒྲོན་མ་སུས་མཐོང་བ། །རྩོལ་བཅས་རྣམས་ཀྱི་རེ་གནས་ཐོབ། །ཤེས་རབ་སྒྲོན་མ་སུས་མཐོང་བ། །སྤྱི་དང་རང་གི་མཚན་ཉིད་རྟོགས། །ཆུ་ཡི་སྒྲོན་མ་སུས་མཐོང་བ། །དབང་པོ་རྣམས་ལ་དབང་བསྒྱུར་ཐོབ། །ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པ་རྣམས་ནི་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་པས། །འདི་ཉིད་རྣམས་ནི་རང་རིག་ས། །རང་བཞིན་གནས་པའི་བར་མ་དོར། །འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་ཐམས་ཅད་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ངས་བསྟན་པ་ཡི་ཆོས་རྣམས་ནི། །མདོ་རྒྱུད་ཀུན་ཀྱང་འདིར་བསྡུས་པའོ། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་འཆི་ཀ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་པ་ལ་བརྒྱད་དེ། དཔེ་དུ་མ་དང་བཅས་པས་འཆི་བར་ངེས་པའི་རྒྱུ་མཚན་བསམ་པ། འཆི་བའི་རྟགས་བརྟག་པ། བཟློག་པའི་ཐབས་བསྟན་པ། །འཆི་ཀའི་སྣང་བ་བསྟན་པ། གདབ་པའི་གདམས་ངག་བསྟན་པ། སྐྱེ་གནས་ཀྱི་རྟགས་བསྟན་པ། སྦྱང་བའི་ཆོ་ག་བསྟན་པ། ཐུན་མོང་མ་ཡིན་པའི་གནས་གཞན་བསྟན་པའོ། དང་པོ་ལ་གསུམ་སྟེ། རྙེད་དཀའ་བའི་ཚུལ་ལ་བསམས་ནས་དལ་ཁོམ་རེས་འཇོག་མེད་པར་ཆོས་ལ་སྦྱང་བ། སྦྱངས་པའི་ཆོ་ག་བསྟན་པ། འཇིག་ངེས་པའི་རྒྱུན་མཚན་བསམ་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་ལ། འཆི་ངེས་པའི་དཔེ་ལ་བསམ་ནས་དགོས་དུས་སྟོང་པའི་ཟབ་དོན་སྒོམ་པའོ། །དང་པོ་ནི། སྐྱེ་བར་དཀའ་བ་འཛམ་བུའི་གླིང་ལས་ཀྱི་ས་པ་ལས་ཆོས་སྤྱོད་པའི་ཡུལ་དུ་སྐྱེས། རྙེད་པར་དཀའ་བ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད། འཕྲད་པར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད། ཞུགས་པར་དཀའ་བ་དམ་པའི་ཆོས་རིན་པོ་ཆེའི་སྒོར་ཞུགས། ཤེས་པར་དཀའ་བ་བླ་ན་མེད་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཤེས། སྤང་བར་དཀའ་བ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་ནས་ཐར་པ་བྱང་ཆུབ་ཀྱི་གླིང་དུ་འགྲོ་བའི་དུས་ད་རེས་བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནས་མ་བསྒྲུབས་ན། ཕྱི་ནས་འདི་ལྟ་བུའི་མཐུན་རྐྱེན་ཚང་བ་མི་སྲིད་པས། དལ་ཁོམ་དང་རེས་འཇོག་མེད་པར་ཉིན་མཚན་དུ་ཟབ་མོའི་དོན་ལ་སྒོམ་པར་རིགས་ཏེ། །འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། །མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེ་བོ་དམ་པ་ལ་ནི་བརྟེན་པ་དང༌། །བདག་གིས་ལེགས་སྨོན་སྔོན་སྦྱངས་བསོད་ནམས་སྐྱེས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་པ་དང༌། འཕགས་པ་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་བརྩོན་པར་མ་བྱས་ན། །ཕྱིས་ནི་ཡང་དག་འབྱོར་པ་ག་ལ་འགྱུར། །ཅེས་པ་དང༌། འདི་འདྲའི་དལ་བ་རྙེད་གྱུར་ནས། །དེང་དུ་བརྩོན་པར་མི་བྱེད་ན། །ཤི་བའི་ཟོག་ཏུ་ངན་འགྲོར་འགྲོ། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །བདེ་འགྲོའི་སྒྲ་ཡང་མི་ཐོས་ན། །བདེ་འགྲོ་ཐོབ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ཡང་ད་ལྟའི་བདེ་སྡུག་དང་སྣང་བ་འདི་ཐམས་ཅད་སྔོན་གྱི་ལས་ལས་གྱུར་ལ། ད་རེས་ཀྱི་ལས་ཀྱིས་ཕྱི་མའི་སྣང་བ་བསྐྱེད་པ་སྟེ། སྔ་མ་ལ་ལས་ངན་པ་བྱས་པ་རྣམས་ནི་འདིར་ཡང་དབང་པོ་མ་ཚང་བ་དང༌། ཡན་ལག་འཐིང་གྲུམ་ལ་སོགས་པ་དང༌། གཟུགས་ངན་ཞིང་ཕོངས་ལ་གཞན་དབང་དུ་གྱུར་པ་ལ་སོགས་པར་སྨིན་ལ། སྔ་མ་ལ་ལས་བཟང་པོ་བསགས་པ་རྣམས་ནི་དབང་པོ་གསལ་ཞིང་གཟུགས་མཛེས་པས་མཐོང་ན་ཡིད་དུ་འོང་བ་དང༌། འཁོར་དང་ལོངས་སྤྱོད་དང་ལྡན་ཞིང་རྟག་ཏུ་རང་དབང་འབྱོར་པ་ལ་སོགས་པར་བྱུང་བའོ། །ཚེ་ཕྱི་མ་གང་དུ་སྐྱེ་བ་ཡང་ད་ལྟའི་བསམ་སྤྱོད་དགེ་མི་དགེ་ལ་རག་ལས་ཏེ། ཚོགས་བསགས་ཤིང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱོད་པ་རྣམས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་འཁོར་དང་འབྱོར་པས་མཐོ་ལ། བཟོད་པ་དང་དེས་པ་ལ་སོགས་གནས་པ་རྣམས་གཟུགས་མཛེས་པ་དང༌། དཔུང་གཉེན་དང་མགོན་སྐྱབས་བྱས་པས་ཡུལ་དབུས་སུ་སྐྱེ་བ་དང༌། ཀུན་གྱིས་བཀུར་ཞིང་གཞན་གྱིས་གནོད་པ་མེད་པར་སྐྱེ་བ་དང༌། སྔ་མ་ལ་བླ་མ་ལ་གུས་ཤིང་ཆོས་ལ་སྤྱད་པས། ད་ལྟ་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་ཆོས་ལ་སྤྱོད་པ་དང༌། ཡུལ་བཟང་པོ་འདོད་དགུ་དང་ལྡན་པར་སྐྱེ་ལ། སྔ་མ་ལ་དཀོན་མཆོག་ལ་གུས་པས་མཆོད་པ་རྣམས་ནི་འདིར་ཡང་ལེགས་པར་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་ཏེ་ཚངས་པར་སྤྱོད་པའི་ཚེའི་མཐར་ཐུག་ཅིང༌། ཐེག་པ་དམ་པའི་ཆོས་སྤྱོད་པ་དང༌། སྔ་མ་ལ་ཐོས་བསམ་སྒོམ་པ་ལ་སྦྱངས་པ་རྣམས་འདིར་ཡང་ཤེས་རབ་ཆེ་ཞིང་ཆོས་ཀྱི་རྣམ་གྲངས་ཚད་མེད་བའི་སྒོ་ལ་ཐོས་པ་དང་བསམ་པ་དང་སྒོམ་པས་རང་དང་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དོ། །སྔ་མ་ལ་སྡིག་ཏོ་མི་དགེ་བའི་ལས་བྱས་པ་རྣམས་འདིར་ཡང་ངན་འགྲོ་སྣ་ཚོགས་སུ་སྐྱེ་ལ། མཐོ་རིས་ཐོབ་ཀྱང་དབང་པོ་མ་ཚང་བ་ལ་སོགས་པ་ཕོངས་ཤིང་བསོད་ནམས་ཆུང་བར་སྐྱེ་ལ། འདིར་ཡང་མི་དགེ་བ་སྤྱད་པས་ཕྱི་ལའང་སྡུག་བསྔལ་དང་ལྡན་པའི་རིགས་སུ་སྐྱེ་བའོ། །མདོར་ན་ཚེ་སྔ་མ་ལ་གང་བྱས་ད་ལྟའི་བདེ་སྡུག་དང་ལུས་སེམས་ཀྱི་རྣམ་པས་ཤེས་ལ། ཕྱི་མ་གང་དུ་སྐྱེ་ད་ལྟའི་བསམ་སྤྱོད་ལ་རག་ལས་ཏེ། མདོ་སྡེ་སྡོང་པོ་བཀོད་པ་ལས། སྔ་མ་ཅི་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་ད་ལྟའི་སེམས་ལ་ལྟོས། །ཞེས་སོ། །དེ་ལྟར་བསམ་ནས་ཀྱང་ད་རེས་མི་དགེ་བ་དོར་དགེ་བ་བསྒྲུབ་རྟག་ཏུ་དམ་པའི་ཆོས་ལ་བློ་གནས་དགོས་ཏེ། ཆོས་མ་གཏོགས་པ་གང་གིས་ཀྱང་ཕན་མི་ཐོགས་པའི་ཕྱིར་རོ། །བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང༌། །གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། །བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད། །ཅེས་པ་དང༌། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེ་མི་འབྲེངས༌། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲེང༌། །ཞེས་སོ། །གཉིས་པ་འཇིག་ངེས་པའི་རྒྱུ་མཚན་ལ་བསམས་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་པ་ནི། དེ་ལྟར་རྙེད་དཀའ་བའི་དལ་བ་ཐོབ་ཀྱང་འབྱུང་བཞི་འདུས་པའི་ཕུང་པོ་ཡིན་པས་འཇིག་པར་ངེས་ཏེ་འདུས་བྱས་ཡིན་པའི་ཕྱིར། ལྦུ་བ་རྡོས་པའི་ཕུང་པོ་དང་འདྲ་བ་འདི་ནམ་འཇིག་ཆ་མེད་པས། ད་ལྟ་མ་ཞིག་པའི་རྟེན་འདི་ལ་བདག་གིས་ཐར་པ་དམ་པའི་ཆོས་བྱ། རྨི་ལམ་རྒྱུ་མ་དང་འདྲ་བ་ཚེ་འདིའི་སྣང་བ་འདིས་ཅི་བྱེད་སྙམ་དུ་སྙིང་ནས་བསམ་དགོས་ཏེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། འབྱུང་བ་རགས་པའི་གཟུགས་རྣམས་ལ། །བསྡད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ལུས་ལས་བྱུང་བའི་སྡུག་བསྔལ་ལ། །དངས་པ་མེད་པ་ཡ་རེ་ཆ། །ཞེས་སོ། །དེ་ལྟར་མི་རྟག་པ་ཡིན་ཡང༌། རྟག་པ་དང་བདེན་པར་འཛིན་པས་ཚེ་འདིའི་སྣང་བ་ལ་ཆགས་པའི་སྐྱེ་བོ་རྣམས་འཁྲུལ་པས། བདག་ནི་དེ་ལྟར་མ་གྱུར་བ་ཅིག་བྱ་དགོས་སྙམ་དུ་སྙིང་ནས་ནང་དུ་བསམ་པ་དང༌། བདག་གིས་གཞན་ལ་ཕན་བཏགས་སམ། །དགྲ་བཏུལ་ལམ། ཡུལ་བཟུང་ངམ། ཅི་བྱས་ཀྱང་དེ་ཐམས་ཅད་ལ་སྙིང་པོ་མེད་ཅིང་བསླུ་བས་ནང་དུ་རང་གི་སེམས་འབའ་ཞིག་ལ་བལྟ་བར་བྱ་སྟེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཀྱེ་འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བ། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་པ་ལྟར་བསམ་འཚལ་ལོ། གསུམ་པ་འཆི་ངེས་པའི་དཔེ་ལ་བསམས་ནས་དགོས་དུས་སྟོངས་པའི་ཟབ་དོན་སྒོམ་པ་ལ་གདམས་པ་ནི། སྤྱིར་འདུས་ཀྱི་ཆོས་མི་རྟག་པའི་དཔེ་རྨི་ལམ་སྒྱུ་མ་ལ་སོགས་པ་དང་འདྲ་སྟེ ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམ་མི་རྟག །སྐྱེས་ཤིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་འདྲ། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་དེ་དང་འདྲ། །ཞེས་སོ། །སྒོས་སྐྱེས་བུའི་ཚེ་མི་རྟག་པའི་དཔེ། ཉི་ཟླ་ཁ་སྦྱོར་གསང་བ་ཆེན་པོའི་རྒྱུད་ལས། གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །ཚེ་ནི་མི་རྟག་རྨི་ལམ་འདྲ། །རྨི་ལམ་གྱིས་ནི་གྲུབ་པ་མེད། །ཚེ་ནི་མི་རྟག་ཆུ་དྲག་འདྲ། །འབབ་ཆུས་གཅིག་ཏུ་བསྡད་པ་མེད། །ཚེ་ནི་འཛིན་མེད་རླུང་དང་འདྲ། །རླུང་གིས་སྐྱེས་བུ་བཟུང་བ་མེད། །ཚེ་ནི་ཡུན་ཐུང་སྤྲུལ་པ་འདྲ། །སྤྲུལ་པས་རྟག་ཏུ་གནས་པ་མེད། །ཚེ་ནི་བདེན་མེད་སྒྱུ་མ་འདྲ། །སྒྱུ་མས་བདེན་པའི་ས་བཟུང་མེད། །ཚེ་ནི་མི་སྡོད་འགྲོན་པོ་འདྲ། །འགྲོན་པོས་རྟག་ཏུ་བསྡད་པ་མེད། །ཚེ་ནི་མ་ངེས་ཆར་སྤྲིན་འདྲ། །སྤྲིན་གྱིས་དུས་ཚོད་བཟུང་བ་མེད། །དེ་ལྟར་སྐྱེས་བའི་ཚེ་ཡི་ཚད། །འདི་ལྟར་གཅིག་ཏུ་མ་ངེས་ཏེ། །གློ་བུར་བ་དང་ཐོག་བབས་སུ། །དུས་ཚོད་འདི་འདྲར་བཟུང་བ་མེད། །ཅེས་པ་དང༌། རྒྱ་ཆེར་རོལ་པའི་མདོ་ལས། ཚེ་ནི་མི་རྟག་རོལ་པའི་སྤྲིན་འདྲ་སྟེ། རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་དང༌། ཆེད་དུ་བརྗོད་པའི་ཚོམས་ལས། ལ་ལ་མངལ་ན་གནས་ནས་འཆི། །དེ་བཞིན་ཁ་ཅིག་བཙས་མ་ཐག །ཁ་ཅིག་གོག་པོ་འགོག་ཙམ་ན། །དེ་བཞིན་ལ་ལ་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་ནས་འཆི། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པོའི་གདེང་བྲོད་ཅི་ཞིག་ཡོད། །ཅེས་སོ། །དེ་ལྟར་མི་རྟག་པས་མྱུར་དུ་འཆི་ངེས་པ་བསམས་ཏེ། ཚེ་འདིའི་བྱ་བ། ཆགས་སྡང་འཐབ་རྩོད། ལེ་ལོ་གསོག་འཇོག ལོ་འདོད་ཆེ་ཁྱད། སྡེ་རིས་ཕྱོགས་འཛིན། དགྲ་གཉེན་འདུལ་སྐྱོང༌། ཐོས་ཀྱང་དོན་ལ་མི་འབྱར་བའི་ཁ་བཤད་དང་དང་བཤེས་གཉེན་ཐམས་ཅད་ཀྱིས་ཅི་ཕན་སྙམ་དུ་སྙིང་ནས་བསམ་དགོས་ཏེ། གཏམ་བྱར། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱའོ། །ཞེས་པ་ལྟར། དེ་རིང་ཉིད་ནས་ཟབ་མོའི་ཆོས་ལ་འབད་དགོས། དེའང་ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས་ཀྱང་ནམ་ཟླ་དུས་བཞི་འགྱུར་བས་རྒྱུན་མི་རྟག ཉིན་མཚན་ཡུད་ཙམ་འགྱུར་བས་སྐད་ཅིག་མི་རྟག སྐྱེ་ཤིའི་རིམ་སྲང་བསམ་པས་གཤིས་མི་རྟག །ཚོང་ཁང་འགྲོན་པོ་བསམ་པས་འདུས་ཀྱང་འབྲལ་བ་རྣམས་ལ་བསམས་ཏེ། མྱུར་དུ་འཆི། ངེས་པར་འཆི། ནམ་འཆི་ཆ་མི་འདུག །ཆོས་མིན་པས་ཕན་མི་འདུག་སྙམ་དུ་བསམ་པ་དང༌། ནང་རང་གི་སྒྱུ་ལུས་ཀྱི་ན་ཚོད། སེམས་ཀྱི་འཆར་སྒོ། སྐྱིད་སྡུག་གི་རིམ་སྲང་རྣམས་སྔ་ཕྱིར་འགྱུར་བ་ལ་བསམས་ནས་ཀྱང༌། མི་རྟག་པ་མི་བརྟན་པ་འགྱུར་བ་འཕོ་བ། ཤི་ནས་སླར་ལྡོག་པའི་དཔེ་མེད་པ་རྣམས་སུ་བསམས་ལ། སྐད་ཅིག་ཐང་ཅིག་ཀྱང་མ་ཡེངས་པར་འཆི་བ་ཁོ་ན་བསམས་ཏེ། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་སོ། དེ་ཡང་ཚེ་འདི་ལས་བློ་མ་ལོག་གི་བར་དུ་ཏིང་ངེ་འཛིན་སྒོམ་པ་དང་བྱ་བའི་ཆོས་སྤྱོད་གཞན་གཞག་ནས་ཀྱང་འདི་ཁོ་ན་སྙིང་ནས་བསམ་དགོས་ཏེ། འཁོར་བ་ལས་བློ་ལྡོག་པ་ལ་འདི་བས་ཟབ་པའི་ཆོས་མེད་པའི་ཕྱིར་རོ། །སློབ་དཔོན་ཆེན་པོ་པདྨའི་ཞལ་སྔ་ནས་ཀྱང༌། མི་རྟག་ཡེངས་མེད་འཆི་བས་བསྐུལ་མ་གདབ། །ཉིན་མཚན་ཐུན་བཅད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རིང་བ་སྲིད་པ་ཆགས་འཇིག་ལ་བསམས་ཀྱང་ཚེ་མི་རྟག ཉེ་བ་སྐད་ཅིག་ཐང་ཅིག་ལ་བསམས་ཀྱང་ཚེ་མི་རྟག །དབང་པོ་དང་ཡུལ་མི་རྟག་སྟེ་གནས་སྐབས་འགྱུར། འཁོར་འདབ་དང་ནོར་རྫས་མི་རྟག་སྟེ་ད་ལྟ་ཡོད་ཀྱང་ད་ལྟ་མེད། ཕ་མ་དང་གཉེན་འདུན་མི་རྟག་སྟེ་འདས་ནས་མེད། ཡུལ་མི་དང་ཁྱིམ་མཚེས་མི་རྟག་སྟེ་བྱེ་བྲལ་མང༌། ནམ་ཟླ་དང་རྒན་གཞོན་མི་རྟག་སྟེ་སྣང་བ་འགྱུར། བདེ་སྡུག་དང་དགྲ་གཉེན་མི་རྟག་སྟེ་འགྲོན་ཁང་འདྲ། མདོར་ན་སེམས་ཅན་ཐམས་ཅད་སྐྱེ་ཤི་ལ་སྔས་གཏད། བདེ་སྡུག་གི་གོས་གྱོན། གཟུང་འཛིན་གྱི་སྟན་བཏིང༌། མ་རིག་གི་མལ་བཅས། བདག་འཛིན་གྱི་གཉིད་ཉལ། བག་ཆགས་ཀྱི་རྨི་ལམ་རྨི། ཁམས་གསུམ་འཁོར་བའི་ཁང་པ་ན་དུག་ལྔ་རང་ཚན་ལ་སྤྱོད་པའི་འགྲོ་བ་ཀུན་ཡང་ཉལ་ཡང་ལངས་པའི་གཉིད་དང་རྨི་ལམ་ལ་ཐོག་མཐའ་དང་སངས་པའི་དུས་མེད་པ་འདི་བསམས་ལ། ད་རེས་འཁོར་བའི་མུན་ཁང་ནས་ཐར་པའི་ཐབས་ལ་འབད་པ་འདོན་དགོས་སོ། །ལས་དང་ཉོན་མོངས་དབང་གྱུར་འཁོར་བ་པ། །མི་རྟག་མངོན་དུ་གྱུར་ཀྱང་བདེན་པར་འཛིན། །སྐྱེ་ཤིའི་ཆུ་བོར་ལྷུང་ཡང་ཐར་མི་ཤེས། །སྣ་ཚོགས་སྡུག་བསྔལ་མྱོང་ཡང་བྲེད་དུས་མེད། །ཡང་དག་བཤེས་བྲལ་ལམ་སྟོན་མགོན་མེད་ཅིང༌། །ཆོས་ཀྱི་མིག་ཟུམ་མ་རིག་མུན་པར་འཁྱམས། །འདི་དག་བསམས་ནས་རྙེད་དཀའི་དལ་བ་ལ། །སྤྲོ་དགའི་སེམས་བསྐྱེད་དམ་ཆོས་བསྒྲུབ་པར་འོས། །ཡང་དག་ལམ་སྟོན་དེད་དཔོན་མཆོག་གྱུར་པ། །མཚན་ལྡན་བླ་མ་རྣམས་དང་མཇལ་གྱུར་ཅིང༌། །ཟབ་མོའི་ཆོས་མཆོག་བདུད་རྩི་ཐོབ་དུས་འདིར། །བརྩོན་པས་བསྒྲུབས་ཏེ་སྲིད་གསུམ་རྒྱ་མཚོ་ཡི། །ཕ་རོལ་མཆོག་ཏུ་རྒལ་ལ་བརྩོན་འཚལ་ལོ། །ཚེ་ནི་མི་རྟག་ནུབ་རིའི་གྲིབ་མ་བཞིན། །གཡང་ཁའི་ལྗོན་ཤིང་རླུང་གིས་བསྐྱོད་འདྲ་ཞིང༌། །སྤྲིན་དང་གློག་བཞི་རྩྭ་རྩེའི་ཟིལ་པ་བཞིན། །མྱུར་བ་ཉིད་དུ་འཆི་བར་བསམ་འཚལ་ལོ། །ད་ལྟ་འཆི་ཞེས་སྙིང་ནས་མ་དྲན་ན། །ལེ་ལོས་གཡེངས་པས་འཆི་དུས་ཕན་མི་ཐོགས། །དེ་བས་ད་ལྟ་ཐོག་ཏུ་བབ་པ་བཞིན། །འཇིགས་སྔངས་སྐྲག་པས་སྙིང་པོའི་དོན་ལ་སྦྱོངས། །དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲག་ལ། །དབེན་ཞིང་ཡིད་འོང་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་པོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་རྒྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང༌། །མི་རྟག་སྟོང་པའི་སྒྲ་ཆེན་སྒྲོགས་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་རེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་པོ་འགྲུབ་པར་ཤོག །ཐར་པའི་ཁང་བཟངས་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲག་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུ་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་དགེ་དག་པས་མྱུར་དུ་འགྲུབ་པར་ཤོག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཉིས་པ་འཆི་བའི་རྟགས་བརྟག་པ་ནི། ཐལ་འགྱུར་ལས། འཆི་བའི་རྟགས་ཀྱང་ཉི་ཤུ་གཅིག །དུར་ཁྲོད་དབེན་པའི་ཕྱོགས་སོང་ལ། །བླ་མ་མཆོད་ཅིང་གཏང་བར་བྱ། །གཞན་ཡང་བཟའ་དང་བཏུང་བ་ཡིས། །འགྲོ་བ་གཞན་ཡང་མགུ་བྱས་ཏེ། །དེ་ནས་ཕྱི་ནང་གསང་བ་ཡི། །འཆི་བའི་རྟགས་ཀྱང་བརྟག་པར་བྱ། །ཞེས་གསུངས་པས། ཐ་མལ་པ་ནམ་འཆི་མི་ཤེས་པ་ཀུན་ཀྱང༌། མོ་དང་པྲ་ལ་སོགས་པས་རྟོག་པ་ཕྱི་རོལ་པ་ལ་སོགས་པ་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པ། རྣལ་འབྱོར་པས་དུས་ངེས་པར་གཟུང་བ་ནི། མི་མེད་པའི་ལུང་སྟོང་ངམ། དགོན་པའམ། དུར་ཁྲོད་དམ། ནགས་ཁྲོད་དམ། རི་བོའི་ལྗོངས་ལ་སོགས་པར་སོང་ལ། ཚེ་གཟུགས་བརྟག་པ་ལ་སོགས་པ་རྣམས་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། འཆི་བདག་བདུད་ནི་ལྡང་དུས་ཀྱི། །འཆི་ཀའི་བར་དོ་འདི་ལྟར་བརྟག །དབེན་པའི་གནས་སམ་ལུང་སྟོང་དུ། །འཆི་བའི་དུས་ཚོད་གཟུང་བ་གཅེས། །ཞེས་སོ། །བརྟག་པ་དངོས་ལ་ཐུན་མོང་མ་ཡིན་པ་དང༌། །ཐུན་མོང་མ་གཉིས་ལས། དང་པོ་ནི། དེ་ཉིད་ལས། ནམ་མཁའི་ཁམས་སུ་གཟུགས་བརྙན་ནི། །མི་རྟག་གྱུར་ཏེ་ཡལ་བ་ན། །ཟླ་གཟུགས་མེད་དེ་འཆི་བ་ཡིན། །ཡན་ལག་བཞི་ཆད་ཟླ་བཞི་ནའོ། །དེ་སྟེང་མགོ་ཆད་ཟླ་གསུམ་ནའོ། །སྟོད་སྨད་བྱེ་ན་ཟླ་གཉིས་ནའོ། །ཐུམ་པོར་འདྲིལ་ན་ཟླ་གཅིག་ནའོ། །དེ་ཡི་དུས་ཚོད་ཤེས་པར་བྱ། །གནམ་ས་གཉིས་ཀྱི་འབྲེལ་ཐག་ནི། །གལ་ཏེ་ཆད་པར་གྱུར་པ་ན། །ཞག་ནི་བཅུ་དགུ་ལས་མི་ཐུབ། །རི་རབ་ཀྱི་ནི་ལོགས་དག་ནས། །སེངྒེ་དཀར་མོའི་མི་བབས་ནས། །བཅུ་དྲུག་ཞག་གིས་གདོན་མི་ཟ། །གལ་ཏེ་རི་དང་ཐང་མཚམས་སུ། །དཔག་བསམ་ལྗོན་ཤིང་སྐེད་ཆག་ན། །འདི་དག་ཀྱང་ནི་མཁས་པས་བརྟག །རྒྱ་མཚོ་ཆུ་ཡི་སྤྲིས་ཡལ་ན། །འདི་ཡང་རིམ་པ་མཁས་པས་དབྱེ། །ས་ཡི་གྲོང་ཁྱེར་དག་ཏུ་ནི། །དགེ་སྦྱོང་དུ་བ་ཉིད་ཆད་ན། །ཞག་ནི་དགུ་ན་དེ་བཞིན་འགུམ། །རི་རབ་རི་ཡི་རྩེ་མོ་ལ། །མི་འགྱུར་ཉི་མ་ནུབ་གྱུར་ན། །ཞག་གསུམ་ན་ནི་དེ་ཡང་འཆི། །ཆོ་ག་རྣམས་ནི་རབ་སྤངས་ལ། །རང་རིག་སྙིང་པོའི་དོན་ལ་བརྟག །རི་རབ་དག་གི་ཁོང་གསེང་ནས། །མཁའ་འགྲོ་མ་ཡི་སྒྲ་ཆག་ན། །བཅུ་གསུམ་ཉིད་དམ་ལྔ་ནའོ། །གལ་ཏེ་དཔག་བསམ་ལྗོན་ཤིང་ལས། །འཆི་བདག་དག་གི་བདུད་ལངས་ན། །བཞག་བདུན་གྱིས་ནི་གདོན་མི་ཟ། །དེ་ནི་ཕན་པར་མི་འགྱུར་གྱི། །སྟོང་པ་ཉིད་ལ་གོམས་པ་གཅེས། །ཞེས་སོ། །གཉིས་པ་ཐུན་མོང་བ་ནི། ཡང་དེ་ཉིད་ལ། ཡན་ལག་སེན་པོའི་བཀྲག་མེད་ན། །ཟླ་བ་དགུ་ན་གདོན་མི་ཟ། །སྐྱེས་བུའི་མིག་གི་སྤྲིས་ཡལ་ན། །དེ་བཞིན་ཟླ་བ་ལྔ་ནའོ། །འཆི་བདག་གཤིན་རྗེ་ཉིད་ལངས་ན། །ཞག་ནི་ཉི་ཤུ་གཅིག་ན་འཆི། །དེ་ལ་ཅིས་ཀྱང་ཕན་པ་མེད། །རྐང་པའི་ལོང་བུ་ཕྱིར་འཐོན་ན། །དེ་བཞིན་ཟླ་བ་གཅིག་ནའོ། །གལ་ཏེ་གཞན་གྱི་ལུས་རྟོག་ན། །སྐྱེས་བུ་ནད་ཀྱིས་བཏབ་པའི་ཚེ། །སོ་ཡི་རྩ་བར་དྲེག་པ་འཆགས། །ཞག་དགུ་ན་ནི་དེ་ཡང་འཆི། །དེ་བཞིན་སྣ་ཚོགས་ཞག་ལྔ་ན། །དེ་བཞིན་དུ་ཡང་འཆི་བའོ། །ཡན་ལག་ཡང་ཡང་བསྐྱོད་བསྐུམ་བྱེད། །དེ་ནི་ཉི་མ་བདུན་ནའོ། །མིག་ནི་འབྲུ་ཚུགས་བལྟ་བ་ན། །ཞག་གསུམ་ན་ནི་ཏྲོ་ཏའོ། །མིག་གི་ཚིགས་རྣམས་རབ་འཁྲུལ་ན། །དེ་ནི་ཟླ་བ་ཕྱེད་ནའོ། །འགྲམ་པ་ཡི་ནི་རྒྱུད་ཆད་ན། །དེ་བཞིན་ཞག་ནི་བཅུ་དགུ་ན། །སྐྱེས་བུ་ཚེ་ཡི་འདུ་བྱེད་བྱེད། །དབུགས་ནི་བརྩེགས་མར་ཡང་རྒོད་ན། །དེ་ཡང་ཟླ་བ་དྲུག་ནའོ། །སྣ་ཡི་མ་སི་ཀ་ཆད་ན། །ཞག་བདུན་ན་ནི་འགུམ་པར་འགྱུར། མིག་གི་བ་ར་ན་ཆད་ན། །ཞག་ལྔ་དག་ན་དེ་ཡང་འགུམ། །འགྲམ་པ་གཡོན་གྱི་ཤ་ཤོར་ན། །ཞག་གཅིག་ན་ནི་དེ་བཞིན་འགུམ། །སྟེང་འོག་སོ་ནི་འཐམས་གྱུར་ན། །ཞག་གསུམ་གྱིས་ནི་གདོན་མི་ཟ། །ལྕེ་ལ་ནག་པོའི་ཐིག་ལེ་བྱུང༌། །ཞག་གཉིས་ཀྱིས་ནི་དེ་ཡང་འགུམ། །རྣ་བ་མགོ་ལ་འབྱར་གྱུར་ན། །དེ་ནི་དེ་ནུབ་ནམ་ཕྱེད་དོ། །བྲང་གི་ལྷེང་སྣ་ཞོམ་པ་ན། །ཟླ་བ་ཕྱེད་ཀྱིས་གདོན་མི་ཟ། །གཉིད་ལོག་རྩ་ནི་མེད་པ་ན། །དེ་ཡང་ཟླ་བ་ཕྱེད་ནའོ། །ཞེས་སོ། །གསུམ་པ་བཟློག་པའི་ཐབས་བསྟན་པ་ནི། ཞིང་ཁྱད་པར་ཅན་ལ་ཚོགས་བསག་པ་དང༌། འབྱུང་བའི་རྟེན་འབྲེལ་གྱི་འཁོར་ལོ་བྱ་བ་དང༌། གདོན་ལ་གླུད་ཀྱིས་བསླུ་བ་དང་གསུམ་གྱིས་ཚེ་ཟད་པ་ལས་ཀྱང་ཟློག་པར་བཤད་དེ། དེ་ཉིད་ལས། དེ་ལྟར་ལུས་ལ་རྟགས་བྱུང་ན། འཆི་བ་བསླུ་བའི་ཆོ་ག་བཤད། །སྐྱེས་བུ་བཟློག་པའི་ལས་བརྩམ་པས། །རང་གི་བླ་མ་དགེ་འདུན་དང༌། །ཚོགས་བསག་ཞིང་ནི་ཁྱད་པར་ལ། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཆོ་ག་འདི་དག་བརྩམ་པར་བྱ། །འབྱུང་བའི་སྒྲ་རྣམས་ཆ་མཉམ་ཕྱིར། །ཏ་ལ་ཡི་ནི་ལོ་མ་ལ། །འབྱུང་བ་ལྔ་ཡི་འཁོར་ལོ་ནི། །རྩིས་བཞི་ལྟེ་བ་མུ་ཁྱུད་བཅས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འཁོར་ལོ་དག་ནི་ལྔ་བྱས་ལ། །ཁ་དོག་དག་ནི་འབྱུང་བས་དབྱེ། །ལྟེ་བ་རྩིགས་དང་ལྔ་རྣམས་ལ། །རང་རང་གི་ནི་ཡི་གེ་ལྔ། །མུ་ཁྱུད་ཨཱ་ལིའི་ཚོགས་ཀྱིས་བསྐོར། །དེ་ལྟར་འཁོར་ལོ་རྣམས་བྲིས་ཏེ། །མཆོད་དང་བསྟོད་དང་དག་པ་བཤགས། །སོ་སོའི་ཅི་འདོད་གསོལ་བ་གདབ། །ལྟེ་བར་འབྱུང་བའི་ལྷ་བསམས་ལ། ཡི་གེའི་གྲངས་ནི་བརྗོད་ལ་བསྟིམ། །དེ་ནས་ཁམ་ཕོར་ཁ་སྦྱར་དུ། །འཁོར་ལོ་དེ་ཀུན་བཅུག་ནས་ནི། །ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིང༌། །ཤིང་དང་ཆུ་དང་མེ་དང་ས། །རིགས་མི་མཐུན་པའི་ཁ་རླངས་ལ། །དེ་ཀུན་བསྒྲེས་ལ་ངར་ཟན་དང༌། །བསྲེལ་ལ་གཟུགས་ནི་ཁྲུ་གང་བྱ། །དབང་པོ་ལྔ་ལ་ཡི་གེ་ནི། །རྒྱ་ཤོག་བྲིས་ཏེ་ཁོལ་བཏོན་གཞུག །དེས་ནི་འབྱུང་བ་ཉམ་པ་གསོ། །གལ་ཏེ་གདོན་གྱིས་བཟུང་བ་ལ། །ངར་ཟན་སྐྱེས་བུའི་ལོ་སོང་ཚད། །ཁ་དོག་ཉིད་ནི་སྒྱུར་བྱས་ལ། །རང་གི་དྲི་མ་གོས་དུམ་དང༌། དེ་བཞིན་འབྱུང་བའི་རྫས་རྣམས་ཀྱང༌། །ཟན་དང་བསྲེས་ནས་གཟུགས་སུའོ། །བལ་ཚོན་དར་དང་སྒྲོ་རྣམས་ཀྱིས། །གཟུགས་དེ་རྣམས་ནི་བརྒྱན་བྱས་ལ། །དེ་རྣམས་དང་ནི་མཐུན་པ་ཡི། །གཏོར་མ་དག་ཀྱང་དེ་བཞིན་ནོ། །དེ་གཟུགས་ཐ་མར་ངར་ཟན་ནི། །རྣལ་འབྱོར་ལོ་གྲངས་ཙམ་གྱིས་བསྐོར། །བྱིན་གྱིས་བརླབས་ལ་ཚིག་འདི་བརྗོད། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང༌། །དྲན་དང་བཟུང་དང་བསམས་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཚིག་ནི་དེ་ཀུན་ལན་གསུམ་བརྗོད། །དེ་ནས་ཆུ་བོའི་གཞུང་ལ་བསྐྱལ། །འཆི་བ་ལས་ནི་བཟློག་པ་ལ། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བཞི་པ་འཆི་ཀའི་སྣང་བ་བསྟན་པ་ནི། འབྱུང་བ་སོ་སོ་ལ་ཐིམ་དུས་རྩ་རླུང་འཁྲུགས་པའི་སྣང་བ་སོ་སོ་སྟེ། ས་ས་ལ་ཐིམ་པའི་རྟགས་སུ་ལུས་ལྕི་ཞིང་ལྡང་མི་ནུས། ཆུ་ཆུ་ལ་ཐིམ་པའི་རྟགས་སུ་ཁ་དང་སྣའི་ཆུ་ཕྱིར་ལུག་ནས་འོང༌། དེ་ནས་སྐམ། མེ་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་མཐའ་འཁོབ་བཞི་ནས་དྲོད་འཆོར། བཀྲག་དང་གཟི་མདངས་སྡུད། རླུང་རླུང་ལ་ཐིམ་པའི་རྟགས་སུ་དབུགས་བརྩེགས་མ་འབྱུང་ཞིང་ལུས་ཀྱི་སྟོབས་འཆོར་ཏེ། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་དང༌། །དེ་བཞིན་ཆུ་དང་མེ་དང་རླུང༌། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང༌། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་སྣའི་ཆུ་ནི་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་བཟློག་པའོ། །ཞེས་སོ། །ལྔ་པ་གདབ་པའི་མན་ངག་ལ་གསུམ་སྟེ། གོམས་པ་རབ་དབྱིངས་རིག་རང་སོ་ལ་བཞག་པ། འབྲིང་འཕོ་བ་སྦྱང་བ། ཐ་མ་གཞན་རྐྱེན་ལ་ལྟོས་པའོ། །དང་པོ་ནི། རྣལ་འབྱོར་པ་གཅིག་པུར་འཆི་བ་རྣམས་འོད་གསལ་གྱི་སྣང་བ་ལ་འདུ་འབྲལ་མེད་ན་དུས་དེར་ཡང་གཞན་ལ་མི་ལྟོས་པར་རང་སྣང་གསལ་བས་དེའི་ངང་ལས་མ་ཡེངས་པར་བཞག་སྟེ། ལུས་གནད་བཞུགས་སྟངས་གསུམ་གང་རུང་ངམ་སྐྱིལ་ཀྲུང་ངམ། སེང་གེའི་ཉལ་ལུགས་ཀྱིས་རིག་པ་དབྱིངས་རིག་གཏད་པའི་ངང་ལ་ཤི་ན། སྐད་ཅིག་དེ་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ་ཆོས་ཉིད་ཀྱི་བར་དོ་མེད་པ་ནི། ཡང་དེ་ཉིད་ལས། དེ་ཚེ་སྐྱེས་བུ་སྐལ་ལྡན་དེའི། །སྣང་བ་ཉིད་ནི་རང་གསལ་ན། །མི་གནས་ཤེས་པ་རང་སོ་ཞེས། །ཞེས་པ་དང༌། ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཤི་བའི་དབུགས་ཀྱང་དལ་བར་འགྱུར། །ཅེས་སོ། །དབྱིངས་རིག་གོམས་པ་རྣམས་ནི་འཆི་དུས་གངས་སམ་བྲག་ཕུག་གམ་མི་ལ་སོགས་པ་སེམས་གཡེང་བའི་རྐྱེན་མེད་པར་འཆི་བ་གནད་ཆེ་སྟེ། ཞི་བ་ལྷས་ཀྱང༌། དྲུང་ན་འཁོད་པ་སུ་དག་ཀྱང༌། །མྱ་ངན་བྱེད་པ་ཡང་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེངས་པར་གྱུར་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི་སྔར་བསྟན་པ་བཞིན་འཕོ་བའི་གནད་བྱ་སྟེ། དེའང་རླུང་རྣམ་ཤེས་ལ་འཇུག་དུས་སྲོག་རླུང་སྙིང་ག་ནས་གནས་བཏེག་པའི་དུས་ཡིན་པས་རིག་པ་སྙིང་ནས་རང་གི་བླ་མའི་སྐུ་ཚོན་གང་བར་བསམས་པ་ཧིག་གི་སྒྲ་བདུན་ནམ་ཉེར་གཅིག་གིས་ཚངས་བུག་ལ་འཕངས་པས་ཀ་དག་གི་ས་ལ་སྐད་ཅིག་གིས་ཟང་ཐལ་དུ་གྲོལ་ཏེ། ཉི་ཟླ་ཁ་སྦྱོར་ལས། རླུང་བཞི་རིམ་གྱིས་ཞི་ནས་ཀྱང༌། །རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། །ཞེས་པ་ནས། རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང༌། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་སོ། །རིག་པའི་ཡེ་ཤེས་རླུང་རྣམ་ཤེས་ལ་འཇུག་དུས་འདིར་འཕོ་བས། གདམས་པ་རྣམས་འདིར་གསལ་འདེབས་ཏེ། དེ་ཉིད་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། ཅེས་སོ། །དབུགས་འཕོ་དུས་ཡུལ་དང་གནས་ལ་འཇུག་པ་འཕོ་བ་དང༌། སྐུ་དང་ཡེ་ཤེས་ལ་འཇུག་པ་དབྱིངས་རིག་གི་གདམས་པ་གཉིས་ཡིན་ལ། དབྱིངས་རིག་ལའང་གོམས་པ་ཅན་གཞན་རྐྱེན་ལ་མི་ལྟོས་པ་དང༌། ལྟོས་པ་གཉིས་སུ་བཤད་པས་ན། མན་ངག་གི་རྣམ་པ་གསུམ་དུ་བྱུང་བའི་གནས་དེ་ཡིན་ནོ། །གསུམ་པ་གཞན་རྐྱེན་ལ་ལྟོས་པ་ནི། །དུས་དེར་བླ་མའམ་རྡོ་རྗེའི་སྤུན་སྲིད་དམ་ཚིག་ལ་སེལ་མེད་པ་ཅིག་གིས་གསལ་འདེབས་ཏེ། དེའང་ད་ལྟའི་འོད་གསལ་སྐྱེལ་མ་དང་འདྲ་ལ། བར་དོའི་འོད་གསལ་སུན་མ་དང་འདྲ་བས། དེ་གཉིས་གུང་སྦྲེལ་བའི་ཕྱིར། དབྱིངས་རིག་སྐྱེལ་མ་འདྲ་བའི་སྣང་བ་བསྟན་ལ། ཀྱེ་རིགས་ཀྱི་བུ་ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱིས་འདིའི་ངང་ལ་སེམས་མ་བཅོས་པར་ཞོག་དང༌། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱའོ། །དེའང་སྣང་བ་འདི་མ་འགྱུར་བར་ལྟོས་དང༌། ད་ལྟའི་འོད་གསལ་འདི་ཆོས་ཉིད་མའི་འོད་གསལ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་འཆར་བ་དང་འདྲེས་པར་འགྱུར་རོ། །དེའི་ཚེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག དེའི་ཚེ་ཀ་དག་གི་ས་ལ་ཁྱོད་སངས་རྒྱའོ། །དེར་ངོ་མ་ཤེས་ན་འོད་གསལ་ལྷུན་གྲུབ་ལ་ཐིམ་དུས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་རོ། །དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར་རོ། །དེ་ནས་ལྷུན་གྲུབ་ཀྱི་སྒོ་བརྒྱ་འཆར་བས་ཁྱོད་ཀྱིས་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག རང་ངོ་ཤེས་མ་ཐག་ཀ་དག་གི་སར་ཁྱོད་བདེ་བར་གཤེགས་སོ་ཞེས་ལན་གསུམ་བརྗོད་ལ། རང་ཉིད་ཀྱང་སྣང་བ་དེ་ལ་དར་ཅིག་མཉམ་པར་བཞག་ཅིང་ཡང་དེ་ལ་གསལ་གདབ་བོ། །དེས་གྲོལ་ངེས་ཏེ། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་དབྱིངས་རིག་མི་གསལ་ན། ཆོས་ཉིད་བདེ་བའི་བར་མ་དོར། །རིག་པའི་སྣང་བ་གཟུང་བའི་ཕྱིར། །སྔར་བསྟན་འོད་རྣམས་ཡིད་ལ་བྱ། །དེས་ནི་བདེན་པའི་སྣང་བ་ཐོབ། །གལ་ཏེ་དེ་དག་མི་གསལ་ན། །རང་གི་བླ་མ་གནས་པ་ན། །གོང་གི་མན་ངག་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་སོ། །དེ་ལྟར་མན་ངག་འདེབས་འཕྲོ་ལ་ཤི་བའམ། ཆོས་རིག་མི་མཐུན་པ་གཞན་དག་འཆི་ཀ་མ་ལ་མན་ངག་རིན་པོ་ཆེ་རྣམ་པ་གསུམ་གྱིས་གཞན་ལ་ཕན་གདགས་པར་བསྟན་པ་ནི། དེའང་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་དུས་དེར། བདག་ཉིད་ཀྱིས་སྐད་ཅིག་གི་བར་དུ་ཆོས་ཉིད་མངོན་སུམ་གྱི་དགོངས་པ་ལ་གནས་པར་བྱས་ལ། དེ་ནས་ཕ་རོལ་པོ་དབུགས་དང་བྲལ་ལ་ཁད་པ་དེའི་ཁ་སྣ་གསུམ་དང་རང་གི་ཁ་སྣ་གསུམ་སྤྲད་ལ་རླུང་ཡར་འགྲོ་བ་ལ་དུམ་བུ་གསུམ། ཚུར་སྡུད་པ་ལ་གསུམ་ལས། ཕར་གྱི་དུམ་བུ་དང་པོ་ཨཱོཾ་དཀར་པོར་བསམས་ལ་འཕང༌། གཉིས་པ་ཨཱཿདམར་པོར་བཅས་ཏེ་འཕང༌། ཐ་མ་གང་ཡང་མི་བསམ་པར་འཕང་ངོ༌། །ཚུར་གྱི་གསུམ་ཀ་ལ་ཧཱུྃ་དུ་བསམས་ཏེ་དེའི་ཤེས་པ་ཧཱུཾ་མཐིང་ག་བདག་གི་རིག་པ་ལ་དྲང༌། ངག་ཏུ་ཡང་ཧཱུྃ་ཞེས་རྒྱུ་ཞབས་འུབས་ལ་དྲག་ཏུ་དྲང་ངོ༌། །དེའི་དུས་སུ་རང་གི་ལུས་ངག་ཡིད་གསུམ་སྟོབས་བསྐྱེད་ལ་འུབས་འུབས་ནང་དུ་དྲངས་པས། ཁོའི་རླུང་ཚ་སིབ་ཀྱིས་བདག་གི་ཁོང་དུ་འབྱུང་བར་ངེས་སོ། །དེའི་དུས་སུ་ཕ་རོལ་པོ་དེའི་མིག་དྲུང་ཧྲིག་གིས་འོང༌། དེ་ནས་ལུས་ཀྱང་ཧར་གྱིས་ལྡང་ནུས་པ་འོང༌། དེ་ལྟར་བྱུང་དུས་མིག་གི་དེ་ཁོ་ན་ཉིད་ཆོས་ཉིད་མངོན་སུམ་གྱི་སྣང་བ་བསྟན་ལ། མིག་ཧར་བྱུང་དུས་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱིས་ངོ་སྤྲད་པ་ལྟར་བཅུག་ནས། འོད་གསལ་རང་ལ་ཡོད་པ་དེ་འདི་ཀ་ཡིན་ཏེ་འདི་ཉིད་ལུས་ལས་འཐོན་དུས་ཆོས་ཉིད་བར་དོ་རང་ཆས་སུ་འཆར་བ་རང་སྣང་འདི་ཀ་ཡིན་གྱིས་གཞན་མ་ཡིན་པས་རང་ངོ་ཤེས་པར་གྱིས་ཤིག་ཅེས་ལན་གསུམ་བཏབ་ལ། སྣང་བ་དེ་མཐོང་ངམ་གདམས་ངག་དེ་གོའམ་ཞེས་བརྗོད་དུས་སྐད་ཐོན་ན་བཟང༌། བརྡ་བྱུང་ཡང་ཐེབས་པ་ཡིན་པས། ཆོས་ཉིད་ཀྱི་བར་དོ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་སྟེ་སངས་རྒྱ་བར་ངེས་སོ། །དེ་ཡང་ཉི་ཟླ་ག་སྦྱོར་ལས། གལ་ཏེ་གཞན་གྱི་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་གཟུང་བའི་ཕྱིར། །སྒོ་གསུམ་དག་ནི་སྒོ་སྤྲད་དེ། །དབུགས་ནི་བཏུབ་དང་རྔུབ་དང་འཕང༌། །ཡི་གེ་འབྲུ་གསུམ་གཞུག་པས་ནི། །ལུས་དང་ངག་ཡིད་སྟོབས་བསྐྱེད་ཕྱིར། །དབུགས་དང་བཅས་ཏེ་མཁས་པས་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །དེ་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་ལུས་ཀྱི་སྟོབས་རྙེད་ན། །གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་པར་གཞག །དབང་པོའི་སྒོ་རྣམས་རང་དྲུང་ན། །མིག་གི་དེ་ཉིད་བལྟ་རུ་གཞུག །མཉམ་པར་གནས་པའི་སེམས་བྱུང་ན། །མི་རྟོག་ལྡན་པའི་ཏིང་འཛིན་ཐོབ། །ཅེས་སོ། །གདམས་ངག་འདི་ནི་ཚང་སྤྲུགས་སུ་གདབ་པ་ཞེ་བྱ་བ་རྫོགས་པ་ཆེན་པོ་འདིའི་གནད་གལ་པོ་ཆེ་ཅིག་ཡིན་ནོ། །དེ་ལྟར་དབང་པོ་བསྡུས་ནས་ཀྱང་སླར་ཤི་བ་ལོག་པར་བྱེད་པའི་གནད་ཀྱིས་གསལ་འདེབས་ན། ད་ལྟ་མ་ཤི་བ་ལ་བརྩོན་འགྲུས་བསྐྱེད་ནས་སྒོམ་པ་གལ་ཆེའོ། །དྲུག་པ་སྐྱེ་གནས་ཀྱི་རྟགས་བསྟན་པ་ལ་དྲོད་སྤྱི་བོར་ཡལ་ན་རབ་ཀ་དག་འབྲིང་བར་དོར་ཐ་མ་སྤྲུལ་སྐུར་དབུགས་འབྱིན་པར་ངེས་ལ། སྐྱེ་བོ་ཐ་མལ་པ་རྣམས་མཐོ་རིས་སུ་སྐྱེ་བས་དབུགས་འབྱིན་ནོ། །དེའང་འཆི་དུས་མིག་རབ་རིབ་བྱེད་ཅིང་མཚན་མར་དྲོད་འདུས་ན་བྱོལ་སོང་དུ་སྐྱེའོ། །ལག་པ་གཡས་གཡོབ་ཅིང་དྲོད་སྤྱི་བོར་འདུས་ན་ལྷའོ། །ཚིག་འཆོལ་ཞིང་མཆན་ཁུང་གཡས་སུ་དྲོད་འདུས་ན་ལྷ་མིན་ནོ། །རྐང་པ་གཡོས་ས་ལ་རྡེབ་ཅིང་དྲོད་རྐང་མཐིལ་དུ་འདུས་ན་དམྱལ་བའོ། །ལུས་སེར་ཞིང་བཀྲག་མེད་ལ་དྲོད་ཁར་འདུས་ན་ཡི་དགས་སོ། །ཚིག་གསལ་ཞིང་དྲན་པ་མ་ཉམས་པར་དྲོད་མིག་ཏུ་འདུས་ན་མིའི་སྐྱེ་གནས་སུ་སྐྱེའོ། །ཡང་དེ་ཉིད་ལས། ཕྱི་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་དྲོད་ནི་གྱེན་ཡལ་ན། །དབུགས་ཆེན་འབྱིན་པར་འགྱུར་བ་ཡིན། །མིག་ནི་མི་གསལ་རབ་རིབ་ན། །ངན་སོང་གནས་རྣམས་དག་ཏུ་སྐྱེ། །ལག་པ་དག་ནི་གཡས་གཡོབ་ན། །མི་དེ་ལྷ་ཡི་གནས་སུའོ། །ཁ་ནས་ཚིག་ནི་འཆོལ་བ་ནི། །ལྷ་མིན་གནས་སུ་དེ་བཞིན་སྐྱེ། །རྐང་པ་གཡོན་པ་ས་ལ་རྡེབ། །དེ་ནི་དམྱལ་བའི་གནས་སུའོ། །ལུས་ཀྱི་མདོག་ནི་སེར་བཀྲག་མེད། །དེ་ནི་ཡི་དགས་ཡུལ་དུའོ། །ཁ་ནས་སེམས་ཅན་སྐད་འདོན་ན། །དེ་ནི་བྱོལ་སོང་གནས་སུའོ། །ཡང་ན་ཁ་ལྐུགས་སོ་འཐམས་ན། །དེ་བཞིན་བྱོལ་སོང་སྐྱེ་གནས་སོ། །ཚིག་གསལ་དྲན་པ་མ་ཉམས་ན། །དེ་ནི་མི་ཡི་གནས་སུའོ། །ཕྱི་ཡི་རྟགས་ནི་དེ་དག་དང༌། །ནང་གི་རྟགས་ནི་འདི་དག་སྦྱར། །སྤྱི་བོར་དྲོད་རྣམས་འདུས་པ་ན། །དེ་ནི་ལྷ་ཡི་གནས་སུའོ། །དེ་བཞིན་རྐང་མཐིལ་དྲོད་འདུས་ན། །དེ་ནི་དམྱལ་བའི་གནས་སུའོ། །མཆན་ཁུང་གཡས་སུ་དྲོད་འདུས་ན། །དེ་ནི་ལྷ་མིན་ཡུལ་དུའོ། །དེ་བཞིན་ཁར་ནི་དྲོད་འདུས་ན། །མི་དེ་ཡི་དགས་གནས་སུ་སྐྱེ། །དེ་བཞིན་མཚན་མར་དྲོད་འདུས་ན། །དེ་ནི་བྱོལ་སོང་སྐྱེ་གནས་སོ། །མིག་ཏུ་དྲོད་རྣམས་འདུས་པ་ན། །མི་ཡི་གནས་སུ་སྐྱེ་བ་ཡིན། །དེ་ལྟར་རྟགས་དང་སུ་ལྡན་པ། །འདི་ནི་ངེས་པ་ཁོ་ནའོ། །ཞེས་སོ། །དེ་དག་ལས་ཁྱད་པར་དུ་བྱོལ་སོང་དུ་སྐྱེ་ན་མཚན་མར་དྲོད་འདུས་པ་དང༌། སོ་འཐམས་པའམ། །ཁ་ནས་དུད་འགྲོའི་སྐད་སྣ་ཚོགས་འདོན་པའམ། །མིག་རབ་རིབ་ཀྱི་སྣང་བས་ཁེགས་པ་ནི་ཕྱི་ནང་གི་རྟགས་འཛོམས་པར་བཤད་དོ། །བདུན་པ་སྐྱེ་གནས་སྦྱང་བའི་ཆོ་ག་ལ་གསུམ་སྟེ། འཆི་ཁར་སྦྱང་བ། རོ་ལ་སྦྱང་བ། རྗེས་ལ་སྦྱང་བའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་གྲངས་དང་སྦྱར། །གལ་ཏེ་དེ་བར་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པས་ལུས་ཀྱི་དཀྱིལ་དུ་ཡང༌། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་པ་དང༌། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེའི་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། །ཞེས་པས། འགྲོ་བ་ཕལ་པ་ཆོས་འདིའི་སྒོ་མ་མཐོང་བ་རྣམས་མཐོ་རིས་སུ་དྲང་བའི་ཕྱིར་ཐབས་འདི་བཤད་དེ། མི་དེའི་སྙིང་ནང་དུ་་དཀར་པོའི་འོད་ཀྱི་གོང་བུ་སྒོ་ང་ལྟ་བུ་བསམ་དུ་བཅུག་ལ། དེ་ཡར་ལ་ཡར་ལ་སོང་བར་དམིགས་པ་ཟུང་ཅིག་བྱས་ལ། རང་ཉིད་ཀྱིས་ཀྱང་དེའི་རྣམ་ཤེས་དེ་ལྟར་གྱུར་པ་ལ་དམིགས་ནས། ཨ་མི་དེའི་ལོ་གྲངས་རླུང་ཕྱིར་འགྲོ་རིང་པོ་དང་བསྟུན་ལ་དུས་ཐུང་དུ་དབྱངས་དང་བཅས་པས་བཟླས་ཏེ། དབུགས་ཁྲོག་ཁྲོག་འགྲོ་དུས་དེའི་སྤྱི་བོ་ཁ་གཏད་ལ་ཨ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་རླངས་ཕྱུ་རུ་རུ་འོང་སྟེ། སྡིག་ཅན་ཡིན་ཡང་མཐོ་རིས་སུ་འདྲོངས་ལ། ཡིད་དཔྱོད་ཀྱི་ལྟ་སྒོམ་ཅན་ཡང་ཆོས་ཉིད་དུ་འདྲོངས་སོ། །གལ་ཏེ་དམྱལ་བར་སྐྱེ་བའི་རྟགས་ཅན་ཡིན་ན་དབུགས་དང་འབྲལ་དུས་སུ་དེའི་རྣམ་ཤེས་སྙིང་གའམ། ལྟེ་བར་ཨར་དམིགས་ཏེ་འོད་ལྔར་མེར་གྱིས་ཞུ་བ་ལ་རང་གི་བླ་དར་ཅིག་གནས་པས་གནས་གོང་དུ་འདྲོངས་སོ། །ཡི་དགས་དང༌། བྱོལ་སོང་དང༌། ལྷ་མིན་དང༌། ལྷ་དང༌། མི་རྣམས་ཀྱང་གོང་ནས་གོང་དུ་འདྲོངས་ལ། མིར་སྐྱེ་བ་ཐར་པ་ལ་འདྲོངས་སོ། །འོག་མའི་སྡུག་བསྔལ་མི་མྱོང་བར་གོང་མའི་བདེ་བ་རྙེད་པའི་ཐབས་ཀྱིས་ཕན་འདོགས་པའི་ཆོ་གའོ། །དེའང་དམིགས་པ་སྤེད་འཕྲོ་ལ་ཤི་ན་གོང་དུ་འདྲོངས་ལ། རྫོགས་ན་སྔ་མ་བཞིན་ནོ། །གཉིས་པ་རོ་ལ་སྦྱང་བ་ནི། རོ་དེའི་མདུན་དུ་མཎྜལ་ཁྲུ་དོ་པ་ལ་སོགས་པ་བྱས་ཏེ་གུར་གུམ་ལ་སོགས་པ་དྲི་བཟང་པོས་ཆག་ཆག་བཏབ་ལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་དབུས་སུ་རིན་པོ་ཆེའམ་རྫ་ཡིན་ན་ས་དཀར་གྱིས་བསྒྱུར་བའི་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པའི་ནང་དུ་ཆུ་གཙང་མ་བུམ་རྫས་དང་བཅས་པས་བཀང་བའི་ཕྱོགས་བཞི་མཚལ་ལམ་ལྡོང་རོས་ཀྱིས་ཨ་བཞི་བྲིས་པ་བཞག་ལ། བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་བསམས་པའི་ནང་དུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་དང་བཅས་པ་ཡབ་ཡུམ་གྱི་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང༌། སྟེང་དུ་བླ་མ་བརྒྱུད་པ་རྣམས་བསམས་ལ། སྐད་ཅིག་གིས་སྤྱན་དྲངས་ཏེ་བསྟིམ་ནས། ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་དང་ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱས་ལ། བར་བར་དུ་ཨཱོཾ་ཨ་བྷྱ་རྒྱ་ཏཾ་ཀེཾ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ཅིང༌། གཟུངས་ཐག་ནས་བཟུང་སྟེ་རང་ཉིད་རྡོ་རྗེ་སེམས་དཔར་བསམས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབས་པས་བུམ་པ་ཁེངས་པར་བསམས་ལ། མཆོད་པ་དང་བསྟོད་པ་ཅི་ཤེས་པས་བསྟོད་དེ། མཐར་ཨ་ཨ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་ཞུ་བར་བསམས་ལ། བུམ་པ་དེ་རོའི་སྤྱི་བོར་བཞག་སྟེ། ཨ་ལོ་གྲངས་ཙམ་བརྗོད་ནས། བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་དམིགས་ལ་ཨ་དང་བཅས་པས་བཀྲུས་པས་སྒྲིབ་པ་དག་པར་བསམས་ཏེ་ཨ་མང་དུ་བརྗོད་པས། དམྱལ་བའི་གནས་ནས་འདྲོངས་པར་ངེས་སོ། །དེ་ནས་བུམ་པ་མགྲིན་པ་བཟུང་ལ་བྷྱ་ལོ་གྲངས་ཀྱིས་བཀྲུས་པས་ཡི་དགས་ནས་འདྲོངས་སོ། །དེ་ནས་བུམ་པ་གསང་གནས་སུ་བཟུང་ལ། རྒྱ་དང་རླུང་གི་བསྲེ་བ་བསྡོམས་པས་བྱོལ་སོང་ལས་འདྲོངས་སོ། །དེ་ནས་བུམ་པ་མཆན་ཁུང་དུ་བཟུང་ལ་ཀེཾ་བརྗོད་ནས་བཀྲུས་པས་ལྷ་མིན་ནས་འདྲོངས་སོ། །དེ་ནས་བུམ་པ་སྤྱི་བོར་བཟུང་ལ་ཏཾ་བརྗོད་ནས་བཀྲུས་པས་ལྷའི་གནས་ནས་འདྲོངས་སོ། །དེ་ནས་ཨཱོཾ་ཨཱཿཧཱུྃ་སྭཱཧཱ་ཞེས་བརྗོད་ཅིང་བུམ་པ་སྙིང་གར་བཟུང་ནས་བཀྲུས་པས་མིའི་སྐྱེ་གནས་ངན་པ་སྦྱངས་ཏེ། མི་ལུས་རིན་པོ་ཆེར་དྲངས་ཚེ་དེས་ཐར་པའི་སྐལ་བ་ཅན་དུ་འདྲོངས་སོ། །དེ་ལྟར་ཞག་གསུམ་མམ་ལྔའམ་བདུན་དུ་བྱས་ནས། ཕུང་པོ་བསྲེགས་སམ་བསྐྱལ་ན་ལྷ་མི་ཁྱད་པར་ཅན་ནམ་རྣམ་པར་གྲོལ་བའི་རྟགས་ནམ་མཁའ་ལ་མི་འབྱུང་མི་སྲིད་པའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་བའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང༌། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་ལྟག་ཏུ་དེ་བཞིན་ནོ། །ཡི་དགས་རྟགས་དང་ལྡན་པ་ལ། །ཡི་གེ་བྷྱ་ཡི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་བདུན། ལྕེ་ཡི་སྟེང་དུ་བྷྱ་བཞག་སྟེ། ཤེས་པས་ངོ་བོ་དེ་ཡིས་བསྡུ། །དེ་བཞིན་བུམ་པ་ཁ་ཡི་སྟེང༌། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ཡི་དགས་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟག་གོ །བྱོལ་སོང་རྟགས་དང་སུ་ལྡན་པ། །ཡི་གེ་རྒྱ་ཡི་སྦྱོར་བ་ཡིས། །འདི་ཡི་གནས་རྣམས་སྦྱང་བར་བྱ། །དབུགས་དང་བཅས་ཏེ་ལན་གྲངས་དགུ །མཚན་མ་རྒྱ་ཡིས་བཏབ་ནས་ནི། །ཤེས་པ་རྣམས་ནི་སྟོང་པ་ཡིས། །ཡང་ཡང་རླུང་དང་བཅས་པས་འཕང༌། །དེ་བཞིན་བུམ་པ་མཚན་མའི་སྟེང༌། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །བྱོལ་སོང་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟག་གོ །གང་ཞིག་ལྷ་ཡི་རྟགས་བྱུང་ན། །ཡི་གེ་ཏཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་ཡང༌། །བཅུ་གཅིག་ལྡན་པས་ཤེས་པ་སྦྱང༌། །སྤྱི་བོར་ཡི་གེ་ཏཾ་ཞེས་བསམ། །ཤེས་པ་ཟག་མེད་མིག་ཏུ་དྲང༌། །དེ་བཞིན་བུམ་པ་སྤྱི་བོའི་སྟེང༌། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ནས། །ལྷ་ཡི་གནས་རྣམས་སྟོངས་ནས་ནི། །དེས་ནི་མི་ཡི་སྐྱེ་གནས་འཐོབ། །ལྷ་མིན་རྟགས་དང་སུ་ལྡན་པ། །ཡི་གེ་ཀེཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་ཉི་ཤུའི་གྲངས། །མཆན་ཁུང་ཉིད་ནི་གཡས་སུ་ཡང༌། །ཡི་གེ་ཀེཾ་ནི་མཁས་པས་བཞག །ཤེས་པ་མཉམ་པ་ཆེན་པོར་སྤྲོ། །དེ་བཞིན་བུམ་པ་མཆན་ཁུང་སྟེ། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ལྷ་མིན་གནས་རྣམས་སྟོངས་ནས་ནི། །དེ་ཡང་མི་ཡི་སྐྱེ་གནས་འཐོབ། །དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པའི་གནས་རྣམས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་རྙེད། །མི་དེའི་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་རྣམས་སྦྱོངས། །གལ་ཏེ་དབུགས་དང་བྲལ་བ་ལ། །ཕུང་པོའི་གནས་སུ་བུམ་པ་ཡིས། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དེ་ཡང་ཐེ་ཚོམ་མི་ཟའོ། །ཞེས་སོ། །དེའང་མ་ཤི་བ་ལ་རྟགས་དྲུག་བྱུང་བ་དེ་གནས་དེ་དག་གི་ཡི་གེ་བསམས་ལ་དབུགས་ཀྱིས་སྟེང་དུ་དྲངས་ན་གོང་དུ་འདྲོངས་པས་བུམ་པ་མི་དགོས་ལ། ཤི་ནས་རོ་ཡི་གནས་སུ་ཡི་གེ་དེ་དག་བསམས་ཏེ་བུམ་པས་བཀྲུས་པས་འདྲོངས་པ་ཡིན་ནོ། །དེའང་གནས་གཞན་དུ་སྐྱེས་ཟིན་ནའང་ཆོ་གའི་བྱིན་རླབས་ཀྱིས། དམྱལ་བ་ལ་སོགས་པ་དེ་དག་གི་ཚེའི་ཚད་རྨི་ལམ་དུ་རྨིས་པ་ཙམ་གྱིས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ཟད་ནས་མིའི་གནས་སུ་སྐྱེའོ། །འོ་ན་འགྲོ་བའི་གཙོ་བོ་ལྷ་མ་ཡིན་ནམ་ཞེ་ན། འགྲོ་བའི་གཙོ་བོ་མི་ཡིན་ཏེ། མིའི་རྟེན་ལ་འབད་ན་ཚེ་གཅིག་གིས་ཐར་པ་རྙེད་ཅིང་གོང་ནས་གོང་དུ་གནས་འདེམ་དུ་ཡོད་ལ། ལྷ་རྣམས་ནི་གོང་ནས་འོག་ཏུ་ལྷུང་བ་དང་ཚེ་གཅིག་གིས་ཐར་པ་མི་ཐོབ་པ་དང༌། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ལ་སོགས་པའི་ཡང་རྟེན་མ་ཡིན་པས། ཐུན་མོང་གི་དགེ་བ་ཁྱད་པར་ཅན་ཡང་མི་འགྲུབ་ན། མཆོག་དགེ་བསམ་མི་ཁྱབ་ལྟ་ཅི་སྨོས་ཏེ། ཉེས་པ་ཡང་ལྷ་བསད་ན་ལྟུང་བྱེད་ཀྱི་ཆ་ཤས་སྦོམ་པོ་ལས་མི་སྐྱེད་ལ། མི་བསད་ནས་ཕབ་པ་འབྱུང་བའི་ཕྱིར་རོ། །དེས་ན་མིའི་ལུས་ནི་འགྲོ་བའི་གཙོ་བོ་ཞེས་བྱའོ། །གསུམ་པ་རྗེས་ལ་སྦྱང་བ་ནི། རོ་མེད་པའི་འོག་ཏུ་་བདུན་ཚིགས་ཇི་ལྟར་བྱ་བའི་རིམ་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང༌། །བདུན་པའི་ཚེ་ན་ཆོ་གས་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་གསུངས་པས། སྤྲོས་པ་ལ་དགའ་བས་རྫོགས་པ་རང་བྱུང་ནས་བཤད་པ་ལྟར། རིགས་དྲུག་གི་མཎྜལ་དང༌། གནས་འདོན་དང༌། ཟས་གཏད་ལ་སོགས་པ་བྱ་ལ། སྤྲོས་པ་མེད་པ་རྣམས་ཀྱིས་གོང་གི་ཆོ་ག་དེ་ཉིད་ཀྱིས་བྱ་སྟེ། དེའང་སྦྱིན་བདག་གི་འབྱོར་བའི་རིམ་པས་རབ་འབྲིང་ཐ་གསུམ་ལས། ཐ་མས་གོང་གི་རིགས་དྲུག་གནས་དྲངས་བའི་ཆོ་ག་ཞག་གཅིག འབྲིང་གིས་བདུན། རབ་ཀྱིས་བདུན་ཕྲག་བདུན་དུ་བྱའོ། །དང་པོ་མཎྜལ་དང་བུམ་པ་བཤམ་པ་དང༌། བདག་དང་བུམ་པའི་ལྷ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་སྟེ་བཟླས་པ་བྱ་བ་དང༌། དེ་ལ་མཆོད་ཅིང་བསྟོད་པ་དང༌། ཤི་བ་དེའི་མིང་བྱང་བཀྲུ་ཞིང་ལས་རྒྱུ་འབྲས་དང་ཐེག་པ་ཆེན་པོའི་ཆོས་མང་དུ་བཤད་པ་དང༌། ལམ་སྦྱང་བསྟན་བྱའོ། །དེ་ལ་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུཾ་ཝཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །ཞེས་པ་ལ་སོགས་པའམ། ཆོས་འདིའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་ཅི་གྲུབ་ཅིག་བརྗོད་དོ། །ལམ་སྦྱང་བ་ནི། བར་དོའི་ཆོས་མདོར་བསྡུས་ཅིག་བརྗོད་པའམ། ཐུན་མོང་བ་ལ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །ལམ་ལྔ་དག་ལ་བརྟེན་ནས་ནི། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་པ་དང༌། ལམ་བསྟན་ཡང་ པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མ་མ་གོས་ལྟའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་ལ། འདིར་ཞུགས་པ་རྣམས་ལ། སྐུ་གསུམ་གྱི་ལམ་བསྟན་པར་བྱ་སྟེ། རྫོགས་པ་རང་བྱུང་ལས། ཧོ་རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་འདས་པ་འདི་ལ་གཤེད་བྱེད་པ་དང༌། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ་ཚེ་འདས་པ་ཆེ་གེ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། །སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེར་སྐུས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིང༌། ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པ་སྐུའི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ལ་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེར་འཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། འཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་དེ་དེ་ན་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་མཐུ་སྟོབས་ཀྱི་དབང་ཞུས་ལ། བདུད་དང་ཉོན་མོངས་པའི་སྟོབས་ཟིལ་གྱིས་གནོན་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར། བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ། ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཀ་དག་གི་སར་བཞུད་ཅིག ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་འཇམ་པའི་མགོན་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པར་བྱེད་པའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག ནུབ་བྱང་གི་འཇིག་རྟེན་ན་ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་ཀྱིས། དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་སྟོན་པའི་དབང་ནོས་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག འོག་གི་ཕྱོགས་ན་ཞིང་ཁམས་མི་གཡོ་བ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག ཕྱོགས་བཅུའི་འཇིག་རྟེན་དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཅིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེར་སེང་གེའི་འདུག་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག མངོན་པར་དགའ་བ་ཞེས་བྱ་བའི་ཚལ་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་མཐའ་ཡས་ཀྱི་ཕུག་སེང་གེ་སྒྲ་སྒྲོགས་ཞེས་བྱ་བ་ན་འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་སོང་ཞིག དེ་འདས་པའི་ཕྱི་རོལ་ན། སངས་རྒྱས་མར་མེ་མཛད་བཟང་པོ་ཞེས་བྱ་བ། རྒྱན་འོད་ཀྱི་ཕུང་པོ་དང་ལྡན་པ་ཡོད་དོ། །དེ་ཁྱོད་ལ་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་མཐོང་བའི་དུས་སུ་སྐུས་འདུལ་བའི་ཆོས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག རིགས་ཀྱི་བུ་ཆོས་ཆེན་པོ་སྣང་བའི་ཐུགས་རྗེ་འདས་པའི་ཕ་རོལ་ན། རང་རིག་པའི་སྣང་བ་བསམས་ཀྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་ལྟ་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག རིག་པ་འདུས་མ་བྱས་ཀྱི་སྣང་བ་ཞེས་བྱ་བ་ན། ཆོས་ཉིད་སྟོང་པ་གསལ་བ་ཆེན་པོའི་གནས་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ན། ཤིན་ཏུ་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག དེ་འདས་པའི་ཕ་རོལ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེ་བྱ་བ་ཡོད་ཀྱིས། དེ་ཁྱོད་ལ་སྣང་བར་འགྱུར་གྱིས། དེ་མཐོང་བའི་དུས་སུ་སྐུ་གསུམ་དབྱེར་མི་བྱེད་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཀྱི་སྐུ་སྐྱེ་འགག་ཐམས་ཅད་དང་བྲལ་བར་བསྟན་པས། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱི་སྐུ་བརྟན་པར་གྱིས་ཤིག གསུང་བརྟན་པར་གྱིས་ཤིག ཐུགས་བརྟན་པ་གྱིས་ཤིག རིག་པ་བརྟན་པར་གྱིས་ཤིག དེས་ནི་སྐྱེ་བ་མེད་པར་ཐལ་ལོ། །དེ་སྐད་ཅེས་ལམ་བསྟན་པར་བྱའོ་ཞེས་གསུངས་པ་བཞིན་བརྗོད་ནས། བསྔོ་བ་དང༌། སྨོན་ལམ་དང༌། ཤིས་པ་བརྗོད་པ་ལས་ཀྱི་རྗེས་བསྡུའོ། །ཆོ་ག་འདི་ནི་རང་བཞིན་རྫོགས་པ་ཆེན་པོ་འདིའི་གདུལ་བྱར་གཏོགས་པ་རྣམས་ལ་ཁྱད་པར་དུ་གསུངས་པས། གསང་སྔགས་ཐུན་མངོན་དུ་བཤད་པའི་བདུན་ཚིགས་ལས་ཆེས་ཟབ་ཅིང་འཕགས་པའི་ཕྱིར་ཆོས་འདིའི་རྡོ་རྗེ་སློབ་དཔོན་དུ་བྱ་བ་དག་གིས་ཕྱག་ལེན་དུ་ཐེབས་པར་མཛོད་ཅིག །བརྒྱད་པ་ཐུན་མོང་མ་ཡིན་པའི་གནས་གཞན་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་པའི་འཆི་ལུགས་སྤྱིར་བསྟན་པ་དང༌། འབྱུང་བའི་ཐིམ་ཚུལ་གྱི་བྱེ་བྲག་ཏུ་བཤད་པའོ། །དང་པོ་དབང་པོ་ཐ་མ་འབྲིང་དང་མཆོག་ཏུ་གྱུར་པའི་འཆི་ལུགས་གསུམ་ལས། ཐ་མ་ནི་གོང་དུ་བཤད་པ་ལྟ་བུ་འཇིག་རྟེན་པ་དང་མཐུན་པར་འཆི་སྟེ། ན་བའི་དུས་སུ་ཡང་མོ་མ་དང༌། སྨན་པ་དང༌། རིམ་གྲོ་སྣ་ཚོགས་བྱེད་པ་ནི་དམ་པའི་ཆོས་བདེན་པའི་མཚན་ཉིད་མ་མཐོང་བའི་རྟགས་ཡིན་ལ། མོ་དང་པྲ་དང་སྨན་དང་རྩིས་ལ་རེ་བ་མུ་སྟེགས་པ་དང་ཁྱད་མེད། དེ་ནས་འཆི་བའི་དུས་ན་ཡང་ཉེ་བ་དང་འཁོར་སློབ་དང་མཛའ་བཤེས་ཀྱིས་བསྐོར་ནས་འཆི། ཤི་ནས་ཀྱང་དགེ་བ་དང་མྱ་ངན་དང་སྨྲེ་སྔགས་བྱེད་ཅིང༌། བདུན་ཚིགས་དང་རོ་སྲེག་ལ་སོགས་པ་བྱེད་པ་ནི། ལས་དང་པོའི་ཐ་མལ་པ་རྣམས་ཀྱི་འཆི་ལུགས་ལས། ཆོས་ཀྱི་ཆ་ཙམ་ཡང་མེད་དེ་ཐ་མལ་པ་རྣམས་དང་འདྲའོ། །འབྲིང་པོ་དང་རབ་རྣམས་འདི་ལྟར་བརྟག་སྟེ། འདི་ལྟར་མ་ཤི་ན་དོན་གྱི་རྣལ་འབྱོར་པ་མ་ཡིན་ནོ། །དེ་ལ་རི་དགས་དང༌། སེང་གེ་དང༌། སྤྲང་པོ་དང༌། བུ་ཆུང་ལྟར་ཤི་བ་བཞི་ནི་རྣལ་འབྱོར་པ་འབྲིང་གི་འཆི་ལུགས་ཏེ། རྐྱེན་མེད་དུ་འཆི་བ་ལ་དགའ་བ་རྣམས་ནི་དབེན་སར་འཆི་བ་སྟེ། དཔེར་ན་རི་དགས་སྨས་མ་དེ་མི་མི་རྒྱུ་བའི་ཕུག་གམ། ལུང་སྟོང་ངམ། བས་མཐའམ། འབྲོག་དགོན་པར་འཆི་བ་ལྟར། རྣལ་འབྱོར་པ་དེ་སུས་ཀྱང་མཐོང་བ་མེད་པར་ཤི་ན་གང་ལའང་འཇིགས་པ་དང་བྲལ་བའི་རྟགས་ཡིན་ནོ། །སྤྲང་པོ་ལྟར་འཆི་བ་ནི། དཔེར་ན་སྤྲང་པོ་སུ་ཡིན་ཆ་མེད་པ་གྲོག་པོའམ། སྲང་ཁའམ་བརྒྱ་ལམ་མམ་ཚོང་ཁང་ལ་སོགས་པར་འཆི་བ་ལྟར། རྣལ་འབྱོར་པ་དེ་ཡང་དེ་ལྟར་ཤི་ན་ཡུལ་གྱི་མངོན་ཞེན་འགགས་ཤིང་ཆོས་ཀྱི་དབྱིངས་ལ་སྤྱོད་པའི་རྟགས་ཡིན་ནོ། །ཡང་བུ་ཆུང་ཀུན་འཆི་མི་འཆི་ཆ་མེད་པའི་ངང་དུ་འཆི་བ་ལྟར། རྣལ་འབྱོར་པ་དེ་ཡང་འཁྲུལ་པ་ཞིག་ནས་རྩིས་གདབ་མེད་པས། འཆི་རྐྱེན་དང་ཤི་ས་དང་འཆི་བ་ལ་འཇིགས་པ་དང་མ་ཤི་ན་དགའ་བ་ཡང་མེད་པར་ཐ་མལ་གྱིན་འདའ་ལྟར་ཤི་བ་ནི་འཁྲུལ་པའི་སྣང་བ་ནུབ་པའི་རྟགས་ཡིན་ནོ། །རབ་རྣམས་ཀྱི་འཆི་ལུགས་ནི། མཁའ་འགྲོ་དང༌། རིགས་འཛིན་དང༌། མེ་དཔུང་དང༌། ནམ་མཁའ་ལྟར་འཆི་ལུགས་བཞི་ལས། རྣལ་འབྱོར་པ་བརྩོན་འགྲུས་རབ་འདི་ཉིད་ལ་ཕུང་པོ་མེད་པར་དེངས་པ་ནི་མཁའ་འགྲོ་མ་འཆི་བའི་དུས་སུ་རོས་སུས་ཀྱང་མི་མཐོང་བ་དང་འདྲ་སྟེ། བར་དོ་མེད་པར་སངས་རྒྱས་པའི་རྟགས་སོ། །རྣལ་འབྱོར་པ་མཆོག་གཅིག་གཞན་བསྟན་པ་ལ་བཞུགས་པའི་དོན་དུ་སྐྱེ་བོ་ཀུན་གྱིས་མཐོང་བར་ནམ་མཁའ་འོད་ཕུང་གི་དཀྱིལ་ན་སྒྲ་དང་འོད་དུ་བཅས་ཏེ་ཡལ་བ་ནི། རིགས་འཛིན་རྣམས་ས་གོང་ནས་གོང་དུ་འཕར་བའི་ཚེ་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས་ཀུན་གྱིས་མཐོང་བར་འགྲོ་བ་ལྟ་བུ་སྟེ། གླིང་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་བྱེད་པའི་རྟགས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྕེ་བཙུན་སེང་གེ་དབང་ཕྱུག་བཞིན་ནོ། །རྣལ་འབྱོར་པ་ཉམས་ལེན་མཐར་ཕྱིན་པའི་འཆི་ལུགས་ནི། དཔེར་ན་རྒྱུ་བུད་ཤིང་ཟད་པས་མེ་དཔུང་ཆེན་པོར་ཡོད་པ་རྣམས་ཀྱང་རང་ཟད་ནས་འཆི་བ་ལྟར། རྒྱུ་འབྱུང་བ་ཟད་པས་རྐྱེན་ཕུང་པོའི་རྡོས་པ་མེད་པར་སོང་བ་ནི་ཉོན་མོངས་པ་རང་སར་གྲོལ་བའི་རྟགས་ཡིན་ནོ། །དཔེར་ན་ཙ་རིར་དམ་པ་དགྱེར་མི་མ་ཇོ་གཉིས་ཕུག་པ་ནས་འོད་ཕུང་དུ་འབར་བ་ནམ་མཁར་སོང་བ་བཞིན་ནོ། །རྣལ་འབྱོར་པ་ཀ་དག་གི་སར་རྡུལ་ཕྲན་ལུས་ཀྱི་བུམ་པ་ཆག་དུས་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་པ་ནི། ནམ་མཁའ་ལྟ་བའི་འཆི་ལུགས་ཏེ། ལུས་སྣང་གི་བར་ལ་རྫས་གུད་དུ་བཅད་པའི་ནམ་མཁའ་དང་འདྲ་སྟེ། རྟོགས་པ་ཀ་དག་ལུས་ནང་སྙིང་གི་འོད་གསལ་ལ་གནས་ལ། རྫ་བཅག་པས་ཕྱིའི་ནམ་མཁའ་དང་རྫའི་ནམ་མཁའ་འདྲེས་ཏེ་གང་ཡིན་མི་ཤེས་པ་ལྟར། ལུས་ཀྱི་རྡུལ་ཕྲན་དེངས་པའི་ཕུང་པོ་འདི་ཡིན་དང་དེའི་ནང་གི་རིག་པ་འདི་ཡིན་མི་ཤེས་པར་སངས་རྒྱས་པའོ། །འདི་ནི་ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བའི་རྟགས་སོ། །དེ་ལ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་གཉིས་ལུས་ཀྱི་རྡུལ་ཕྲན་དེངས་པ་ཀ་དག་ཁྲེགས་ཆོད་ཀྱིས་གྲོལ་བའི་འཆི་ལུགས་ཡིན་ལ། མེ་དཔུང་དང་རིགས་འཛིན་གཉིས་ཐོད་རྒལ་ལྷུན་གྲུབ་ཏུ་གྲོལ་བའི་འཆི་ལུགས་སོ། འཆི་ལུགས་དེ་ལྟ་བུ་གང་ལས་བྱུང་ན། རང་བཞིན་རྫོགས་པ་ཆེན་པོ་ལ་ཡིད་ཆེས་པའི་རྟགས་སུ་ཐུན་མོང་གི་གྲུབ་མཐའ་ལོ་མི་འཇུག་པ་དང༌། དེ་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་སུ་མངོན་སུམ་གྱི་དོན་མཐོང་བས་ཡིད་དཔྱོད་ཚིག་གི་ཕྱིར་མི་འབྲེང་བ་དང༌། ཀ་དག་གི་རྟོགས་པ་ཁོང་དུ་ཆུད་པས་རང་གི་ཕྱི་མའི་འགྲོ་ས་གང་ཡིན་ངོ་ཤེས་པ་དང་ འཆི་བ་ལ་ཉམ་ང་དང་བག་ཚ་མེད་པས་ཚེ་སྒྲུབ་དང་འཆི་བསླུའི་རིམ་གྲོ་གང་ཡང་མི་བྱེད་པ་དང་ གནས་ལུགས་བྱ་རྩོལ་དང་བྲལ་བའི་གདེང་རྙེད་པས་སྒོ་གསུམ་གྱི་བྱ་བ་གང་ཡང་མི་བྱེད་པ་དང༌། ཐམས་ཅད་གཞི་མེད་ཡེ་སྟོང་ཆེན་པོར་རྟོགས་པས་གང་ལའང་དངོས་པོ་མཚན་འཛིན་དང་བྲལ་ཞིང་གཤིས་ཀྱི་ངང་ལས་སྐད་ཅིག་ཀྱང་མི་འབྲལ་བའི་དོན་ཀློང་རྡོལ་བ་ལས་བྱུང་བའོ། །དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ལ་འཆི་བ་བརྟགས་པ་དང༌། བསླུ་བ་དང༌། གསལ་འདེབས་མི་དགོས་ཏེ། ལྟ་སྒོམ་ལས་འདས་པས་ཆོས་ཀྱིས་ཕན་གནོད་མེད་ཅིང༌། རང་སྣང་ཀ་དག་དང་ལྷུན་གྲུབ་ཤར་བས་གྲོལ་ས་རང་ཆས་སུ་ཤར་ཏེ། ལྷུན་གྲུབ་ཀ་དག་གི་ཀློང་དུ་ཐིམ་ནས་གྲོལ་བའི་ཕྱིར་རོ། །དེ་སྐད་དུའང༌། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་པས་ནི་འདི་ལྟར་བརྟག །ཐ་མའི་དབང་པོ་ཐ་མ་ནི། །སྲིད་པ་བར་དོར་འཕྲོ་མཐུད་དེ། །དཔེར་ན་རྐོང་ཆད་ཝ་བཞིན་ནོ། །དེ་བཞིན་དབང་པོ་འབྲིང་པོ་རྣམས། །རི་དགས་ལྟ་བུའི་འཆི་ལུགས་ནི། །རྣལ་འབྱོར་པ་ཡི་འཆི་ལུགས་སོ། །དེ་བཞིན་སེང་གེ་ལྟ་བུ་དང༌། །གང་ཞིག་སྤྲང་པོ་ལྟ་བུ་དང༌། །དེ་བཞིན་བུ་ཆུང་ལྟར་ཤི་བ། །རྣལ་འབྱོར་འབྲིང་གི་ཤི་ས་ཡིན། །གང་ཞིག་མཁའ་འགྲོའི་འཆི་ལུགས་དང༌། །དེ་བཞིན་རིགས་འཛིན་འཆི་ལུགས་དང༌། །མེ་དཔུང་ལྟ་བུར་རང་ཟད་དང༌། །མི་སྣང་ནམ་མཁའ་ཁྱུང་ལྟ་དང༌། །འདི་ཀུན་འབྱུང་བ་རང་ཟད་པར །མི་སྣང་མི་ལེན་འདི་ལྟ་བུ། །རྣལ་འབྱོར་རང་གི་སྤྱོད་ཡུལ་ཏེ། །འདི་ལ་གོམས་པའི་རང་ཤུགས་རྙེད། །འཆི་ཀར་འདི་དག་ཤེས་པས་ནི། །ལུས་སེམས་འཕོ་བའི་མཚན་ཉིད་ཤེས། །འདི་ལྟར་གནས་པའི་རྣལ་འབྱོར་ལ། །འཆི་རྐྱེན་རྟག་དང་མི་རྟག་མེད། །དེ་བཞིན་འཇིགས་པ་ཀུན་བྲལ་ཏེ། །ལུས་ཀྱི་ཞེན་པའི་མཐའ་ཡང་བྲལ། །ལྟ་བ་ཉིད་དང་སྒོམ་པས་ཀྱང༌། །རྣལ་འབྱོར་་ལྡན་ལ་ཕན་གནོད་བྲལ། །ཕན་བྲལ་གནོད་པའི་འབྲས་མེད་པས། །འདི་ལ་གནས་པའི་ཡུལ་ཀྱང་མེད། །རྒྱུ་དང་འབྲས་བུའི་རྣམ་སྨིན་བྲལ། །དེ་ཕྱིར་འདི་ལ་གོམས་པས་མཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང༌། །དུས་མ་འགྱུར་བར་སྣང་བ་འགྱུར། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་ཀློང༌། །དེ་ཕྱིར་འདི་དོན་རྟོགས་པས་ཆོག །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་སོ། །གཉིས་པ་འབྱུང་བའི་ཐིམ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྐྱེན་གློ་བུར་བས་ཤི་བ་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་དང༌། རྐྱེན་དབང་གློ་བུར་བ་མ་ཡིན་པ་རིམ་གྱིས་འཕོ་བའོ། །དང་པོ་ནི། རྦབ་དང་མེ་དང་ཆུ་དང་གཡང་དང་མཚོན་གྱིས་གློ་བུར་ཡེ་འདྲོག་ཏུ་ཤི་བ་རྣམས་ལ། འབྱུང་བ་རིམ་གྱིས་ཐིམ་ལོང་མེད་པར་རིག་པ་འཕོ་བ་སྟེ། ལས་ངན་པ་རྣམས་སྐྱེ་སྒོ་ངན་པར་འཇུག་ལ། བཟང་པོ་རྣམས་བཟང་འགྲོར་སྐྱེ་ཞིང༌། འདིའི་སྒོམ་མཐོང་ནས་སྦྱངས་པ་ཆུང་བ་རྣམས་བདེ་བ་དང་ལྡན་པ་མཐོང་རིས་དམ་པའམ་རང་བཞིན་སྤྲུལ་པར་སྐྱེའོ། །གཉིས་པ་ནི། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་ལྔ་གསང་བའི་ལྔ་ལ་ཐིམ། གསང་བའི་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས། འོད་གསལ་ཆོས་ཉིད་ཀྱི་ལམ་ཆེན་པོ་ལ་འཇུག་གོ །དང་པོའི་ཕྱིར་འབྱུང་བ་ནི། ལུས་ཀྱི་ཆའི་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ། སྣང་བ་འཛིན་ཞིང་བསྐྱེད་པས་ཕྱི་ཞེས་རྟགས་སོ། །ཕྱི་རོལ་སྣང་ཡུལ་བའི་འབྱུང་གཟུགས་ལ་མི་ཟེར་རོ། །ལུས་ཀྱི་རགས་པའི་འབྱུང་ལྔ་སོ་སོ་ལ་ཐིམ་ཚུལ་ལ་ཡང་གཉིས་ཏེ། ཕྱི་འབྱུང་ལྔ་ནང་འབྱུང་ལྔར་ཐིམ་པ་དང༌། ནང་འབྱུང་ལྔ་ཕྱི་འབྱུང་ལྔ་ལ་ཐིམ་པའོ། །དང་པོ་ནི། འཆི་བའི་དུས་ཀྱི་དང་པོར་འབྱུང་ལྔ་སོ་སོའི་ནུས་པ་སྔར་བཞིན་མེད་པར། ས་ས་ལ་ཐིམ་པས་སྟོབས་ཤོར། ཆུ་ཆུ་ལ་ཐིམ་པས་བརླན་སྡུད། མེ་མེ་ལ་ཐིམ་པས་དྲོད་ཆུང༌། རླུང་རླུང་ལ་ཐིམ་པས་དབུགས་འདྲེན་ཁུགས་དཀའ། ནམ་མཁའ་ནམ་མཁའ་ལ་ཐིམ་པས་ཤེས་པའི་དངས་ཤོར་ནས་དྲན་པ་མི་གསལ་བའོ། །གཉིས་པ་ལའང་ཕྱི་ནང་གཉིས་ལས། ཕྱི་འབྱུང་བཞི་ནི། ནང་འབྱུང་དང་པོ་དག་ཕྱི་བྱུང་ལ་ཐིམ་ལ། ཤིན་ཏུ་དངས་པ་དག་གསང་འབྱུང་ལ་ཐིམ་པ་ལས། དང་པོ་ལྔའི་དང་པོ་ཕྱི་འབྱུང་ནི། ནང་གི་ས་ལྔ་ཕྱིའི་ས་ལྔ་ལ་ཐིམ་པས་ལུས་ཀྱི་སྟོབས་ཤོར་ཏེ་དྲན་པ་ཉམས། ཆུ་ལྔ་ཆུར་ཐིམ་པས་ལུས་ཀྱི་ཆུ་འཛག་ཅིང་དར་ཅིག་ན་ཁ་སྣ་སྐམ་ལ་མིག་གྱེན་དུ་ལྡོག མེ་ལྔ་མེར་ཐིམ་པས་ལུས་ཀྱི་དྲོད་འཆར་དྲན་པ་འགག་སྒྲོན་མ་མི་སྣང༌། རླུང་ལྔ་རླུང་དུ་ཐིམ་པས་ལུས་ཀྱི་བཀྲག་མེད་ཅིང་དབུགས་རྒོད་པ་ལས་དར་ཅིག་ན་འཆད་དོ། །དེ་ནས་ནང་འབྱུང་ཐིམ་ཚུལ་ནི། ནམ་མཁའ་ལྔ་དབྱིངས་་རིག་ལ་ཐིམ་པའི་དུས་ལ་ངོས་གཟུང་ངོ༌། །དེ་ནས་ནང་འབྱུང་ཤིན་ཏུ་དངས་པ་ལྔ་གསང་འབྱུང་ལྔར་ཐིམ་ཚུལ་ནི། འབྱུང་བ་ལྔའི་ཆ་ཤིན་ཏུ་ཕྲ་བ་སྲོག་ལ་ཐིམ་པས། སྲོག་ལྔ་སྙིང་དབུས་ཀྱི་རིག་པ་ལ་འཇུག་སྟེ། འོད་རྩ་དང༌། དེའི་སྦུབས་ཀྱི་ནམ་མཁའ་དང༌། ཐིག་ལེ་དང༌། འོད་ལྔའི་རང་ལུས་རིག་པ་འོད་ཀྱི་ཁང་པ་ཅན་ལ་ཐིམ་པའོ། །དེ་ནས་གསང་འབྱུང་ལྔ་དང་པོའི་སྲོག་རླུང་དུ་གནས་པ་དེ་དག་ཡོངས་སུ་རྫོགས་པའི་འབྱུང་བ་ཆེན་པོ་གཞི་སྣང་རིག་པའི་རང་གདངས་སྙིང་ག་ན་འོད་རྩལ་རང་ཆས་སུ་རིག་པ་འོད་ཀྱི་ཁང་པ་ཅན། འོད་མཐའ་མེད་པའི་ཡུལ་ཅན། སྒྲོན་མ་བཞིའི་སྣང་བ་དང་བཅས་པ་ལ་ཐིམ་ནས། ཆོས་ཉིད་པར་དོ་རང་གདངས་ཕྱིར་གསལ་དུ་འཆར་བའི་ཆ་ཙམ་དུ་བྱས་ཏེ། ཕྱི་ནང་གི་ཆོས་མ་དག་པ་འཁོར་བའི་ཆ་དང་ཕྲལ་ནས། རིག་པ་གཞི་ལས་ལྡོག་སྟེ། རང་ཡུལ་གདོད་མའི་ཀ་དག་ལ་ཕྱིན་པར་བྱེད་པའོ། །དེ་དག་ལས་ཁྱད་པར་དུ་ནང་འབྱུང་ཕྱི་འབྱུང་ལ་ཐིམ་པའི་དུས་ཀྱི། ས་ས་ལ་ཐིམ་དུས་སྟོང་པའི་རྩལ་འབྱོངས་ནས་ཡེ་ཤེས་བག་ལ་ཞའོ། །ཤེས་རབ་ཀྱི་དངས་མ་རིག་པའི་སྟོབས་ལ་ཞ་བས་ཡེ་ཤེས་ལམ་དུ་སྣང་མ་ནུས་སོ། །ཆུ་ཆུ་ལ་ཐིམ་དུས་ཡེ་ཤེས་ཀྱི་བརླན་རིག་པའི་ངང་དུ་ཞ་པས་ཁ་སྣ་ནས་ཆུ་འབྲུབ། དེ་ཡང་རིག་པའི་ཡེ་ཤེས་ལ་གསལ་འགྲིབ་མེད་ཀྱང་རྩལ་དུ་སྣང་མ་ནུས་པས་རིག་པའི་བག་ལ་ཞ་བའོ། །མེ་མེ་ལ་ཐིམ་དུས་ཡེ་ནས་རང་གི་རིག་པ་ཤེས་རབ་ཀྱི་ངོ་བོར་གནས་ཀྱང༌། དུས་དེར་རླུང་ནང་དུ་ཞུགས་པས་རྩལ་ཕྱིར་སྣང་མ་ནུས་སོ། །རླུང་རླུང་ལ་ཐིམ་དུས་རིག་པའི་རྩལ་རྫོགས་པས་ཡུལ་ལ་མི་གནས་པས། ལུས་ཀྱི་སྟོབས་ཤོར་བ་ན་ཡེ་ཤེས་ཀྱི་ཡོན་ཏན་བག་ལ་ཞ་བའི་ཕྱིར་རོ། །ནམ་མཁའ་ནམ་མཁའ་ལ་ཐིམ་དུས་རིག་པ་བར་དོ་ལ་ཐིམ་པས་ཡེ་ཤེས་རང་ས་ཟིན་པའི་དུས་ཏེ། རང་སྣང་རིག་པ་ལ་སྣང་བ་ལ། རྡོས་བཅས་འཆིང་བྱེད་དང་བྲལ་དུ་ཉེ་བའི་ཕྱིར་རོ། །དེའང་ལུས་ནང་གི་གཞི་སྣང་ལྷུན་གྲུབ་ཀྱི་ཆ་དེ་སྐབས་འདིར་བར་མ་དོ་ཞེས་བྱ་སྟེ། འབྱུང་ལྔ་རྡོས་བཅས་དེར་ཐིམ་པ་དང༌། རིག་པ་ནང་གསལ་རང་ས་ན་གནས་པའི་བར་ཡིན་པའི་ཕྱིར་རོ། །དེས་ན་ལུས་ལ་གནས་དུས་སྙིང་ནང་རྩལ་བརྟེན་པའི་ཆོས་ཉིད་ཀྱི་རང་གདངས་དེ་ལུས་ནས་མིག་ཏུ་ལམ་བྱུང་སྟེ་ཐོན་པས། ཆོས་ཉིད་ཀྱི་བར་དོ་ཞེས་བརྡ་བཏགས་ཀྱང༌། རིག་པ་རང་གདངས་དང་བཅས་པ་དེ་ཀ་ལས་གཞན་ཤར་བ་ཅི་ཡང་མེད་ལ། དེ་ཉིད་ནང་ཐིམ་ལ་ནུབ་དུས་ཀ་དག་རང་ས་ཟིན་པ་ཙམ་ལས་གཞན་མེད་པའོ། །ནང་འབྱུང་འདི་ཅུང་ཟད་དཀའ་བས་ལོགས་སུ་བཤད་དེ། ལྷག་མ་ལུང་ཉིད་ཀྱིས་ཤེས་པས་འདིར་ལོགས་སུ་མ་བཤད་དོ། །དེ་དག་ཀྱང༌། རིག་པ་རང་ཤར་ལས། ཀྱེ་གྲོགས་པོ་དག་སེམས་ཅན་རྣམས་སྦུབས་འཕོ་བའི་ཆེ། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །དེ་ནས་ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་རྟགས་སུ་འདི་ལྟར་ཤེས་པར་བྱའོ། །ས་ས་ལ་ཐིམ། ཆུ་ཆུ་ལ་ཐིམ། མེ་མེ་ལ་ཐིམ། རླུང་རླུང་ལ་ཐིམ། ནམ་མཁའ་ནམ་མཁའ་ལ་ཐིམ་མོ། །དེ་ཡང་ས་ས་ལ་ཐིམ་པ་ལ་གཉིས་ཏེ། ཕྱིའི་ས་ནང་གི་ས་ལ་ཐིམ་པ་དང༌། ནང་གི་ས་ཕྱིའི་ས་ལ་ཐིམ་པའོ། །ཕྱིའི་ས་ནང་གི་ས་ལ་ཐིམ་པའི་དུས་ནི། དང་པོའི་དུས་སོ། །ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་ དུས་ནི་ནང་གི་ས་ཕྱིའི་ས་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་སྟོབས་འཆོར། དེ་ཡང་འདི་ལྟ་སྟེ། ཀུན་ཏུ་སྣང་བའི་ས་ཐིམ་པའི་རྟགས་སུ་ཕྱིའི་ཤེས་པ་རྨུགས། མི་འགྱུར་བ་རྡོ་རྗེའི་ས་ཐིམ་པའི་རྟགས་སུ་ལུས་ཀྱི་སྟོབས་འཆོར། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིམ་པའི་རྟགས་སུ་ཉམས་བྲི་བས་ལྡང་མི་ནུས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་ཐིམ་པའི་རྟགས་སུ་ཡོངས་སུ་རྫོགས་པའི་སྟོབས་ཤོར་ནས་དགོངས་པ་མི་གསལ་ལོ། །སྒྲུབ་པ་མཐར་ཕྱིན་པའི་ས་ལ་ཐིམ་པའི་རྟགས་སུ་སྒྲོན་མའི་སྣང་བ་འགག་གོ །ནང་གི་ཆུ་ཕྱིའི་ཆུ་ལ་ཐིམ་པའི་རྟགས་སུ་ཆུ་མི་ཐུབ་སྟེ། དེ་ཡང་འདི་ལྟ་སྟེ། འགྱུར་བ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་འཛག །ཞི་བ་གསལ་དག་གི་ཆུ་ཐིམ་པའི་རྟགས་སུ་གསང་བའི་གནས་ནས་ཆུ་མི་ཐུབ། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་ཐིམ་པའི་རྟགས་སུ་མིག་གྱེན་ལ་ལོག་ནས་འོང༌། ཆགས་པ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་སྐམ་པ་ཡིན་ནོ། །འཛིན་མེད་རྫོགས་པའི་ཆུ་ཐིམ་པའི་རྟགས་སུ་རྣ་བས་སྒྲ་མི་ཐོས་པ་ཡིན་ནོ། །ནང་གི་མེ་ཕྱིའི་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཕྱི་ནང་ཀུན་ཁྱབ་ཀྱི་མེ་ཐིམ་པའི་རྟགས་སུ་ནང་གི་དྲོད་འཆོར་ཞིང་ཤེས་པ་མི་གསལ། ཕྱི་ནང་ཀུན་དང་མཉམ་པའི་མེ་ཐིམ་པའི་རྟགས་སུ་གསང་བའི་དྲོད་འཆོར། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་ཐིམ་པའི་རྟགས་སུ། ཡོངས་སུ་རྫོགས་པའི་དྲོད་འཆོར། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་ཐིམ་པའི་རྟགས་སུ་སྟོང་པའི་སྒྲོན་མ་མི་མཐོང་ངོ༌། །ནང་གི་རླུང་ཕྱིའི་རླུང་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་རྩལ་འཆོར། དེ་ཡང་འདི་ལྟར་ཤེས་པར་བྱའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་འཆོར། །མེ་དང་མཉམ་དུ་གནས་པའི་རླུང་ཐིམ་པའི་རྟགས་སུ་ལུས་ནས་ཆུ་འབྲུབ། སྲོག་འཛིན་པའི་རླུང་ཐིམ་པའི་རྟགས་སུ་དབུགས་མི་ཐུབ། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་དང་དྲན་པ་འཆོར། སྙིང་རྗེ་མེད་པ་ལས་ཀྱི་རླུང་ཐིམ་པའི་རྟགས་སུ་ཕྱིའི་དབུགས་འཆད་པ་ཡིན་ནོ། །དེ་ནི་ཕྱིའི་འབྱུང་བ་ཞེས་བྱའོ། །ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ། །ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་རིག་པ་ལ་ཐིམ་མོ། །མ་འདྲེས་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ། །དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ། །དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ། །དེ་ནི་ནང་གི་འབྱུང་བ་ཞེས་བྱའོ། །རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ། །སྐྱོབ་བྱེད་ཀྱི་སྲོག་མཁའ་ལ་འཁྱིལ་ལོ། །རྣམ་པར་ཕྲ་བའི་སྲོག་ལུས་ལ་འཁྱིལ་ལོ། །མི་གཙང་བའི་སྲོག་ནམ་མཁའ་ལ་ཡལ་ལོ། །རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ། །དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ། །དངས་སྙིགས་འབྱེད་པའི་རླུང་ཚོམ་བུ་ལ་ཐིམ་མོ། །དྲོད་སྐྱེད་པའི་རླུང་འོད་ལ་ཐིམ་མོ། །གསལ་འགྱུར་རླུང་སྐུ་ལ་ཐིམ་མོ། །རྣམ་པར་སྡོད་པའི་རླུང་ཡེ་ཤེས་ལ་ཐིམ་མོ། །རྣམ་པར་གཟེངས་བསྟོད་པའི་རླུང་ཐགས་རྗེ་ལ་ཐིམ་མོ། །རྣམ་པར་ཤེས་པ་སྐྱོད་པའི་རླུང་སྟོང་པ་ལ་ཐིམ་མོ། །རྣམ་པར་ཡིད་འབྱུང་བའི་རླུང་གཉིས་མེད་ལ་ཐིམ་མོ། །རྣམ་པར་མདངས་དང་ལྡན་པའི་རླུང་མཐའ་བྲོལ་ལ་ཐིམ་མོ། །རྣམ་པར་བསྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ། །རྣམ་པར་རྒོད་པའི་རླུང་གསལ་བ་ལ་ཐིམ་མོ། །གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ། །འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ། །སྔང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ། །དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། །འཛིན་པས་ལུས་ཀུན་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་དོ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་ཕྲལ་ལོ། །རྣམ་པར་ཟློག་བྱེད་ཀྱི་རླུང་གིས་རང་གི་རིག་པ་ཉིད་གཞི་ལ་ཟློག་པའོ། །རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང༌། སྐད་ཅིག་མའི་རླུང་གིས་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་ཕྱིན་པར་བྱེད་པའོ། །དེ་ནི་ཡོངས་སུ་རྫོགས་པའི་བྱུང་བའོ། །གང་ཟག་རྐྱེན་གྱི་དབང་དུ་མ་སོང་བ་རྣམས་དེ་བཞིན་དུ་ཚེའི་འདུ་བྱེད་དོ། །དེ་ལྟར་མིན་པ་ཚེའི་འདུ་བྱེད་པ་ནི། བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་ཞེས་བྱ་སྟེ། སྐྱེ་གནས་ཀྱང་བདེ་བ་དང་ལྡན་པར་སྐྱེའོ། །དེ་མིན་ལས་ཟད་པ་རྣམས་ལ་དེ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །དེ་ལྟར་རླུང་ཉི་ཤུ་རྩ་ལྔས་ནི་འབྱུང་ལྔས་དབྱིངས་སུ་ཐིམ་པ་དང༌། འཁོར་བ་མྱང་འདས་སུ་གྲོལ་ལ། མྱང་འདས་ཀ་དག་ཏུ་གྲོལ་བའི་ལས་བྱེད་པས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་འབྱུང་བ་ཡིན་ནོ། །འདི་དག་ནི་ཆིངས་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ། །དེ་དག་ནི་འཆི་ཀའི་བར་དོ་ཞེས་བྱའོ། །དོན་གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་གྱི་མི་དང་ཕྲད་པའམ་མ་པང་དུ་འཇུག་པ་ལྟ་བུའི་གདམས་ངག་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། རིག་པ་འོད་གསལ་གྱི་ཐིམ་ཚུལ་གྱིས་འདོར་བསྟན། འོད་གསལ་རང་སྣང་གི་འཆར་ཚུལ་གྱིས་རྒྱས་པར་བཤད། རང་སྣང་དབང་པོའི་གྲོལ་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། རླུང་ལྔ་དབྱིངས་སུ་ཐིམ་ནས། སྙིང་གའི་ཡེ་ཤེས་སུམ་བརྩེགས་གདངས་གློ་བར་འཇུག་པའི་རྟ་དང་བྲལ་བས་རྩལ་རང་ལ་ཐིམ་ནས་སེམས་དང་སེམས་ལས་བྱུང་བ་ཀུན་གཞི་དང་བཅས་པ་འཁོར་བའི་ཆོས་སོ་ཅོག་བག་ལ་ཞ་བས། དར་ཅིག་འཁོར་འདས་རྒྱབ་གྱེས་པའི་དུས་དེར་རིག་པ་དར་དཀར་ནས་ལམ་བཏོད་དེ་ཆུའི་སྒྲོན་མ་ནས་དབྱིངས་རྣམ་པར་དག་པའི་ནམ་མཁའ་ལ་འཐོན་ནས་རང་སྣང་དུ་འཆར་ཏེ། ཐོག་མར་གྲོལ་བའི་བར་ལ་ཐིམ་ཚུལ་བརྒྱད་ཀྱིས་མཐར་ཕྱིན་པར་འགྱུར་བ་ནི། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་རྣམས་ལ་འདི་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་ཚེ། ལུས་ཀྱི་ཟུངས་ཤོར་ནས་ཡེ་ཤེས་ཀྱི་སྣང་བ་གཞི་ནས་འཕགས་ནས། ཡེ་ཤེས་མཁའ་ལ་བསྐྱོད་པའི་ཚེ། །རིག་པ་མིག་ནས་ལམ་བྱུང་ནས་མཁའ་ལ་བསྐྱོད་དེ། དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཙིཏྟའི་དཀྱིལ་ནས་རིག་པ་ཐིག་ལེ་ལ་ཐིམ་མོ། །ཐིག་ལེ་སྒྲོན་མ་ལ་ཐིམ་མོ། །སྒྲོན་མ་འོད་ལ་ཐིམ་མོ། །འོད་སྐུ་ལ་ཐིམ་མོ། །སྐུ་ཚོམ་བུ་ལ་ཐིམ་མོ། །ཚོམ་བུ་ཡེ་ཤེས་བཞི་ལ་ཐིམ་མོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་མོ། །ལྷུན་གྲུབ་ཀ་དག་ཆེན་པོ་ལ་ཐིམ་ནས་ས་ཟིན་པའོ། །གང་ཟག་བདེན་པ་མཐོང་བ་རྣམས་ཀྱི་གྲོལ་ལུགས་དང་ཐིམ་ལུགས་དེ་ལྟར་སྣང་ངོ་ཞེས་སོ། །དེའང་ཡེ་ཤེས་དག་པའི་སྣང་བ་འདི་དག་ལུས་ནས་སྐད་ཅིག་ལ་སྲིད་པ་དང་ས་གཞན་དུ་འཕོས་པ་རྣམས་ལ་མི་སྣང་ལ། དེ་མ་ཡིན་པ་རྣམས་ལ་དར་ཅིག་སྣང་ཡང་ཡུན་ཐུང་བས་རྨི་ལམ་མྱུར་པོ་ལྟར་ཅི་ཡིན་ཆ་མེད་དུ་ཡལ་གྱིས་སོང་ནས་ངོ་མི་ཤེས་སོ། །བདེན་པ་མཐོང་བ་རྣམས་ཀྱིའང་མངོན་སུམ་ལ་གོམས་པ་ཆེ་ན་སྣང་བ་ཡུན་རིང་བས་གྲོལ་སྣང་གི་ལོང་ཡོད་ཙམ་ཡིན་ལ། མངོན་སུམ་མཐོང་ཡང་དེ་ལ་ཆེད་དུ་མ་བསྒོམས་ན་དེའི་ངང་གི་གནས་ཆ་དེའི་ཉམས་མེད་པས་སྐར་མདའ་རྒྱུག་པའི་ཆ་ཙམ་ལ་རྫོགས་པར་བཤད་པས། ད་ལྟ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་གོམས་པ་གཅེས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྟོང་པ་གསལ་བའི་སྙིང་པོ་ཅན། །གསལ་བ་རིག་པའི་སྙིང་པོ་ཅན། །རིག་པ་འོད་གྱི་ཁང་པ་ཅན། །སྒྲོན་མ་བཞི་ལ་གོམས་པ་གཅེས། །ཞེས་སོ། །གཉིས་པ་འོད་གསལ་རང་གི་འཆར་ཚུལ་གྱིས་རྒྱས་པར་བཤད་པ་ལ་ལྔ་སྟེ། གཞི་སྣང་འོད་གསལ་གྱི་སྣང་བ། ཟུང་འཇུག་ཚོམ་བུའི་སྣང་བ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ། དེ་དག་ཏུ་གྲོལ་བར་བྱེད་པ་གནད་ཀྱི་མན་ངག་རྒྱས་པར་བཤད་པའོ། །དང་པོ་ནི། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཀ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལས་དང་རབ་མ་བཞིན་དུ་འགྱུར། །འདི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་བཟུང༌། །གཡོ་བ་རླུང་དང་མཆེད་པ་ཡིས། །ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང༌། །ཞེས་པས། རིག་པ་མི་གནས་འཐོན་ཏེ་ནམ་མཁར་སྣང་བའི་ཚེ། རིག་པའི་ཀློང་ན་ཡེ་ཤེས་ཀྱི་རླུང་ལྔ་ཡོད་པ་མཆེད་པ་ལས་འོད་གསལ་གྱི་སྣང་བ་འཇའ་ཚོན་རིས་སུ་སྣང་བས་ནམ་མཁའ་གང་བ་ལས། ཡེ་ཤེས་ལྔ་སོ་སོར་གསལ་ལ་མ་འདྲེས་པའི་རང་གདངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཡེ་ནས་དྲི་མ་དེ་པའི་རང་གདངས་དཀར་པོར་གསལ་བ་དེ་ཡང་གཞན་བཞི་དང་མ་འདྲེས་པར་རང་ས་ན་གསལ་བ་ནི བར་དོའི་དུས་ན་ཤར་ཕྱོགས་ཀྱི་ཆ་རང་གིས། ཉམས་ཀྱི་དུས་ན་རང་གི་མདུན་ཕྱོགས་རང་ས་ཡིན་ཏེ། དེ་ལས་ཟེར་རང་རྐྱང་དང༌། སྣོལ་མ་དང༌། ཐད་དྲང་དང༌། རྩིབས་ཤར་ཉི་མའི་ཟེར་ལྟར་འཕྲོ་བ་དང༌། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལ་ལྷུན་གྲུབ་ཀྱི་ཡོན་ཏན་འགགས་མེད་དུ་རྫོགས་པས་རང་གདངས་སེར་པོ་སྟེ། བར་དོའི་དུས་ན་ལྷོ་ཕྱོགས་རང་ས་ན་གསལ་བ་ལ་ཟེར་གོང་ལྟར་འཕྲོ་བ་དང༌། སྣང་བ་གོང་འཕེལ་གྱི་དུས་ན་དེ་དག་ཀུན་རང་གི་མདུན་རང་སའོ། །སོ་སོར་རྟོག་པའི་ཡེ་ཤེས་ལ་དབང་བཞི་འགག་མེད་དུ་ཤར་བས། རང་གདངས་དམར་པོ་ལས་ཟེར་གོང་ལྟར་འཕྲོ་བ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ལ་འཕྲིན་ལས་ཀྱི་རྩལ་ཡེ་ནས་རྫོགས་པས་རང་གདངས་ལྗང་གུས་ཏེ། བྱང་རང་ས་ནས་འོད་ཟེར་གོང་ལྟར་འཕྲོ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡེ་ནས་རྫོགས་པས་རང་གདངས་མཐིང་ག་སྟེ། དབུས་རང་ས་ལ་འོད་ཟེར་གོང་ལྟར་འཕྲོ་བའོ། །ཉམས་ཀྱི་དུས་སུ་ཐམས་ཅད་ཀྱིས་རང་ས་མདུན་ནས་འཆར་བ་ལས་སྣང་བ་མཆེད་ལ། དེ་ལས་གཡས་གཡོན་རྒྱབ་དང་སྟེང་འོག་གཉིས་སུ་ཤེས་པར་བྱའོ། །ཡེ་ཤེས་ལྔའི་རང་གདངས་དེ་དག་ཀྱང་སྐུ་ལྔའི་ཁྱད་པར་དུ་བྱུང་ལ། སྐུ་དེ་དག་ལ་ཡེ་ཤེས་ཀྱི་འོད་འཕྲོ་བ་དག་གཅིག་ལ་གཅིག་སོར་བཞིས་མ་རེག་ཙམ་དུ་དཀར་བ་དང༌། སེར་བ་དང༌། དམར་བ་དང༌། ལྗང་བ་དང༌། མཐིང་གའི་རང་བཞིན་རབ་ཏུ་འཚེར་ཞིང་ཕྱོགས་བཅུར་འཕྲོ་བ་ནི། རྩ་བ་ཕྲ་ལ་རྩེ་མོ་ཡངས་ཤིང་ལྷུན་སྟུག་པར་སྣང་བ་ཐམས་ཅད། ཕྲ་བ་དང༌། འགྱུ་བ་དང༌། འགུལ་བ་དང༌། འཕྲིག་པ་དང༌། འཚེར་བ་སྟེ། འོད་ལྔའི་དབྱིངས་ཤིན་ཏུ་རྒྱ་ཆེ་ལ་མཐའ་ཡས་པས་དམིགས་སུ་དཔག་པར་མི་ནུས་པ། དཔངས་མཐོ་ལ་རྩེ་མོ་ཡངས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་རང་སྣང་ངོ༌། །སྣང་བ་འདི་མཐོང་བའི་ཚེ། ཤེས་པ་རང་བཞིན་གྱི་བསམ་གཏན་ལ་གནས་པས། སྣང་བ་མཆེད་པ་རང་སྣང་དུ་ངོ་ཤེས་པའི་གནད་ཀྱི་མན་ངག་མཆོག་ཏུ་གཟུང་ཞིང་དེའི་ངང་ལ་གནས་པར་བྱའོ། །འདིར་ངོས་ཟིན་ན་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་གྲོལ་ཏེ། སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པས་དེ་ཕན་ཆད་ཀྱིས་སྣང་བ་གང་ཡང་མེད་དོ། །དེ་དག་ཀྱང་ལུང་གིས་སྤྲོས་ན་མཁས་པ་དག་ལ་མཛེས་ཤིང༌། བླུན་པོ་དག་ཀྱང་བླ་གྲོས་ཀྱི་མིག་དབྱེ་བར་བྱ་བའི་ཕྱིར་བཤད་དེ། ཉི་ཟླ་ཁ་སྦྱོར་ལས ཀྱེ་མི་རྟོག་པའི་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག རང་བཞིན་དག་པའི་སྣང་བ་ནི་འདི་ལྟ་སྟེ། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཆད་མ་ཐག་ཏུ། རང་གི་དབང་པོ་རྣམས་ནི། ཆ་ལས་དངོས་པོར་སྣང་བ་ནི་མེ་དེ་ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ༌། །རྡོས་བཅས་ཀྱི་ལུས་འདི་མི་སྣང་སྟེ། འོད་ཀྱི་ལུས་སུ་གསལ་བའོ། །དེའི་ཚེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ། འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་ངོ༌། །དེ་ཡང་སྣང་བ་དེ་དག་ནི་ཕྱི་ནས་བལྟས་ན་ནང་གསལ་ནང་ནས་བལྟས་ན་ཕྱི་གསལ། ཕྱི་ནང་མེད་པར་ཀུན་ཏུ་ཟང་ཐལ་བ། ལྡེམ་བཞིན་པ། མེར་བཞིན་པ། མནན་ན་ནེམས་པ་སྙམ་པ། བཏེག་ན་འཕར་བ་སྙམ་པ། ཤིན་ཏུ་ཡང་འཕྲོག་པ། ཁ་དོག་ཏུ་གསལ་བ་ལ་སོ་སོར་མ་འདྲེས་པར་རང་གསལ་བ། ཆ་མཉམ་པ་ལ་གསལ་བའི་ཆ་མ་འགགས་པ། ཡང་དག་པར་བལྟས་ན་ཤིན་ཏུ་ཕྲ་བ་དང༌། འགྱུ་བ་དང༌། འགུལ་བ་ལྟ་བུ་དང༌། འཕྲིག་པ་ལྟ་བུ་དང༌། རབ་ཏུ་འཚེར་བ་ལ་ལྷུན་བརྗིད་པའོ། །ཤིན་ཏུ་རྒྱ་ཆེ་ལ། དཔག་པའམ་དམིགས་ས་མ་མ་ཆུད་པ། དཔངས་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་སོ། །དེ་ཡང་ཁ་དོག་ནི་ལྔ་སྟེ། དཀར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང༌། དེ་བཞིན་དུ་སེར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང༌། དམར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་ ལྗང་གུ་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང༌། དེ་བཞིན་དུ་མཐིང་ག་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་སྟེ། དེ་དག་ཀྱང་འབྱར་བ་ལ་མ་རེག་པར་སོ་སོ་ན་ཁ་དོག་ཏུ་རང་གསལ་བ། ཤིན་ཏུ་ལྷུན་སྟུག་པར་གནས་སོ་ཞེས་གསུངས་སོ། །སྐྱེས་བུ་ཁ་ཅིག་ལུང་ལ་མི་དགའ་ན་གཏི་མུག་ཅན་བློ་གྲོས་མེད་པར་ཤེས་སོ། །མཁས་པ་དག་ནི་ལུང་གི་ཁྱད་པར་དུ་བྱས་པ་ཡིན་ནོ། །གཉིས་པ་ཟུང་འཇུག་ཚོམ་བུའི་སྣང་བ་རྒྱས་པར་བཤད་པ་ནི། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལས་ཀྱང༌། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔ་སྐུ་ཡང་མངོན་པར་སྣང༌། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང༌། །འདི་ལ་མཆེད་དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །དེ་ཡི་མཚན་ཉིད་འདི་ལྟ་བུ། །རགས་པའི་འབྱུང་བ་ལྟོས་བྲལ་བས། །འོད་ལས་ཐིག་ལེ་ཟུང་དུ་འབར། །ཐིག་ལེ་ལྔར་འབྲེལ་སྐུས་བཀང་སྟེ། །ཕྱེད་སྐུ་ལས་ནི་གཟུགས་རྫོགས་པའོ། །གཟུགས་ཕྱེད་སྐུ་ལས་ལྔ་ལྔའི་ཟུང༌། །སོ་སོའི་ཚོམ་བུ་རྫོགས་པ་ལ། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང༌། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པར་སྣང༌། །བརྗོད་ཀྱིས་མི་ལང་གྲངས་མེད་པ། །འདི་ལ་རང་དང་གཞན་ཤེས་ན། །སྐུ་གསུམ་གཅིག་ཏུ་དྲིལ་བ་ཐོབ། །ཐོབ་པ་འདི་ལས་སླར་ལྡོག་མེད། །གསལ་བཏབ་པ་ལས་བྱུང་བའོ། །ཞེས་པས། འདི་ལ་རྒྱུ་གང་ལས་མཆེད་པ། ཐིག་ལེ་ལས་ཚོམ་བུའི་སྣང་བ་དངོས་མི་ལྡོག་པའི་གདམས་ངག་མཚོན་པ་དང་གསུམ་ལས། རྒྱུ་ནི་སྔར་གྱི་ཡེ་ཤེས་ཀྱི་རླུང་ཡུལ་ལ་འཇུག་པའི་དབང་གིས་འོད་གསལ་གྱི་སྣང་བ་དེ་ཉིད་སྐབས་འདིར་ཟུང་འཇུག་ཚོམ་བུའི་སྣང་བར་ཤར་བ་ལས་བྱུང་ངོ༌། །ཟུང་འཇུག་གི་དོན་ནི་རིག་པའི་རང་འོད་ལྷུག་པར་ཤར་བ་དེ་དང༌། ཆོས་ཉིད་མའི་འོད་གསལ་ལྔ་ལོངས་སྐུའི་ཞིང་སྣང་ཡེ་ནས་ལམ་སྣང་དུ་ཡོད་པ་གཉིས་རིག་པའི་ངོ་ཁ་ལ་དུས་འཛོམ་པས་རིག་ཐོག་ཏུ་དབྱེར་མེད་གཅིག་ཏུ་འཇུག་པའོ། །འདིའི་དུས་ན་ཀུན་གཞི་ཉེར་ལེན་གྱིས་བཅིངས་པ་ལས་གྲོལ་ནས། ཆོས་ཉིད་ཀྱི་མིག་གིས་ཆོས་ཉིད་ཀྱི་སྣང་བ་རང་ལུགས་སུ་མཐོང་བ་དེ་ཉིད་ལ་འཇུག་པ་དང༌། ལོངས་སྤྱོད་རྫོགས་པ་སྐུའི་ཡེ་ཤེས་ཀྱི་སྤྱན་གྱིས་རིག་པ་བུའི་སྣང་བ་གཟིགས་པས་རང་ངོ་གཉིས་མེད་དུ་འཇུག་ལ། སྔར་གྱི་ཤེས་རབ་སྦྱངས་པ་དེར་ཤར་བ་ཤེས་རབ་ཀྱི་མིག་གིས་དེ་གཉིས་གཉིས་མེད་དུ་མཚམས་སྦྱར་བས། མ་བུ་དབྱེར་མེད་དུ་གནས་པས་ཡེ་ཤེས་ཟུང་འཇུག་ལ་ཐིམ་ཞེས་བྱའོ། །གཉིས་པ་ནི། འོད་ཀྱི་སྣེ་བ་དེ་དག་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་དུ་ཤར་བའི་ནང་ན་དང་པོ་ཕྱེད་སྐུ་ལས་རྐྱང་པ་དང༌། ཡབ་ཡུམ་དང༌། ཚོམ་བུ་ལྔ་ལྔ་ལས། སོ་སོའི་རིགས་ཀྱི་དཀྱིལ་འཁོར་དུ་ཤར་ཏེ། སྐུ་དེ་དག་ཀྱང་གཙོ་འཁོར་རྣམས་ཆ་ཉམས་པས་འོད་ཟླུམ་ཕན་ཚུན་དཔག་མེད་ཀྱི་ནང་རྣམས་གཙོ་བོ་གཙོ་བོར་མི་ཆེ་བ་མི་ཆུང་བ། འཁོར་འཁོར་དུ་གཅིག་ལས་གཅིག་མི་ཆེ་བ་མི་ཆུང་བ། གཙོ་བོ་རྣམས་ཁྲུ་སུམ་ཅུ་རྩ་གཉིས་ལ། འཁོར་རྣམས་དེའི་ཕྱེད་ཕྱེད་དུ་སྣང་བ། རིགས་ལྔ་སོ་སོ་བའི་ལྷ་རྣམས་དབུ་རྒྱན་དང༌། མགུལ་རྒྱན་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་དོ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། སྟོད་གཡོགས་དང༌། སྨད་གཡོགས་ལ་སོགས་པས་བརྒྱན་པ། འོད་ཀྱི་ཁ་མིག་རྣ་བ་ཅན་ཞལ་ཕྱག་རྫོགས་པ། རྣམ་སྣང་དང༌། མི་བསྐྱོད་པ་དང༌། རིན་འབྱུང་བ་དང༌། འོད་དཔག་མེད་དང༌། དོན་གྲུབ་དང༌། ཡུམ་དབྱིངས་ཕྱུག་མ་དང༌། མཱ་མ་ཀཱི་དང༌། སངས་རྒྱས་སྤྱན་དང༌། གོས་དཀར་མོ་དང༌། དམ་ཚིག་སྒྲོལ་མ་རྣམས་དང་མཉམ་པར་སྦྱོར་ཞིང༌། མཐིང་ག་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའི་མདོག་ཏུ་འཚེར་བ། བྱང་ཆུམ་མཆོག་དང༌། ས་གནོན་དང༌། སྐྱབས་སྦྱིན་དང༌། མཉམ་གཞག་དང༌། སེ་གོལ་གྱི་ཕྱག་རྒྱས། འཁོར་ལོ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རྒྱ་གྲམ་འཛིན་པས ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་མཛད་ཅིང༌། རིགས་སོ་སོའི་དཀྱིལ་འཁོར་དབུས་སུ་རིགས་ཀྱི་བདག་པོ་ཡབ་ཡུམ་གྱི་ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཡབ་ཡུམ་བཞི་དང༌། ཕྱོགས་མཚམས་བརྒྱད་དུ་བྱམས་པ་ལ་སོགས་པའི་སེམས་དཔའ་བརྒྱད་དང༌། སྒེག་མོ་ལ་སོགས་པའི་སེམས་མ་བརྒྱད་དང༌། ལྕགས་ཀྱུ་མ་ལ་སོགས་པའི་སྒོ་བ་དང་སྒོ་མ་སྟེ། རིགས་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་ཀྱི་སངས་རྒྱས་ལྔ་ནི། སེང་གེ་དང་གླང་པོ་ཆེ་དང༌། རྟ་མཆོག་དང༌། རྨ་བྱ་དང༌། ནམ་མཁའ་ལྡིང་གི་ཁྲིའི་སྟེང་ན་རབ་ཏུ་འོད་གསལ་བ་ཉི་ཟླ་དང་པདྨའི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ལ། སེམས་དཔའ་སེམས་མ་རྣམས་པདྨ་ཉི་ཟླའི་སྟེང་ན་ཕྱེད་ཀྲུང་དུ་བཞུགས་ཤིང༌། སྒོ་བ་རྣམས་བཞེངས་པའི་ཚུལ་ཅན་ནོ། །དེ་དག་རེ་རེ་ལ་རང་གི་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་ལ། དེ་མ་གཏོགས་པ་ཕྱི་འོད་ལྔའི་མུ་ཁྱུད་ཟླུམ་པོ་ཡེ་ཤེས་ལྔའི་འོད་རེས་བསྐོར་བ་ན། རྣམ་སྣང་ལ་སོགས་པ་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དུ་རྫོགས་ལ། རྫོགས་ལུགས་ནི། རྣམ་སྣང་གི་ཚོམ་བུ་རྣམས་འོད་ཟླུམ་གྱི་ནང་ན་རྣམ་སྣང་ཡབ་ཡུམ་གྱི་ཐུག་ཀར་རྫོགས་ལ། དེའི་ཕྱོགས་ཀྱི་ལྷ་རྣམས་ཀྱི་ཐུགས་ཀ་ན་དཀྱིལ་འཁོར་ཆ་ཚང་རེ་རེ་རྫོགས་པ་ནས། རྡོ་རྗེའི་རིགས་རྣམས་མི་བསྐྱོད་པ་དང༌། རིན་ཆེན་རིགས་རྣམས་རིན་འབྱུང་དང༌། པདྨའི་རིགས་རྣམས་སྣང་མཐའ་དང༌། ལས་ཀྱི་རིགས་རྣམས་དོན་གྲུབ་ཡབ་ཡུམ་འཁོར་བཅས་ཀྱི་ཐུགས་ཀར་ཕྱི་ནང་ཟང་ཐལ་དུ་རྫོགས་ཏེ། འོད་ཟླུམ་ལྔ་སྦྲེལ་ན་རིགས་ལྔ་ཚོམ་བུའི་སྐུ་ལྔ་ཚན་རེའི་ཐུགས་ཀ་ན། རིགས་དེའི་ཚོམ་བུའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མ་སྒོ་བ་དང་བཅས་པ་རེ་རེ་རྫོགས་པའོ། །འདིའི་ཚེ་རང་ལ་ལུས་རང་མཚན་པ་མེད་ཀྱང་ཡོད་སྙམ་པ་ནི་སྔར་ལུས་ལ་བདག་ཏུ་འཛིན་པའི་བག་ཆགས་ཀྱི་དབང་གིས་འབྱུང་བ་རྨི་ལམ་ལྟ་བུ་སྟེ། བག་ཆགས་ཀྱི་ས་བོན་མ་ཟད་ཀྱི་བར་ལ་འོད་ལ། རང་བཞིན་དུ་དེའི་ཚེ་འོད་ཀྱི་ལུས་སུ་ཡོད་པས། སྙིང་ག་ན་རིག་པ་ལ་ཞིང་སྣང་ཡོད་པའི་གདངས་ཕྱིར་ཤར་བས སྐུ་རེའི་ཐུགས་ཀར་ཚོམ་བུའི་དཀྱིལ་འཁོར་གསལ་བར་སྣང་བ་སྟེ་མེ་ལོང་དུ་བཞིན་ཤར་བ་བཞིན་ནོ། །འདིའི་དུས་སུ་ལོངས་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་རྟ་རྔའི་ཆ་ཙམ་ཕྱོགས་བཅུ་ཀུན་ནས་ཚུར་རང་གི་སྙིང་གར་ཟུག་པ་དང༌། རང་གི་སྙིང་ག་ནས་ཀྱང་དེ་དག་གི་ཐུགས་ཀར་ཟུག་པ་ནི། རང་གདངས་ཡིན་པའི་འབྲེལ་པ་མཚོན་པ་སྟེ། ཤེལ་འོད་རྣམས་ཤེལ་ལ་འབྲེལ་བའི་ཟེར་ཐག་བཞིན་ནོ། །དེའི་དུས་སུ་རང་གི་མིག་གི་ཟེར་ཐག་མཐོང་བས་ཤེས་པ་ཟིན་ཏེ་ཡུལ་གང་དུའང་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་པ་ཡིན་ནོ། །གསུམ་པ་མི་ལྡོག་པའི་གདམས་ངག་མཚོན་པ་ནི་དེའི་ཚེ་འོད་ཀྱི་ཟེར་ཐག་ལྔ་སྒྲིལ་འབྱོར་ལ་མ་རེག་པ་རྟ་ལྔའི་ཉག་མ་ལྔ་སྒྲིལ་ཙམ་ལས། དང་པོ་རིག་པ་འོད་ལ་འཇུག་པ་རང་སྣང་ལ་ཕར་ལྟ་དུས་སྣང་བ་དེ་རང་སྣང་དུ་ཤེས་པའི་ངང་ལ་བཞག་པས། སྣང་བ་དེ་དག་ཟེར་ཐག་ལས་རང་གི་སྙིང་གར་ཐིམ་པ་ན་འོད་རིག་པ་ལ་འཇུག་པ་ཞེས་བྱ་སྟེ། རང་ངོ་ཀ་དག་གི་རང་ས་ངོ་ཤེས་པར་བྱས་པས་དེ་ཉིད་དུ་ས་ཟིན་ནས་ཟང་ཐལ་བས། དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །རིག་པ་ནི་རང་ཡིན་ལ། འོད་ནི་ཕྱིའི་རང་སྣང་དེ་རྣམས་ལ་ཟེར་བས། དང་པོ་མཆེད་དུས་དེ་ལ་ཕར་འཇུག ཐིམ་དུས་དེ་དག་ཚུར་ལ་ནང་དུ་འཇུག་པའོ། །གདམས་ངག་ནི་ཕྱི་སྣམ་བུ་དང་འདྲ་བའི་འོད་རྣམས། རང་རིག་མའི་སྙིང་གར་ཐིམ་པས་པང་དུ་འཇུག་པ་ལྟ་བུ་སྟེ། ཆོས་ཉིད་དུ་འདྲེས་པས་ཀ་དག་གི་ས་ལ་གྲོལ་བ་ཞེས་བྱའོ། །དེ་དག་ཀྱང་ངེས་པའི་ལུང་དང་སྦྱར་ན། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་སྣང་བར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ་རྒྱན་དང༌། ཁ་དོག་དང༌། བཞུགས་ཚུལ་དང༌། གདན་ཁྲི་དང༌། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་ཀུན་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང༌། ཡུམ་གྱི་ཆ་འཛིན་པའི་རིགས་དང༌། སེམས་དཔའ་དང༌། སེམས་མ་དང༌། དཀྱིལ་འཁོར་ཐམས་ཅད་གཅིག་རྫོགས་པར་གནས་སོ། །དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཅིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པས་ཟིན་ཏེ། མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ། སྣང་བ་དེ་ཀུན་ཀྱང་རབ་ཏུ་འཕྲིག་པར་མངོན་པར་འགྱུར་ཏེ། སྙིང་གའི་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོས་སྐུད་སྒྲིལ་མ་ཙམ་ཅིག་འཆར་ཏེ། དེ་ནས་སྐུ་དེ་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །འདིའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །གསུམ་པ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ནི་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ་སྣང་བའི་འཆར་ཚུལ་དང༌། གདམས་པའི་དྲན་ཚུལ་གཉིས་ལས། སྣང་བ་ནི་ཡང་སྙིང་ག་ནས་སོར་བཞིའི་གོང་ཙམ་ནས་སྔར་བས་ཅུང་ཟད་མི་གསལ་བའི་འོད་ཁ་དོག་བཞི་འཁྲིལ་བའི་ཐག་པ་ཤིན་ཏུ་ཕྲ་བ་རྟ་རྔའི་ཉག་མ་ཙམ་ཅིག་འཆར་ཏེ། སྟེང་གི་ནམ་མཁའ་ལ་ཟུག་པར་སྣང་བ་དེ་ལ། ཤེས་རབ་ཀྱི་མིག་གིས་བལྟས་པས། སྣང་བ་ཕྲ་མོ་དེ་ལས་རབ་ཏུ་མཆེད་ནས་སོ་སོར་མ་འདྲེས་ལ་རྒྱ་ཆེར་སོང་སྟེ། དང་པོའི་ཕྲ་མོ་དེའི་ངོ་བོ་མ་འགྱུར་བ་ལས་རྣམ་པ་ཆེར་སོང་བ་ནི། མཐིང་གའི་སྣམ་བུ་ཆེ་ཆུང་རང་གི་དབང་པོའི་སྤྱོད་ཡུལ་ཙམ་ལ། ཁ་དོག་གཞན་དང་མ་འདྲེས་པར་རང་གི་མདུན་ཕྱོགས་སུ་འཆར་རོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བའོ། །དེའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གི་ངོ་བོ་ཐིག་ལེའི་ཟེར་དཀར་བ་དང༌། དམར་བ་དང༌། སེར་བ་དང༌། མཐིང་ག་དང་བཞི་ལྡན་པ། ཆེ་ཆུང་གི་ཚད་མེ་ལོང་ཁ་སྦུབ་པ་ཙམ་འོད་ལྔ་ཤིན་ཏུ་གསལ་བ་ལ། ཡེ་ཤེས་ཀྱི་འོད་གདངས་ཀྱིས་རབ་ཏུ་འཚེར་བ། ངོ་བོ་ལ་ཡེ་ཤེས་ལྔའི་རྩལ་རང་རྫོགས་ཡོད་པ། ཐིག་ལེ་དེ་ཡང་རང་བཞིན་གྱིས་ཐིག་ལེ་འོད་ལྔ་དང་ལྡན་པ། ཕྲ་མོ་སྲན་མའི་གའུ་ཙམ་ལྔ་ལྔས་ཕྱོགས་བཞི་དབུས་དང་ལྔར་བརྒྱན་པའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གི་ངོ་བོ་སྟེ། ངོ་བོ་དེ་ཡང་ཤེས་བྱའི་ཆོས་རང་དང་སྤྱིའི་མཚན་ཉིད་ཅན་དང༌། མྱོང་བའི་ཆོས་མངོན་དུ་བྱེད་པས་བསྡུས་པའོ། །དབྱིངས་ཀྱང་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་རྫས་སུ་མེད་པ་དང༌། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་མངོན་སུམ་དུ་ཤར་བའོ། །ཡེ་ཤེས་ནི་ཡེ་ནས་ཡོད་པའི་དོན་དུས་དེར་མངོན་དུ་གྱུར་པས་ཤེས་པ་སྟེ། དེའི་ཕྱིར་ན་མཚན་ཉིད་འཛིན་པའི་ཡེ་ཤེས་དང༌། ཁ་དོག་དང༌། སྐུ་དང༌། སོ་སོའི་ཆོས་ཉིད་ཀྱི་མཚན་ཉིད་མི་འདོར་བར་འཛིན་པའོ། །དེ་ནས་ཡང་དེའི་སྟེང་དུ་དེ་དང་འབྱར་ལ་མ་རེག་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཏིང་གདངས་དཀར་པོའི་སྣམ་བུ། ཆེ་ཆུང་དབང་པོའི་སྤྱོད་ཡུལ་དང་མཉམ་པར་དཀའ་ལ་འཚེར་ཞིང་གཞན་དང་མ་འདྲེས་པའི་སྟེང་དུ། ཐིག་ལེ་འོད་ལྔ་གསལ་བ་མེ་ལོང་ཁ་སྦུབ་པ་ཙམ་ལ། དཀར་བ་དང་མཐིང་ག་ལ་སོགས་པའི་ཟེར་ལྔ་དང་ལྡན་པ། ཡེ་ཤེས་ཀྱི་གཏིང་གདངས་ཀྱིས་འཚེར་བའི་ཕྱོགས་བཞི་དབུས་དང་ལྔར། ཡེ་ཤེས་ལྔའི་རང་རྩལ་རྫོགས་པས་རང་བཞིན་གྱི་ཐིག་ལེ་སྲན་མའི་གའུ་ཙམ་ལྔས་བརྒྱན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། མེ་ལོང་གིས་གཟུགས་སྣང་བར་བྱེད་ལ། དེ་ལ་གཟུགས་བརྙན་གང་སྣང་ན། རིག་པ་དངོས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་གཟུགས་བརྙན་སྣང་བར་བྱེད་པས་ན་མེ་ལོང་ལྟ་བུ་ནི་དཔེའོ། །གཟུགས་བརྙན་རང་གདངས་དེ་ཡི་ཡོད་དུས་དེར་རང་ངོ་ཤེས་པས་ཡེ་ཤེས་སོ། །དེ་ནས་ཡང་འོད་ཟེར་སེར་པོའི་སྣམ་བུ་ཆེ་ཆུང་དབང་པོའི་སྤྱོད་ཡུལ་དང་མཉམ་པ་སེར་ཞིང་གཞན་དང་མ་འདྲེས་པའི་སྟེང་དུ། ཡང་ཐིག་ལེ་འོད་ལྔ་རང་གསལ་བ། ཆེ་ཆུང་མེ་ལོང་ཁ་སྦུབ་པ་ཙམ་ལ་དཀར་བ་དང༌། མཐིང་ག་དང༌། སེར་པོ་དང༌། དམར་པོའི་ཟེར་འཕྲོ་བ། ཡེ་ཤེས་རང་གི་གཏིང་གདངས་ཀྱིས་རབ་ཏུ་འཚེར་བ། ཐིག་ལེ་དེ་ཉིད་ཀྱི་ཕྱོགས་བཞི་དབུས་དང་ལྔར་ཡེ་ཤེས་ཀྱི་རང་རྩལ་དུ་རང་བཞིན་གྱི་ཐིག་ལེ་སྲན་མ་ཙམ་ལྔས་བརྒྱན་པ་ནི་གོང་དང་འདྲ་བར་འཆར་རོ། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཏིང་གདངས་སུ་བྱུང་བ་སྟེ། མཉམ་པ་ཉིད་ཀྱི་མཉམ་རྒྱུ། མཉམ་རྐྱེན། མཉམ་དུས། མཉམ་པ་བཞི་ལས། མཉམ་རྒྱུ་སྣང་སྲིད་འཁོར་འདས་ཀྱི་ཆོས། མཉམ་རྐྱེན་ཆོས་ཉིད་ལ་གོམས་པ། མཉམ་པའི་དུས་རྟོགས་པ་མངོན་དུ་གྱུར་པ། མཉམ་པ་རང་གི་རིག་པའོ། །མཉམ་པ་ལ་སྐྱོལ་བས་ཉིད་ཅེས་ངོས་གཟུང་དུ་བྱས་པ་སྟེ། ཆོས་ཉིད་གང་གིས་ཀྱང་བཅོས་སུ་མི་རྙེད་ཅིང་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མི་རྙེད་པའོ། །ཡེ་ཤེས་ནི། ཡེ་ནས་མཉམ་པར་གནས་པ་དེ་དུས་འདིར་ཤེས་པས། མཚན་ཉིད་གཏན་ལ་ཕེབས་པའོ། །དེའི་སྟེང་དུ་འབྱར་ལ་མ་རེག་པར་དམར་པོའི་སྣམ་བུ་ཆེ་ཆུང་དབང་པོའི་སྤྱོད་ཡུལ་ཙམ་འོད་རབ་ཏུ་གསལ་བའི་སྟེང་དུ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཐིག་ལེ་འོད་ལྔས་རབ་ཏུ་གསལ་བ་མེ་ལོང་ཁ་སྦུབ་པ་ཙམ་དུ་འོད་ལྔའི་ཟེར་འཕྲོ་བ། ཡེ་ཤེས་ཀྱི་གཏིང་གདངས་ཀྱིས་རབ་ཏུ་འཚེར་བ། དེ་ཉིད་ཀྱི་ཕྱོགས་བཞི་དབུས་དང་ལྔར་བཞིན་གྱིས་ཐིག་ལེ་སྲན་མ་ཙམ་ལྔས་བརྒྱན་པ་ནི་གོང་ལྟར་འཆར་རོ། །དེ་ཡང་སོ་སོ་ནི་དབང་པོ་རབ་འབྲིང་ཉེར་གཅིག དེ་ལས་བསྡུ་ན་དགུ། དེ་ལས་བསྡུ་ན་རབ་འབྲིང་ཐ་མ་གསུམ། དེ་ལས་ཤིན་ཏུ་བསྡུས་ན་རིག་པ་རང་སྣང་དང༌། དམིགས་པ་ཡུལ་གྱི་བློ་ཅན་གཉིས་ཀྱིས་རྟོགས་པ་ནི། དམིགས་པ་ཡུལ་གྱི་བློས་ལམ་རྗེས་ཐོབ་ཏུ་རྟོགས་ལ། རིག་པ་རང་སྣང་གིས་ལམ་མཉམ་གཞག་མངོན་སུམ་དུ་རྟོགས་སོ། །དེ་ལྟར་མངོན་སུམ་དང་རྗེས་ཐོབ་གཉིས་ཀྱིས་ཡེ་ནས་ཡོད་པའི་དོན་དེ། ད་ལྟ་མཚན་ཉིད་གཏན་ལ་ཕེབས་པ་ལས་བྱུང་ཞིང་ཤེས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པའོ། །དེ་ཡང་འོད་གཉིས་འདུས་ཀྱི་གདངས་ཀྱི་ཆ་ཙམ་དུ་ཡོད་པས། ཀུན་གསལ་དུ་ཡེ་ཤེས་ལྔའི་སྣང་བ་ཐམས་ཅད་བཤད་དོ། །འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་བཞི་སྦྱོར་དུ་བཞག་སྟེ། བློ་རྩིང་བ་དག་བྱ་བ་གྲུབ་པའི་སྣང་བ་མེད་པར་འདོད་པ་ནི་ཧ་ཅང་མི་རིགས་པའོ། །རྩལ་མ་རྫོགས་པས་མི་སྣང་ན་ཐམས་ཅད་མི་སྣང་བར་ཐལ་ཏེ། རྩལ་ཐམས་ཅད་མཐར་ཕྱིན་གྱི་དུས་ལས་མི་རྫོགས་པའི་ཕྱིར་རོ། །དེས་ན་སྐབས་འདིར་རང་སའི་སྣང་བ་བཞི་སྦྱོར་ཏེ། གྲོལ་བ་མ་ཡིན་པས་རྩལ་མ་རྫོགས་ཞེས་གོ་དོན་བླངས་ལ་ཡེ་ཤེས་བཞི་སྦྱོར་དུ་ཁས་བླང་བར་བྱའོ། །དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བའི་ཆ་མཐོང་ལ། དངོས་ཀྱི་འབྲས་བུ་མ་རྫོགས་པ་ཚུན་ཆད་ནི་ཡེ་ཤེས་བཞིའི་ཡོན་ཏན་དུ་སྣང་བ་ལ། ཡེ་ཤེས་ལྔའི་རྣམ་པ་བྱ་བ་གྲུབ་པའི་རང་ངོ་མི་སྣང་ལ། ས་བོན་གྱི་ནུས་པ་ཡོད་པས་ཡེ་ཤེས་ལྔའི་རྣམ་པར་བྱུང་བའོ། །དེ་ཡང་དེ་དག་ཀུན་ལ་ཡང་ཡེ་ཤེས་ལྔའི་ས་བོན་ཁྱབ་བྱེད་དུ་ཡོད་པས་སོ། །ཡེ་ཤེས་བཞིའི་སྣམ་བུ་བཞིའི་སྟེང་ན་ཐིག་ལེ་བཞི་ལ་སྟེང་ན་ཐིག་ཆུང་ལྔ་ལྔ་མཎྜལ་ལ་ཚོམ་བུ་བཀོད་པ་ལྟར་ཡོད་དོ། །དེ་དག་གི་སྟེང་ན་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་འདྲ་བ་ནི་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་སྟེ། དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་འཁོར་བར་འཆར་རོ། །འདི་ནི་ལྷུན་གྲུབ་འཆར་བའི་ས་བོན་དུ་དུས་འདིར་འབྱུང་བའོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །གཉིས་པ་གདམས་པའི་དྲན་ཚུལ་ནི། སྣང་བ་འདི་ཀུན་ལ་ཤེས་པ་མི་འགྱུར་བ་རང་སྣང་དུ་ཤེས་ཐོག་དེར་ཅེ་རེ་མཉམ་པར་འཇོག་པ་སྟེ། གསེར་གྱི་ཐུར་མས་སྙིང་ཆུ་འདྲེན་པ་ལྟར་མའི་གདམས་ངག་ལ་བརྟེན་ནས་བར་དོར་རང་གི་སྣང་བ་གཏན་ལ་ཕེབས་ནས་གྲོལ་བའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོང་ངོ༌། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས། སྣང་བ་དེ་དག་གཞན་དང་མ་འདྲེས་པ་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ། ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ། ཤིན་ཏུ་གསལ་བ་ལ་འཚེར་བ། དེ་ལ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་གོང་དང་འདྲ་བར་འཆར་རོ། །སེར་པོའི་སྣམ་བུའི་སྟེང་དུ་ཡང་ཐིག་ལེ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་གོང་ལྟར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཞིག་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་རྣམ་པ་སྟེ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་མི་སྣང་ངོ༌། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །བཞི་པ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་དྲུག་སྟེ། ལྷུན་གྲུབ་ཀྱི་འཆར་ཚུལ་རྗེས་དྲན་གྱི་སྐྱེ་ཚུལ། མངོན་ཤེས་ཀྱི་འབྱུང་ཚུལ། གཟུངས་ཀྱི་ཐོབ་ཚུལ། ཏིང་ངེ་འཛིན་གྱི་སྐྱེ་ཚུལ། ལྷུན་གྲུབ་ཐིམ་ཚུལ་ལོ། །དང་པོ་ནི། ཡེ་ཤེས་ལྷུན་གྲུབ་ཏུ་ཐིམ་པའི་སྐད་ཅིག་ལ་སྔར་གྱི་སྣང་བ་དེ་རྣམས་དང་རང་གི་རིག་པ་སྟེང་གི་འོད་ཟམ་ལ་འདུས་ན་དེའི་ནང་ནས་ཤར་བ་སྙམ་བྱེད་པ་ལས། འཆར་ལུགས་བརྒྱད་སྣང་བ་ནི། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་གསལ། སྐུ་ལྟར་ཤར་བས་ཤེས་པའི་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་རིག་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུར་འབྲེལ་པའོ། །སྣང་བ་འདི་དག་ཀྱང་གོང་འོག་ཏུ་སྣང་སྟེ། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། དེའི་འོག་ན་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྟུག་པ། དེའི་འོག་ནས་ལོངས་སྐུ་ཞི་བའི་སྣང་བ་འོད་གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་ན་རང་བཞིན་སྤྲུལ་པའི་ཞིང་སྣང་ཡིད་དུ་འོང་ལ་བལྟ་ན་སྡུག་ལ། འོག་ན་འགྲོ་དྲུག་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ། དེ་ཐམས་ཅད་ཀྱང་རང་སྣང་གཟུགས་བརྙན་ལྟར་སྣང་དུས། ངོ་མ་ཤེས་པས་གཞན་ལྟར་སྣང་བའོ། །འདི་དག་ཀྱང་སྔར་གྱི་གཞི་སྣང་དེ་དུས་འདིར་ཤར་བས་ཏེ། རིན་པོ་ཆེ་སྤུངས་པ་ལས། ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། །འདིའི་དུས་སུ་དཔག་ཆེན་གྱིས་མདའ་ཕྱིར་འཕངས་པ་ཐོགས་མེད་དུ་སོང་ནས་ཚུར་མི་ལྡོག་པ་ལྟར། ནང་དབྱིངས་ལ་སྐད་ཅིག་གིས་ཟང་ཐལ་དུ་རྟོགས་ཏེ། ལུས་སུ་ཕྱིར་མི་ལྡོག་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས། ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །འདིའི་དུས་སུ་དར་ཅིག་རིག་པ་ལྷུན་གྲུབ་ལ་ཐིམ་ཟིན་པའི་རང་དུས་དེར་དེ་ནས་ཕྱིར་མི་ལྡོག་པ་རྒྱལ་པོ་རིན་པོ་ཆེའི་ཕོ་བྲང་དུ་ཕྱིན་ནས་འདུག་པ། སྒོར་མ་ཐོན་པ་གལ་ཆེ་བའི་མན་ངག་གཅེས་སོ། །དེའང་ད་ལྟ་འོད་གསལ་གྱི་སྣང་བ་ལུ་གུ་རྒྱུད་དང་བཅས་པའི་རང་གདངས་ཀྱི་ངང་ངོས་ཟིན་ནས་དེ་ལས་ཕྱིར་ཐ་མལ་དུ་མི་ལྡོག་པ་ཐོད་རྒལ་ལ་འདྲིས་པ་དེ་དུས་དེར་སྟོངས་འདེབས་སོ། །འདི་ཉིད་ཐལ་འགྱུར་ལས། གཞན་ཡང་རིག་པའི་ཆོས་ཉིད་བཤད། །ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་འགྱུ་བའི་དྲན་པ་འགགས། །བྱ་བྲན་ནམ་མཁའ་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། །གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་སོ། །བར་དོར་སྔར་གྱི་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་སྐུར་སྨིན་པས་དངོས་སུ་ལུ་གུ་རྒྱུད་མི་སྣང་བའི་གནད་དེ་ཡིན་ནོ། །གཉིས་པ་རྗེས་དྲན་གྱི་སྐྱེ་ཚུལ་ནི། སྔར་བླ་མའི་ཐུགས་རྗེ་དང་རང་གི་བསགས་པ་ཁྱད་པར་ཅན་གྱིས་དམ་པའི་ཆོས་ལ་ཞུགས་ཤིང་སྦྱང་བའི་གོམས་པ་འདིར་ཤར་བ་སྟེ། དབང་ནོས་པས་དབང་གི་ཆུ་བོ་འབབ་པར་མཐོང་བ་དང༌། བསྐྱེད་རིམ་བསྒོམས་པས་ལྷ་རྗེས་སུ་དྲན་པ་དང༌། རྫོགས་རིམ་བསྒོམས་པ་ལམ་དང༌། གདམས་པ་དང༌། བསམ་གཏན་དང༌། ལྟ་བ་རྗེས་སུ་དྲན་པ་དང༌། སྨོན་མལ་དག་པ་བཏབ་པ་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་རྗེས་སུ་དྲན་ནས་དབུགས་བྱིན་པ་སྟེ། ལྷུན་གྲུབ་ཀྱི་སྐབས་འདིར་སྔོན་ནས་ཤེས་པའི་བསོད་ནམས་ཁྱད་པར་ཅན་གྱིས་རང་སྣང་དུ་ཤར་བ་ནི། གཞི་དབང་ཡིན་པས། དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟེང་གི་ནམ་མཁའ་ནས་དབང་བསྐུར་ཞིང་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མེ་ཏོག་གི་ཆར་འབེབས་ཤིང༌། བཀྲ་ཤིས་ཀྱི་གླུ་དང་གར་བྱེད་པའི་སྣང་བ་ཆེན་པོ་འཆར་རོ། །འདིའི་དུས་སུ་རང་གི་བླ་མ་ལ་གདུང་བ་མཆོག་དང་ལྡན་པ་རྣམས་ལ་བླ་མ་རྗེས་སུ་དྲན་མ་ཐག་ནམ་མཁའ་ལ་བྱོན་ཏེ། གདམས་པ་ངོ་སྤྲོད་པ་འབྱུང་བས་མི་གྲོལ་མི་སྲིད་ལ། ཡི་དམ་ལ་མོས་པ་རྣམས་ལ་ལྷའི་ཞལ་མཐོང་བས་བག་ཆགས་ཀྱི་ལུས་མི་སྣང་སྟེ། ཡི་དམ་ལྷའི་སྒྱུ་ལུས་བཟུང་དུས། ལུང་སྟོན་པ་ཡང་འབྱུང་ངོ༌། །འདི་གཉིས་རྗེས་དྲན་གཅིག་ཏུ་འདྲེན་པ་ནི། ལྷའི་མཆོག་བླ་མ་ཡིན་པའི་ཕྱིར་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། བླ་མ་རྡོ་རྗེ་འཛིན་པ་ཆེ། །ལྷ་ཡི་ལྷ་ཁྱོད་དགོངས་སུ་གསོལ། །ཞེས་གསུངས་པའི་ཕྱིར་རོ། །ལམ་ལྔར་ངོ་སྤྲད་སྟོབས་ཀྱིས་དེ་ཉིད་དུ་དྲན་པས། བར་མ་དོའི་ཆོས་ཉིད་སྐུ་དང་ཡེ་ཤེས་དང་འོད་དང་ཁ་དོག་ལ་སོགས་པ་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པ་ཐ་མ་སྤྲུལ་སྐུའི་ཞིང་དུ་དབུགས་འདིའི་དུས་སུ་དེར་སྐྱེས་བས་འབྱིན་པ་དང༌། །བསམ་གཏན་རྗེས་སུ་དྲན་པས་ཞག་ལྔར་རང་བཞིན་གྱི་བསམ་གཏན་ལ་ངང་གིས་གནས་པ་དང༌། བླ་མའི་གདམས་པ་རྗེས་སུ་དྲན་པ་རང་སྣང་དུ་ཤེས་ཏེ་ཆོས་ཉིད་ལ་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པ་ཆོས་ཉིད་མངོན་སུམ་གྱི་ལྟ་བ་སྔར་མཐོང་སྟེ། དུས་འདིར་ངོས་ཟིན་ནས་ཐེ་ཚོམ་མེད་པ་སྔར་འདྲིས་གྱི་མི་དང་ཕྲད་པ་ལྟ་བུ་སྟེ། དེ་ཡང་སྔར་འཁྲུལ་པའི་སྣང་ཐོག་ཏུ་མངོན་སུམ་གྱི་སྣང་བ་ཅོག་བཞག་ཏུ་བསྒྱུར་བས། འཁྲུལ་པ་འོད་གསལ་དུ་གྱུར་ནས་གཟུང་འཛིན་མེད་པའི་རིག་པ་ཁོང་ན་གསལ་དུས་ཡིད་དཔྱོད་མེད་པའི་ཆོས་ཉིད་མིག་གིས་མཐོང་སྟེ། ལྟ་སྒོམ་མེད་པའི་གཞི་ཀ་དག་ལ་བསྐྱལ་བས་སྣང་འཛིན་ཐམས་ཅད་ཟད་སར་འཁྱོལ་བའི་དགོངས་པ་ལས་འབྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་སྣང་བ་བཤད། མ་དག་པ་ནི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་པས། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། དཔྱོད་པ་མེད་པའི་མིག་གིས་མཐོང༌། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱར་མེད་རྩོལ་བྲལ་འབྲས་བུར་དྲིལ། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །འདིའི་དུས་སུ་རྗེས་དྲན་དྲུག །མངོན་ཤེས་དྲུག མི་བརྗེད་པའི་གཟུགས། རྒྱུན་གྱི་ཏིང་ངེ་འཛིན་དང་བཅུ་བཞི་ལ་རང་ངོ་ཤེས་སྟོབས་ཀྱིས་དབང་བསྒྱུར་བར་བསྟན་ནོ། །རྗེས་དྲན་དེ་དག་ཀྱང་རྒྱུད་ནས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་རྒྱུད་ལ་སྐྱེ་བའི་རིམ་པ་དང་སྦྱར་ནས་སྔོན་བཤད་དེ། ཉི་ཟླ་ཁ་སྦྱོར་གྱི་འགྲེལ་ཆེན་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས། རྗེས་ལ་དྲན་པ་ནི་སྔར་གྱི་ལས་ཁྱད་པར་ཅན་གྱི་དབང་གིས་འདི་དག་ནི་མངོན་ཤེས་དེ་དག་གི་སྔོན་དུ་འཆར་བའོ་ཞེས་སོ། །རྗེས་དྲན་ངེས་པའི་ལུང་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །གསུམ་པ་མངོན་ཤེས་ཀྱི་འབྱུང་ཚུལ་ལ་དྲུག་སྟེ། དབང་པོའི་མངོན་ཤེས། སེམས་ལས་སུ་རུང་བའི་མངོན་ཤེས། ཤེས་རབ་ལ་དབང་བའི་མངོན་ཤེས། ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས། ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས་སོ། །དེ་ག་ཀྱང་ཆ་ཤས་ཀྱིས་དབྱེ་ན་རེ་རེ་ཞིང་དྲུག་དྲུག་སྟེ་སུམ་ཅུ་རྩ་དྲུག་གོ །དང་པོ་དབང་པོའི་མངོན་ཤེས་དྲུག་གི་ཐོག་མ་མིག་གི་མངོན་ཤེས་འཆར་ཏེ ཆུ་བུར་གྱི་མིག་རྣམ་པར་དག་པ་ལས། མིག་ཕྱེད་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་དུ་མཐོང་བ་དང༌། ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་དཔག་ཚད་ལྔ་ཚུན་ཆད་ན་གནས་པ་རྣམས་མཐོང་བ་དང་ ཤའི་མིག་རྣམ་པར་དག་པས་གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་ ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང་ ཤིན་ཏུ་རབ་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་ཚུན་ཆད་མཐོང་བ་དང༌། མཆོག་ཏུ་རབ་ཏུ་དག་པས་བྱེ་བ་དང་ས་ཡ་གྲངས་མེད་པ་རྣམས་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་སྤྲུལ་སྐུའི་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་འབུམ་ཕྲག་མཐོང་བ་དང༌། ཤིན་ཏུ་རབ་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། མཆོག་ཏུ་རབ་ཏུ་དག་པས་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང་ ཤིན་ཏུ་རྣམ་པར་དག་པས་བྱེ་བ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་ ཤིན་ཏུ་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་ རབ་ཏུ་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་སུ་གྲག་པ་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་ རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་འབུམ་ཕྲག་གཉིས་དང༌། ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཕྲག་གཅིག་ཚུན་ཆད་ཀྱི་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་ཀྱི་སྒྲ་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྷ་རྣམས་ཀྱི་སྒྲ་ཐོས་པ་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་བཀའ་འགྲོ་བའི་སྒྲ་ཐོས་པ་དང༌། ཤིན་ཏུ་དག་པས་སངས་རྒྱས་གྲངས་མེད་པའི་གསུང་ཐོས་པ་དང༌། རབ་ཏུ་རྣམ་པར་དག་པས་སངས་རྒྱས་གྲངས་མེད་བདུན་གྱི་བཀའ་བགྲོ་མཛད་པ་ཐོས་པའོ། །གྲངས་མེད་ནི་གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐམ་མའི་གྲངས་ཀྱི་མིང་ཡིན་ནོ །དེ་ནས་སྣའི་མངོན་ཤེས་ནི་ལྷའི་སྣས་མི་སྣང་བའི་དྲི་ཚོར་བ་དང༌། རྣམ་པར་དག་པས་བེམས་པོ་རྣམས་ཀྱི་དྲི་ཚོར་བ་དང༌། ཤིན་ཏུ་དག་པས་གཟུགས་མེད་པ་རྣམས་ཀྱི་དྲི་ཚོར་བ་དང་ རབ་ཏུ་དག་པས་མཁའ་ལ་གནས་ཀྱི་དྲི་ཚོར་བའོ། །དཔེ་བྱད་དང་ལྡན་པའི་སྣས་འགྲོ་བ་རིགས་དྲུག་གི་དྲི་དུས་གཅིག་ལ་ཚོར་བ་དང༌། རྣམ་པར་དག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲི་ཚོར་བ་དང༌། ཤིན་ཏུ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའི་དྲི་ཚོར་བ་དང༌། རབ་ཏུ་དག་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲི་ཚོར་བའོ། །ལྕེའི་མངོན་ཤེས་ནི་འབྱུང་བའི་ལྕེ་དག་པས་ལྷའི་བདུད་རྩིའི་རོ་ལ་མྱོང་བའོ། །རྣམ་པར་དག་པས་བདུད་རྩི་སྟོང་ཕྲག་བདུན་གྱི་རོ་མྱོང༌། ཤིན་ཏུ་དག་པས་མཁའ་འགྲོ་མའི་དངོས་ཀྱི་བདུད་རྩི་ཆེན་པོའི་རོ་མྱོང༌། རབ་ཏུ་དག་པས་ཁ་བདུད་རྩི་འཁྱིལ་བའི་དཔའ་བོ་རྙེད་པའོ། །ཉེར་ལེན་རྣམ་པར་དག་པའི་ལྕེས་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱོང༌། ཤིན་ཏུ་དག་པས་སངས་རྒྱས་སྟོང་ཕྲག་ལྔས་ཕྱག་མཛད་པའི་བདུད་རྩིའི་རོ་མྱོང༌། རབ་ཏུ་དག་པས་བསྐལ་པ་འབུམ་ཕྲག་བདུན་གྱི་སངས་རྒྱས་ཀྱིས་ཕྱག་མཛད་པའི་རོ་མྱོང་བའོ། །ལུས་ཀྱི་མངོན་ཤེས་ནི་རྡུལ་ཕྲ་རབ་ཀྱི་མཐའ་དག་པའི་ལུས་འཇམ་པའི་དབྱངས་ཀྱིས་རེག་ལ། རྣམ་པར་དག་པས་འཇམ་མགོན་དྲི་མ་མེད་པའི་སྐུ་ལ་རེག །ཤིན་ཏུ་རྣམ་པར་དག་པས་ཉི་མ་སྟོང་གིས་བརྒྱན་པའི་ཐུགས་དང་མཉམ་པར་རེག །རབ་ཏུ་དག་པས་ཀུན་བཟང་མཐའ་ཡས་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་རེག་གོ །དྲི་མ་ཟད་པའི་ལུས་ཀྱིས་འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག །རྣམ་པར་དག་པས་ད་ལྟ་དང༌། ཤིན་ཏུ་རྣམ་པར་དག་པས་མ་འོངས་པ་དང༌། རབ་ཏུ་དག་པས་དུས་གསུམ་གཅིག་ཏུ་གྱུར་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག་གོ །ཡིད་ཀྱི་མངོན་ཤེས་ནི། ཐ་མལ་རང་དག་པའི་ཡིད་ཀྱིས་ཏིང་ངེ་འཛིན་བཅུ་ལ་དབང༌། རྣམ་པར་དག་པས་བརྒྱ་ལ་དབང༌། ཤིན་ཏུ་རྣམ་པར་དག་པས་སྟོང་ལ་དབང༌། རབ་ཏུ་དག་པས་ཁྲི་ལ་དབང་ངོ༌། །གཟུགས་ཀྱི་མཐའ་ལས་གྲོལ་བའི་ཡིད་ཀྱིས་འབྱུང་བཞིའི་ནུས་པ་སོ་སོར་བསྒྱུར་ནུས། རྣམ་པར་དག་པས་སེམས་ཅན་མཐུན་པའི་གནས་སྤོ་ནུས། ཤིན་ཏུ་དག་པས་འགྲོ་བ་དྲུག་གི་གནས་ཕན་ཚུན་བསྒྱུར་ནུས། རབ་ཏུ་དག་པས་ཉན་ཐོས་རང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་མཐུ་སྟོབས་འཕྲོག་ནུས་པའོ། །དེ་ལྟར་དབང་པོ་མིག རྣ་བ། སྣ། ལྕེ། ལུས། ཡིད་དྲུག་ལ། རིམས་པས་མིག་ལ་དྲུག རྣ་བ་ལ་གསུམ། ལྷག་མ་བཞི་ལ་གཉིས་གཉིས་ཏེ་བཅུ་བདུན་ལ། ཆོས་བཞི་བཞི་བརྩིས་པས་དྲུག་ཅུ་རྩ་བརྒྱད་ནི་དབང་པོའི་མངོན་པར་ཤེས་པ་སྟེ། ནང་ཚན་དྲུག་ཏུ་འདུས་པའོ། །གཉིས་པ་སེམས་ལས་སུ་རུང་བའི་མངོན་ཤེས་དྲུག་ནི། སྔར་ཞེན་པ་དག་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཕྱིས་འབྱུང་གི་འཁྲུལ་པ་ཟད་པའི་མཐོང་བ་དང༌། གདུལ་བྱའི་མཁྱེན་པ་རྫོགས་པའི་མཐོང་བ་དང༌། མི་སྣང་བ་ལམ་དུ་གྱུར་པའི་མཐོང་བ་དང༌། འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་མཐོང་བ་དང་ དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱི་མཐོང་བ་རྣམ་པར་དག་པའོ། །དེའང་སྐབས་འདིར་ལུས་སེམས་མེད་ན་དབང་པོ་དང་སེམས་ཀྱི་མངོན་ཤེས་འོང་བ་མི་རིགས་སྙམ་ན། ལུས་སེམས་ཀྱི་མངོན་ཤེས་ལ་སྒྲིབ་པ་རྣམས་དུས་འདིར་དག་སྟོབས་ཀྱིས་སྣང་བས་དེ་སྐད་བརྗོད་དེ། ཉོན་མོངས་ལྔ་གནས་གྱུར་པས་ཡེ་ཤེས་སུ་གྱུར་ཅེས་པ་བཞིན་ནོ །ཉོན་མོངས་དག་སྟོབས་ཀྱིས་ཡེ་ཤེས་རང་གསལ་བ་ལས། ཉོན་མོངས་ཉིད་ཡེ་ཤེས་སུ་འགྱུར་མི་སྲིད་དེ། དགེ་མི་དགེ་གཉིས་རྒྱུ་འབྲས་ཡིན་པ་གཏན་ནས་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་དེ་སྐད་བཏགས་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །ཤེས་རབ་ཡོད་ན་འདི་ལ་གནད་ཆེན་པོ་ཅིག་ཡོད་དོ། །དང་པོ་སྔར་གྱི་ཞེན་པ་དག་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པས་སྔར་འདས་པའི་སྐྱེ་བ་བརྒྱ་ཕྲག་དྲན་པ་དང༌། རྣམ་པར་དག་པས་སྟོང་དུས་གཅིག་ལ་དྲན་པ་དང༌། ཤིན་ཏུ་དག་པས་འབུམ་དྲན་པ་དང༌། རབ་ཏུ་དག་པས་ཁྲག་ཁྲིག་བདུན་ཅུ་རྩ་གཉིས་ཀྱི་སྐྱེ་བ་དུས་གཅིག་ལ་སྐྱུ་རུ་ལ་རློན་པ་ལག་མཐིལ་དུ་བཞག་པ་ལྟར་དྲན་ཅིང་མཁྱེན་པའོ། །ཕྱིས་འབྱུང་འཁྲུལ་པ་ཟད་པའི་མཐོང་བ་རྣམ་པར་དག་པས། སྔར་གྱི་སྐྱེ་བ་བླངས་པའི་ལུས་ཀྱི་མཚན་ཉིད་མཁྱེན་པ་དང༌། རྣམ་པར་དག་པས་ངག་དང༌། ཤིན་ཏུ་དག་པས་སེམས་དང༌། རབ་ཏུ་དག་པས་ལུས་ངག་སེམས་གསུམ་ཀའི་མཚན་ཉིད་དུས་གཅིག་ལ་མཐོང་བའོ། །གདུལ་བྱའི་མཁྱེན་པ་རྫོགས་པའི་སེམས་ཀྱི་མཐོང་བས སྐྱེ་བ་འབུམ་ཕྲག་གྲངས་མེད་པའི་སེམས་ཅན་གྱི་ཚོགས་གཞན་གྱི་ལུས་ཀྱི་མཚན་ཉིད་མཐོང་བ་དང༌། རྣམ་པར་དག་པས་ངག་དང༌། ཤིན་ཏུ་དག་པས་སེམས་དང༌། རབ་ཏུ་དག་པས་གསུམ་ཀའི་དུས་གཅིག་ལ་མཐོང་བའོ། །མི་སྣང་བ་ལམ་དུ་འགྱུར་བའི་སེམས་ཀྱིས་མཐོང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྐད་ཅིག་ལ་མཁྱེན་པ་དང༌། རྣམ་པར་དག་པས་རྡུལ་དེ་སྙེད་ན་གནས་པའི་སེམས་ཅན་དེ་དག་གི་ཤེས་པ་ཇི་ལྟར་འགྱུས་པའི་གྲངས་དུས་གཅིག་ལ་ཤེས་པ་དང༌། ཤིན་ཏུ་དག་པས་སྣོད་བཅུད་ཀྱི་རང་བཞིན་རྣམས་ཤེས་པ་དང༌། རབ་ཏུ་དག་པས་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྣམས་མཐོང་བའོ། །འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་སེམས་ཀྱི་མཐོང་བས་སྔར་བདག་ཉིད་ཀྱི་ལུས་བླངས་ཚད་ཀྱི་དུས་ན་རླུང་ཇི་ཙམ་འགྱུས་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་དེའི་དུས་ན་མི་དགེ་བའི་སེམས་ཇི་ཙམ་འགྱུས་ཀྱི་གྲངས་དུས་གཅིག་ལ་མཐོང་བ་དང༌། ཤིན་ཏུ་དག་པས་དགེ་བའི་གྲངས་དུས་གཅིག་ལ་མཐོང་བ་དང༌། རབ་ཏུ་དག་པས་དགེ་མི་དགེ་གཉིས་ཀའི་གྲངས་དུས་གཅིག་ལ་མཐོང་བའོ། །དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱིས་མཐོང་བས། བདག་གིས་སྔར་སྐྱེ་བ་ཇི་སྙེད་བླངས་དུས་ཀྱི་གནས་ཀྱི་མཚན་ཉིད་མཐོང་བ་དང༌། རྣམ་པར་དག་པས་གཞན་གྱི་སྔོན་གྱི་སྐྱེ་གནས་མཐོང་བ་དང་ ཤིན་ཏུ་དག་པས་དེ་དག་གི་དུས་སུ་རང་གི་ལུས་ངག་སེམས་ཀྱི་སྤྱོད་ལམ་རྣམས་ཤེས་པ་དང༌། རབ་ཏུ་དག་པས་གཉིས་ཀའི་སྔོན་གྱི་སྐྱེ་གནས་ཀྱི་མཚན་ཉིད་དང་སྒོ་གསུམ་གྱི་སྤྱོད་ལམ་ཅི་བྱས་པ་རྣམས་དུས་གཅིག་ལ་ཤེས་པའོ། །དེ་ལྟར་སེམས་ཀྱི་མངོན་ཤེས་དྲུག་ལ་བཞི་བཞིར་ཕྱེ་བས་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བཞིའོ། །གསུམ་པ་ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག་ལ། བློ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དང་ ཚིག་དང་བྲལ། སྙམ་བྱེད་དང་བྲལ། ཡིད་དཔྱོད་དང་བྲལ། མཚན་ཉིད་དཔྱོད་པའི་ཤེས་རབ་ཀྱི་མཐོང་བ་དང་ མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བའི་མངོན་ཤེས་སོ། །དེའང་བློ་དང་བྲལ་བས་རང་གི་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ་དང་ རྣམ་པར་དག་པས་གཞན་དང་ཤིན་ཏུ་དག་པས་རང་གཞན་གཉིས་ཀ་དང༌། རབ་ཏུ་དག་པས་ལྷག་མ་མ་ལུས་པར་མཐོང་བའོ། །ཚིག་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་སྡེ་སྣོད་ཀྱི་ཆོས་རྣམས་ཀྱི་ཚིག་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་དེའི་དོན་ཕྱིན་ཅི་མ་ལོག་པ་དང་ལོག་པ་མཁྱེན་པ་དང་ ཤིན་ཏུ་དག་པས་དེ་དག་གི་འབྲས་བུ་དང་གྲོལ་ས་རྣམས་ཤེས་པ་དང༌། རབ་ཏུ་དག་པས་དེ་རྣམས་ཀྱི་སོ་སོའི་འཇུག་པ་མཐོང་བའོ། །སྡེ་སྣོད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཐུན་མོང་མ་ཡིན་པའི་གསང་བ་དང་ ཕྱིན་ཅི་ལོག་ཐུན་མོང་གི་ལྟ་སྤྱོད་ཡིད་དཔྱོད་པ་རྣམས་སོ། །སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང༌། རྣམ་པར་དག་པས་དེ་དག་ལ་སྤྱོད་པའི་གང་ཟག་གི་དབང་པོ་རྣོ་རྟུལ་རྣམས་མཐོང་བ་དང༌། ཤིན་ཏུ་དག་པས་དབང་པོའི་གྲོལ་ས་རྣམས་མཁྱེན་པ་དང༌། རབ་ཏུ་དག་པས་དབང་པོའི་ཆོས་མཐུན་ཤེས་པའོ། །ཡིད་དཔྱོད་ལས་འདས་པའི་ཤེས་རབ་ཀྱི་མཐོང་བས་ཆོས་སྤྱིའི་དོན་ཐམས་ཅད་ལྷག་མཐོང་བ་དང་ རྣམ་པར་དག་པས་རང་གི་དོན་མཐོང་བ་དང་ ཤིན་ཏུ་དག་པས་སྤྱི་དང་རང་གི་མཚན་ཉིད་གཉིས་ཀ་ལྷག་མཐོང་དུ་མཐོང་བའོ། །རབ་ཏུ་དག་པས་ཚིག་དང་ཡི་གེ་ལས་འདས་པའི་དོན་མཐོང་བའོ། །སྐྱེ་བ་གཅོད་པའི་ཤེས་རབ་ཀྱི་མཐོང་བས་འཁོར་བའི་ཆོས་རྣམས་ཀྱི་རྒྱུ་མཐོང་བ་དང༌། རྣམ་པར་དག་པས་དེའི་རྐྱེན་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་མཐོང་བ་དང༌། ཤིན་ཏུ་དག་པས་དེ་དག་གི་དུས་དང་མཚན་ཉིད་མཐོང་བ་དང༌། རབ་ཏུ་དག་པས་དེ་དག་ལས་རྣམ་པར་གྲོལ་བ་མཐོང་བའོ། །མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་རང་གི་སེམས་ཀྱི་འགྱུ་བའི་ཚད་ཟིན་པ་དང་ རྣམ་པར་དག་པས་དེ་ཉིད་དུ་སེམས་ཀྱི་མཚན་ཉིད་ཅེར་མཐོང་དུ་མཐོང་བ་དང༌། ཤིན་ཏུ་དག་པས་ཕ་རོལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་འགྱུ་བ་མཐོང་བ་དང༌། རབ་ཏུ་དག་པས་དུས་གསུམ་གྱི་སེམས་ཅན་ཕ་རོལ་གྱི་སེམས་ཀྱི་འགྱུ་བ་དང༌། རྟོག་པ་དང༌། མི་རྟོག་པ་དང༌། བསམ་པའི་ཁྱད་པར་རྣམས་དུས་གཅིག་ལ་ཤེས་པའོ། །དེ་ལྟར་ཤེས་རབ་ཀྱི་མངོན་ཤེས་དྲུག་ལ་བཞི་ཚན་དུ་དབྱེ་བས་ཉི་ཤུ་རྩ་བཞིའོ། །བཞི་པ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ལ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། མེ་ལོང་ལྟ་བུས་འདས་པའི་ཤེས། མཉམ་པ་ཉིད་ཀྱིས་ད་ལྟའི་ཤེས། སོ་སོར་རྟོག་པས་མ་འོངས་པའི་སེམས་ཅན་་རྣམས་ཀྱི་འཆི་འཕོ་ཤེས། བྱ་བ་གྲུབ་པས་འདས་པའི་ཤེས། མི་གནས་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས་པའོ། །ལྔ་པ་ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས་དྲུག་པོ་སྐྱེས་པའི་དུས་ན་རང་དོན་མཐར་ཕྱིན་པས་གཞན་དོན་གྱི་མཛད་པ་ལ་སྤྱོད་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས་པའི་མངོན་ཤེས་ཀྱིས་དམྱལ་བའི་སྐྱེ་གནས་རྣམས་དུས་གཅིག་ལ་མཐོང་ཞིང་དེ་ཉིད་དུ་སྤྲུལ་པ་འབུམ་ཕྲག་དུ་མ་འགྱེད་པར་ནུས། མཚན་མ་མེད་པའི་ཆོས་ཉིད་རྟོགས་པས་ཡི་དགས་ཀྱི་སྐྱེ་གནས་དང་ཚེ་ཚད་དང༌། སྡུག་བསྔལ་དང་ ལས་དང་ལས་ཀྱི་མཐའ་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་གྲངས་མེད་གསུམ་འགྱེད་པར་ནུས། ཆོས་ཐམས་ཅད་རང་བཞིན་འོད་གསལ་དུ་རྟོགས་པས་བྱོལ་སོང་གི་སྐྱེ་གནས་དང༌། སྡུག་བསྔལ་དང༌། ཚེ་ཚད་དང༌། ལས་དང་ལས་ཀྱི་མཐའ་རྣམས་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་གྲངས་མེད་ཕྲག་ལྔ་འགྱེད་པར་ནུས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་མིའི་སྐྱེ་གནས་ལ་སོགས་པ་མཐོང་བས་བརྩེ་བ་སྐྱེས་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ་འགྱེད་པ་དང༌། ཆོས་ཐམས་ཅད་བདག་གམ་བདག་གིས་སྟོང་པར་རྟོགས་པ་ལྷ་མ་ཡིན་ཀྱི་སྐྱེ་གནས་དང་མཚན་ཉིད་མཐོང་བས་སྤྲུལ་པ་དགུ་ཁྲི་དང་དགུ་སྟོང་འགྱེད་པར་ནུས། ཆོས་ཐམས་ཅད་ཚིག་དང་བྲལ་རྟོགས་པས་ལྷ་རྣམས་ཀྱི་སྐྱེ་གནས་དང་ཚེ་ཚད་དང་ལྟུང་བའི་དུས་ཤེས་པས། དེ་ཉིད་དུ་སྤྲུལ་པ་བརྒྱ་ཕྲག་དགུ་སྟོང་དགུ་བརྒྱ་འགྱེད་པར་ནུས་པའོ། །དེ་ལྟར་གཞན་དོན་གྱི་མཁྱེན་པ་རང་ཤར་བས་འགྲོ་བའི་རིགས་མི་འདྲ་བ། དམྱལ་བ་ཉེར་གཅིག་དང༌། ཡི་དགས་བཞི་དང༌། བྱོལ་སོང་གཉིས་དང༌། མི་བཞི་དང༌། ལྷ་མིན་གསུམ་དང་ ལྷ་ལ་བྱེ་བྲག་མང་ཡང་ཁམས་གསུམ་དུ་བསྡུས་ཏེ། ལྷ་དང་དྲུག་གི་སྐྱེ་གནས་དང༌། གཟུགས་དང༌། ལོངས་སྤྱོད་དང༌། སྤྱོད་ལམ་དང༌། འདུ་ཤེས་དང༌། མཚན་ཉིད་རྣམ། མངོན་ཤེས་དྲུག་པོ་དེ་དག་གིས་མཐོང་ཞིང་དབང་པོ་དང་སྟོབས་ཤེས་པའོ། །དེ་ལྟར་ཟག་པ་དང་བཅས་པའི་མངོན་ཤེས་དབང་པོའི་ཚུལ་མཐོང་བ་དྲུག་དང༌། དབང་པོ་དྲུག་གིས་ཕ་རོལ་མཐོང་བ་ལ་སོགས་པ་སུམ་ཅུ་ནི་ཟག་པ་མེད་པའོ། །སྐབས་འདིར་ཡུལ་ལ་ལྟོས་ནས་ཟག་བཅས་ཟག་དེ་དུ་བརྗོད་དེ། ཡུལ་ཆོས་ཅན་འཁྲུལ་སྣང་ཟག་བཅས་པ་དང༌། ཆོས་ཉིད་སྤྲོས་བྲལ་མ་འཁྲུལ་པ་ཟག་མེད་གཉིས་མཇལ་བའི་བློ་ལ་དེ་སྐད་བརྗོད་ལ། རང་བཞིན་དུ་རྟོགས་བྱེད་ཀྱི་བློ་འཕགས་པའི་ཡེ་ཤེས་མཉམ་པ་ཟག་མེད་དང༌། སོ་སོ་སྐྱེ་བོའི་ཟག་བཅས་སུ་ཤེས་པར་བྱའོ། །དྲུག་པ་སངས་རྒྱས་ཀྱིས་མཁྱེན་པའི་ཡེ་ཤེས་ཤིན་ཏུ་ཟག་པ་མེད་པའི་མངོན་ཤེས་ཕྱིན་ཅི་མ་ལོག་པ་དྲུག་ནི། དེ་ལྟར་སུམ་ཅུ་རྫོགས་ནས། གནས་པ་ཏིང་ངེ་འཛིན་དུ་རྒྱས་པས་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་ཞིང་གནས་པ་དང༌། ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱིས་བསྡུས་པའི་སྣང་བ་རྣམས་མཐོང་བ་དང༌། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང་བ་དང༌། མཛད་པ་ཕྲིན་ལས་སུ་རྒྱས་པས་སྤྲུལ་པ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པའི་རྟགས་སུ་མངོན་པར་ཤེས་པ་སུམ་ཅུ་རྩ་དྲུག་དུས་གཅིག་ཏུ་མཐོང་བ་དང༌། དེ་ལྟར་རྒྱས་ནས་ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་དངོས་པོའི་སྣང་བ་ལྐོག་ཏུ་གྱུར་ཚད་མཐོང་བ་དང༌། མཚན་མ་རང་སར་དག་པའི་ཡེ་ཤེས་རང་བཞིན་གནས་པའི་མངོན་ཤེས་སྟོང་པ་ཉིད་ཀྱི་སྣང་བ་དང༌། མི་སྣང་བ་དབང་པོ་དང༌། ཤེས་པ་དང༌། སེམས་པ་དང༌། ཤེས་རབ་དང༌། ཡེ་ཤེས་དང༌། ཐུགས་རྗེའི་ཆ་ལས། ལྐོག་ཏུ་སྐུ་གསུམ་རང་རྒྱུད་ཀྱི་ཞེན་པས་བཅིངས་པར་གྱུར་པ་དང༌། སྔར་ཤེས་བྱའི་སྒྲིབ་པས་བཅིངས་པ་ཐམས་ཅད་ཤེས་པས་ན་མངོན་པར་ཤེས་པ་ཆེན་པོའོ། །དེ་ལྟར་མངོན་ཤེས་དྲུག་གི་དང་པོ་ལ་དྲུག་ཅུ་རྩ་བརྒྱད། གཉིས་པ་དང་གསུམ་པ་ལ་ཉི་ཤུ་རྩ་བཞི་བཞི། ལྷག་མ་གསུམ་ལ་དྲུག་དྲུག་སྟེ་ཆ་ཤས་དབྱེ་ན་བརྒྱ་སུམ་ཅུ་བཞིའོ། །དེ་དག་ཀྱང་དྲུག་ཚན་དྲུག་ལ་འདུ་ལ། སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་ལྔ་པ་དབང་པོའི་ཚུལ་མཐོང་བ་དྲུག་ཟག་བཅས་སོ། །དྲུག་ཚན་དང་པོ་ལྔའི་དབང་པོ་དྲུག་གི་ཕ་རོལ་མཐོང་བ་སུམ་ཅུ་ཟག་མེད་དོ། །ཐ་མ་ཤིན་ཏུ་ཟག་མེད་དུ་ཤེས་པར་བྱའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ཤར་བའི་རིགས་ཀྱི་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང༌། འཆི་འཕོ་དང༌། སྐྱེ་བ་ཤེས་པ་ད་ང། ཕ་རོལ་གྱི་སེམས་ཤེས་པ་དང༌། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང༌། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང༌། དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་རོ་ཞེས་སོ། །བཞི་པ་གཟུངས་ཀྱི་ཐོབ་ཚུལ་ནི། སྔོན་ཐོས་པའི་ཆོས་སུ་གྱུར་ཏོ་ཅོག་དུས་གཅིག་ཏུ་འཆར་ཞིང༌། སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཀྱང་ཚད་མེད་པ་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱ་སྟེ། དེ་ཉིད་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ། སྔོན་གྱི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་རོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །ལྔ་པ་ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ནི། དེའི་ཚེ་ཆོས་ཉིད་རྣམ་པར་དག་པའི་ངང་དུ་བློའི་འཇུག་པ་ཟད་ནས་མི་རྟོག་པར་གནས་པའོ། །ཟད་ལུགས་ནི། གང་ལ་ཟད་ན་རང་གི་རྒྱུད་ལ་ཟད། ཇི་ལྟར་ཟད་ན། གོང་གི་ཡོན་ཏན་གྱི་སྣང་ཆར་འཛིན་པ་ཆོས་ཉིད་རྣམ་་པར་དག་པའི་ཚུལ་དུ་ཟད། དེའི་ཚེའི་སྣང་བ་དེ་གང་ཡིན་ན། ཆོས་ཉིད་ཟད་པའི་སྣང་བ་ཤར་བས་རྣམ་རྟོག་ངན་པ་སྔར་ཞེན་དང༌། ཕྱིས་ལེན་དང༌། བཟང་བ་མངོན་ཤེས་དང༌། རྗེས་དྲན་ལ་སོགས་པ་ཡང་གཏན་ནས་མི་སྐྱེ་བ། ནམ་མཁའ་དག་པའི་ངང་ལྟ་བུའོ། །ཉི་ཟླ་ཁ་སྦྱོར་ལས། རྒྱུན་གྱི་ཏིང་ངེ་འཛིན་གྱི་རྒྱུད་ལ་རང་བཞིན་དུ་ཤར་བས། རྣམ་པར་རྟོག་པ་ངན་པ་ནི་གཏན་ནས་མི་སྐྱེ་ཞེས་སོ། །སྐབས་འདིར་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ཚུལ་དང་འཁྲུལ་ཚུལ་རྣམས་ཤེས་པར་བྱའོ། དེའང་གཞུང་ཅུང་ཟད་མང་བས་ལོགས་སུ་བསྟན་པ་ནི་འོག་ཏུ་འབྱུང་ངོ། །དྲུག་པ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། སྔར་ཤར་བ་རྣམས་ད་ནང་དུ་སྡུད་པ་སྟེ། །ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་རྒས་པའི་ཚེ་ཟེར་འདུས་པ་ལྟ་བུ། རིགས་དྲུག་གི་སྣང་ཆར་རང་ངོ་ལ་མི་སྣང་བར་མ་དག་པ་འཁྲུལ་པའི་མིང་མེད་དེ་གཟིག་སྣང་ལས་འདས། འོད་འོད་ལ་ཐིམ་པས་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་དང་ཁ་དོག་མཚན་མའི་རིས་མེད་དེ། སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག སྐུ་སྐུལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་ལ། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་དེ་རྣམ་པར་དག ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་ཆོས་ཉིད་མ་བུ་གཉིས་མེད་དུ་འདྲེས་ཏེ་ངོས་གཟུང་མེད། གཉིས་མེད་གཉིས་མེད་ལ་ཐིམ་པས། ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟར་གདོད་མར་གྲོལ་བས་ཆོས་སྐུར་རོ་གཅིག་སྟེ། ངོ་མཉམ་དབྱེར་མེད་སྤྲོས་པ་དང་བྲལ་ལོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས། ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར། སྟོང་པ་ལ་གཏང་བའི་ཡུལ་མེད་དེ་བསམ་ཡུལ་ལས་འདས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བཏུལ་བ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་ཏེ་དྷ་ཐིམ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཡ་ང་དང་བག་ཚ་མེད་དེ་རིག་པ་རང་ཡུལ་ལ་ཕྱིན་ནོ། །དེ་དག་ཀྱང་རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་པོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་ལ་འོད་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལ་ལྟ་བུའོ། །སྐུ་ལ་སྐུ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་ལ་གཉིས་མེད་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་ལ་མཐའ་གྲོལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནེ་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བཏུལ་བ་ལྟ་བུའོ་ཞེས་སོ། །ལྔ་པ་དེ་དག་ཏུ་གྲོལ་བར་བྱེད་པ་གནད་ཀྱི་མན་ངག་རྒྱས་པར་བཤད་པ་ལ་གཉིས་ཏེ། ཆོས་ཉིད་དོན་གྱི་མན་ངག་གིས་གནད་དུ་བརྡེག་པ་དང༌། དུས་གསུམ་གནད་ཀྱི་མན་ངག་གིས་དམིགས་སུ་གདབ་པའོ། །དང་པོ་ནི། ཚེ་འདི་དང་བར་དོ་གཉིས་ཀར་གནད་དུ་བསྣུན་ཐབས་བསྟན་པ་སྟེ། ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་གནད་གསུམ་ལས། ངོ་བོའི་གནད་ནི་རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད གྲོལ་ཐོག་ཏུ་གདེངས་བཅའ་བ་གསུམ་ལས། དང་པོ་ནི། རང་བཞིན་འོད་དུ་སྣང་ཡང༌། ངོ་བོ་རིག་གདངས་གཅིག་ལས་མ་འདས་པའི་ངང་གི་རིག་པ་སྟོང་གསལ་ཟང་ཀ་དེ་ཀ་དག་གི་རང་ངོ་ཡིན་པར་ཐག་བཅད་པ་ནི་མཐར་ཐུག་གི་གྲོལ་ས་ཅེར་མཐོང་དུ་ངོ་སྤྲད་པའོ །གཉིས་པ་ནི། དེའི་ངང་དེ་བཏང་བཞག་མེད་པ་རང་བཞིན་གྱིས་བསམ་གཏན་དུ་ཐག་རྦད་ཀྱིས་བཅད་ལ་མ་ཡེངས་ལ་མི་འཛིན་པས་བསྒོམ་པའོ། །གསུམ་པ་ནི། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རིག་པ་ཟང་ཐལ་དུ་ཤར་ཞིང་གྲོལ་བས་བཟང་ངན་གྱི་རྟོག་ཚོགས་མ་སྤངས་པར་རང་གྲོལ་བའི་གདེང་ལ་ཡིད་ཆེས་ཤིང་བཟློས་པར་བྱ་པ་སྟེ། གནད་གལ་པོ་ཆེའི་ཆིངས་གཅིག་ཐལ་ལོ། །རང་བཞིན་གྱི་གནས་ལ་སྣ་ཚོགས་སུ་སྣང་ཡང་སྣང་ངོ་ལས། དོན་རང་གསལ་རྗེན་པའི་ཡེ་ཤེས་གཅིག་ཏུ་འུབས་ཆུབ་པར་བསྡུས་ཏེ་རང་གསལ་རང་བྱུང་གི་ཡེ་ཤེས་སུ་ལ་བཟླས་ནས་བསྒོམས་པས། དེའི་འཛིན་པ་ཡང་གྲོལ། ལས་གཞན་ཡང་མེད་པ་ནི། འོད་སྣང་ཆོས་ཉིད་དུ་གྲོལ་བའི་གདམས་པ་སྟེ། ཕར་ལ་བལྟས་པ་ཚུར་ལ་གསལ་བའི་རིག་པ་སྐད་ཅིག་རྗེན་པར་བུད་པའི་ངོ་བོ་སྤྲད་པ་སྟེ། སྣང་བ་ལ་བལྟས་ན་མཐའ་ཡས་ཀྱང༌། རིག་པ་ལ་བལྟས་ན་གཅིག་ཀྱང་མེད་པ་ཟང་མར་རང་ཤར་བས། གྲོལ་ས་བར་གྱིས་བཏབ་པའི་མན་ངག གནད་གལ་པོ་ཆེའི་ཆིངས་གཉིས་ཐལ་ལོ། །ཐུགས་རྗེའི་གནད་ནི། ཕྱིའི་གདུལ་ཡུལ་སྣ་ཚོགས་པའི་རྐྱེན་རེ་ལ་ནང་གི་གདུལ་བྱེད་དམ་འཆར་བའི་རིག་པ་དུ་མ་འཕྲོ་དུས། ཕྱིར་འཕྲོ་བའི་རྗེས་མི་བཅད། རང་ངོ་མི་བརྟག ནང་དུ་མི་དགག་པར་གང་ཤར་དེ་ཀའི་ཐད་དེར་ཅོག་གིས་བཞག་ལ། བར་མེད་ཀྱི་ཤེས་པ་རྗེན་པར་ཟང་ངེ་ཐལ་ལེ་བ་དེ་ངོས་བཟུང་བས། གྲོལ་ས་ཅེར་མཐོང་དུ་ཟིན་ཏེ། ཤར་གྲོར་རང་ཡལ་གྱི་རིག་པ་ཧར་སངས་བར་མེད་རྗེན་པར་ཟད་ཐལ་བ་དེ་ཀ་འདི་དང་བར་དོའི་ཤེས་པ་འཆར་བྱེད་མ་འགགས་པ་ལ་ངོས་བཟུང་བས། ཀ་དག་ཐུགས་རྗེའི་རིག་པ་ཟིན་ནས་གྲོལ་བ་སྟེ། གནད་གལ་པོ་ཆེའི་ཆིངས་གསུམ་ཐལ་ལོ། །འདི་གསུམ་ནི་གསང་བ་སྙིང་གི་བདུད་རྩི་ཡང་ཞུན་ཐིགས་པ་རབ་ཏུ་གསང་བ་སྟེ། ཁ་འདུམས་ལ་ཆོད་ཆེ་བ། མདོ་འདུས་ལ་ཆིངས་ཆེ་བ། གནད་ཟབ་ལ་གལ་ཆེ་བ། སྙིང་གི་བུ་མཆོག་དག་ལས་གཞན་ལ་གསང་བའི་རྒྱས་གདབ་པའི་མན་ངག་གོ །འདི་ནི་རྒྱུད་ཀྱི་རྡོ་རྗེའི་གནས་ལས་རང་གིས་རྙེད་པ་སྟེ། འདི་དང་གཞན་ཡང་མང་པོ་དག་རང་གིས་རྟོགས་ཀྱང་གཞན་ལ་བཤད་པས་ནི་མི་གོ །བསྟན་པས་ནི་མི་རྟོགས། སླར་རང་ལ་ཐིམ་ཞིང་ནུབ་པ་རྒྱ་མཚོ་ལས་ཆུ་བོ་བབས་པ་སླར་དེ་ཉིད་ད་ཐིམ་པ་བཞིན་ནོ། །གནད་གསུམ་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གིས། །འཇུག་དང་མཐོང་དང་གོམས་པ་ལས། །ངོ་ཤེས་པ་ལས་རང་ངོ་སྟེ། །ཡིད་ཆེས་པ་ཡི་ཐུགས་སའོ། །ཐག་ཆོད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱིས་ངེས་པའི་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདིར་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང༌། །སྣ་ཚོགས་མིང་གི་གདགས་གཞི་ལས། །སྒྲ་ཚིག་དུ་མའི་སྤྲོས་པར་སྣང༌། །ངེས་མེད་མིང་ནི་སྣ་ཚོགས་ལས། །དོན་ཀྱང་བཏགས་པ་ཙམ་གྱིས་སྟོང༌། །སྟོང་ཉིད་གང་དུའང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ༌། །གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད། །གདུལ་བྱའི་ཡུལ་ནི་སྣ་ཚོགས་པས། །གདུལ་བྱེད་སྐུ་ཡང་དེ་ཙམ་མོ། །རིགས་དང་དབང་པོའི་རྣམ་འཕྲུལ་ལས། །འཁོར་འདས་རྟོགས་པ་ཐ་དད་དེ། །དེ་ཉིད་སོ་སོའི་ཡུལ་བཞག་ན། །མ་བཅོས་དོན་གྱི་དགོངས་པའོ། །ཞེས་སོ། །གཉིས་པ་དུས་གསུམ་གནད་ཀྱི་མན་གིས་དམིགས་སུ་གདབ་པ་ལ། དུས་གསུམ་གྱི་གནས་དང་ཐབས་ཀྱི་མན་ངག་གཉིས་ལས། གནད་ལ་གསུམ་སྟེ། འཇུག་པ་ཤེས་པའི་གནད། གྲོལ་བ་རང་ངོའི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །དང་པོ་ནི། རིག་པ་ཕར་འོད་གསལ་གྱི་སྣང་བ་ལ་འཇུག་དུས་གདངས་རང་སྣང་དུ་ཤེས་པ་དང༌། འོད་སྣང་དུ་ཚུར་རིག་པ་ལ་འཇུག་དུས་རང་ས་ཀ་དག་ཏུ་ཟིན་པའི་ངང་དེ་ལ་མི་གཡོ་བར་ཤེས་པར་བྱ་བའོ། །གཉིས་པ་ནི། ཡེ་ཤེས་བཞི་སྦྱོར་གྱི་ཚེ་ཕྱི་ནང་གསང་བ་གསུམ་གྱི་གྲོལ་བ་རང་ངོ་ན་གནས་པས་རང་ངོ་ཤེས་པའི་གདམས་ངག་ངོས་བཟུང་སྟེ། དེའང་ཕུང་པོའི་བདག་འཛིན་དེངས་ནས་ལུས་འོད་གསལ་དུ་གྲོལ་བས་ཆོས་ཉིད་རང་ངོ་ལ་གནས འབྱུང་བ་ཕྲ་རགས་ཀྱི་རྡོས་པ་ལས་གྲོལ་བས། སྣང་བ་འོད་གསལ་བདེ་བ་ཆེན་པོ་ལ་གནས། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བའི་རིག་པ་མ་ལ་བུ་ཐིམ་དུ་གནས་པའོ། །དེའང་ཕྱིའི་འཁྲུལ་པ་དག་པས་རིག་པ་ཆོས་ཉིད་མ་དང་ཕྲད་ཤེས་པ་དང་སྣང་བའི་རྐྱེན་སྣ་ཚོགས་ཡུལ་དུ་སྣང་བའི་དངོས་པོ་ཕྲ་རགས་ལས་གྲོལ་བས་མ་བུ་གཉིས་མེད་དུ་གྲོལ་ལོ། །ཇི་ལྟར་གྲོལ་ན། འབྱུང་བ་སའི་མཚན་ཉིད་རང་དག་པས་ལུས་ཀྱི་ཤས་བཅིངས་པ་ལས་གྲོལ། ཆུ་དག་པ་ལས་ཁྲག མེ་དག་པས་དྲོད། རླུང་དག་པས་དབུགས་ཀྱིས་བཅིངས་པ་ལས་གྲོལ་ཏེ། རྣམ་རྟོག་གི་རྟ་མེད། ཤ་ཁྲག་རང་རྒྱུད་དུ་འཛིན་པ་ལ་གྲོལ་བས། ནང་རིག་པ་ལ་ཉོན་མོངས་པའི་དྲི་མ་མེད་པས་ཡེ་ཤེས་ལྔ་རང་སྣང༌། ཤེས་བྱའི་དྲི་མ་མེད་པས་ཆོས་དང་ཆོས་ཉིད་གཉིས་སུ་མེད་དེ། རང་ངོ་དེ་ལྟར་གནས་པ་དེ་རྟོགས་པས། ད་རིག་པ་ལ་ཉོན་མོངས་པ་སྐྱེ་མི་སྲིད། འཁོར་བ་ལས་ཀྱི་རྣམ་སྨིན་ལས་གྲོལ་ཏེ། རིག་པ་རང་ངོ་ལ་ཉོན་མོངས་པ་གནས་མི་སྲིད་པས། གསང་བ་རིག་པ་ཆོས་ཉིད་དེ་ཡོད་པ་དང༌། མེད་པ་དང་རྟག་པ་དང་ཆད་པ་དངོས་པོ་དང་སྟོང་པའི་ཆ་གང་དུའང་མ་ལྷུང་བས། ཕྱིའི་ཆོས་ཡུལ་དང་ཡུལ་ཅན་དང༌། ནང་གི་ཆོས་རྣམ་པར་རྟོག་པ་ཐ་དད་དུ་འཛིན་པ་དང༌། གསང་བའི་ཆོས་རིག་པ་ཉིད་ལ་འཛིན་པ་ཙམ་ཡང་མེད་པའི་རང་ངོ་ཤེས་པར་བྱེད་པའོ། །གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། རིག་པ་ལྷུན་་གྲུབ་རིན་པོ་ཆེའི་རང་ཡུལ་དུ་ཕྱིན་ནས་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ལ་གནས་པ་དེ་ངོས་ཟིན་པར་བྱེད་པ་སྟེ། འཁོར་བའི་ཆོས་ཐམས་ཅད་དུས་དེར་དག་པས་སྔ་མ་འཁྲུལ་མ་མྱོང་བའི་རྩད་ཆོད། ད་འཁྲུལ་མི་སྲིད་པའི་སྐུ་ཐོབ་པ་རིག་པ་ཉིད་ལྡོག་ས་མེད་དེ། འཁོར་བའི་འཁྲུལ་སྣང༌། མྱང་འདས་ཀྱི་དག་སྣང་དབྱིངས་དེར་ནུབ་དུས་ཡོད་མེད་རྟག་ཆད་གང་དུའང་མ་གྲུབ་པས་འཁོར་འདས་ལ་ཟློས་ཏེ་གཞི་གྲོལ་ལ་སོང་བ་ལྷུན་གྲུབ་ཐིམ་ཚུལ་གྱི་དུས་དེར་ངོ་ཤེས་པར་བྱའོ། །འདི་ནི་རིག་པ་རང་ངོའི་གནད་གལ་པོ་ཆེའོ། །གཉིས་པ་ཐབས་ཀྱི་མན་ངག་ལ་གཉིས་ལས། སྔོན་རོལ་གྱི་མན་ངག་ཚེ་འདིར་གནད་གསུམ་ལ་གོམས་ཤིང་ངོ་སྤྲད་པ་དེ་སྔར་འདྲིས་པའི་ཡུལ་དུ་ཕྱི་ནང་དུ་ངོ་ཤེས་པ་ལྟར་དེ་དུས་ཐེ་ཚོམ་མེད་པར་གྲོལ་བ་དང༌། འདིའི་དུས་ཀྱི་མན་ངག་ནི་རིག་པ་རྣོན་པོ་གཞི་ནས་འཕགས་པ་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་རྣམ་པ་ལྟར་སྐད་ཅིག་གིས་རང་ངོ་ཤེས་པས་གྲོལ་བ་དང་ རིག་པ་རྟུལ་པོ་ཅིར་སྣང་བའི་ཁྱད་པར་དུ་མ་རྟོགས་པས་སྔར་གྱི་ཟབ་མོ་ཉམས་སུ་བླངས་པའི་སྟོབས་ཀྱི་ཁྱད་ཀྱིས། སེང་ཕྲུག་མངལ་རྒྱ་དང་བྲལ་བའི་ཚུལ་དུ་རྡོས་པ་དག་པས་སྐད་ཅིག་མ་ལྔ་ལ་སོགས་པ་དབང་པོ་ཉི་ཤུ་རྩ་གཅིག་གི་ཚུལ་གང་རུང་དུ་གྲོལ་བའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། འདིའི་དུས་ནི་གསུམ་སྟེ། འཇུག་པའི་དུས་དང༌། གྲོལ་བའི་དུས་དང༌། མཐར་ཕྱིན་པའི་དུས་སོ། །འཇུག་པའི་དུས་ནི་གཉིས་ཏེ། རིག་པ་འོད་ལ་ཕར་འཇུག་པ་དང་ འོད་རིག་པ་ལ་ཚུར་འཇུག་པའོ། །གྲོལ་བ་ནི་གསུམ་སྟེ། རིག་པ་ཉིད་རྐྱེན་རྣམས་དང་བྲལ་བས་འབྱུང་བ་ལས་གྲོལ་བ་དང༌། རིག་པ་ལ་དྲི་མ་མེད་པས། ཉོན་མོངས་པ་ལས་གྲོལ་བ་དང༌། རིག་པ་ཉིད་མཐའ་གང་དུ་ཡང་མ་ལྷུང་བས་ཕྱི་ནང་གི་ཆོས་ལས་གྲོལ་བའོ། །མཐར་ཕྱིན་པ་ནི་རིག་པ་ཉིད་ཆོས་ཐམས་ཅད་ཀྱི་སྣང་བ་དུས་གཅིག་ལ་གྲོལ་བར་བསྟན་པའོ། །ཐབས་ནི་གཉིས་ཏེ། སྔོན་རོལ་གྱི་གདམས་པའི་གནད་དང༌། འདི་དུས་ཀྱི་རིག་པ་རྣོ་རྟུལ་གྱི་ཁྱད་དོ་ཞེས་སོ། །དོན་གསུམ་པ་རང་སྣང་དབང་པོའི་གྲོལ་ཚུལ་གྱིས་དོན་བསྡུ་བ་ལ་གསུམ་སྟེ། དབང་པོའི་དབྱེ་བ་སྤྱིར་བསྟན། གྲོལ་འཁྲུལ་གྱི་རིམ་པ་བྱེ་བྲག་ཏུ་བཤད། དབང་པོ་སོ་སོའི་འགྲོལ་ཚུལ་རྒྱ་ཆེར་བརྗོད་པའོ། །དང་པོ་ནི་དབང་པོ་རྣོ་རྟུལ་འབྲིང་གསུམ་ལ་ཐ་མ་དང༌། འབྲིང་དང༌། རབ་དང༌། རྩེ་མོ་དང༌། ཕུལ་དང༌། མཆོག་དང༌། མཐར་ཕྱིན་པ་དང་བདུན་བདུན་སྦྱར་བས་ཉི་ཤུ་རྩ་གཅིག་ལ། ཡེ་ཤེས་ཀྱི་སྣང་ཚུལ་རེ། རྣམ་པའི་འཁྲུལ་གཞི་རེ། རྟོགས་པའི་ཚད་རེ། ཤེས་པའི་བརྟག་ལུགས་རེ། རང་སྣང་ལ་གྲོལ་ལུགས་རེ་རྣམས་སོ་སོར་འབྱུང་བས། དབང་པོ་ཡང་ཉི་ཤུ་རྩ་གཅིག་ཏུ་བཤད་དེ། རང་ཤར་ལས། ཀྱེ་མོས་པའི་འཁོར་རྣམས་ཉོན་ཅིག ངས་སེམས་ཅན་གྱི་མ་རིགས་པ་བསལ་བའི་ཕྱིར། སྣང་བའི་འཆར་ལུགས་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར། འདི་དག་རྣམས་བསྟན་གྱིས་ཡིད་ལ་ཟུང་ཤིག དབང་པོ་ལ་རྣམ་པ་གསུམ་གྱིས་བསྟན་ཏེ། རབ་དང༌། འབྲིང་དང༌། རབ་ལ་བདུན་ཏེ། རབ་གྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུར་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། གོ་བའི་དུས་རེ། ཤེས་པའི་བརྟས་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལ་ཡང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པ་དང༌། དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་ཕུལ་དང༌། ཐ་མའི་མཆོག་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་མཐར་ཕྱིན་པའོ་ཞེས་སོ། །གཉིས་པ་གྲོལ་འཁྲུལ་གྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བརྟན་པ་ཐོབ་པ་ཡང་ཡོད་དོ། །དེ་རང་གི་ཤེས་པ་མ་ཆུད་ཅིང་སླར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། སྔངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ། ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ། ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ། །དེ་ལྟར་ན་དབང་པོ་གསུམ་པོ་ནི། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ནི་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དོ། །སྐད་ཅིག་མ་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པ་ཡིན་ནོ། །ཐ་མ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ་ཞེས་པས། འདི་ལ་གསུམ་སྟེ དབང་པོ་ཉི་ཤུ་རྩ་གཅིག་ཏུ་འཁྲུལ་པའི་ཚུལ། གྲོལ་བའི་ཚུལ། ཁྱད་པར་ལ་རྨོངས་པ་བཟློག་པའི་ཚུལ་ལོ། །དང་པོ་ནི། སྔར་བླ་མའི་གསང་ཆེན་ངེས་པའི་ལུང་ཆོས་འདིའི་སྒོ་མ་མཐོང་བ་རྣམས་དང༌། མཐོང་ཡང་ཕོ་ཚོད་དང༌། ལེ་ལོ་དང༌། གཡེང་བའི་དབང་དུ་སོང་བ་དབང་པོ་ཐ་མའི་ཐ་མ་རྣམས་ཆོས་ཉིད་བར་དོའི་རང་སྣང་དེ་ལ་དབང་མ་ཐོབ་པས་རབ་ཏུ་བྲེད་པ་དང༌། ངེས་པ་མ་རྙེད་པས་རབ་ཏུ་སྣང་བ་སྟེ། ཕ་གི་རྒྱུད་ཅི་ལས་བྱུང་ངམ་སྙམ་པ་དང༌། ངོ་མ་འཕྲོད་པས་ཕུགས་རྡུགས་པ་སྙམ་པ་དང་ སྔར་སྐད་ཅིག་ཀྱང་མངོན་སུམ་ཉམས་སུ་མ་བླངས་པས་སྣང་བ་འདི་ཅི་ཡིན་དབང་པོ་འཁྲུལ་ལམ་སྙམ་པའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་ཤར་བ་ལ་སོགས་པ་སྟེ། རང་སྣང་ངོ་མ་ཤེས་པ་ཡང་འཁོར་བའི་ཉེ་བར་ལེན་པ་སྲིད་པ་བར་དོའི་ཁ་བརྒྱུད་ནས། དབང་པོ་ཉི་ཤུ་རྩ་གཅིག་ཏུ་འཁྲུལ་པ་ཡོད་དོ། །ཇི་ལྟར་འཁྲུལ་ན། སྣང་བ་ཆེན་པོ་མཐོང་བའི་ཚེ། དབང་པོ་ཐ་མའི་ཐ་མ་ཀུན་ཕྱི་ཡུལ་གྱི་རྣམ་བཟུང་བས་འཁྲུལ་ལོ། །ཐ་མའི་འབྲིང་གིས་དེ་ལ་ཆགས་པའི་ཉིས་ཀྱི་འཁྲུལ་ལོ། །ཐ་མའི་རབ་ཀྱིས་ངར་འཛིན་དེ་མ་ཐག་རྐྱེན་དུ་འཁྲུལ་ལོ། །ཐ་མའི་ཕུལ་གྱིས་རང་མཚན་དུ་དམིགས་པ་འཁྲུལ་ལོ། །ཐ་མའི་མཆོག་གིས་གང་དུའང་མ་ཤེས་པའི་གཏི་མུག་ཏུ་རྨོངས་པས་འཁྲུལ་ལོ། །ཐ་མའི་རྩེ་མོས་ཅི་ཡིན་སྙམ་དུ་སྙམ་བྱེད་ཐེ་ཚོམ་ཞུགས་པས་འཁྲུལ་ལོ། །ཐ་མའི་མཐར་ཕྱིན་པས་དེ་ཉིད་ཡུལ་གྱི་ཆ་བདག་ཏུ་བཟུང་བས་འཁྲུལ་ལོ། །འབྲིང་གི་ཐ་མས་གསལ་བ་དེ་དངོས་པོ་མེད་པར་མཐོང་བའི་ཆ་ནས་འཁྲུལ་ལོ། །འབྲིང་གི་འབྲིང་གིས་དངོས་པོ་ཞེན་འཛིན་དུ་ཆགས་པའི་སྙིང་པོར་བཟུང་བས་འཁྲུལ་ལོ། །འབྲིང་གི་རབ་ཀྱིས་ཡུལ་ལ་ཡེངས་ཏེ་གང་དུའང་མ་ཤེས་པ་བུ་ཆུང་གིས་སྣང་བ་མཐོང་བ་ལྟ་བུའི་རྨོངས་པ་ལས་འཁྲུལ་ལོ། །འབྲིང་གི་ཕུལ་གྱིས་ཤེས་པ་འཛིན་པའི་རྐྱེན་དུ་བྱེད་པས་འཁྲུལ་ལོ། །འབྲིང་གི་མཆོག་གིས་ཡུལ་དུ་བཟུང་བར་བརྟགས་པས་འཁྲུལ་ལོ། །འབྲིང་གི་རྩེ་མོས་ང་ལ་འདི་ལྟ་བུའི་སྣང་བ་ཤར་སྙམ་དུ་དགའ་གདུང་དུ་བཟུང་བས་འཁྲུལ་ལོ། །འབྲིང་གི་མཐར་ཕྱིན་པས་ངེས་པ་ལ་འཇོག་པས་རང་སྣང་དུ་མ་ཤེས་པ་ལས་འཁྲུལ་ལོ། །རབ་ཀྱི་ཐ་མས་མཛེས་པར་འཛིན་པས་འཁྲུལ་ལོ། །རབ་ཀྱི་འབྲིང་གིས་མཛེས་པ་ལ་ཞེན་པར་འཛིན་པས་འཁྲུལ་ལོ། །རབ་ཀྱི་རབ་ཀྱིས་གང་དུ་མ་བཟུང་ཡང་ཡེངས་པ་ལྟར་ངོས་གཟུང་མེད་པས་འཁྲུལ་ལོ། །རབ་ཀྱི་ཕུལ་གྱིས་སྣང་བའི་ཡུལ་དེས་རྒྱུ་བདག་ཉིད་གཅིག་པའི་བཟུང་བར་སོང་ནས་འཁྲུལ་ལོ། །རབ་ཀྱི་མཆོག་གིས་སྐད་ཅིག་འགྱུར་བའི་ཆ་ཟློག་མ་ཤེས་པས་འཁྲུལ་ལོ། །རབ་ཀྱི་རྩེ་མོས་རྟགས་དང་མཚན་མ་རིས་ཅན་དུ་བཟུང་བས་འཁྲུལ་ལོ། །རབ་ཀྱི་མཐར་ཕྱིན་པས་གང་དུའང་མ་ཤེས་ལ་སྣང་བ་གཟུ་བོའམ་རྨོངས་པའི་དབང་གིས་འཁྲུལ་ལོ། །འཁྲུལ་ཚུལ་ཐམས་ཅད་ཉི་ཤུ་རྩ་གཅིག་པོ་འདིར་འདུས་པས། བར་དོར་མ་འཁྲུལ་པ་ཤིན་ཏུ་གཅེས་སོ། །དེ་ལ་ཡང་ད་ལྟ་ཕྱིའི་སྣང་བ་ཐ་མལ་པ་དང༌། འོད་གསལ་གྱི་ཆ་རང་སྣང་དུ་སྐད་ཅིག་མ་ལ་རྗེན་ཡེ་རེ་རེ་ངོ་ཤེས་པ་གཅེས་སོ། །དེའང་རང་ཤར་ལས། ཀྱེ་ཉེ་བའི་འཁོར་རྣམས་ཉོན་ཅིག སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལས་འཁྲུལ་ལོ། །ལ་ལ་ཉམས་ལས་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལས་འཁྲུལ་ལོ། །ལ་ལ་དམིགས་པ་ལས་འཁྲུལ་ལོ། །ལ་ལ་ཅི་ཡིན་སྙམ་པ་ལས་འཁྲུལ་ལོ །ལ་ལ་སྙམ་བྱེད་ལས་འཁྲུལ་ལོ། །ལ་ལ་ཡུལ་ལས་འཁྲུལ་ལོ།།ལ་ལ་ཡུལ་མེད་པ་ལས་འཁྲུལ་ལོ། །ལ་ལ་སྙིང་པོ་ལས་འཁྲུལ་ལོ། །ལ་ལ་མ་རིག་པ་ལས་འཁྲུལ་ལོ། །ལ་ལ་རྐྱེན་ལས་འཁྲུལ་ལོ། །ལ་ལ་བརྟགས་པ་ལས་འཁྲུལ་ལོ། །ལ་ལ་ང་ལས་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལས་འཁྲུལ་ལོ། །ལ་ལ་འཛིན་པ་ལས་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལས་འཁྲུལ་ལོ། །ལ་ལ་འདུ་ཤེས་ལས་འཁྲུལ་ལོ། །ལ་ལ་རྒྱུ་ལས་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལས་འཁྲུལ་ལོ། །ལ་ལ་གཟུ་བོ་ལས་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་ན། འཁྲུལ་ལུགས་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ལྟར་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བསྟན་པའོ་ཞེས་སོ། །གཉིས་པ་གྲོལ་བའི་ཚུལ་དབང་པོ་ཉི་ཤུའི་རིམ་པ་ལས་མི་འདའ། དེ་ཡང་རབ་འབྲིང་ཐ་མ་གསུམ་ལས་མི་འདའོ། །དེ་ལ་དབང་པོ་རབ་སྐད་ཅིག་གསུམ། འབྲིང་ལྔ། ཐ་མ་བདུན་ནས་ཉི་ཤུ་རྩ་གཅིག་ན་གྲོལ་བའོ། །དེའི་ཐ་མ་ནི་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེ་བ་ལས་གྲོལ་མི་ནུས་སོ། །རབ་ཀྱི་མཐར་ཕྱིན་པ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་ཏུ་གྲོལ་ཏེ། སྐུ་གདུང་འབར་བ་ལས། སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུག་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པར་ཡང༌། །ངོ་བོ་ཉིད་ལ་རང་ཐིམ་མོ། །ཞེས་སོ། །རབ་ཀྱི་ལྷག་པ་དྲུག་བྱ་བ་རྫོགས་པའི་སྐད་ཅིག་གསུམ་གྱིས་མཐར་ཕྱིན་ནོ། །དབང་པོའི་ཁྱད་ནི་སྐད་ཅིག་ལ་ཡུན་རིང་ཐུང་ཡོད་དེ། ལ་ལ་ལ་བསམ་གཏན་གྱི་ཞག་གཅིག་ནས་དྲུག་གི་བར་ཐོགས་པའོ། །མཐར་ཕྱིན་ནི་རྣམ་གྲོལ་གྱི་སྐད་ཅིག་གསུམ་ལས་ཞག་ལ་མི་ལྟོས་སོ། །དེ་ནི་རྟོགས་པའི་རྩལ་ལས་བྱུང་ངོ༌། །རྣམ་གྲོལ་གྱི་སྐད་ཅིག་ནི་སྣང་བ་ལ་ཤེས་པ་ཤར་ནས་དེར་འདུག་སྙམ་དུ་ཡུལ་རྟོགས་པའི་ཡུན་ལ་སྐད་ཅིག་མ་གཅིག་ཏུ་བརྩིས་པའི་སྐད་ཅིག་གསུམ་ན་གྲོལ་བའོ། །འབྲིང་དང༌། ཐ་མའི་སྐད་ཅིག་རྣམས་དེ་བས་ཡུན་རིང་བ་སྟེ། བྱ་རྫོགས་ཀྱི་སྐད་ཅིག་ལ་རྩི་བས་ད་ལྟ་འཆད་དོ། །གསུམ་པ་ཁྱད་པར་ལ་རྨོངས་པ་ཟློག་པའི་ཚུལ་ལ། རྨོངས་པ་དང༌། དེ་ཟློག་པ་གཉིས་ལས། ཆ་ལ་རྨོངས་པ་ནི་རྒྱུད་དང་མན་ངག་རབ་ཏུ་མང་བས་ལ་ལར་སྐད་ཅིག་མ་གསུམ་དང༌། ལྔ་དང༌། ལ་ལར་ཞག་གསུམ་དང༌། ཉི་ཤུ་རྩ་གཅིག་ལ་སོགས་པ་བཤད་པ་དག་ཤན་མ་ཕྱེད་པར་བསམ་གཏན་གྱི་ཞག་དང༌། གྲོལ་བའི་སྐད་ཅིག་གཉིས་གཅིག་ཏུ་བཟུང་ནས་འཆད་པའོ། །དེ་ཟློག་པ་ནི་གཉིས་ལས། རིགས་པ་ནི། གལ་ཏེ་དེ་གཉིས་གཅིག་ན་དབང་པོ་རབ་ཀྱི་རྩེ་མོ་ཆོས་ཅན་སྐད་ཅིག་མ་གཅིག་ལ་གྲོལ་བར་ཐལ། བསམ་གཏན་གྱི་ཞག་གཅིག་ན་གྲོལ་བའི་ཕྱིར། འདོད་ན་རབ་སྐད་ཅིག་མ་གསུམ་ན་གྲོལ་བར་བཤད་པ་དེས་གསལ་ལོ། །དེ་བཞིན་དུ་རབ་ཀྱི་ཐ་མ་སྐད་ཅིག་མ་དྲུག་ན་གྲོལ་བར་ཐལ། ཞག་དྲུག་ན་གྲོལ་བའི་ཕྱིར་རོ། །འདོད་ན་རབ་རྣམས་གང་ཡིན་ཡང་སྐད་ཅིག་གསུམ་ན་གྲོལ་བས་གསལ་ལོ། །དེའང་སྦུབས་འཕོ་བའི་དུས་ཀྱི་ཀ་དག་ལ་གྲོལ་ཡང་སྐད་ཅིག་གསུམ་དུ་ངེས་ཏེ། དང་པོ་ལ་ངོས་ཟིན། གཉིས་པ་ལ་རྟོགས་པ་སྐྱེས། གསུམ་པ་ལ་གྲོལ་བའི་ཕྱིར་རོ། །ལུང་ནི། ཡེ་ཤེས་སྒྲོན་མེ་ལས། དེ་ལ་སྐད་ཅིག་རྟོགས་པས་ཕྱེད། །བསམ་གཏན་ཞག་ནི་གནས་པའི་ཆ། །རྣམ་ལྡན་མི་ལྡན་ཁྱད་པར་ལས། །འདྲེས་ཤིང་མཚུངས་ལ་མ་འདྲེས་ལྡན། །ཅེས་པས་གསལ་ལོ། །འདིར་རང་ལུགས་ཀྱི་སྐད་ཅིག་མའི་ཆར་དབྱེ་བ་ལ་རང་ངོ་ཤེས་པའི་རྟོགས་པས་ཁྱབ་ལ། བསམ་གཏན་གྱི་ཞག་རྟོགས་པས་མ་ཁྱབ་སྟེ། མ་རྟོགས་ཀྱང་རང་བཞིན་གྱི་བསམ་གཏན་ལ་གནས་པ་ཡོད་པའི་ཕྱིར་ཏེ། ལྷུན་གྲུབ་ཀྱི་ཐ་མ་བཞིན་ནོ། །དེའང་སྐད་ཅིག་མ་ལ་བསམ་གཏན་གྱིས་མ་ཁྱབ་སྟེ། རྟོགས་པའི་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བ་བཞིན་ནོ། །བསམ་གཏན་དང་འབྲེལ་བའི་མུ་ཡོད་དེ་རབ་ཀྱི་རྩེ་མོ་ནས་ཐ་མའི་བར་བཞིན་ནོ། །བསམ་གཏན་གྱི་ཞག་ལ་སྐད་ཅིག་མའི་རྟོགས་པས་མ་ཁྱབ་སྟེ་ཐ་མའི་ཐ་མ་འཁྲུལ་པ་བཞིན། སྐད་ཅིག་མ་འབྲེལ་བའི་མུ་ཡོད་དེ། འབྲིང་དང་ཐ་མའི་འབྲིང་ཡན་ཆོད་བཞིན་ནོ། །དེས་ན་སྐད་ཅིག་མ་དང༌། བསམ་གཏན་གྱི་ཞག་ཕྱེད་པ་གལ་ཆེའོ། །བསམ་གཏན་གྱི་ཞག་ལའང་ཁ་ཅིག་ད་ལྟའི་ཞག་འདིར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལུང་རིགས་ཀྱི་ཟློག་པའི་འོས་མ་ཡིན་ཏེ། ཟློག་རིན་མི་ཆོག་པའི་ཕྱིར་རོ། །རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བཤད་པ་བཞིན་ནོ། །ལོག་རྟོག་ཀྱང་འདྲ་རུང་གི་འཁྲུལ་པ་ཟློག་གི ཧ་ཅང་མི་འཐད་པ་དེ་ཀུན་སྤྲོས་པའི་དྲ་བ་ཡིན་ལ་མཁས་པ་དག་གི་ངོ་ཚ་བའི་གནས་སུ་བྱས་ཟིན་པས་འདིར་ཅི་བྱ། རྒྱལ་བའི་སྒྲ་བསྒྲགས་པས་བླུན་པོ་རྒྱལ་བ་ཉིད་དུ་འགྱུར་རོ་ཞེས་རྨོངས་པ་དེ་ཀུན་གྱི་ཕྱོགས་ལ་བསླན་པར་བྱའོ། །འདིར་བསམ་གཏན་གྱི་ཞག་ནི་ད་ལྟར་ཏིང་ངེ་འཛིན་གྱི་གནས་ཆའི་ཡུན་ལ་བརྩིས་པས། བར་དོར་ཡང་ཏིང་ངེ་འཛིན་གནས་ཆའི་ཡུན་ལ་བསམ་གཏན་གྱི་ཞག་ཏུ་གསུངས་པ་ཡིན་ནོ། །གསུམ་པ་དབང་པོའི་གྲོལ་ཚུལ་རྒྱ་ཆེར་བརྗོད་པ་ལ་གསུམ་སྟེ། དབང་པོ་རབ། འབྲིང༌། ཐ་མའི་རིམ་པའོ། །དང་པོ་ལ་བདུན་ལས། རབ་ཀྱི་མཐར་ཕྱིན་པ། སྐད་ཅིག་གསུམ་ལ་བསམ་གཏན་གྱི་ཞག་དང་མ་འབྲེལ་བར་གྲོལ་ལ གཞན་རྣམས་སྐད་ཅིག་གསུམ་ལ་བསམ་གཏན་གྱི་ཞག་མང་ཉུང་དང་འབྲེལ་ནས་གྲོལ་ཏེ། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་དུ་རང་སྣང་ཀ་དག་ཏུ་འཇུག་པའི་བར་དེར་སྤྲུལ་པའི་རང་འོད་འཕྲོ་བས་རང་སྣང་ལྷུན་གྲུབ་ཀྱི་ཞིང་གི་སེམས་ཅན་གྱི་འཁོར་བ་སྟོངས་པར་བྱས་ནས་གྲོལ་ལོ། །དེ་ཡང་ཀ་དག་གི་རང་ས་དེ་ནས་སྤྲུལ་པ་མི་འགྱེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་རགས་པ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །སྤྲུལ་པ་ཡང་ཡས་མར་འགྱེད་པ་སེམས་ཅན་དངོས་ཀྱི་དོན་བྱེད་པ་ནི་ཀ་དག་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་ནས་འགྱེད་དོ། །ལམ་ནས་འགྱེད་པ་ལ་འཕོ་བ་ཆེན་མོའི་ལུས་བཟུང་བ་དང༌། རང་བཞིན་སྤྲུལ་པར་བགྲོད་པ་གཉིས་ཀྱིས་སེམས་ཅན་རང་ལས་རྒྱུད་གཞན་རྣམས་ཀྱི་དོན་བྱེད་ལ། བར་དོར་སྤྲུལ་པ་འགྱེད་ཚུལ་ལྷུན་གྲུབ་ཀྱི་སྒོ་ལས་རང་སྣང་འཁོར་བར་སྣང་བ་དེའི་དོན་བྱེད་པར་སྣང་སྟེ། རྨི་ལམ་དུ་སེམས་ཅན་གྱི་དོན་བྱས་ཀྱང་རང་སྣང་ཙམ་ལས་གཞན་ངོར་ཕན་པ་མ་བྱུང་བ་དང་འདྲ་བར་ཤེས་པར་བྱའོ། །གནས་འདི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་གྲུབ་མཐའ་གཅིག་ཡིན་པས་ཅུང་ཟད་རྟོགས་དཀའ་བར་བྱེད་དོ། །སྐད་ཅིག་གསུམ་དུ་བྱེད་དུས་དང་པོ་ལ་ཚོམ་བུའི་སྣང་བ་ཡེ་ཤེས་བཞི་སྦྱོར་དང་བཅས་པ་འགགས། གཉིས་པ་ལྷུན་གྲུབ་ཀྱི་སྒོ་མཐོང༌། ། གསུམ་པ་ལ་དེ་ཡང་ནུབ་སྟེ། ཀ་དག་གི་སྣང་བ་མཐོང་བ་ལ་རང་ངོ་ཤེས་པས་ས་ཟིན་པའོ། །དེ་དག་གི་བར་ལ་རྟོག་པ་རྩལ་ཅན་རྣམས་ཡུད་ཙམ་གྱིས་གྲོལ་ལ། རྩལ་ཆུང་བ་རྣམས་ཡུན་རིང་དུ་གནས་པས་བསམ་གཏན་གྱི་ཞག་མང་དུ་འགོར་ཏེ། མདའ་ཤུགས་དྲགས་པ་དང༌། བུལ་བ་དང༌། རབ་ཏུ་བུལ་བ་རྣམས་རྣམས་སྔ་ཕྱིར་འགྲོ་བ་དང་་འདྲའོ། །དབང་པོ་རབ་ཀྱི་མཐར་ཕྱིན་པའི་སྐད་ཅིག་མ་དེ་ལ། གཞན་དྲུག་གི་སར་བསམ་གཏན་གྱི་ཞག་དང་སྤེལ་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། ལ་ལ་སྐད་ཅིག་གསུམ་གྱིས་གྲོལ། །ལ་ལ་མེ་ལོང་ཚོམ་བུས་གྲོལ། །ལ་ལ་ཡབ་དང་ཡུམ་གྱི་གྲོལ། །ལ་ལ་མེར་མེར་ཤིག་ཤིག་གིས། །རང་གི་བདེན་པ་སྐྱེས་ཏེ་གྲོལ། །ལ་ལ་ཐུགས་རྗེའི་ཟེར་གྱིས་གྲོལ། །ལ་ལ་ཚོམ་བུ་གཉིས་ཀྱིས་གྲོལ། །ལ་ལ་ཅིར་སྣང་སྐུ་ཡིས་གྲོལ། །དེ་ནི་རབ་ཀྱི་གྲོལ་ལུགས་སོ། །ཞེས་པ་དང༌། དེ་ཡང་དབང་པ་རབ་ཀྱི་མཐར་ཕྱིན་པ་ནི། སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ། ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་འགགས་ཏེ། སྐད་ཅིག་མ་གཅིག་ལ་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལ་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དོ། །དོན་བྱེད་ནི་ཞག་གསུམ་ན་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི། ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས། མཚོན་ཆར་འབབ་པ་དེ་ཀུན་ཚིག་ནས། སྣང་བ་འགག་པ་མེད་པ་ཤར་ནས། དེ་ལ་རང་གི་ཤེས་པ་སད་ནས། རང་གི་ཡུལ་མཐོང་སྟེ། ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས། ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི། ཞག་གཉིས་ནས་སངས་རྒྱས་ཏེ། དེ་ཡང་ཚོམ་བུའི་སྣང་ལ་ཞག་གཅིག་སྡོད་དེ། དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ངེས་པ་རྙེད་ནས་སྤྲུལ་པ་ཞག་བདུན་ན་དོན་བྱེད་ནུས་སོ། །དེ་ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི། ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པར་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཉིས་སྡོད་དོ། །ཞག་དང་པོ་འོད་མཐོང་ངོ༌། །ཞག་གཉིས་པ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི། ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས། དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་སངས་རྒྱས་སོ། །སྤྲུལ་པ་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི། ཞག་ལང་ནས་མཐོང་ངོ༌། །ཞག་ལྔ་ནས་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཀྱི་ཟེར་རྟ་རྔ་ཙམ་ཅིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས། ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་གཅིག་བཀྲ་ས་ལེ་བ་དེ་མཐོང་ནས། དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས། རང་གི་ཡིན་སྙམ་པའི་ཤེས་པ་ཅིག་བྱུང་བས། ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་ཐིམ་གྱིས་ཐིམ་པ་ནི། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི། ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས་ཏེ། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་བཞིན་དུ་མེ་ལོང་ལྟ་བུ་ལ་ཞག་གཅིག་ཐོགས་ཏེ། དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་མཐོང་ངོ༌། །གཅིག་རང་གི་མདུན་དུ་ཡང་ཚོམ་བུ་ཆེན་པོ་གཅིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་སོ། །དེའང་སྐད་ཅིག་གསུམ་ལ་སོ་སོའི་དབང་པོས་ཞག་ཐ་དད་དུ་འགོར་ནས་ཀ་དག་གི་སྣང་བ་ལ་གྲོལ་ཏེ། ཕྱིར་མི་ལྡོག་པའི་ངེས་པ་ནི་ཐོབ། ཐིམ་ནི་མ་ཟིན་པའི་སྐབས་དེར་སྤྲུལ་པ་འགྱེད་པས། སྤྲུལ་པའི་ཞག་ཇི་ཙམ་འགྱེད་པ་དེ་ཙམ་གནས་ནས། དེ་ནས་སྤྲུལ་པ་ཡང་ཉི་མ་ནུབ་དུས་ཟེར་འདུ་བ་ལྟར རིག་པ་ལ་འདུས་ཏེ་ཀ་དག་གི་ས་ལ་ཐིམ་པ་ཡིན་ནོ། །ཤེས་རབ་ཞིབ་མོས་དཔྱད་ན་འདི་ལ་ཡང་གནད་གོ་རྒྱུ་ཆེ་བ་གཅིག་ཡོད་དོ། །གཉིས་པ་དབང་པོ་འབྲིང་བདུན་གྱི་གྲོལ་ཚུལ་ནི་སྐད་ཅིག་ལྔ་སྟེ། སྐུ་གདུང་འབར་བ་ལས། ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ལ་གྲོལ་བར་འགྱུར། །ཅེས་བཤད་པས། སྐད་ཅིག་དང་པོ་ལ་རང་གི་སྣང་བ་སོ་སོ་བ་ཤར། གཉིས་པ་ལ་མཐོང༌། གསུམ་པ་ལ་དེའི་ངང་ལ་དར་ཅིག་ཤེས་པ་ཟིན། བཞི་པ་ལ་རང་སྣང་དུ་རྟོགས་ཏེ་བདེན་པའི་སྟོབས་རྙེད། ལྔ་པ་ལ་ཀ་དག་ཏུ་གྲོལ་བའོ། །གྲོལ་ནས་མ་ཐིམ་པའི་བར་དེར་སྤྲུལ་པ་འགྱེད་དོ། །སྤྲུལ་པའི་ཞག་ནི་བསམ་གཏན་གྱི་ཞག་དང་གཅིག་གོ །སྐད་ཅིག་མ་ལྔ་དང་བསམ་གཏན་གྱི་ཞག་སོ་སོ་སྦྱར་ལ་སྣང་བའི་གྲོལ་ཚུལ་བསྟན་པ་ནི། རང་ཤར་ལས། ལ་ལ་འོད་ལྔའི་དབྱིངས་སུ་གྲོལ། །ལ་ལ་སྐུ་ལྔའི་དབྱིངས་སུ་གྲོལ། །ལ་ལ་ཚོམ་བུ་ལྔ་ཡིས་གྲོལ། །ལ་ལ་མེ་ལོང་དབྱིངས་སུ་གྲོལ། །ལ་ལ་མུ་ཁྱུད་དབྱིངས་སུ་གྲོལ། །ལ་ལ་སྟེང་འོག་ཚོམ་བུས་གྲོལ། །ལ་ལ་མུ་ཁྱུད་སྟོང་པར་གྲོལ། །དེ་ནི་འབྲིང་གི་གྲོལ་ལུགས་སོ། །ཞེས་པ་དང༌། དེ་ཡང་འདི་ལྟ་སྟེ། འབྲིང་གི་ངེས་པ་ལ་འཇོག་པ་ནི། ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་ཅིག་བྱུང་བས། དེ་ལས་སྐུ་གྲངས་མེད་པར་འཕྲོས་པས། དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི། ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས། ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཅིག་མཐོང་བས། དེ་ལ་ངེས་པ་རྙེད་ནས། དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་ནི། ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ། ཅིར་སྣང་ཐམས་ཅད་མེ་ལོང་ལྟར་རྟོགས་ཤིང་མཐོངས་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་ཕུལ་བ་ནི། ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་ཞག་བཞི་ཐོགས་སོ། །ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས། ཡང་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ནི། ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི། ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ལོགས་སྐུ་ཁྲོ་བོའི་ཞིང་ཁམས་ས་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས། ཡང་ངེས་པ་རྙེད་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི། ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོངས་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་སོ། །གསུམ་པ་དབང་པོ་ཐ་མའི་དྲུག་ནི། སྐད་ཅིག་ཉི་ཤུ་རྩ་གཅིག་ན་གྲོལ་ཏེ དང་པོ་རང་སྣང་རིམ་གྱིས་འཆར་བ་ལ་སྐད་ཅིག་བདུན། རང་སྣང་ཤར་ནས་དེའི་ངང་ལ་རང་སོར་ཅི་ཡིན་ནམ་སྙམ་པར་གནས་པ་ལ་བདུན། དེ་རང་སྣང་དུ་ཤེས་ནས་རིམ་གྱིས་ངེས་པ་ཐོབ་པ་ལ་བདུན་ཏེ། ཉི་ཤུ་རྩ་གཅིག་ན་ཀ་དག་ཏུ་གྲོལ་ལ། མ་ཐིམ་པའི་བར་དེར་སྤྲུལ་པ་བཀྱེ་ནས། ཀ་དག་ལ་ཐིམ་པའོ། །སྐད་ཅིག་ཉི་ཤུ་རྩ་གཅིག་ཏུ་མཉམ་ཡང་བསམ་གཏན་གྱི་ཞག་མང་ཉུང་ཡོད་པས་དབང་པོ་རྣོ་རྟུལ་དུ་བཞག་སྟེ། ཞག་དེ་དག་སྐད་ཅིག་དང་སྦྱར་ཞིང༌། དབང་པོའི་སྣང་ཚུལ་དང་ཞག་གི་རྣམ་གྲངས་དང༌། སྤྲུལ་པའི་འགྱེད་ཚུལ་ཐ་དད་པ་ནི། རང་ཤར་ལས། ལ་ལ་ཁ་དོག་དཀར་པོས་གྲོལ། ལ་ལ་ཁ་དོག་སེར་པོས་གྲོལ། །ལ་ལ་ཁ་དོག་དམར་པོས་གྲོལ། །ལ་ལ་ཁ་དོག་ལྗང་གུས་གྲོལ། །ལ་ལ་ཁ་དོག་མཐིང་གས་གྲོལ། །ལ་ལ་ཁ་དོག་ལྔ་ཀས་གྲོལ། །ལ་ལ་ཐིག་ལེ་ཟེར་གྱིས་གྲོལ། །དེ་ནི་ཐ་མའི་གྲོལ་ལུགས་སོ། །ཞེས་པ་དང༌། དབང་པོ་ཐ་མའི་གྲོལ་ལུགས་འདི་ལྟ་སྟེ། །དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བར་མཐོང་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི། ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐམ་་ཡང་རང་གི་སྣང་བར་མཐོང་ནས་བརྟན་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེས་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི། ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ལ་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ནས་དོན་བྱེད་ནུས་པའོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ལ་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ། ཞག་བཅོ་བརྒྱད་ཐོགས་ཏེ ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད། ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བར་མཐོང་ནས་བརྟན་བ་ཐོབ་བོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི། ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་བཅུ་གཉིས་ཐོགས་སོ། །ཡེ་ཤེས་བཞི་གནས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་རྨི་ལམ་ལྟ་བུའོ་ཞེས་སོ། །ཐ་མའི་ཐ་མ་དེ་རང་བཞིན་སྤྲུལ་པར་སྐྱེ་བས་འདིར་གྲོལ་བའི་ཁོངས་སུ་བཤད་དོ། །དེ་དག་ནི་དབང་པོའི་གྲོལ་ཚུལ་ཏེ་ཆིངས་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ། །སྤྱི་དོན་བཞི་པ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། གདམས་པའི་མཚོན་ཚུལ་མདོར་བསྟན་པ་དང་བར་དོའི་རང་ངོ་རྒྱས་པར་བཤད་པའོ། །དང་པོ་ནི། སྲིད་པའི་བར་དོ་རྨི་ལམ་གྱི་སྣང་བ་ལྟར་སྐད་ཅིག་ལ་ཐོགས་མེད་དུ་ཡུལ་ལ་འཇུག་ཅིང་སྐད་ཅིག་སྔ་མ་རྣམས་རང་འགགས་ལ་ཡལ་བས་ངོས་མི་ཟིན་པ། ད་ལྟ་ཐད་དྲང་གི་སྣང་བ་གསལ་པོ་ཡོད་ལ་ཕྱད་ཕྱོད་བན་བུན་ཡལ་ཡོལ་གང་དུ་བསམས་པའི་ཡུལ་དུ་སྐད་ཅིག་ལ་བགྲོད་པའི་རྫུ་འཕྲུལ་ཡོད་པའི་དུས་དེར། འདིའི་སྒོ་མཐོང་བ་རྣམས་ཀྱིས་བར་དོའི་རང་སྣང་ངོས་ཟིན་འོང་བས། ཕྱོགས་བཅུ་སྤྲུལ་པའི་ཞིང་ཡིད་ལ་བྱས་པ་ཙམ་གྱིས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་དེར་སྐྱེས་ནས་བར་དོ་མེད་པར་སངས་རྒྱའོ། །འདི་ལའང་སྔོན་རོལ་གྱི་གདམས་པ་ནི། ད་ལྟ་རིག་པ་མིག་གམ་ཚངས་བུག་ནས་འོད་ཀྱི་གོང་བུར་དམིགས་པ་སྐར་མདའ་རྒྱུག་པ་ལྟར་འཕེན་པའོ། །དེའི་དུས་ཀྱི་གདམས་པ་ཞིང་དེ་དྲན་ནས་ཤར་ལ་སོགས་པར་རིག་པ་རང་ཤུགས་ལ་འཕང་བའོ། །འདིའི་སྒོ་མ་མཐོང་བའི་འགྲོ་བ་ཕལ་པ་ཆོས་ལ་སྦྱངས་པ་རྣམས་སྒྱུ་ལུས་འཛིན་པ་དང༌། བདེན་མེད་དུ་སྦྱོང་བ་དང༌། ཞིང་དག་པ་ཡིད་ལ་བྱེད་པས་གྲོལ་བ་སྲིད་པར་བཤད་དེ་སོ་སོའི་སྒྲུབ་ཡིག་ལས་འབྱུང་བ་བཞིན་ནོ། །ཆོས་ལ་གོམས་པ་མེད་པ་རྣམས་ཞིང་དག་པར་སྨོན་ལམ་འདེབས་པ་དང༌། སྐྱབས་འགྲོ་བྱེད་པ་དང༌། མངལ་སྒོ་ངན་པ་ལ་ལོག་སྟེ། བཟང་པོ་འདེམ་པར་བྱེད་པའོ། །གསེར་ཕྲེང་ལས། འཁྲུལ་པ་སྲིད་པའི་ཆ་ཙམ་དུ། །རང་སྣང་རང་བཞིན་མེད་སྣང་དུ། །རང་སྣང་རང་བཞིན་མེད་ཤེས་ནས། །སྤྲུལ་པ་དྲན་པས་རང་རྒྱུད་འགྲོལ། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ཉི་ཤུ་སྟེ། འཁོར་ཚུལ། ངེས་ཚིག ཆ་བྱད། མངོན་ཤེས། རྫུ་འཕྲུལ། ཚེ་ཚད། ཁ་དོག མགོའི་ལྟ་ལུགས། ལས་གསོག་མི་བསོགས་གི་ཁྱད་པར། ལས་ཀྱི་ལྟས། མིང་གི་རྣམ་གྲངས ལུས་ཀྱི་ཚད། སྐྱེ་གནས་ངོས་གཟུང་བ། སྤྱོད་ལམ་གྱི་ཁྱད་པར། འོད་ཀྱི་ཚད། ལས་འབྲེལ་གྱི་ཁྱད་པར། ཕྱི་མའི་ལུས་དང་ཉོན་མོངས་པའི་འབྲེལ་ཚུལ། ཁམ་གསུམ་གང་དུ་གཏོགས་པའི་ཁྱད་པར། ཕྱི་མའི་མངལ་དུ་ཚུད་པའི་ལྟས། དཔེ་ཉེ་བར་མཚོན་པའོ། །དང་པོ་འཁོར་ཚུལ་གྱི་ཁྱད་པར་ནི། འདིའི་སྒོ་མ་མཐོང་བའམ་མཐོང་ཡང་ཡིད་མ་ཆེས་ཤིང་ཉམས་སུ་ལོན་པ་རྣམས་ལ་ཆོས་ཉིད་བར་དོ་ཡུན་ཐུང་བ་དང༌། རང་སྣང་དུ་ངོ་མ་ཤེས་ཏེ་སྲིད་པ་བར་དོར་ཡང་དང་ཡང་དུ་ཁ་འཁྱལ་ཏེ། ཤ་ཁྲག་རང་ཀའི་གཟུགས་མེད་ཀྱང་སྔོན་ནས་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་རྨི་ལམ་གྱི་ལུས་ལྟར་དབང་པོ་ཀུན་ཚང་ཞིང་ཤ་གཟུགས་སྐྱོན་མེད་དུ་ཡོད་ཡོད་འདྲ་བའི་སྣང་བ་འཆར་བས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང༌། །མི་བཟློགས་དེ་ནི་དྲི་ཟའོ། །ཞེས་ཆ་ལ་བཏགས་ནས་བཤད་དེ། ཤ་གཟུགས་དང་དབང་པོ་རང་མཚན་དུ་ཡོད་ན་ལུས་བླངས་ཟིན་དངོས་སུ་འགྱུར་བས་བར་དོ་ཡིན་པ་དང་འགལ་ལོ། །དེས་ན་བྱུང་གཞི་རྡོས་པའི་ལུས་དང་བྲལ་བས་ཡིད་ཀྱི་སྲིད་པའི་མིང་དང༌། འབྱུང་བཞི་ས་བོན་གྱི་ཆ་ལ་བརྟེན་ནས་ལུས་ལ་འཇུག་ཏུ་ཉེ་བས་སྒྱུ་མ་ལུས་ཀྱི་མིང་གཉིས་པ་ཅན། ས་ཟིན་མེད་པས་ལས་ཀྱིས་ཀུན་ཏུ་བསྐྱོད་ཅིང་འཁོར་བའོ། །གཉིས་པ་ངེས་ཚིག་ནི། ཆོས་ཉིད་ཀྱི་སྣང་བ་ནུབ་པ་དང༌། རིགས་དྲུག་གི་ལུས་དངོས་སུ་མ་བླངས་པའི་བར་གྱི་སྣང་བ་ཡིན་པས་བར་ཞེས་བྱའོ། །དེ་ནི་དེ་གཉིས་ཟུང་དུ་སྦྲེལ་བའི་དབུས་ཉིད་ལ་ངོས་གཟུང་ངོ༌། །སྲིད་པ་ནི་ཁ་ཅིག་སྤྲུལ་སྐུར་སྐྱེ་སྲིད། ཁ་ཅིག་ལྷ་མིར་སྐྱེ་སྲིད། ཁ་ཅིག་ངན་སོང་དུ་སྐྱེ་སྲིད། ཁ་ཅིག་གྲོལ་པས་སྲིད་པ་ཞེས་བྱ་སྟེ། བར་སྲིད་ཅེས་བྱའོ། །གསུམ་པ་ཆ་བྱད་ནི། བར་དར་ཇི་ཙམ་སྡོད་པའི་ཡར་ཕྱེད་སྔ་མའི་རྣམ་པ་ལ། མར་ཕྱེད་ནས་ཕྱིས་གང་དུ་སྐྱེ་བ་དེའི་ལུས་དང༌། གོས་དང་རྒྱན་ལ་སོགས་པ་ཡོད་པ་སྙམ་པ་ནི་རྨི་ལམ་གྱི་ཆ་བྱད་བཞིན་ནོ། །དེའང་ལྷ་མིར་སྐྱེ་བ་ལེན་ན་དེའི་རྣམ་པ་སྟེ། གཟུགས་སུ་སྐྱེ་ན་དང་པོ་འོད་ཀྱི་ལུས་སུ་ཡོད་པ་སྙམ་མོ། །གཟུགས་མེད་ལ་ཡར་སྐྱེ་དུས་གཟུགས་མེད་པས་རྣམ་པ་མི་འཆར་ཡང༌། ནམ་མཁའ་དང་པ་ཙམ་གྱི་སྣང་བ་ལས་སྐྱེ་བའོ། །གཟུགས་མེད་ནས་ཁམས་འོག་མར་འཕོ་དུས་ཕྱེད་སྔ་མའི་ཏིང་ངེ་འཛིན་དང་པ་ཙམ་རང་སྤྲུལ་ཏིང་ངེ་འཛིན་པའི་རྣམ་པ་ལས་གཞན་མེད་ལ། ཕྱེད་ཕྱི་མ་གང་དུ་སྐྱེ་བའི་རྣམ་པར་འཆར་རོ། །ལྷ་མིན་དང༌། ངན་སོང་གསུམ་ནི་དེའི་རྣམ་པ་འཆར་ལ། མནར་མེད་དུ་སྐྱེ་ན་ཟང་ལ་ཐལ་བས་བར་དོ་མེད་དོ། །དེ་བཞིན་དུ་ཡར་ཟང་ཐལ་བ་དང༌། འཕོ་བ་འབྱོངས་པས་སྐྱེ་གནས་གང་དུ་ཟང་ཐལ་བས་བར་དོ་མི་སྣང་ལ། གཞན་རྣམས་ནི་བར་སྲིད་ལ་ལམ་བྱེད་དོ། །བཞི་པ་མངོན་ཤེས་ནི། སྔར་ཆོས་ཉིས་བར་དོའི་མངོན་ཤེས་ཀྱི་ཆ་བག་ལ་ཉལ་འདིར་ཡོད་པ་དེའི་དབང་གིས་སྔར་གནས་པའི་འཇིག་རྟེན་དེའི་སྣོད་བཅུད་ཀྱི་རྒྱ་དང༌། དཔངས་དང༌། ཚད་དང༌། ཆགས་འཇིག་ལ་སོགས་པ་དང༌། ཕྱིས་སྐྱེ་ས་དེའི་སྣོད་བཅུད་ཀྱི་མཚན་ཉིད་ཀུན་སྐད་ཅིག་ལ་མེ་ལོང་དུ་གཟུགས་བརྙན་ཤར་བ་མཐོང་བ་བཞིན་ཤེས་སོ། །དེ་ལྟར་ཕྱི་མའི་གནས་གང་སྐྱེ་དེར་འདོད་ཅིང་འདུན་པས་སྐྱེ་སྟེ། ལྷ་མིའི་ཡུལ་མཐོང་ནས་ཆགས་པས་དེར་སྐྱེ་བ་དང༌། ལྷ་མིན་དང༌། དུད་འགྲོའི་ནགས་དང་མཚོ་གླིང་མཛེས་དགུར་མཐོང་བས་དེ་དག་ཏུ་སྐྱེ་ལ། དམྱལ་བ་ཡི་དྭགས་ཀྱི་གནས་ཀྱང་འོད་ཟེར་གསལ་བའི་མེའི་སྣང་བ་མཛེས་ཤིང་ཆགས་པ་ལྟར་མཐོང་ནས་ཕྱིན་པ་སྙམ་པ་ལས་སྐྱེ་སྟེ། མདོར་ན་གང་སྐྱེའི་གནས་དེ་མཛེས་ཤིང་དགའ་བར་མཐོང་བ་དང༌། དགྲས་དེད་པས་སྐྱབས་སུ་མཐོང་ནས་དེར་གབ་པའི་སེམས་དར་ཅིག་ཆགས་པས་སྐྱེ་བ་ལེན་ནོ། །དེའང་འདོད་པར་སྐྱེ་བ་ཐམས་ཅད་སེམས་འདོད་ཆགས་ཀྱི་མངོན་ཤུགས་ལངས་པས་ཡུལ་ལ་དགའ་གདུང་ལྷག་པར་ཆེ་བ་སྐྱེ་ལ། གཟུགས་སུ་སྐྱེ་ན་རགས་སྣང་ལ་ཞེ་སྡང་ཞིང་འོད་ལ་དགའ་གདུང་སྐྱེའོ། །གཟུགས་མེད་དུ་སྐྱེ་ན་སྣང་བ་གང་ཡང་དགའ་གདུང་མེད་པས་ཅི་ཡང་མེད་པའི་སེམས་གནས་པ་ཙམ་ལ་དགའ་བར་སྐྱེའོ། །སྣོད་བཅུད་སྣང་བ་དེ་ཡང་སྐད་ཅིག་ཙམ་ལས། དེ་ནས་བག་ཆགས་ཚན་ཆེ་བའི་དབང་གིས་འགག་གོ །འདིར་མངོན་ཤེས་འཆར་བའི་རྒྱུ་གང་ལས་བྱུང་ན། ཆོས་ཉིད་ཀྱི་ས་བོན་ཡོད་པ་དེ་འདིར་སྒྲིབ་བྱེད་ལུས་རང་ཀ་མ་མེད་པ་དང༌། ཆོས་ཉིད་གོང་དུ་མཐོང་བའི་བྱིན་རླབས་ལས་བྱུང་བའོ། །ལྔ་པ་རྫུ་འཕྲུལ་ནི། དབང་པོ་གསལ་ཞིང་ལུས་རྫོགས་པར་སྣང་བ་དེ་རྨི་ལམ་དུ་འཕུར་བ་ལ་སོགས་པ་ལྟར། ནམ་མཁའ་ལ་འགྲོ་ཞིང་ཤེས་པ་གང་གཏད་དེར་ཚུད་དེ། ཆུང་བ་ཁབ་མིག་དང་རྟ་རྔའི་བརྒྱ་གཤགས་ཀྱི་ནང་དུའང་ཚུད་ལ། ཆེ་བ་རྟ་གླང་དང་རི་བྲག་དང་ནམ་མཁའ་ལའང་ཚུད་པས གཟུགས་ཆེ་ཆུང་མ་ངེས་པའི་སེམས་ཅན་དུ་འོང་ལ། ས་ཆུ་མེ་རླུང་རི་བྲག་ལ་སོགས་པ་ཀུན་ལ་ཟང་ཐལ་དུ་འགྲོ་ཞིང༌། འབྱུང་བཞིའི་གནོད་པས་མི་ཚུགས་ཤིང༌། འབྱུང་བ་གང་ལའང་འཇུག་པའི་ནུས་པ་ཡོད་པས། བྲག་གི་ནང་ལ་སོགས་པ་དང་སྒོ་ངའི་ནང་དུ་སེམས་ཅན་འོང་བའི་གནད་དོ། །འདིའི་དུས་སུ་རྡོ་རྗེ་གདན་དང་མའི་མངལ་མ་གཏོགས་གང་ལའང་ཐོགས་པ་མེད་ཅིང༌། རིས་མཐུན་པ་དང་ལྷའི་མིག་ཅན་མ་གཏོགས་པས་དེ་མི་མཐོང་ལ། དེས་སེམས་ཅན་གྱི་གནས་རིས་ཀུན་ཕར་མཐོང་བའོ། །རྫུ་འཕྲུལ་འདིའི་རྒྱུན་ནི་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བའི་ཆ་ལས་བྱུང་བ་སྟེ། དེ་ཡང་སྐད་ཅིག་ཙམ་བྱུང་ནས་ཡང་འགགས་ཤིང་ནུབ་སྟེ་སྣང་བ་གཞན་འབྱུང་ངོ༌། །གཞན་ཤར་དུས་གོང་མ་རྣམས་བརྗེད་ནས་མི་སྣང་བ་རྨི་ལམ་སྔ་ཕྱི་རྨི་ལམ་ཁུང་དེར་མི་དྲན་པ་བཞིན་ནོ། །དྲུག་པ་ཚེ་ཚད་ནི། སྣང་བའི་སྐྱེ་ཚུལ་ཉི་ཤུ་པོ་འདི་ཞག་བདུན་ལ་རྫོགས་ཏེ། བར་སྲིད་དེའི་ཚེ་ཞག་བདུན་ལོན་ནས་ཟད་པའི་ཕྱིར་རོ། །ཚེ་དེ་ལས་མེད་དམ་ཞེ་ན། ཡང་བག་ཆགས་ཀྱི་དབང་གིས་གོང་གི་སྣང་བ་སད་ནས། ཡིད་ཀྱི་ལུས་བླངས་ཏེ་ལན་བདུན་དུ་འཆི། ལན་བདུན་དུ་སྐྱེ་བར་སྣང་བ་རྨི་ལམ་གྱི་སྐྱེ་ཤི་བཞིན་ནོ། །བདུན་དུ་སྐྱེ་བ་ཡང་བརྫུས་ནས་སྐྱེ་ལ། འཆི་བ་དང་སྐྱེ་བ་ཐམས་ཅད་སྐད་ཅིག་ལ་བྱེད་དོ། །དགེ་བའི་སྟོབས་འདེབས་ན་ཞག་བདུན་བདུན་གྱི་བདུན་ཚིགས་བྱས་པས་ཕན་ཆེའོ། །དེའང་སྐྱེ་བ་བདུན་གནས་པར་སྣང་བ་བདུན་འཆི་བར་སྣང་བ་བདུན་ཏེ་ཉི་ཤུ་རྩ་གཅིག་པ་ཕྲག་གཅིག་ནི། ལུས་ལེན་པའི་རིང་མཐའ་སྟེ། བདུན་ཚན་བདུན་གྱིས་ཞག་བཞི་བཅུ་རྩ་དགུ་སྟེ། དེའི་ཁོངས་སུ་ལས་ཐ་དད་པས་ལུས་སོ་སོ་བ་ལེན་ནོ། །སྤྱིར་བར་སྲིད་ཀྱི་ཚེ་ཐུང་མཐའ་ཞག་བདུན། རིང་མཐའ་བཞི་བཅུ་རྩ་དགུ། བར་མ་དེའི་བར་རོ། །དེའང་འདོད་པ་ན་དུས་མ་ཡིན་པར་འཆི་བ་ལྟར། དེར་ཡང་དུས་མིན་དུ་ལས་ཀྱིས་འཆི་བ་སྲིད་ལ། ལས་འགས་དེ་ལས་རིང་བའང་སྲིད་པར་བཤད་ཀྱང་བར་མའི་དབང་དུ་བྱས་པའོ། །སྐྱེ་ཤིར་སྣང་བའི་རྒྱུ་ནི། སྔར་གྱི་འཆི་བ་དྲན་པ་ལས་གོང་དུ་ཉིན་མཚན་གྱི་ཆ་གང་ལ་ཤི་བའི་དུས་དེར་འདི་ཡང་འཆི་ལ། སྐྱེ་བ་དྲན་པས་སྐད་ཅིག་ལ་སྐྱེ་བའོ། །བདུན་པ་ཁ་དོག་ནི། ཕྱིས་གང་སྐྱེའི་ལུས་ཀྱི་ལྟས་སུ་སྣང་སྟེ། ལྷ་མིར་སྐྱེ་ན་དཀར་བ་དང༌། ལྷ་མིན་དང་དུད་འགྲོར་སྐྱེ་ན་སེར་བ་དང༌། ཡི་དྭགས་སུ་སྐྱེ་ན་དུ་བ་ལྟ་བུ་དང༌། དམྱལ་བར་སྐྱེ་ན་བལ་ནག་གཡེང་བ་འདྲ་བའོ། །འདིའི་རྒྱུན་ནི་གོང་དུ་ལོངས་སྐུའི་མདོག་དང་ཕྱག་མཚན་མཐོང་བ་ལས་བྱུང་བའོ། །བརྒྱད་པ་མགོ་ལྟ་བའི་ཁྱད་པར་ནི། ལྷ་མིར་སྐྱེ་ན་གྱེན་ལའོ། །ལྷ་མིན་བྱོལ་སོང་འཕྲེད་ལའོ། ཡི་དྭགས་དམྱལ་བ་ཐུར་དུའོ། །དགུ་པ་ལ་གསོག་མི་བསོག་ནི། རགས་པ་མངོན་གྱུར་དུ་མི་གསོག་ལ། ཕྲ་བ་བག་ལ་ཉལ་ཡིད་ཀྱི་སྟོབས་ལ་བརྟེན་ནས་གསོག་སྟེ། ལས་བར་མ་ཞེས་བྱའོ། །དེའང་ཆོས་ཉིད་བདེན་པ་མཐོང་བས་སྔར་གྱི་མངོན་གྱུར་པའི་ལས་མི་སྣང་ལ་ས་བོན་དུ་ཡོད། འདིར་རྨི་ལམ་གྱི་རང་དུས་བཞིན་དུ་ལས་བར་མ་ཕྲ་བ་ཕྱི་མའི་ཁ་སྣོན་ཙམ་གསོག་པས། ཕྱི་མའི་ལས་ཀྱི་འབྲེལ་པ་ཡང་འདིའི་རྒྱུ་མཐུན་གྱི་འབྲས་བུ་གཅིག་ལ་གཅིག་བརྒྱུད་བྱས་ཏེ་འཁོར་བར་བྱེད་པའོ། །གསོག་ལུགས་ནི། ཁྱད་པར་གྱི་སྣང་བ་གཅིག་ནུབ་གཅིག་མ་སྐྱེས་པའི་ཁར་བསགས་པས་དེའི་དབང་གིས་སྔར་གྱི་སྣང་བ་མི་གསལ་བའོ། །དུས་ནི་ཤེས་པ་སྔ་ཕྱིའི་བར་རོ། །རྒྱུ་ནི་སྔར་གྱི་མངོན་གྱུར་མེད་ཀྱང་ཕྲ་བ་བག་ལ་ཉལ་དང་བསམ་གཏན་གྱི་ཆ་ལས་སོ། །འདིར་གསོག་པ་ནི་གོང་དུ་ཆོས་ཉིད་ལ་བྲེད་ཅིང་སྔངས་པ་ལས་བྱུང་བའོ། །བཅུ་པ་ལས་ཀྱི་ལྟས་ནི། སྔར་ལས་དག་པ་ས་བོན་གྱི་ཆས་སྣང་བ་དེའི་དུས་སུ་གོང་མའི་ཆོས་ཉིད་ཀྱིས་རབ་ཏུ་གསལ་ཞིང་བརྟགས་པ་ཡིན་ལ། སྔར་གྱི་ས་བོན་མ་དག་པས་ཤེས་པ་མི་གསལ་ཞིང་རྨུགས་པའོ། །ཤེས་པ་གསལ་མི་གསལ་སྔར་གྱི་དགེ་མི་དགེའི་འཕེན་པ་ལས་བྱུང་བའོ། །རྒྱུ་ནི་གཉིས་ལས་གསལ་བའི་རྒྱུ་སྔར་རྗེས་དྲན་དག་པ་ལས་བྱུང་ལ། མི་གསལ་བ་ཆོས་ཉིད་ལ་རྒྱབ་ཀྱིས་ཕྱོགས་པ་ལས་བྱུང་བའོ། །སྔར་ལྷ་མཐོང་བའི་ཆ་ལ་རྗེས་དྲན་དུ་བཏགས་ཀྱི་རྗེས་དྲན་མཚན་ཉིད་པ་མ་མཐོང་བས་འདིར་འཁྲུལ་པའོ། །བཅུ་གཅིག་པ་མིང་གི་རྣམས་གྲངས་ནི། འབྱུང་བཞི་ས་བོན་གྱི་ཆ་ལས་མིང་བཞི་འདུས་པའི་བདག་ཉིད་ཅན་ཏེ། འབྱུང་བ་སའི་བྱེད་ལས་འདུས་པས་སྲིད་པ་ཤ་གཟུགས་ཀྱི་བདག་ཉིད་ཅན་དང་གཅིག ཆུའི་བྱེད་ལས་ཀྱི་ས་བོན་སྒྱུ་མ་ལྟ་བུའི་ལུས་སུ་བྱུང་བས། འདིའི་དུས་ན་ཟས་སུ་དྲི་ཟ་ཞིང་གོང་མའི་ལས་ལ་ཉེ་བར་འཁོར་བ་དང་གཉིས་ཀྱིས་སྲིད་པའི་བར་མ་དོར་ཕུང་པོ་ལྔའི་ཉིང་མཚམས་སྦྱོར་བ་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། མེའི་བྱེད་ལས་ཀྱི་ས་བོན་ལ་སྲིད་པ་ཡིད་ཀྱི་གཟུགས་ཙམ་ལས། ཤ་ཁྲག་རང་ཀ་མ་མེད་ཀྱང་ས་བོན་གྱི་ཆ་ལ་ཡོད་པ་དེ་ཡི་གཟུགས་ལ་སྨིན་པས་དབང་པོ་དང་ཡན་ལག་ཀུན་ཚང་བ་སྙམ་བྱེད་པས། དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་གསུམ། འབྱུང་བ་རླུང་གི་བྱེད་ལས་ཀྱིས་ས་བོན་ལས་ལས་ཀྱི་རླུང་གིས་ཐོགས་པ་མེད་པར་བཏེག་ནས་ཀུན་ལ་ལྟ་སྙིང་འདོད་ཅིང་འཇུག་པས་ཐོགས་མེད་ལྡན་ནམ། འཇུག་སྲིད་ཅེས་བྱ་བ་དང་བཞིའོ། །འདི་དག་རྒྱུ་ཅི་ལས་བྱུང་ན། གོང་མའི་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་བྱུང་ངོ༌། །བཅུ་གཉིས་པ་ལུས་ཀྱི་ཚད་ནི། ལས་མ་དག་པ་རྣམས་བྱིས་པ་ལོ་བརྒྱད་པ་ཙམ་ལ། དག་པ་རྣམས་ལོ་བཅུ་དྲུག་ལོན་པའི་ལུས་ཀྱི་ཚད་དེ་རྨི་ལམ་གཟུགས་ལྟ་བུ་ལས་རང་མཚན་དུ་མེད་དོ། །རྒྱུ་ནི་ལྷུན་གྲུབ་ཀྱི་འཆར་ལུགས་བརྒྱད་མཐོང་བ་ལས་བྱུང་བའོ། །བཅུ་གསུམ་པ་སྐྱེ་གནས་གང་དུ་གཏོགས་པ་ནི། མངལ་སྐྱེས། སྒོང་སྐྱེས། དྲོད་བཤེར་སྐྱེས། རྫུས་སྐྱེས་བཞི་ལས། རྫུས་སྐྱེས་སུ་གཏོགས་ལ། ཆོས་གང་དང་མཐུན་ན་རྫུ་འཕྲུལ་དང་འོད་ཡོད་པས་ལྷ་དང་མཐུན་ལ། ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་ལ་སྤྱོད་པས་དམྱལ་བ་དང་མཐུན་ཏེ། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཞེས་པས་སོ། །རྒྱུ་ནི་གོང་དུ་སྤྲུལ་པའི་རྣམ་པ་མཐོང་བ་ལས་བྱུང་བའོ། །བཅུ་བཞི་པ་སྤྱོད་ལམ་ནི། ཆོས་ཉིད་བདེན་པའི་སྟོབས་ཡལ་བས་སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གྱི་གང་བྱེད་དེ་འདིར་ཡང་སྤྱོད་པའོ། །རྒྱུ་ནི་ཆོས་ཉིད་ཀྱི་དུས་སུ་རང་སྣང་ལ་བྲེད་ཅིང་སྔངས་པ་ལས་བྱུང་ངོ༌། །བཅོ་ལྔ་པ་འོད་ནི། ལས་དག་པ་མངོན་མཐོར་སྐྱེ་བ་རྣམས་ལ་དཀར་པོ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་ངན་འགྲོར་སྐྱེ་བ་རྣམས་ལ་སེར་པོ་དང་ནག་པོ་མོག་མོག་པོ་རང་གསལ་ཙམ་མོ། །དེ་དག་གི་རྒྱུ་ནི་ཆོས་ཉིད་ཀྱི་རང་འོད་ལས་བྱུང་ངོ༌། །བཅུ་དྲུག་པ་ལས་འབྲེལ་ནི། ཕྱི་མ་བཟང་འགྲོ་ཆོས་དང་ལྡན་པར་སྐྱེ་ན་འདིར་དགེ་བའི་རྣམ་པ་དང་འཕྲད། ཕྱི་མ་ནོར་དང༌། འཁོར་དང་ལོངས་སྤྱོད་དང་ལྡན་པར་སྐྱེ་ན་རང་ཡིད་དུ་འོང་བའི་རྣམ་པ་དེ་དག་དང་འཕྲད་པར་སྣང་ངོ༌། །ཕྱི་མ་དབང་པོ་མ་ཚང་བ་དང་སྡིག་ཅན་དང༌། ངན་འགྲོ་ལ་སོགས་པར་སྐྱེ་ན། ཡིད་དུ་མི་འོང་བ་དང༌། དབུལ་བ་ལ་སོགས་པའི་རྣམ་པ་དང་འཕྲད་པ་སྙམ་མོ། །རྒྱུ་ནི་ཆོས་ཉིད་ལ་ཆགས་པའམ་སྡང་བར་བཟུང་བ་ལས་བྱུང་བའོ། །བཅུ་བདུན་པ་ལུས་དང་ཉོན་མོངས་ཀྱི་འབྲེལ་ནི། གཟུགས་རང་ཀ་མ་མེད་ཀྱང་རྨི་ལམ་ལྟ་བུའི་ཁུང་ན་རང་གཟུགས་ལ་ཆགས་པ་སྐྱེ་ན་འདོད་པ་དང༌། སྡང་བ་སྐྱེ་ན་གཟུགས་དང༌། བར་མ་སྐྱེ་ན་གཟུགས་མེད་དུ་སྐྱེའོ། །དེ་དག་གི་རྒྱུ་ནི་ཆོས་ཉིད་བདེན་པ་ལས་གོལ་བ་ལས་བྱུང་ངོ༌། །བཅོ་བརྒྱད་པ་ཁམས་གང་དུ་གཏོགས་པ་ནི། འདོད་པ། གཟུགས། གཟུགས་མེད་གསུམ་ལས། མིང་བཞིའི་ཕུང་པོ་སྒྱུ་མ་ཡིད་ཀྱི་ལུས་སུ་ཡོད་པ་སྙམ་ཡང༌། ཕྱི་མའི་ཕུང་པོ་མ་བླངས་པས་གཟུགས་རང་ཀ་མ་མེད་པའི་ཕྱིར། གཟུགས་ལས་གཞན་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བག་ལ་ཉལ་གྱི་ཕུང་པོར་གནས་པས་གཟུགས་མེད་ཁམས་སུ་གཏོགས་པའོ། །གཟུགས་མེད་པའི་རྒྱུ་ཅི་ལས་བྱུང་ན་གོང་དུ་ཆོས་ཉིད་སྒྱུ་མ་ལྟ་བུ་མཐོང་བ་ལས་བྱུང་བའོ། །བཅུ་དགུ་པའི་ཕྱི་མའི་མངལ་དུ་ཚུད་པའི་ལྟས་ནི། བདུན་ཕྲག་གཅིག་གམ་གཉིས་ནས་བདུན་གྱི་བར་བར་སྲིད་མྱོང་ངེས་ཀྱི་ལས་རྫོགས་ནས་ཕྱི་མའི་སྲིད་པ་སོ་སོར་དང་པོ་ཚུད་དུས། ལྷའི་སྐྱེ་གནས་སུ་ཚུད་ན་འདིའི་དུས་སུ་ཤེས་པའི་སྣང་བ་ལ་ལྷ་ཁང་གི་ཡང་ཐོག་གམ་རིན་པོ་ཆེའི་ཁང་བུ་བརྩེགས་པའི་ནང་ན་འདུག་པ་སྙམ་བྱེད་དོ། །ལྷ་མ་ཡིན་གྱི་མངལ་དུ་ཚུད་ན། མགལ་མེའི་འཁོར་ལོའི་ནང་ན་འདུག་པའམ། ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་པ་འོང་ངོ༌། །མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་བ་སྙམ་བྱེད་ན་མི་ལུས་ཙམ་པོ། །ནམ་རྨུགས་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་ལྟས་སོ། །བྱོལ་སོང་གི་མངལ་དུ་ཚུད་ན་སྤྱི་བོའི་ནང་ངམ་ཕུག་གམ་ན་བུན་གྱི་ནང་ན་འདུག་པ་སྙམ་པའོ། །ཡི་དགས་ཀྱི་མངལ་དུ་ཚུད་ན་གྲོག་པོ་ཕུགས་རྡུགས་ན་འདུག་པ་སྙམ་མོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་མ་དོ་ལ་གནས་སོ། །འདི་དག་བྱུང་ནས་མངལ་དུ་ཚུད་ཟིན་པས། འགྲོ་བར་འདོད་ཀྱང་ཐོགས་པ་དང་བཅས་པས་དབང་མེད་དོ། །རྒྱུ་ནི་གོང་དུ་ཆོས་ཉིད་བདེན་པ་ལ་ཡིད་མ་ཆེས་པ་ལས་སོ། །ཉི་ཤུ་པ་དཔེ་ནི། རྩྭས་མེ་འཛིན་པ་ལྟར་ལས་དང་བག་ཆགས་ཀྱི་དབང་གིས་མངལ་གནས་འཛིན་པ་དང༌། འདམ་རྫབ་ཀྱིས་སྐྱེ་འགྲོའམ་ནོར་བུའམ་ཤིང་ལ་སོགས་པ་འཛིན་པ་ལྟར་འཁོར་བ་ན་རང་རིག་པའི་ཡེ་ཤེས་འཛིན་པ་དང༌། བྱ་རྒྱས་བྱ་འཛིན་པ་ལྟར་ཕ་མའི་སྙོམས་འཇུག་གི་རྙིས་བར་སྲིད་ཀྱི་སེམས་ཅན་འཛིན་པ་ནི། དབྱར་གྱི་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར། ཕ་མའི་སྙོམས་འཇུག་གི་མངལ་སྒོར་བར་སྲིད་བྱེ་བ་དཔག་མེད་འཕུངས་ཏེ། ཕ་མའི་བདེ་བའི་རོ་མྱོང་བ་ཙམ་གྱིས་དེར་སྐྱེ་བའི་ལས་ཅན་དེ་རང་དབང་མེད་པར་མངལ་རྒྱས་འཐུམས་པ་ནི་མའི་བཤང་ལམ་ན་འཇུག་གོ །དེ་དག་ཀྱི་ཉི་ཟླ་ཁ་སྦྱོར་ལས། འདི་ཉིད་ལུང་དང་མི་ལྡན་པའི། །སེམས་ཅན་གྱི་ནི་འཇུག་པ་ཡི། །སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་ཀའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བའི་མིང་གཉིས་པའོ། །སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུའང་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་སྣོད་སྤྱི་དང༌། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་ཉིད་གང་སྐྱེའི་སྣོད་བཅུད་ཀྱང༌། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱིས་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཅོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་ལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་ལྟ། །འདི་དག་ད་གཟོད་སྐྱེ་བའི་དབང༌། །སྲིད་པ་བར་དོའི་ལས་རྣམས་ནི། །གསོག་དང་མི་གསོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གིས་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་བསོགས་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞི་མ་དག་རྣམ་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང༌། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་བཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང༌། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་པོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །རྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་རྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་འདི་ལྟ་བུ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་སྤྱོད་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་རགས་བྱུང་བ། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷེང་ལྷེང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང༌། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བ་དགེ་དང་ཡིད་འོང་འཕྲད། །ངན་པའི་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་མའི་ལུས་དང་འབྲེལ་པར་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་བཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་པར་མ་སྲིད། །མིང་བཞིའི་འདུས་པའི་ཕུང་པོ་ལས། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང༌། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང༌། །ངན་སོང་རྣམས་ནི་སྤྱིལ་པོའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེར་ན་རྩྭས་ནི་མེ་འཛིན་དང༌། །དེ་བཞིན་འདམ་གྱིས་རྫས་འཛིན་དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ཏོ། །ཞེས་སོ། །དེ་ལྟར་སྲིད་པ་བར་དོ་ནས་ལམ་བརྒྱུད་དེ། ལས་ཀྱི་དབང་གིས། དགའ་ལྡན་དང༌། རྩོད་ལྡན་དང༌། ཆ་མཉམ་ལྡན་དང༌། གཉིས་ལྡན་དང༌། བཀྲེས་ལྡན་དང༌། སྡུག་བསྔལ་ཆེན་པོ་དང་ལྡན་པའི་གནས་སུ་ཟོ་ཆུའི་འཁོར་ལོ་ལྟར་གཅིག་ནས་གཅིག་ཏུ་འགྲོ་བས་འགྲོ་བ་རིགས་དྲུག་ཅེས་བྱ་སྟེ། རང་ཤར་ལས། རྣམ་རྟོག་འཁོར་བ་ཁོ་ན་སྟེ། །ངུ་འབོད་ཆེན་པོའི་གནས་དང་ནི། །ཤིན་ཏུ་བཀྲེས་པའི་གནས་དག་དང༌། །རྨུགས་ཤིང་མྱོས་པའི་གནས་ཆེན་དང༌། །རབ་ཏུ་རགས་པའི་གནས་དང་ནི། །དེ་བཞིན་ཆ་མཉམ་གནས་ཆེན་དང༌། །ཤིན་ཏུ་དགའ་ལྡན་གནས་སུ་བཤད། །མ་རྟོགས་པ་ཡི་སེམས་ཅན་རྣམས། །དེ་ལས་འགྲོ་ས་མེད་པའོ། །ཞེས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། རང་སྣང་བར་དོའི་ཆར་ཚུལ་བསྟན་པ་སྟེ་རིམ་ཁང་ཉི་ཤུ་རྩ་གསུམ་པའོ། །དེ་ལྟར་བརྩོན་པ་དང་དབང་པོ་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པ་རྒྱ་ཆེར་བསྟན་ནས། ད་ནི་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་དབུགས་འབྱིན་པའི་ཆོས་ཀྱི་རྣམ་གྲངས་བཤད་དེ། དེ་ལ་འདིའི་སྒོ་མཐོང་བའི་དབང་པོ་ཐ་མའི་ཐ་མ་ལའང་རིགས་གཉིས་ལས། ཡང་མཐའ་ནི་མངོན་སུམ་གྱི་སྒོ་མཐོང་ཡང་ཡིད་མ་ཆེས་པས་ཉམས་སུ་མ་བླངས་པ་དང༌། ཡིད་ཆེས་ཀྱང་ཉམས་སུ་བླང་ལོང་སྐད་ཅིག་ཀྱང་མེད་པར་ཚེ་འདིས་གཡེངས་པ་དག་ནི་སྲིད་པ་གཞན་དུ་བརྒྱུད་པར་ཟངས་ཡིག་ཅན་ནས་བཤད་ལ། སྒོ་མཐོང་ནས་ཡིད་ཆེས་པས་ཉམས་སུ་བླངས་ཀྱང༌། སྣང་བ་ཆེར་ཡང་མ་འཕེལ། རྟོགས་པས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་མ་འཕྲད་པས་རྟོགས་པ་རྒྱུད་ལ་མ་སྐྱེས། འོན་ཀྱང་ཉམས་སུ་བླངས་པས་མི་དགེ་བའི་འཇུག་པ་བསྲབས་ཏེ། རྨི་ལམ་དགེ་བར་འགྱུར་བའི་གང་ཟག་སྐལ་ལྡན་རྣམས་རང་བཞིན་སྤྲུལ་པར་ཆོས་ཉིད་བདེན་པའི་བྱིན་གྱིས་བརླབས་ལས་སྐྱེ་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདེན་པ་མཐོང་བའི་སེམས་ཅན་ནི། རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཅེས་བཤད་པས། དབང་པོ་ཐ་མའི་ཐ་མའམ་དེ་གོང་དུ་ཆོས་ཉིད་ཀྱི་བར་དོ་ཤར་ཡང་བདེན་པའི་སྟོབས་མ་རྙེད་པས། སྲིད་པའི་བར་དོ་རྨི་ལམ་དང་འདྲ་བར་ལམ་བྱུང་དུས། ང་ཤི་འདུག་སྙམ་དུ་ངོས་ཟིན། སྲིད་པ་བར་དོར་ཁ་འཁྱལ་བ་དེ་དྲན་ཏེ། བླ་མ་དྲན་ནས་དེའི་གདམས་པ་དྲན་པ་ལས། ད་ནི་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པ་ཙམ་ལས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང༌། སྲིད་པ་བར་དོ་ལ་རང་ཀར་འཛིན་པའི་དྲི་མ་མེད་པས་སྲིད་པའི་ཕྱི་མར་བརྒྱུད་པའི་བག་ཆགས་ཟད་དེ། ཞིང་དེར་པདྨ་ལ་རྫུས་ཏེ་སྐད་ཅིག་གིས་སྐྱེས་ནས་དབུགས་འབྱིན་ཏེ། ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་གསུམ་དབུགས་འབྱིན་པ་དང་ཞེས་པ་དང༌། ཀྱེ་སྟོན་པ་རྡོ་རྗེ་སེམས། །འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་སོ། །འདི་ལ་སྔོན་རོལ་གྱི་གདམས་པ་ནི། ཉིན་དུས་རང་སྣང་མངོན་སུམ་ལ་གོམས་པ། མཚན་མོ་འོད་ལྔ་སྙིང་ནང་དུ་གོམས་པས་སྤྲུལ་པའི་ཞིང་དུ་ལྟ་བའི་ངང་ལ་ཉལ་བ། ཐུན་པར་འཕོ་བས་རྩལ་སྦྱང་བ་སྟེ། ཡུལ་སྤྲུལ་པའི་ཞིང་དེར་ཡེ་ཤེས་སྙིང་ནས་ཚངས་བུག་གམ་མིག་ནས་གཙོ་བོའི་ཐུགས་ཀར་རྣམ་ཤེས་རླུང་ཞོན་གྱི་གནད་ཀྱིས་འཕངས་པས། བར་དོའི་གཡང་ས་ཆོད་ནས་གྲོང་བཟང་པོ་གཅིག་ནས་གཅིག་ཏུ་འཕོ་བ་ལ་ཉེས་ཞོ་མེད་པ་ལྟ་བུ་སྟེ། འཆི་ཀར་རླུང་ཕར་སོང་ཚུར་མ་འདུས་པའི་སྐབས་དེར་དམིགས་པ་གསལ་བཏབ་ནས་ཧིག་གིས་འཕོ་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ཞོན་དག་ལ་སྦྱང༌། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕངས་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །ཞེས་སོ། །དེ་ལྟར་བྱས་པས་ཁ་ཅིག་དེ་ཉིད་དུ་དག་པའི་ཞིང་དུ་སྐྱེ་བ་ཡང་ཡོད་ལ། བརྒྱ་ལམ་བར་དོ་ནས་ལམ་བྱུང་ཡང་སྲིད་པ་བར་དོ་་ངོས་ཟིན་འོང་ངེས་ཏེ། དེའི་དུས་སུ་ཞིང་དེ་དྲན་པ་ཙམ་གྱིས་ཆོས་ཉིད་ཀྱི་བྱིན་རླབས་ལས་སྐྱེ་བ་ཡིན་གྱི། གདམས་ངག་གཞན་གབ་པ་ཅི་ཡང་མེད་དོ། །དེ་ནས་རང་བཞིན་སྤྲུལ་པར་དབུགས་འབྱིན་ལུགས་ལ། རང་བཞིན་ཅེས་པ་ལ་གཉིས་ཏེ། གནས་པའི་རང་བཞིན་དང་ བགྲངས་པའི་རང་བཞིན་ནོ། །གནས་པ་ནི། ཡེ་ནས་འདི་ཉིད་ལམ་སྣང་དུ་གནས་ཏེ། གཞི་སྣང་ལྷུན་གྲུབ་ཀྱི་སྒོའི་ལོངས་སྐུའི་ཕྱོགས་བཞི་ན་སྣང་བའོ། །ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང༌། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་ངོས་གཟུང་བའོ། །བགྲངས་པ་ནི། ཕ་རོལ་ཏུ་ཕྱིན་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདོད་དེ་སངས་རྒྱས་ཀྱི་སྣང་བ་ཁྱད་པར་ཅན་གྱི་སའོ། །འདིར་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། རང་གི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་བྱའི་སྒྲིབ་པས་བསྒྲིབས་ནས་སྐུ་མི་མཐོང་སྟེ། དེ་དག་གི་སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟད་ནས་སངས་རྒྱས་བར་འདོད་པའོ། །འདི་ཉིད་ལ་བསོད་ནམས་བསགས་པའི་ཆོས་སྐུར་མིང་བཏགས་པ་ཡང་ཡོད་དོ། །དེའི་ཕྱིར་ན་ཀློང་དྲུག་པ་ལས། བསོད་ནམས་བསགས་པའི་ཆོས་སྐུ་དང་ ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་པའོ། །སྤྲུལ་པ་ཞེས་པ་ནི། ཞིང་བཞི་དབུས་དང་ལྔ་ནི་སངས་རྒྱས་རིག་ལྔའི་སྤྲུལ་པའི་ཞིང་ཁམས་ཏེ། ཤར་ཕྱོགས་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ན། རྡོ་རྗེ་མི་འཁྲུགས་པའི་སྟོན་པ་ལ་འཁོར་བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་དཀར་པོ་ཤ་སྟག་རྫུས་ནས་སྐྱེ་བ་སྟེ། འགྲོ་ན་ཡང་ནམ་མཁའ་ལ་འགྲོ་ལ། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་དང༌། སྤྲུལ་པའི་བྱ་སྣ་ཚོགས་པ་སྐད་སྙན་པར་སྒྲོགས་པ་དང༌། དྲི་ཞིམ་པོའི་སྤོས་ཀྱི་བསུང་དང་རིན་པོ་ཆེའི་ཤིང་ལྗོན་པ་དཔག་ཏུ་མེད་པས་བརྒྱན་པ་ན། སྟོན་པའི་གསུང་གིས་འཁོར་གྱི་རྒྱུད་འགྲོལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པའོ། །ལྷོ་ཕྱོགས་དཔལ་དང་ལྡན་ཞེས་བྱ་བ་ན་སྟོན་པ་རིན་ཆེན་འབྱུང་ལྡན་ལ། འཁོར་རྫུས་ནས་སྐྱེས་བའི་བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོ་རྣམས་ཀྱང་ཁ་དོག་སེར་བ། ས་གཞི་རྣམས་ཀྱང་རིན་པོ་ཆེ་གསེར་ལས་གྲུབ་པའོ། །ཡོན་ཏན་ཚད་མེད་པ་དང་ལྡན་པའོ། །ནུབ་ཕྱོགས་པདྨ་བརྩེགས་པ་ན་སྟོན་པ་སྣང་བ་མཐའ་ཡས། འཁོར་བྱང་ཆུབ་སེམས་དཔའ་རྫུས་སྐྱེས་སུ་སྣང་བ་ཐམས་ཅད་ཁ་དོག་དམར་བ། སྤྲུལ་པའི་བྱ་དང་རིག་དྭགས་དང་རྟ་དང་གླང་པོ་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་དམར་བའི་མདངས་དང་ལྡན་པའོ། །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ན་སྟོན་པ་དོན་ཡོད་གྲུབ་པ་ལ་འཁོར་ཚད་མེད་པས་བསྐོར་བ་སྤྲུལ་པའི་སྲོག་ཆགས་དང་བཅས་པ་ཐམས་ཅད་ལྗང་གུར་འཚེར་བ། ས་གཞི་རྣམས་ཀྱང་ནོར་བུ་མར་གད་དང་ཨིནྡྲི་ནཱི་ལའི་རང་བཞིན་ནོ། །དེ་དག་ཐམས་ཅད་ཀྱི་དབུས་མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ལ་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ། སྤྲུལ་པའི་ཁྲོ་བོའི་ཞིང་ཁམས་ཡོད་དོ། །དེར་འདིའི་ཆོས་ཟབ་མོའི་སྒོ་མཐོང་བ་ཙམ་གྱིས་དབང་པོ་ཐ་མ་རྣམས་རང་རང་གི་རིགས་སུ་དབུགས་ཕྱུང་སྟེ། དེ་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱས་ཉག་གཅིག་རྙེད་དོ། །དེ་དག་ཀྱང་ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང༌། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང༌། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང༌། །རྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང༌། །མི་བསྐྱོད་སྟོན་པས་འཁོར་གྱི་ཤེས་རྒྱུད་འགྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང༌། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང༌། །རིན་ཆེན་འབྱུང་དང་པདྨ་གར་དབང་རྟ། །དོན་གྲུབ་སྟོན་པས་ཤེས་བྱའི་སྒྲིབ་པ་སྦྱོང༌། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་གསལ། །ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོགས །དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས། །དབང་པོའི་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་བསྐྱོད་འགྲོ་དང་འདུག །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུངས་པས་ཚིམ་བྱེད་རིག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བས་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་སེལ། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་སོ། །བལྟས་དགོད་ལག་བཅངས་གཉིས་འཁྱུད་འདོད་ཆགས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མར་གད་ཨིནྡྲི་ནཱིལ། །བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་པའི་ཞིང༌། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་གྱིས་དེ་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་པ་དང༌། དེ་དག་གི་གནས་དང་བཀོད་པ་རྒྱ་ཆེར་བཤད་ན། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པའི་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་ཐོབ་པའི་གནས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབ་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང༌། སྐར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་པ། གསེང་སྐར་ནས་ཉི་མ་འཆར་བས། རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས། ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་རོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་པ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། འཐིང་རིལ་དང༌། བྱ་ཀ་ཏི་དང༌། ནེ་ཚོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རེ་སྐེགས་དང༌། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱ་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། སྦ་བ་དང༌། ཟེར་མོ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱ་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང༌། སྐད་སྙན་པས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱ་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ། སྲད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཁྱིའི་ཆོས་འཆད་དོ། །ཐོ་རངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ༌། །དེ་ནས་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ནས་ཟད་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནན་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ན་ཡང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ན་སེལ་ཏོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ །གཞལ་ཡས་ཁང་དེའི་ཟུར་བཞི་ན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དེ། དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲ་བའི་ཐག་པས་སྦྲེལ་ནས་ཡོད་དོ། །ཐག་པ་དེ་རླུང་གིས་བསྐྱོད་པ་དང༌། དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ༌། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ། དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་པ་འབྱུང་ངོ༌། །གཞལ་ཡས་ཁང་དེ་ནི་འདི་ནས་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །ཤར་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །འདི་ནས་ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་སྤྲུལ་པ་སྐུའི་གནས་དེ་ནའང༌། རིན་པོ་ཆེ་གསེར་ལས་གྲུབ་པའི་ཁང་པ་གྲུ་བཞི་བ་གམ་དང་བཅས་པ། སྒོ་བཞི་རྟ་བབས་དང་བཅས་པ། ཟུར་བཞི་མཆོད་རྟེན་དང་བཅས་པ། ལོགས་བཞི་བ་དན་དང་བཅས་པ། ཕྱོགས་བཞི་གསེང་སྐར་དང་བཅས་པ། མཚོ་བདུན་བྱ་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྕགས་རི་དང་བཅས་པ། ཁྲི་དང་ཆོས་ཀྱང་གོང་ལྟར་བཤད་དོ། །བྱང་ཆུབ་སེམས་དཔའ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །སྤྲུལ་པའི་སྐུ་རིན་པོ་ཆེ་འབྱུང་ལྡན་གྱི་ཞིང་ཁམས་དེ་ན་ཡོན་ཏན་དེ་ལྟ་བུ་ཡོད་དོ། །འདི་ནས་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ན། །སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་དེ། །དེ་ན་ཡང་གོང་གི་ཡོན་ཏན་དང་མཉམ་པ་ཡོད་དོ། །འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ནའང་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་དེ་ན། གཞལ་ཡས་ཁ་གི་ཡོན་ཏན་འདི་ལྟ་བུ་ཡོད་དེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་ཕྱོགས་བཞི་ན་གསེང་སྐར་ཆེན་པོ་བཞི་ཡོད་ལ། དེ་ནས་ཉི་མ་ཤར་བས་འོད་ལྗང་གུས་ནང་ཁེངས་ནས་ཡོད་དོ། །ས་གཞི་ཐམས་ཅད་ཀྱང་ཨིནྡྲ་ནཱི་ལ་ལས་གྲུབ་ནས་ཡོད་དོ། །དེའི་ཕྱི་རིམ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ། ཆུ་དེ་ཡང་རེག་ན་བདེ་བ། འཐུངས་ན་ནད་ཐམས་ཅད་སེལ་བ་ཡོད་དོ། །དེའི་ཕྱི་རམ་ན་མཚེའུ་བདུན་ཡོད་དེ། དེའི་ནང་ན་བྱ་སྐད་སྙན་པ་རྣམ་པ་སྣ་ཚོགས་པ་གནས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། འཐིང་རིལ་དང༌། བྱ་ཀ་ཏ་རི་དང༌། རྨ་བྱ་དང༌། ནེ་ཚོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རེ་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྦ་བ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་དང༌། དེ་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་དང༌། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང༌། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་པ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མར་གད་ཏ་ལ་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་སྟན་དང་བཅས་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་དེ། སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ། །ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ། །ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ། །ཉི་མ་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །དེ་ལྟར་ཞག་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་འགྲོལ་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །ལོ་ཡང་སྟོང་ཐོབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡིད་དུ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ནས་བད་ཀན་ལས་གྱུར་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་མེད་དོ། །མེ་ཏོག་སྣ་ཚོགས་པས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ་དོག་ལྗང་གུ་ཤ་སྟག་གོ །རྟ་དང་བཞོན་པ་དང་ལྗང་གུ་ཤ་སྟག་གོ །ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཤ་སྟག་གོ །ཀུན་ཀྱང་སེམས་ཀྱི་རྣམ་པར་རྟོག་པ་མེད་པའོ། །ཞིང་ཁམས་དེ་ན་སེམས་ཅན་རྣམ་པ་གསུམ་མེད་དོ། །ཡིད་དྲུག་མེད་དོ། ཉོན་མོངས་པ་དྲུག་མེད་དོ། །མ་རིག་པ་མེད་དོ། །རྐྱེན་བཞི་དང་བཅས་པ་མེད་དོ། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་མེད་དོ། །ཀུན་ཀྱང་རྣམ་རྟོག་དང་བྲལ་བ་ཤ་སྟག་གོ །གཞལ་ཡས་ཁང་གི་འཁོར་གྱི་ཡོན་ཏན་ནི། གཞལ་ཡས་ཁང་འདེའི་གྲུ་བཞི་ན། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ་པ་བཞི་ཡོད་དོ། །དེ་དག་གི་བར་རྣམས་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་སྦྲེལ་ནས་ཡོད་དེ། དེ་དག་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་འབྱུང་ངོ༌། །མཆོད་རྟེན་བཞི་ལ་ཉི་མ་ཕོག་པས་འོང་ལྔའི་ཞགས་པས་འབྲེལ་ནས་ཡོད་དོ། །ཕྱོགས་བཞི་ན་རྨ་བྱའི་བ་དན་བཞི་ཡོད་དོ། །དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་མཛེས་པ་སྣ་ཚོགས་འབྱུང་ངོ༌། །ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་ཡེ་རི་འབར་བ་ཞེས་བྱ་བ་འདི་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་ཁྲུ་བཞི་དང་ལྡན་པ་ཡོད་དོ། །དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིག་པ་བྱ་པ། བྷནྡ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་སུ་དཔག་ཏུ་མེད་དེ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླ་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀྭ་གཟུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲབ་བཏང་བ་ཡོད་དོ། །ཉིན་མོ་རླུང་འཚུབ་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་བ་ཀློང་འཁྲུག་པའོ། །གཞལ་ཡས་ཁང་དེའི་ནང་ན། བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ། ཐུགས་ཞི་བ་ལས་མ་གཡོས་ཀྱང༌། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང༌། ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བ་དང༌། ཚངས་པ་དུང་མགྲིན་ཅན་དང༌། དྲང་སྲོང་ཟླ་འོད་གཞོན་ནུ་དང༌། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙི་ཏི་སྤུན་དྲུག་དང༌། དེའི་བྲན་མོ་བཅུ་བཞི་དང༌། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང༌། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། ཞི་བ་སྤྲུལ་པའི་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ །གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་གང་ཟག་དེ་དག་ནི། དེར་བྲེད་ཅིང་སྔངས་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེ་བ་ཤ་སྟག་གོ་ཞེས་གསུངས་སོ། །དེ་དག་ཀྱང་བཅོམ་་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་གྱིས་བཀོད་པའི་ཕྱིར་རང་བཞིན་སྤྲུལ་པའི་ཞིང་ཞེས་བྱའོ། །ཞིང་ཁམས་དེ་དག་གི་རྒྱུན་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རིན་ཆེན་རང་གསལ་བའི་རང་གདངས་དང༌། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་ནོ། །འཁོར་ལ་སྣང་བ་དང༌། དབང་པོ་ཐ་མས་མཐོང་ནུས་པའི་རྒྱུ་དང༌། གྲོལ་ངེས་པའི་རྒྱུ་ཡང་དེ་ཡིན་པར་རིག་པར་བྱའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་དབྱུང་བ་སྟེ་རིམ་ཁང་ཉི་ཤུ་རྩ་བཞི་པའོ། །དེ་ལྟར་གསང་མཆོག་ངེས་པ་གནད་ཀྱིས་གྲོལ་བའི་གཞི་དང་ལམ་གྱི་རིམ་པ་རྒྱ་ཆེར་བཤད་ནས། ད་ནི་ཐབས་དེས་གང་དུ་གྲུབ་པ་མཐར་ཕྱིན་འབྲས་བུའི་རིམ་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ནང་དབྱིངས་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པའི་ཚུལ་སྤྱིར་བསྟན་པ་དང་ ལྷུན་གྲུབ་འོད་གསལ་གྱི་འཆར་གཞི་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། གྲོལ་སའི་ངོ་བོས་གཟུང་ ཇི་ལྟར་གྲོལ་བའི་རང་བཞིན་སོ་སོར་བཤད། སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གཏན་ལ་དབབ་པའོ། །དང་པོ་ནི། རང་བྱུང་གི་རིག་པ་རང་བཞིན་གྱིས་རྣམ་པར་དག་པས་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་སྟེ། དག་པ་གཉིས་ལྡན་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ནི་མཐར་ཐུག་གི་གྲོལ་ས་ཡིན་ཏེ། རིག་པ་རང་ཤར་ལས། གྲོལ་ས་ནི་ཀ་དག་གི་སྣང་བའོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ་ཞེས་པ་དང༌། སངས་རྒྱས་ཀུན་གྱི་བསྐྱལ་ས་ནི། ཀ་དག་ཆེན་པོའི་དཀྱིལ་འཁོར་རོ། །ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་སོ། །ཐོག་མའི་ཀ་དག་ལ་རིག་པ་རང་ངོ་ཤེས་ནས་ད་རྒྱུར་མི་ལྡོག་པས་འཁྲུལ་གཞི་ཟད་པས་འབྲས་བུ་ཞེས་བྱ་བར་མིང་འགྱུར་བའོ། །ཞིབ་ཏུ་གོང་དུ་གཞིའི་སྐབས་སུ་བཤད་ཟིན་པ་ལས། ཁྱད་པར་དྲི་མ་དང་བྲལ་བས་ཕྱེ་བར་རིག་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དབྱིངས་སུ་གྲོལ་ཚུལ་དངོས། དབྱིངས་སུ་གནས་པའི་རང་བཞིན། དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་བའོ། །དང་པོ་ནི། དབང་པོ་རྣོ་རྟུལ་འབྲིང་གསུམ་གྲོལ་བའི་ཚེ་འབྲས་བུ་ལ་ཁྱད་པར་མེད་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གདོངས་པ་ཟད་པའི་ཆོས་སྐུ་བརྗོད་བྲལ་དེ་ཉིད་དུ་གཅིག་པས་ངོ་མཉམ་ཐ་དད་མེད་པའི་རང་བཞིན་ཐིག་ལེ་ཉག་གཅིག་ཏུ་སངས་རྒྱས་ཏེ། དེའང་ཚེ་འདིར་རྡོས་བཅས་དག་གམ་བར་དོར་རང་སྣང་ཟིན་ནམ། སྤྲུལ་པའི་ཞིང་དུ་དབུགས་ཕྱུང་ཡང་རུང་སྟེ། ལམ་སྣང་གི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་གྱི་ཆ་རྣམས། ལྷུན་གྲུབ་ཐིམ་ཚུལ་གྱི་རིམ་པས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་བསྡུས་པ་ལྟའི་ཚེ་ན་སྣང་བ་སྟོང་པར་གྲོལ་ཏེ། ཡེ་ཤེས་དབྱིངས་སུ་ཐིམ་ནས། གཟུགས་སྐུ་ཆོས་སྐུའི་ཀློང་དུ་མྱ་ངན་ལས་འདས་ཏེ། དངོས་པོ་དང་མཚན་མ་མེད་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་དུ་རོ་གཅིག་པ་ནི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དཔེར་ན་དབྱིངས་ལས་རིག་པ་གུད་དུ་བཅད་དེ་ལུས་ལ་གནས་པ་བུམ་ནང་གི་ནམ་མཁའ་ལྟ་བུ་དེ་ཁའི་བུ་ག་ནས་ནམ་མཁའ་ཆེ་བ་འདི་དང་འབྲེལ་བ་ལྟར། སྒྲོན་མ་བཞིས་ཐོག་མའི་ཀ་དག་དང་མཚམས་སྦྱར། བུམ་པ་ཆག་དུས་ཕྱི་ནང་བར་གསུམ་གྱི་ནམ་མཁའ་དབྱེར་མེད་ངོ་བོ་གཅིག་ཏུ་གནས་པ་ལྟར། ལུས་སེམས་བྲལ་བས་རིག་པ་ལྔ་ཕྱི་བར་མེད་ཆེན་པོ་ནང་དབྱིངས་ཀ་དག་ཆེན་པོར་གནས་པ་སྟེ། ཀློང་དྲུག་པ་ལས། ངང་ཀུན་ཏུ་བཟང་པོར་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་འགྲན་ཟླ་མེད་པར་སངས་རྒྱས་པའི་ཚེ་ཆོས་ཐམས་ཅད་ཀྱི་མིག་རྡུལ་དང་བྲལ་བ་ཞེས་བྱ་བ་སྙེད་དོ། །ཞིང་ཁམས་ཀུན་ཏུ་མཐའ་ཡས་པ་མཐོང་ནས་སྣང་བ་ཕྱི་ནང་གཉིས་སུ་མེད་པར་འདྲེས་པའི་ཚེ་ཀློང་རྣམ་པར་དག་པའི་དགོངས་པ་ཐོབ་སྟེ། དེའི་ཚེ་འཁོར་བ་ཉིད་ཐོག་མཐའ་ཆོད་པ་ཞེས་བྱའོ་ཞེས་སོ། །དེ་ལྟར་ནམ་མཁའ་འདྲེས་པའམ། ཡང་ན་ཕྱིར་སྣང་རང་འོད་ཀྱི་ཟེར་རྣམས་དབྱིངས་སུ་ཐིམ་པ་ཉི་མ་ནུབ་པས་ཟེར་རང་ལ་འདུས་པའམ། ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་དང་ཡང་འདྲ་སྟེ། སྐུ་གདུང་འབར་བ་ལས། དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལས་ནི་ཟེར་འདུས་ལྟར། །རང་སྣང་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོ་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང༌། །དེ་བཞིན་མར་ལ་མར་ཐིམ་དང༌། །ནམ་མཁའ་ནམ་མཁའ་ཐིམ་པ་བཞིན། །གཉིས་མེད་ངེས་གཟུང་མེད་པར་འགྱུར། །ཅེས་སོ། །དེའི་ཚེ་ཀ་དག་གི་ནང་དབྱིངས་སུ་ཐིམ་པས་རིག་པ་རང་ས་ཟིན་ཏེ། རྒྱལ་བ་འོད་མི་འགྱུར་བའི་སངས་རྒྱས། མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་ལྷུན་གྲུབ་ཀྱི་མགོན་པོ་རྡོ་རྗེ་འཆང་ཞེས་བྱ་བར་གྱུར་ཅིང༌། ལམ་གྱི་ཆོས་རྣམས་འབྲས་བུ་ཐོབ་པས་ཟད་ལ། འབྲས་བུའི་ཆོས་རྣམས་ཟླ་བ་ཉ་གང་བ་ན་འཕེལ་ཟད་པ་ལྟར་ཡོངས་སུ་རྫོགས་པས་དེ་ལས་གོང་དུ་འགྲོར་མེད་པས་ཟད་པའི་སར་ཕྱིན་པ་ནི། རང་ཤར་ལས། རྟོགས་པའི་སྐྱེས་བུ་བློ་རྩལ་ཅན། །མི་འགྱུར་མཉམ་ཉིད་ངང་དུ་ཐིམ། །རྟོག་མེད་ཤེས་རབ་རང་ཤར་རོ། །བདེ་བྱེད་བརྩེགས་པའི་ས་ཆེན་དེར། །མ་བཀོད་ནོར་བུའི་ཕུང་པོ་ལྟར། །སྣ་ཚོགས་འབྱུང་ཞིང་ངང་དུ་ཐིམ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །འོད་མི་འགྱུར་བར་ཀུན་ཏུ་གྲགས། །ཞེས་པ་དང༌། ཀློང་དྲུག་པ་ལས། དྲན་ཤེས་རྣམས་ནི་མྱ་ངན་འདས་པའི་ཚེ་ན་བརྗོད་པའི་མཐའ་ཀུན་རང་གིས་རང་ཟད་པའོ། །ཕུང་ཕོ་ཁམས་དང་སྐྱེ་མཆེད་མྱ་ངན་འདས་པའི་ཚེ་ན་སྣང་སྲིད་ཐམས་ཅད་བདེ་བའི་ཞིང་དུ་སྣང༌། དབང་པོ་ཡུལ་རྣམས་མྱ་ངན་འདས་པའི་ཚེ་ན་ཕྱག་རྒྱ་མཆོག་གི་ལོངས་སྤྱོད་ཆེན་པོར་རང་སྣང་བའོ། །སྒྲ་ཚིག་རྣམས་ནི་མྱ་ངན་འདས་པའི་དུས་ན་སྣང་བ་ཀུན་ལས་ཕ་རོལ་ཕྱིན་པའོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་མྱ་ངན་འདས་པའི་དུས་རྩོལ་བཅས་དྲན་པ་རང་ཟད་ཡིན། །ཆོས་དང་ཤེས་རབ་མྱ་ངན་འདས་པའི་དུས་ན་ལྷའི་སྐུ་རྣམས་མི་དམིགས་རྒྱ་ཡིས་ཐེབས་པར་སྣང༌། ཉམས་མྱོང་མྱ་ངན་འདས་ཉིད་ཟད་པའི་དུས་ན་བྱུང་ཚོར་རྣམས་ཀྱི་སྒོ་ཡང་རང་གིས་རང་འགགས་སོ། དྲོད་དང་རྟགས་ནི་རང་ཟད་མྱ་ངན་འདས་པའི་ཚེ་ན་ཉོན་མོངས་རྣམས་ནི་རང་ཟད་སྟོངས་པར་བྱས་པ་ཡིན། ཟད་པའི་ཆོས་འདི་སྤྱོད་པའི་གང་ཟག་བསྐྱེད་དང་རང་རྫོགས་སོ། །སྙིང་པོ་འདི་ལ་གནས་པའི་སྐྱེས་བུ་སྐལ་ཅན་སུས་མཐོང་བ། འདི་ནི་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོ་རང་འདུག་ཡིན། སངས་རྒྱས་རྣམས་ཀྱི་འབྲས་བུ་འདི་ལ་སུ་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་འགྱུར། ཐོག་མའི་མགོན་པོ་དྲི་མེད་དག་པ་འོད་ཀྱི་སྦུབས་ནས་རང་བྱུང་ཤར་བས་ནི། སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། དེ་ལས་མི་ལྡོག་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། འབྲས་བུ་ཀུན་ཀྱི་ཚད་དུ་ཕྱིན་པས་ཀུན་ཏུ་བཟང་པོ་དང་མཉམ་པའོ། །ཞེས་སོ། །དེ་ལྟ་བུའི་ཀ་དག་རང་ངོ་ལ་ཡོད་མེད་ཀྱི་མཐའ་དང་བྲལ་བས་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་ཡོད་མེད་ལས་འདས་ལ། འཆར་གཞི་མ་འགགས་པ་ཙམ་ནི། ཤེལ་གོང་རང་ངོ་ལ་འོད་དང་ཁ་དོག་གང་དུའང་མ་གྲུབ་ལ། དེའི་ངང་ནས་འོད་ལྔའི་འཆར་གཞི་མ་འགགས་པ་ལྟ་བུ་སྟེ། ཐལ་འགྱུར་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང༌། །ཆོས་རྣམས་ཟད་སར་ཕྱིན་པ་དང༌། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་མེད་པའོ། །ཞེས་པ་དང༌། ཀློང་དྲུག་པ་ལས། དེ་ལྟར་ཆོས་ཉིད་ཀ་དག་ལ། །ཡེ་ཤེས་མེད་ཅིང་སྐུ་ཡང་མེད། །འོད་མེད་ཁ་དོག་རྣམས་དང་བྲལ། །གང་གི་ངོ་བོ་གྲུབ་མེད་པས། །མ་རིག་པ་དང་ཉོན་མོངས་ཀྱང༌། །སྨོས་ཅི་དགོས་ཏེ་ཡོད་མ་ཡིན། །ཅེས་སོ། །དེ་ལྟར་ནང་དབྱིངས་ཀ་དག་གི་རང་བཞིན་ལའང་འཆར་གཞི་ཙམ་ལས། དངོས་སུ་གང་དུའང་གྲུབ་པ་མེད་དེ། དེ་ཉིད་ལས། རང་བཞིན་གྱི་སྣང་བ་ལ། མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམས་ཙམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱད་པར་གནས། །སྐུ་ལས་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །ཞེས་སོ། །གཉིས་པ་དབྱིངས་སུ་རིག་པ་གནས་པའི་རང་བཞིན་ལ་ལྔ་སྟེ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འདེགས་པ། འོད་གསལ་དབྱིངས་སུ་འཁྱིལ་པ། རིག་པས་རང་ས་ཟིན་པའོ། །དང་པོ་ནི། སྦུབས་གསུམ་གཅིག་ཏུ་དྲིལ་བས་འབྱུང་ལྔ་དང་མར་གྲོལ་ཏེ། ཡེ་ཤེས་དག་པའི་སྤྱན་ལ་ཐོགས་པ་མེད་པའོ། །དེ་ཡང་མ་དག་པ་འཁྲུལ་པའི་སྣང་བ་དག་པ་ཆོས་ཉིད་ལ་ཐིམ་དུས། ཤ་ཁྲག་གི་ལུས་འོད་གསལ་སྒྱུ་མའི་ལུས་ལ་ཐིམ་ནས་དེ་ཉིད་ཆོས་སྐུ་རིན་པོ་ཆེ་གསང་བའི་ལུས་ལ་ཐིམ་དུས། ཤེས་རབ་ཀྱི་སྤྱན་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་ཞིང༌། དེ་ཉིད་ཆོས་ཉིད་ཀྱི་སྤྱན་ལ་ཐིམ་པས་ཡུལ་དང་ཤེས་པའི་སྤྱོད་བྱེད་རྣམ་པར་དག་སྟེ། རིན་པོ་ཆེ་གསང་བའི་སྦུབས་ན་ཡེ་ཤེས་ནང་གསལ་བའི་དགོངས་པ་ལ་འཕོ་འགྱུར་མེད་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོ་ལས། མ་དག་འཁྲུལ་པའི་སྣང་བས་ཡེ་ཤེས་སྣང་བ་བསྒྲིབས། །འཁྲུལ་པའི་སྣང་བ་འགགས་ན་དག་པའི་སྣང་བ་འཆར། །བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབས། །ལུས་འདི་བོར་ནས་འོད་ཀྱི་སྣང་བ་འཆར། །དེ་ནས་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར། །སྦུབས་གསུམ་གཅིག་ཏུ་དྲིལ་ནས་སྤྲུལ་པ་ཕྱོགས་བཅུར་མཛད། །ཅེས་སོ། །ད་ལྟའི་ལུས་ཀྱི་འབྱུང་བ་ལྔ་སྙིགས་མའི་ཆ་རྣམས་དག་སྟེ། ཀ་དག་གི་ནང་དབྱིངས་འོད་གསལ་གྱི་འབྱུང་བ་ཆེན་པོ་ལྔའི་དབྱིངས་དེར་སོ་སོ་ནས་གནས་གྱུར་གྱི་ཆར་བརྩིས་ན། མ་དག་པའི་འབྱུང་བ་དངོས་དག་པའི་འབྱུང་བར་གནས་གྱུར་པའམ་བག་ལ་ཞ་བ་ནི་མ་ཡིན། མ་དག་པའི་འབྱུང་ལྔ་དག་སྟོབས་ཀྱིས་ཡེ་ཤེས་དག་པ་ལྔའི་འབྱུང་ཆེན་སྣང་རུང་ལ་ལྟོས་ནས། དག་འབྲས་བུ་རྣམ་པར་གཞག་གོ །དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་ཏེ་དམ་ཚིག་གི་ལྷ་མོ་མཁའ་ལ་འཁྱིལ་བས་གཡོ་བ་མེད་པའི་རླུང་དབྱིངས་སུ་ཐིམ། ས་རིན་པོ་ཆེ་རྣམ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་གཤིས་ཏེ། སྲ་བ་མེད་པའི་ས་དབྱིངས་སུ་ཐིམ། ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་པས་ལས་དང་ཉོན་མོངས་པའི་ཆ་ལས་གྲོལ་ནས་གཤེར་བ་མེད་པའི་ཆུ་དབྱིངས་སུ་ཐིམ། མེ་པདྨའི་དྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་ནས་ཚ་བ་མེད་པའི་མེ་དབྱིངས་སུ་ཐིམ། ནམ་མཁའ་རྣམ་དག་གི་ཆོས་ཉིད་ཀློང་ཡངས་ཤིང་ཀ་ནས་དག་པས་མ་དག་པ་འཁྲུལ་པ་གོ་འབྱེད་པའི་ནམ་མཁའ་དབྱིངས་སུ་ཐིམ་ནས། ཕྱི་ཡུལ། ནང་ལུས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་དག་སྟེ། ཡེ་ཤེས་རིན་པོ་ཆེའི་ངོ་བོ་སྟོང་པ་ཀུན་འབྱུང་གི་དཀྱིལ་འཁོར་ཀློང་ཡངས་པ་ནི། རང་ཤར་ལས། རིན་པོ་ཆེ་སྣ་ལྔའི་ཐང་ནི་ཀུན་སྙོམས། རིན་པོ་ཆེ་གསང་བའི་ཉི་མ་ལ་འཆར་ནུབ་མེད། རིན་པོ་ཆེ་ཆུའི་པདྨ་ལ་གོས་པ་མེད། རིན་པོ་ཆེ་མེའི་དཀྱིལ་འཁོར་བརྩིགས་ལེགས། རིན་པོ་ཆེ་རླུང་གི་ཤེས་རབ་ལ་རྟོག་པ་མེད། རིན་པོ་ཆེ་སའི་དཀྱིལ་འཁོར་ཐེག་པ་ཆེ། རིན་པོ་ཆེའི་ནམ་མཁའ་ནི་མཐའ་དང་དབུས་མེད། རིན་པོ་ཆེ་སྟོང་པའི་དཀྱིལ་འཁོར་བྲི་ལེགས། རིན་པོ་ཆེ་སྐུ་གདུང་འབར་བའི་མཆོད་རྟེན་ནི་བརྩེགས་ལེགས་པ་དང༌། ངོ་སྤྲད་སྤྲས་པ་ལས། མིག་དང་མིག་གི་རྣམ་པར་ཤེས་པ་དང་ རྣ་བ་དང་རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང་སྣང་བའི་རྣམ་པར་ཤེས་པ་དང༌། ལྕེ་དང་ལྕེའི་རྣམ་པར་ཤེས་པ་དང༌། ལུས་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པས། ལུས་ཡོངས་སུ་མྱ་ངན་ལས་འདས་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག ནམ་མཁའ་ཡོངས་སུ་མྱ་ངན་ལས་འདས་ཏེ། །འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག །ས་ཡོངས་སུ་མྱ་ངན་ལས་འདས་ཏེ། ཚོར་བའི་ཕུང་པོ་རྣམ་པར་དག་དག །མེ་ཡོངས་སུ་མྱ་ངན་ལས་འདས་ཏེ། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག རླུང་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་ཅེས་སོ། །གཉིས་པ་ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པའི་རང་གདངས་ལྔ་ནང་དབྱིངས་འོད་གསལ་ལ་ཐིམ་ནས། གཏིང་གདངས་ཁ་དོག་ལྔའི་ཆར་གཞིར་གནས་ཏེ། ཀློང་དྲུག་པ་ལས། རང་གདངས་བསྐྱོད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོ་གསལ། །ཆགས་སྡང་རང་ཟད་དམར་པོའི་ཆ། །གཏིང་གདངས་མ་འདྲེས་ཆེན་པོར་གནས། །བྱ་རྩོལ་བསྐྱོད་པ་རང་བྲལ་བའི། །འཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང༌། །མི་མངོན་གཏིང་ནས་གསལ་བའི་ཆ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །ཞེས་སོ། །གསུམ་པ་ཤེས་རབ་མཁའ་ལ་འདེགས་པ་ནི། ནང་དབྱིངས་ཡེ་ཤེས་ཀྱི་རླུང་ལྔ་རང་སོ་ལ་མི་གཡོ་འཕོ་འགྱུར་མེད་པར་གནས་པ་སྟེ། དེའང་སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བརྟན་མ། སྣང་བྱེད་མ་ལྔ་ལས། ཆུ་དག་པའི་རང་བཞིན་ཐུར་དུ་སེལ་སྟོབས་ལྡན་མས་ནི། ཡེ་ཤེས་ཀྱི་རླུང་གིས་གཙོ་འཁོར་གཉིས་མེད་དུ་སྦྱོར་ཏེ་དོན་ལ་དབྱེར་མེད། རླུང་དག་པའི་རང་བཞིན་གྱེན་དུ་རྒྱུ་ཤུགས་འཆང་པས་གཙོ་འཁོར་ལྔ་པོ་སྐད་ཅིག་ལ་ཆོས་སྐུའི་ངང་དུ་བསྐྱོད། ས་དག་པའི་རང་བཞིན་ཁྱབ་བྱེད་འཆར་གཞིའི་ཆར་གནས་པ་འདེགས་བྱེད་མས་རྟེན་དང་བརྟེན་པ་མེད་པར་ཆོས་སྐུའི་ངང་དུ་གཟུགས་སྐུར་གནས་སོ། །སྣང་བྱེད་མ་ནམ་མཁའ་དག་པའི་རང་བཞིན་མེད་མཉམ་འཆར་བཞིའི་ཆོས་སྐུ་དང་ཡེ་ཤེས་དངོས་སུ་མེད་ལ་གཏིང་གསལ་འཆར་གཞིའི་ཆར་ནང་གསལ་དུ་གནས་སོ །བརྟན་མ་ས་དག་པའི་རང་བཞིན་སྲོག་རླུང་འཆར་གཞིའི་ཆས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་དགོངས་པ་ལས་མི་གཡོ་བར་བྱེད་པ་སྟེ དེ་ཉིད་ལས། ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཞེས་པ་དང༌། རང་ཤར་ལས། རིན་པོ་ཆེ་རྣམ་པར་བཀོད་པའི་དྲ་བ་ནི་ཆ་སྙོམས་ཞེས་སོ། །བཞི་པ་འོད་གསལ་དབྱིངས་སུ་འཁྱིལ་བ་ལ་བཞི་སྟེ། ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་ལ་གོ་མི་འབྱེད་པའོ། །དང་པོ་ཐིམ་པ་ལ་མ་རྨུགས་པ་ནི། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་ཡང་སྐུ་གསུམ་འདུ་འབྲལ་མེད་པར་ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས་པའོ། །གཉིས་པ་ནི། ཆོས་སྐུ་དྲི་མ་མེད་པས་མདུན་རྒྱབ་མེད་པ། སྟེང་འོག་མེད་པ། ཕྱོགས་མཚམས་མེད་པར་འོད་གསལ་བས། སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གནས་ལ། སེམས་དང་དབུགས་མེད་པས་འཁོར་བའི་ཆོས་ཐམས་ཅད་ཀྱིས་མ་གོས་པའོ། །གསུམ་པ་ནི། ཡིན་ནི་ལྟ་བ་རང་བྱུང་གི་རྒྱལ་པོ་ཡིན་པ་ལ་བག་ཆགས་ཀྱི་བདག་དང་བྲལ་བའོ། །བཞི་པ་ནི། ཆོས་སྐུའི་ཀློང་ན་རིན་པོ་ཆེ་འོད་འབར་བའི་སྐུ་ལྔ་གཏིང་གསལ་དུ་གནས་པས། དང་པོའི་གཞི་རང་ས་ན་གནས་ཀྱང་གཞི་དེ་ལ་རྟོག་པ་མེད་པས་ད་འཁོར་བར་འཁྲུལ་པའི་གོ་མི་འབྱེད་པའོ། །དེ་ཡང་ཤེས་རབ་སྐུ་རུ་སྨིན་ནས་སྐུ་ལྔ་དབྱིངས་སུ་བསྐྱོད་པ་ལས་བྱུང་བའོ། །ལྔ་པ་རིག་པས་རང་ས་ཟིན་པ་ལ་བཞི་སྟེ། ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ། ཡེ་ཤེས་ལ་འགྱུར་བ་མེད་པ་གཡུང་དྲུང་ལྟ་བུའི་ཚེ། དགོངས་པ་ལ་འདུ་འབྲལ་མེད་པ་ཆུ་བོ་ལྟ་བུའི་རྒྱུན། རིག་པ་ལ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུའི་ཟེར་རོ། །དང་པོ་ནི། རིག་པ་གཟུགས་སྐུ་ཆོས་སྐུར་ཐིམ་པས་ངོ་བོ་གཅིག་ཏུ་གྱུར་ཏེ། འཕོ་འགྱུར་མེད་པའོ། །གཉིས་པ་ནི། ངོ་བོ་འཛིན་པའི་ཡེ་ཤེས། རང་བཞིན་མཚན་ཉིད་འཛིན་པའི་ཡེ་ཤེས། ཐུགས་རྗེ་འགྲོ་བ་འདུལ་བའི་ཡེ་ཤེས་རྣམས་འཆར་གཞིའི་ཆ་ཙམ་དུ་རང་ངོ་དབྱེར་མེད་པས་རྟག་པར་གནས་པས་དུས་ཐམས་ཅད་པའི་ཡེ་ཤེས་ཞེས་བྱའོ། །གསུམ་པ་ནི། རྒྱུན་གྱི་ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལས་འཕོ་འགྱུར་མེད་པའོ། །བཞི་པ་ནི། སོ་སོ་རང་བྱུང་གི་རིག་པ་ནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་པས། རིན་པོ་ཆེའི་སྦུབས་ལ་འཕོ་འགྱུར་མེད་པར་གནས་སོ། །དེ་དག་ཀྱང༌། རང་ཤར་ལས། རིན་པོ་ཆེ་རྡོ་རྗེའི་གདན་ལ་འགྱུར་བ་མེད། རིན་པོ་ཆེ་སྟོང་པའི་ལམ་ལ་ཐུག་པ་མེད། དགོངས་པ་རང་གནས་ཀྱི་མན་ངག་ཏུ་བསྟན་པའོ་ཞེས་སོ། །གསུམ་པ་དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་བ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རྣམ་པ་རྒྱས་པར་བཤད། དོན་གྱི་མཇུག་བསྡུ་བའོ། །དང་པོ་ནི། ཀ་དག་གི་དབྱིངས་ན་ལྷུན་གྲུབ་ཀྱི་གཏིང་གསལ་རིག་པའི་ཡེ་ཤེས་འོད་གསལ་བའི་སྙིང་པོ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ལུང་ཆེན་པོ་ཞེས་བྱ། མཐའ་ཡས་པས་ཡངས་པ། སངས་རྒྱས་པས་སྟོབས་ཆེ་བ། ལྟ་བའི་མཐར་ཐུག་གི་སྐྱེལ་ས། འཕོ་འགྱུར་མེད་པའི་གཟེར། ཚུར་རོལ་མཐོང་བའི་བློས་བརྟག་པའི་ཡུལ་ལས་འདས་པའི་འཕྱོང༌། ཐམས་ཅད་མཁྱེན་པས་མེ་ལོང༌། ལམ་ཐམས་ཅད་ཀྱིས་བགྲོད་པའི་རྩེ་མོ། གྲོལ་བའི་ཡུལ། གསང་བ་རྒྱལ་པོའི་ཆོས་ཐམས་ཅད་ཀྱི་མཛོད་ཁང་ཆེན་པོ་སྟེ། ཡི་གེ་མེད་པར་ལས། རིག་པའི་ཡེ་ཤེས་མ་ནོར་བ་བསྟན་པ། མི་འགྱུར་བ་རྩ་བའི་ལུང་ཆེན་པོ། ཡངས་པ་ཆོས་ཀྱི་སྣང་བ་ཆེན་པོ། དགོངས་པ་ཆོས་ཉིད་ཀྱི་སྟོབས་ཆེན་པོ། ལྟ་བ་རང་བྱུང་གི་སྒྲོལ་ས་ཆེན་པོ། མི་འགྱུར་བའི་གཟེར་ཡིག་ཆེན་པོ། རྟག་པར་དཀའ་བའི་འཕྱོང་ཆེན་པོ། ལྟ་བར་དཀའ་བའི་མེ་ལོང་ཆེན་པོ། བགྲོད་པར་དཀའ་བའི་ལམ་ཆེན་པོ། །གནས་པར་དཀའ་བའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ་བ་ཆེན་པོ། ཁྱབ་པ་མེད་པའི་ཡེ་གདངས་ཆེན་པོ། ཤེས་པ་ཆེན་པོ་ལ་དཔྱོད་བྱེད་མེད་པ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། སེམས་མེད་པའི་སྣང་བ་ཆེན་པོ། མི་འགྱུར་ཡོངས་སུ་གདལ་བ་ཆེན་པོ། ཕྲ་བ་ལ་གཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ། ཟླུམ་པ་ལ་དབྱིབས་མེད་པ་ཆེན་པོ། འཁྱུག་པ་ལ་དབུགས་མེད་པ་ཆེན་པོ། གསལ་བ་ལ་མདོག་ནག་པ་ཆེན་པོ། མེད་པ་ལ་མཉེན་པ་ཆེན་པོ། སྣང་བ་ལ་བརྟག་དཀའ་བ་ཆེན་པོ། སྟོང་པ་ལ་སྣང་བ་ཆེན་པོ། གཅིག་པ་ལ་རྒྱ་མ་ཆད་པ་ཆེན་པོ། གཉིས་ལྟར་སྣང་བ་ལ་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་པ་ལ་རྒྱན་མེད་པ་ཆེན་པོ། གང་བ་ལ་སྟོང་པ་ཆེན་པོ། སྨིན་པ་ལ་མ་རྫོགས་པ་ཆེན་པོ། སྐུ་ལྟར་སྣང་བ་ལ་འགྲོ་འོང་མེད་པ་ཆེན་པོ་ཞེས་སོ། །དེ་ཡང་དབྱིངས་ཡེ་ཤེས་གཉིས་སུ་སྣང་བ། ཆོས་སྐུའི་ངང་ན་གཏིང་གསལ་ཀྱི་སྐུ་ལ་འཆར་གཞིར་སྣང་བའོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ་གཉིས་ལས། ངོ་བོ་སྟོང་པ་ལྟར་གཞལ་ན་ཀ་དག་ནམ་མཁའ་ལྟ་བུ་གང་དུའང་མ་གྲུབ་པ་མཐའ་བྲལ་རྫོགས་པ་ཆེན་པོ་ཆོས་སྐུའི་ཀློང་ཡངས་པ་ཡིན་ལ། རྣམ་པར་གསལ་བ་ལྟར་གཞལ་ན་ཆོས་སྐུའི་དབྱིངས་རུམ་ན་ནང་གསལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འབྱུང་གནས་སུ་ཕྲ་བའི་ཆར་གཏིང་གསལ་དུ་གནས་ཏེ། དེའི་ངོས་ནས་ཕྱེ་ན། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་ཡེ་གསལ་བ། ཡེ་ཤེས་དེའི་གོང་ན་གཞན་མེད་པས་དཔངས་མཐོ་བ། ཡེ་ཤེས་ཀྱི་ཕོ་བྲང་ལྷུན་གྱིས་གྲུབ་པས་རྒྱ་ཆེ་བ་ལ་སོགས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། རིན་པོ་ཆེ་རྣམ་པར་བཀོད་པའི་དཀྱིལ་འཁོར་ནི་མ་བྲིས་པར་བཀྲ། ཡེ་ཤེས་བརྟན་པའི་རི་རྒྱལ་ནི་མ་བརྩིགས་པར་དཔངས་མཐོ། ཡེ་ཤེས་གདལ་བའི་ཕོ་བྲང་ནི་མ་བྱས་པར་རྒྱ་ཆེ། ཡེ་ཤེས་ཀློང་ཡངས་ཀྱི་རྒྱ་མཚོ་ནི་མ་རྙོག་པར་རང་གདངས། ཡེ་ཤེས་གསལ་བའི་ཉི་མ་ནི་མ་བྱས་པར་འཆར་ནུབ་མེད། སྟོང་ཉིད་གདལ་བའི་ཐང་ནི་མ་བཀོད་པར་ཆ་སྙོམས། ཡེ་ཤེས་འགྱུར་མེད་ཀྱི་ལམ་ནི་མ་སྦྱངས་པར་ཉེ་རིང་མེད། རིག་པ་འགྱུར་མེད་ཀྱི་རྟ་ནི་རྒྱུགས་ཀྱང་ཆད་པ་མེད། རིག་པ་དམིགས་མེད་ཀྱི་ཆུ་རྒྱུན་ལ་རྒྱུན་འཆད་མེད། རིག་པ་ཡེ་ཤེས་ཀྱི་ས་བོན་ལ་འཕེལ་འགྲིབ་མེད། རིག་པ་སྟོང་གསལ་གྱི་ཡེ་ཤེས་ནི་དབྱེར་མི་བྱེད། རིག་པ་འཛིན་མེད་ཀྱི་ཡེ་ཤེས་ངོས་གཟུང་གི་མཐའ་དང་བྲལ། རིག་པ་རྟོག་མེད་ཀྱི་ཡེ་ཤེས་ནི་མ་འགགས་པ་ལ་ཡོངས་སུ་གསལ། རིག་པ་ཀུན་གསལ་གྱི་ཡེ་ཤེས་མ་འདྲེས་ལ་ཡོངས་སུ་རྫོགས། རིག་པ་ཀུན་སྣང་གི་ཡེ་ཤེས་ནི་གསལ་ལ་འཛིན་པ་མེད། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་གསལ་ལ་ལྷུན་སྟུག་ཅེས་པ་དང༌། རང་ཤར་ལས རིན་པོ་ཆེའི་གཞལ་ཡས་ཁང་ནི་བཀོད་ལེགས། །རིན་པོ་ཆེ་རྣམ་པར་སྤྲས་བའི་བཙུན་མོ་ནི་རྒྱན་བཟང༌། རིན་པོ་ཆེ་མཛེས་པའི་རྟ་ནི་བང་མགྱོགས། རིན་པོ་ཆེ་སྣ་ཚོགས་ཀྱི་ཐང་ལ་ཟད་པ་མེད་ཅེས་སོ། །གསུམ་པ་དོན་གྱི་འབྲས་བུ་མཇུག་བསྡུ་བ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་སངས་རྒྱས་དེ་ལ་ཡོན་ཏན་གྱི་ཚོགས་ནི་ཚད་མེད་དེ། ནོར་བུ་འཕྲ་བཀོད་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཚད་མེད་དོ། །དཔག་ཏུ་མེད་དོ། །གཟུང་དུ་མེད་དོ། གཞལ་དུ་མེད་དོ། །སངས་རྒྱས་ཀྱི་སྣང་བ་ནི་ཆེ་ཆུང་གི་མཐའ་འདས་ཏེ་ནམ་མཁའ་ལྟ་བུའོ། །སངས་རྒྱས་ཀྱི་སྟོབས་ནི་ཡིན་མིན་གྱི་མཐའ་ལས་འདས་ཏེ་གླང་པོ་ཆེ་ལྟ་བུའོ། །སངས་རྒྱས་ཀྱི་རྩལ་ནི་སྤངས་ཐོབ་ཀྱི་མཐའ་ལས་འདས་ཏེ་སེང་གེ་ལྟ་བུའོ། །སངས་རྒྱས་ཀྱི་ཡོན་ཏན་ནི་གང་སྟོང་གི་མཐའ་ལས་འདས་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སངས་རྒྱས་ཀྱི་བོ་ངོ་ནི་བདག་རྟོག་གི་མཐའ་ལས་འདས་ཏེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་དོ། །སངས་རྒྱས་ཀྱི་བཞུགས་ཚུལ་ནི་དབང་པོ་དང་ཡུལ་ལས་འདས་ཏེ་རང་སྣང་ཉིད་དོ། །དེ་ནི་རང་བྱུང་གི་དགོངས་པ་ཉིད་ཀྱི་ཚིག་གོ་ཞེས་པ་དང༌། རང་ཤར་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ལ་མཐའ་ཐུག་པ་མེད་དོ། །སངས་རྒྱས་ཀྱི་རྟོགས་པ་ལ་ཚད་མེད་དོ། །ཤེས་རབ་ལ་རྩིས་མེད་དོ། །གནས་ལ་བཟང་ངན་མེད་དོ། །ལྟ་བ་ལ་ཡིན་མིན་མེད་དོ། །གཞི་ལ་རྒྱ་ཆད་མེད་དོ། །ལམ་ལ་འཕོ་འགྱུར་མེད་དོ། །འབྲས་བུ་ལ་རྒྱུར་ལྡོག་པ་མེད་དོ། །ཡེ་ཤེས་ལ་གསལ་འགྲིབ་མེད་དོ། །ཤེས་རབ་ལ་སེམས་མེད་དོ་ཞེས་སོ། །སངས་རྒྱས་དངོས་ཀྱི་ས་དེ་འབྲས་བུ་མཐར་ཕྱིན་ཟིན་པས་རང་ཉིད་བགྲོད་པའི་ལམ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལམ་ཆད་པ་འཇུག་པ་ཆད་པ་སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པ་ཞེས་ཡུལ་ལས་བཤད་ལ། གདུལ་བྱ་འདྲེན་པ་ཐུགས་རྗེའི་ལམ་སྐུ་དང༌། ཡེ་ཤེས་དང་འཕྲིན་ལས་ཕྱིར་སྣང་དུ་ཤར་བས་མཛད་པ་ལ་ལྟོས་ནས། མི་སློབ་པའི་ལམ་ཞེས་བཤད་པ་ཡིན་ནོ། །གསུམ་པ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གཏན་ལ་དབབ་པ་ལ་གཉིས་ཏེ། འཆར་གཞི་ངོས་གཟུང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལའང་འཆར་གཞི་དངོས་དང༌། དེ་ལ་ལོག་རྟོགས་དགག་པ་གཉིས་ལས། དང་པོ་ནི། སྤངས་རྟོགས་མཐར་ཐུག་གི་ཆོས་སྐུ་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དེ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཡིན་ནོ། །དེའང་ངོ་བོ་སྟོང་གསལ་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པས་གངས་དུའང་མ་ཕྱེད་མི་བྱེད་འབྱེད་པ་མེད་ཅིང་སྨྲ་བསམ་བརྗོད་པ་ལས་འདས་ཏེ། འཁོར་འདས་ཀྱི་མཐའ་ལས་གྲོལ་བ། ནམ་མཁའ་ལྟར་གང་དུའང་མ་གྲུབ་པ་མ་ཡིན་ལ་ཡོན་ཏན་ཚད་མེད་པ་ཉི་ཟླ་གཟའ་སྐར་ལྟ་བུ་ཀུན་འབྱུང་བའི་འཆར་གཞིར་གྱུར་པས་ཡེ་ཤེས་རྫོགས་པའི་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་ཕྱེ་མི་འབྱེད་མཉམ་པ་ལ། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མི་གྲགས་སོ། །མ་བྱུང་མ་སྐྱེས་འགག་པ་མེད། །ཀུན་འབྱུང་ཡེ་ཤེས་གང་མ་ཡིན། །ཅེས་པ་དང༌། རང་སར་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་འགགས། །རྡུལ་དང་ཕྲ་རབ་མཐར་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་པ་དང༌། །རྟོག་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང༌། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ །བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། འདོད་པ་དགོད། དེ་དགག ཡང་དག་པའི་ལུགས་གཞག་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ཡང་དག་པར་སངས་རྒྱས་པའི་དུས་ཀྱི་ཀ་དག་དེ་ཅིར་ཡང་མ་གྲུབ་པས་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་ཡང་མེད་ལ་འཆར་གཞི་ཡང་མ་ཡིན་ནོ་ཞེས་པ་དང༌། ཁ་ཅིག་ན་རེ སྐུ་དང་ཡེ་ཤེས་དངོས་སུ་བཞུགས་ཏེ་དེ་མེད་ན་འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་མ་ཐོབ་པར་ཐལ་བའམ་ཐོབ་ནས་ཉམས་པར་ཐལ་བའི་ཕྱིར་རོ་ཞེས་འདོད་དོ། །དེ་དགག་པ་ལ་གཉིས་ལས། རིགས་པ་ནི། ཕྱོགས་དང་པོ་ལྟར་ན། སངས་རྒྱས་ལ་ཡེ་ཤེས་མེད་པས་རང་གི་དོན་དང་གཞན་དོན་མི་འབྱུང་བར་ཐལ་ཏེ། ཅི་ཡང་མེད་པའི་ན་མཁའ་སྟོང་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་པོ་སྨྲ་བ་ཁ་ཅིག་ལྟར་ཆོས་སྐུ་དེ་དངོས་པོ་དང་མཚན་མར་གྲུབ་པ་བེམས་པོ་རགས་པ་ལྟར་ཡོད་པར་ཐལ་ཏེ། གཟུགས་རང་མཚན་དུ་གྲུབ་པའི་ཕྱིར་དང་རྣམ་པའི་ཡེ་ཤེས་དངོས་སུ་གྲུབ་པས་རྟོག་པ་དང་ཁྱད་མེད་དུ་ཐལ་བའི་ཕྱིར་རོ །ལུང་གི་དགག་པ་ནི། ཀློང་དྲུག་པ་ལས། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམ་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱམ་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་དང༌། སྒྲོན་མ་སྣང་བྱེད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང༌། །ཁྱད་པར་ཉིད་ནི་ཡོད་པ་ཡིན། །དེ་ཕྱིར་གཞི་ནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང༌། །ཁྱད་པར་ཅི་ཡང་ཡོད་མི་འགྱུར །རགས་པའི་ཡེ་ཤེས་ཡོད་གྱུར་ན། །འོན་ཏེ་བརྟག་པ་ཉིད་དང་མཉམ། །ཞེས་སོ། །གསུམ་པ་ཡང་དག་པའི་ལུགས་ལ། ཀ་དག་རང་ངོ་ལ་གང་དུའང་མ་གྲུབ་པས་ཡོད་མེད་ཀྱི་མཐའ་ལས་འདས་པ་སྐུ་དང་ཡེ་ཤེས་སུ་གྲུབ་པ་ཤེལ་གོང་ལྟ་བུའོ། །དེའི་ངང་ངམ་དབྱིངས་སམ་ཆ་ལ་འཆར་གཞིའི་ཆ་ཤིན་ཏུ་ཕྲ་བའི་ཡེ་ཤེས་སུམ་བརྩེགས་སུ་གནས་པ་ཤེལ་གྱི་ནང་འོད་དེ་དངོས་སུ་མཐོང་ཡུལ་ན་མེད་ཀྱང༌། འཆར་གཞིར་གནས་པ་བཞིན་ནོ། །ཡེ་ཤེས་གསུམ་པོ་དེ་ཡོད་པས་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང༌། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་འཕྲིན་ལས་དང་བཅས་པ་གདུལ་བྱ་ལ་སྣང་ནུས་པའི་ནུས་པའང་གནད་དེ་ལས་བྱུང་ངོ༌། །དེ་ལྟར་མ་ཡིན་ན་སངས་རྒྱས་ནས་ནི་ཆོས་སྐུར་རོ་གཅིག དེ་ལ་ནི་ཡེ་ཤེས་མེད་པས་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཏན་ནས་མེད་པར་འགྱུར་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་དང༌། རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། ཅེས་སོ། །དེའང་ཡེ་ཤེས་མེད་ཅེས་གསུངས་པ་རྣམས་ནི་ངོ་བོ་གང་དུ་ཡང་མ་གྲུབ་པའི་ལྡོག་པ་ཡིན་ལ། ཡེ་ཤེས་ཡོད་པར་གསུངས་པ་རྣམས་རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་བརྗོད་པ་སྟེ། འགལ་བ་མེད་པས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ནི། དབྱིངས་ཀ་དག་གི་ཆོས་སྐུའི་ངང་ན་ཡེ་ཤེས་ལྷུན་གྲུབ་ཕྲ་བའི་རང་བཞིན་དུ་གནས་པ་ཡང༌། གཞི་འཛིན་པའི་ཡེ་ཤེས་སུ་དངོས་སུ་ཕྲ་བར་གནས་ལ། དེའི་ཆ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང༌། ཤེས་བྱ་མཁྱེན་པའི་ཡེ་ཤེས་འཆར་གཞིའི་ཆ་དངོས་སུ་མ་ཤར་ཙམ་དུ་ཡོད་པའོ། །ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །ཞེས་སོ། །དེའང་ཀ་དག་གི་དབྱིངས་ན་ལྷུན་རུབ་གནས་པ་དེས་ངོ་བོ་རང་བཞིན་ཐུགས་རྗེའི་ཆ་ཕྲ་བ་དངོས་སུ་སྣང་ལ། གཞི་གནས་ཀྱི་ཡེ་ཤེས་དེ་གསུམ་གྱིས་ཡེ་ཤེས་གཞན་གཉིས་ཀྱི་འཆར་གཞི་བྱེད་པ་ནི། ཡང་དེ་ཉིད་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱིས་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཅེས་སོ། །གཞི་གནས་ཀྱི་གསུམ་པོ་དེས་འཆར་གཞི་བྱེད་ཚུལ་ལ། །ངོ་བོ་སྐུ་གསུམ་གྱི་འཆར་གཞི་བྱེད་ལ་སྐུ་གསུམ་ཐ་དད་སྣང་ཆར་མ་གྲུབ་པ་དང༌། རང་བཞིན་གྱིས་འོད་ལྔའི་འཆར་གཞི་བྱེད་ལ་ཁ་དོག་རང་མཚན་མ་གྲུབ་པ་དང༌། ཐུགས་རྗེས་ཡེ་ཤེས་གཉིས་ཀྱི་འཆར་གཞི་བྱེད་ལ་ཡུལ་དང་རྣམ་པ་ལ་དངོས་སུ་འཇལ་བར་མེད་པ་སྟེ། ཐལ་འགྱུར་ལས། དེ་ཡང་ངོ་བོ་སྐུར་གནས་པས། ཆོས་དང་ཆོས་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེད་བྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང༌། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་དང༌། ཀློང་དྲུག་པ་ལས་ཀྱང༌། རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱམ་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱིས་གསང་ཆེན་དུ །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱའི་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལས་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་ལ་ནི་འོད་བཞིན་དུ། །རང་གི་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང༌། །ཞེས་པ་དང༌། ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེ་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །འདི་མེད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །འདི་ཀུན་དྲན་པས་བཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བས། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །འདི་ཡི་སྣང་བ་མ་འགགས་པར། །རང་མཐུན་སྨན་གྱི་ནུས་པ་བཞིན། །རིགས་དྲུག་རྣམས་ལ་མཐུན་པར་སྣང༌། །དེ་ཡི་ཕྱིར་ན་ཐུགས་རྗེའོ། །ཞེས་སོ། །དེའང་འཆར་གཞིའི་ཆ་ལས་སྤྲུལ་སྐུར་ཤར་དུས་ཡེ་ཤེས་གཉིས་ཀྱང་དངོས་སུ་གདུལ་བྱ་རིགས་དྲུག་གི་དོན་བྱེད་ལ། ཀ་དག་གི་དུས་འདིར་དངོས༌།སུ་མེད། ཆ་ས་བོན་གྱི་ཚུལ་དུ་གནས་པའོ། །ཀློང་དྲུག་པ་ལས་ཀྱང༌། ངོ་བོ་ཉིད་དང་རང་བཞིན་དང༌། །ཐུགས་རྗེ་ཡི་ནི་སྣང་བ་དག །བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུའང་མ་གྲུབ་པས། །རང་བཞིན་སྣང་ཆ་གསལ་བར་སྣང༌། །ཐུགས་རྗེའི་ཆ་ལས་ཡེ་ཤེས་གཉིས། །བྱ་དང་བྱེད་པ་མེད་པར་ཤར། །ཤར་སྣང་བློ་རིམ་གཉིས་ཀྱི་ཕྱིར། །ཡེ་ཤེས་མཛད་པ་འདི་ལྟ་བུ། །རྩོལ་སྒྲུབ་རྣམས་དང་བྲལ་བར་སྣང༌། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །གཞི་ནས་འདི་ལྟར་སྣང་བའོ། །ཞེས་པའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་སྐུ་མཐར་ཐུག་ནི་ཀ་དག་དང་ལྷུན་གྲུབ་གཉིས་མེད་ཀྱི་གྲོལ་ས་ཀ་དག་ཆེན་པོ་ཞེས་བྱ་སྟེ། རང་བཞིན་འཆར་གཞིར་གནས་ཀྱང༌། ངོ་བོ་གང་དུའང་མ་གྲུབ་པས་དོན་དམ་པའི་བདེན་པ་ཉག་གཅིག་ཡོངས་སུ་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་ལས་འདས་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་ནི། མཐར་ཐུག་གི་འབྲས་བུ། ནང་དབྱིངས་ཆེན་པོ། གྲོལ་ས་བླ་ན་མེད་པ། སྐུ་གསུང་ཐུགས་གཉིས་སུ་མེད་པའི་རྡོ་རྗེ་གསང་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཡིན་ཏེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལ། དེ་བཞིན་གཤེགས་པའི་སྐུ་ལ་བཞེངས་པ་དང་བཞུགས་པ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སྐུ་དངོས་པོར་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུངས་ལ་སྒྱུར་བ་དང་མི་བསྒྱུར་བ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསང་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་ལ་དགོངས་པ་དང་མི་དགོངས་པ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ལ་རྟོག་པ་མེད་པའི་ཕྱིར་རོ་ཞེས་པ་དང༌། སྙིང་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིད་པ་རྡོ་རྗེ་གཅོད་པ་ལས་ཀྱང༌། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང༌། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཅེས་གསུངས་པ་བཞིན་ནོ། །དབུ་མ་ཐལ་འགྱུར་བ་དག་སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྐུ་དང་ཡེ་ཤེས་ཙམ་ཀྱང་མ་གྲུབ་ཅིང༌། གཞན་སྣང་བ་སངས་རྒྱས་ཀྱི་ཐུགས་རྗེ་དང༌། གདུལ་བྱའི་སྨོན་ལམ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་སྣང་བ་ནི། ནམ་མཁའ་ལྡིང་གི་མཆོད་སྡོང་དང་ནོར་བུ་དང་དཔག་བསམ་ཤིང་ལྟར་འདོད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཅེས་སོ། །འདིར་ཡང་ཀ་དག་གི་རང་ངོ་དེ་དང་འདྲ་རུང་ལས། ཕྲ་བའི་ཡེ་ཤེས་དབྱིངས་ན་ཡོད་པ་ལས་སྐུ་དང་ཡེ་ཤེས་འཆར་ལ། དེས་སེམས་ཅན་སངས་རྒྱས་ཀྱིས་དངོས་སུ་དོན་བྱེད་པར་སྨོན་ལམ་བཏབ་པ་རྣམས་ཀྱི་དོན་བྱེད་ལ། ངོ་བོའི་ཆ་ལས་ལྷུན་གྲུབ་ཡིན་པས་རྒྱུ་སྨོན་ལམ་གྱིས་བསྐྱེད་པར་མི་འདོད་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །འདི་དག་ནི་ཀ་དག་འབྲས་བུའི་གནད་གལ་པོ་ཆེ་ཡིན་པས་ཤེས་རབ་ཅན་དག་གིས་ཤིན་ཏུ་བློ་གྲོས་ཞིམ་མོས་རིག་པར་བྱའོ། །སྤྱི་དོན་གཉིས་པ་ལྷུན་གྲུབ་འོད་གསལ་གྱི་འཆར་གཞི་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྐུའི་དབྱེ་བ་སྤྱིར་བསྟན་པ་དང༌། སྐུ་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་ལས། སྐུ་གཅིག་ཏུ་བསྟན་པ་ནི། གཞི་རིག་པར་གཅིག ལམ་རིག་པའི་སར་གཅིག འབྲས་བུ་རིག་པ་དྲི་མེད་ཀ་དག་ཏུ་གཅིག་པའི་ལྡོག་པ་ནས། མཐའ་བྲལ་ནམ་མཁའ་ལྟ་བུ་མི་འགྱུར་རྡོ་རྗེའི་སྐུ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་པོ་སངས་རྒྱས་ཀྱི་སྐུ་ནི། རང་ཤར་ལས། ཨེ་མ་ཧོ། སྣང་བ་ཆེན་པོ་གསལ་བ་ཆེ། །དག་པའི་ནམ་མཁའ་མཐའ་དང་བྲལ། །སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཞིང༌། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་མ་མི་གནས་རྡོ་རྗེའི་སྐུ། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ །ངོ་བོ་རང་བཞིན་ཐུགས་རྗེའི་བདག །ཡེ་ཤེས་སྐུ་གསུམ་འོད་དུ་གསལ། །མཁའ་ལ་ཉི་ཤར་མུན་པ་སེལ། །ཡེ་ཤེས་ལྔ་ཡི་མཚན་ཉིད་གསལ། །སངས་རྒྱས་སྤྲུལ་པ་རབ་འབྱམས་འབྱུང༌། །ཞེས་སོ། །སྐུ་གཉིས་སུ་དབྱེ་བ་ནི། གཞི་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའི་རིག་པ། ལམ་དབྱིངས་དང་ཡེ་ཤེས་གཉིས་སུ་ཉམས་སུ་བླངས་པས། འབྲས་བུ་ཆོས་སྐུ་རྣམ་པ་གཉིས་སུ་ཤར་བས་དོན་གཉིས་མཐར་ཕྱིན་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ལས་གཟུགས་སྐུར་གསལ། ཅེས་སོ། །སྐུ་གསུམ་དུ་དབྱེ་ན། ངོ་བོའི་ཆ་ལས་སྟོང་རིག་མཁྱེན་པའི་ཡེ་ཤེས་ཆོས་སྐུ། རང་སྣང་འོད་གསལ་གྱི་ལོངས་སྐུ། སྣ་ཚོགས་སྤྲུལ་པའི་སྐུ་དང་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། སྐུ་གསུམ་སངས་རྒྱས་ཉག་གཅིག་པོ། །ཡེ་ཤེས་མཚན་ཉིད་ལྔ་ལྡན་ཉིད། །འདུག་ཚུལ་ཤེས་བྱའི་བབས་ཀྱིས་གྲུབ། །ཅེས་སོ། སྐུ་བཞིར་དབྱེ་ན། སྐུ་གསུམ་གྱི་ཆོས་ཉིད་གཅིག་དང་དུ་མའི་མཐའ་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུ། སྟོབས་དང་མི་འཇིགས་པ་དང༌། ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་རིག་པའི་ཡོན་ཏན་རྟོགས་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་ཐུགས་རྗེ་ཆེན་པོ་རྣམས་ནི་ཆོས་ཀྱི་སྐུ། མཚན་དང་དཔེ་བྱད་རྫོགས་པས་འོག་མིན་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པ་ལོངས་སྤྱོད་རྫོགས་པའི་སྐུ། གདུལ་བྱའི་ངོ་བོ་ལ་གང་ལ་གང་འདུལ་དུ་སྣང་བ་སྤྲུལ་པའི་སྐུ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་དང་ལོངས་སྐུ་དང༌། ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །འདི་དག་ཐུན་མོང་གི་བསྟན་བཅོས་ལས་ཀྱང་འབྱུང་བ་དང་ཆ་མཚུངས་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་པ། །དེ་བཞིན་གཞན་པ་སྤྲུལ་སྐུ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པ་དང༌། དེ་དག་གི་རྒྱས་བཤད་དུ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་པ་དང༌། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཅེས་པ་དང༌། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང༌། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་བཞིན་ནོ། །སྐུ་ལྔར་དབྱེ་ན། སྤངས་རྟོགས་ཐར་ཕྱིན་དུ་ཞི་བ་བརྙེས་པ་མངོན་པར་བྱང་ཆུབ་ཀྱི་སྐུ། དབྱིངས་ཀ་དག་ལས་འཕོ་འགྱུར་མེད་པ་མི་འགྱུར་རྡོ་རྗེའི་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་པའི་སྐུ་དང་ལྔ་སྟེ། རྫོགས་པ་རང་བྱུང་ལས། སྐུ་ལྔ་ཡེ་ཤེས་ལྔའོ། །ཞེས་པ་ད་ང། རང་ཤར་ལས། འགྱུར་མེད་དོན་གྱི་སྐུ་ལྔ་གནས། །ཞེས་སོ། །སྐུའི་དབྱེ་བ་འདི་དག་དང་གཞན་ཡང་དཔག་ཏུ་མེད་དེ་སྤྲོས་པས་ཆོག་གོ །དོན་གཉིས་པ་སྐུ་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་དོན་གྱི་འབྲེལ་དགོད་པ་དང༌། སྐབས་ཀྱི་དོན་བཤད་པ་ལ་གཉིས་ལས། དང་པོ་ལ་གསུམ་སྟེ། ཐོབ་ཚུལ་སྤྱིར་བསྟན་པ། འབྲས་བུ་ཡིན་པར་བྱེ་བྲག་ཏུ་བཤད་པ། ལམ་སྣང་དུ་བཤད་པ་དང་འགལ་བ་སྤང་པའོ། །དང་པོ་ནི། ངོ་བོའི་འཆར་གཞི་ལས་སྐུ་གསུམ་དུ་སྣང་བ་ཡང༌། དག་བྱ་སྒོ་གསུམ་གྱི་དྲི་མ་དག་སྟོབས་ཀྱིས་ཐོབ་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་འབྲས་པུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང༌། །ལོངས་སྐུ་ངག་གི་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ། །ཞེས་སོ། །འདི་དག་དག་བྱའི་རྒྱུ་འབྲས་ཞེས་བྱའོ། །རང་བཞིན་དུ་ལྷུན་གྲུབ་ཡིན་པས་རྒྱུ་རྐྱེན་གྱིས་བསྐྱེད་ནས་ཐོབ་པ་ཤེས་པ་བྱ་ལ་མི་སྲིད་པར་ཤེས་པར་བྱའོ། །གཉིས་པ་ནི། མུ་ཏིག་ཕྲེང་བ་ལས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། །འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག་ཅེས་སོ། །གསུམ་པ་ནི། །སྐུ་གསུམ་ལམ་སྣང་དུ་བཤད་པ་དང་འགལ་པོ་ཞེ་ན། བླ་མ་སྔ་རབས་པ་དག་ན་རེ། འབྲས་བུ་མ་ཡིན་ཟེར་བ་ནི། འབྲས་བུ་སྐུ་གསུམ་དུ་ཞེན་པའི་མཐར་འཛིན་དང་བྲལ་བར་བྱེད་པ་ལ་དགོངས་པའམ། སྐོར་གསུམ་ལ་སྦུབས་མཐར་ཐུག་ཏུ་འདོད་པ་དེ་དགག་པ་ལ་དགོངས་པའོ་ཞེས་འགལ་སྤོང་མཛད་ནས། དོན་ལ་འབྲས་བུར་འཇོག་པའང༌། ཀ་དག་གི་ནང་དབྱིངས་ཀྱི་ངོ་བོ་མ་དགོངས་པའི་རྣམ་འགྱུར་ཡིན་པས་ཤིན་ཏུ་ནོར་ཏེ་མི་ལེགས་སོ། །འདིར་སྔར་ཁས་བླངས་པ་བཞིན་ལམ་སྣང་ཡང་ཡིན་ལ། འབྲས་བུ་ཡང་ཡིན་པ་མི་འགལ་པར་འདོད་དེ། དང་པོ་ལ་ལམ་སྣང་ཡིན་ཏེ་ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་པ་ལྟ་བུ་ལས། དེར་འཇུག་པ་དང་དེ་ནས་ཕྱིར་མཆེད་པ་གཞི་ཀ་དག་ལས་ཕྱིར་སྣང་དུ་འཆར་དགོས་པའི་ཕྱིར་རོ། །འཆར་ཚུལ་ངོ་བོ་སྐུར་གནས་པ་ལས་འཆར་རོ། །ལམ་སྣང་ལ་གཉིས་ཡོད་དེ། རང་ཉིད་སངས་རྒྱས་བསྒྲུབ་པའི་ལམ་འབྲས་བུའི་སྔོན་རོལ་པ་རྣམས་དང༌། རང་ཉིད་སངས་རྒྱས་གྲུབ་ཟིན་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་མངོན་པར་སྣང་བས་དོན་མཛད་པའོ། །དེ་ལས་འདིར་མི་སློབ་པའི་ལམ་སྣང་དུ་འདོད་པས་སྐུ་གསུམ་ལམ་སྣང་ཡིན་པ་དང༌། འབྲས་བུ་ཡིན་པ་གཉིས་འགལ་ལ་འབྲེལ་བ་གྲུབ་པའི་དོན་ཏོ། །རྣམ་པར་གྲོལ་བའི་ཆོས་སྐུ་ནང་དབྱིངས་ལས་སྐུ་གསུམ་ཕྱིར་སྣང་ལམ་དུ་ཤར་བས་སྐུ་དང་ཡེ་ཤེས་ཀྱི་རྣམ་འཕྲུལ་སྣང་བ་ཡང༌། ཆོས་སྐུ་ཡེ་ཤེས་ཀྱི་ཐུགས། ལོངས་སྐུ་དེའི་སྐུ། སྤྲུལ་སྐུ་མཛད་པར་སྣང་བས་དོན་འབྱུང་བའི་ཕྱིར་རོ། །དེའང་ནང་གསལ་འཆར་གཞིའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ཆོས་ཉིད་དང༌། དེ་ལས་ཕྱིར་གསལ་དུ་སྐུ་གསུམ་གྱི་ལམ་སྣང་རང་དུ་ཤར་བ་གཉིས་རིག་པའི་ངང་དུ་འདྲ་ཡང༌། ཕྱི་ནང་གི་ཁྱད་པར་ཕྱེ་ལ། རང་སྣང་གི་ཆ་ལས་གདུལ་བྱའི་སྣང་ངོར་ལོངས་སྤྲུལ་འཆར་བས་དོན་མཛད་པའང༌། རིག་པའི་རོལ་པར་གཅིག་ཀྱང༌། རང་སྣང་གདུལ་བྱས་མི་མཐོང་ལ། དེ་ལས་ཤར་བ་དེ་མཐོང་བའི་ཁྱད་ཡོད་པས་འདྲ་གཉིས་ཤན་ཕྱེད་པར་བསྟན་པ་ཡང༌། སེང་གེ་རྩལ་རྫོགས་ལས། རྡོ་རྗེ་སེམས་དཔའི་ཆོས་ཉིད་དང༌། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་བཤད་དོ། །དེ་ལྟར་ནང་དབྱིངས་དང༌། ཕྱིར་གསལ་ལམ་སྣང་གི་ཆ་མ་ཕྱེད་པར། སྐུ་གསུམ་རང་སྣང་གི་འབྲས་བུར་འདོད་ན། སྤྲུལ་སྐུ་གདུལ་བྱ་ལ་སྣང་བ་བཞིན། གྲོལ་སའི་ཀ་དག་གི་ཆོས་སྐུ་གདུལ་བྱ་ལ་སྣང་བར་ཐལ། སྐུ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། ཆོས་་སྐུ་འཕྲོ་འདུ་དང་ཁ་དོག་ཏུ་སྣང་བར་ཐལ། ཁྱོད་དང་ངོ་བོ་གཅིག་པའི་ལོངས་སྤྲུལ་ཆོས་དེ་སྣང་བའི་ཕྱིར། ཡང་ན་སྤྲུལ་སྐུ་གདུལ་བྱ་ལ་མི་སྣང་བར་ཐལ། ཆོས་སྐུ་མི་སྣང་བའི་ཕྱིར་རོ། །དེས་ན་སྐུ་གསུམ་ཡང་རིག་པར་ངོ་བོ་གཅིག་གི རྣམ་པར་ངོ་བོ་གཅིག་པ་དེ་འདྲ་བས་མི་བླང་ཞིང༌། སྤྲུལ་སྐུ་ཐུགས་རྗེའི་ཆ་ཡིན་ལ། དེས་སྤྲུལ་པའི་སྣང་བ་དེ་གཟུགས་བརྙན་སྤྲུལ་པ་ཡིན་གྱི། སྤྲུལ་སྐུ་དངོས་མ་ཡིན་ཏེ། ཐུགས་རྗེ་མ་ཡིན་པའི་ཕྱིར་རོ། །གྲུབ་མཐའི་དབྱེ་བ་འདི་ཡང་ཤིན་ཏུ་ཕྲ་བས་ཤེས་རབ་ཅན་རྣམས་ཀྱིས་དཔྱོད་ལ་ཁོང་དུ་ཆུད་པར་གྱིས་ཤིག གནད་གལ་པོ་ཆེ་ཡིན་ནོ། །གཉིས་པ་སྐབས་ཀྱི་དོན་བཤད་པ་ལ་གསུམ་སྟེ། སྐུ་གསུམ་གྱི་གནས་སྤྱིར་བསྟན་པ། ཡེ་ཤེས་ཀྱི་གནས་བྱེ་བྲག་ཏུ་བཤད་པ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་གནས་ཀྱི་དོན་བསྡུ་བའོ། །དང་པོ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ལས། དང་པོ་ཆས་སྐུའི་གནས་རྒྱས་པར་བཤད་པ་ལ་ངོ་བོ། དབྱེ་བ། རྣམ་གྲངས། རྒྱས་པར་བཤད་པ་དང་བཞི་ལས། ཆོས་སྐུའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་སྟེ། བཞུགས་ཚུལ། མཚན་ཉིད། རང་བཞིན། ཐུགས་རྗེ། སྣང་ཚུལ་ལྔ་ལས། ངོ་བོའི་བཞུགས་ཚུལ་སྐྱོན་གང་གིས་ཀྱང་མ་གོས་པར་བཞུགས་པས་ཀ་ནས་དག་པའི་རང་བཞིན་ནོ། །ངོ་བོ་དེའི་མཚན་ཉིད་སྟོང་པ་རིག་པའི་སྙིང་པོ་ཅན་ནོ། །ངོ་བོ་དེའི་རང་བཞིན་གང་དང་ཡང་མ་འདྲེས་པའོ། །ངོ་བོ་དེའི་ཐུགས་རྗེ་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའོ། །ངོ་བོ་དེའི་སྣང་ཚུལ་གཉིས་སུ་མེད་པའོ། །ངེས་ཚིག་ནི། བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་སྐུར་སྨིན་པས་དངོས་མེད་དེ། མཚན་ཉིད་གང་གིས་ཀྱང་གཏན་ལ་མི་ཕེབས། སྟོང་ཉིད་གང་དུ་ཡང་མ་གྲུབ་པས་ན་ཆོས་སྐུ་ཞེས་བྱའོ། །ཆོས་ནི། སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཆོས་རིག་པ་དང་འབྲེལ་བ། སྐུ་ནི། མཚན་མ་ཞལ་ཕྱག་ཏུ་མེད་ལ་རིག་པའི་ངོ་བོ་མི་འགྱུར་བ་ཙམ་ལ་བརྗོད་པའོ། །དབྱེ་ན། དངོས་པོ་མཚན་ཉིད་དང་འབྲེལ་བའི་ཆོས་སྐུ། གནས་པ་ཁྱབ་ཚུལ་དང་འབྲེལ་པའི་ཆོས་སྐུ། རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་གསུམ་ལས། དང་པོ་ནི། ཆོས་ཉིད་ལ་ལྟོས་ནས་གང་གི་ངོ་བོར་ཡང་མ་གྲུབ་པས་སྤྲོས་པའི་མཐའ་དང་བྲལ་བ། དངོས་པོ་ངོས་གཟུང་ལས་འདས་པས་སྐྱེ་འཇིག་འཕོ་འགྱུར་མེད་པ། མཐར་ཐུག་མངོན་དུ་གྱུར་པས་ཆོས་ཉིད་བསམ་གྱི་མི་ཁྱབ་པའོ །གཉིས་པ་ནི། འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སྐུ་དྲི་མ་གློ་བུར་བས་དག་པའི་དག་པ་གཉིས་ལྡན་དེ་ཡིན་ཏེ། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་པ་དང༌། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་པ་དེ་མངོན་དུ་གྱུར་པའི་ཆའོ། །གསུམ་པ་ནི། ཐེག་པ་སོ་སོ་ནས་རིག་པ་དང༌། སྟོང་པ་དང༌། ཡོན་ཏན་ལ་སོགས་པའི་ཆར་བསྟན་པ་སྟེ། ཡོངས་སུ་རྫོགས་པ་ཆེན་པོ་འདིར་རྣམ་པར་འཕྲུལ་པས་ཕྱེ་ན། ཆོས་ཀྱི་སྐུའི་ཆོས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་སྐུའི་ལོངས་སྐུའི་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་རང་ཟད་པ། ཏིང་ངེ་འཛིན་སེམས་དང་སེམས་བྱུང་གི་བྱུང་ཚོར་འགགས་པས་ཡེ་ཤེས་རང་གནས་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་བརྟག་པ་མ་ཡིན་བས་ཡེ་མཉམ་གདལ་བ་ཆེན་པོའོ། །ཆོས་སྐུའི་སྤྲུལ་སྐུ། ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིའི་ཆ་གཏིང་གསལ་རང་གདངས་ཆེན་པོ། ཏིང་ངེ་འཛིན་འགག་མེད་རང་གསལ། འཁོར་རིས་མེད་འཆར་སྣང་དག་པ། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་སྣང་བའོ། །དེ་དག་ཀྱང་ཀ་དག་རང་གནས་ཀྱི་ཆོས་སྐུའི་ཆ་ནས་བཏགས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། འཛིན་པ་རང་དག་ཆོས་སྐུ་ཡིས །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཚིག་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་ཕྱུང༌། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །ཅེས་སོ། །དེ་དག་ཀྱང་ཆ་ལ་བཏགས་པ་ཙམ་ལས། དོན་ལ་གང་དུའང་མ་གྲུབ་པས་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོར་བཞུགས་ཏེ། ཡང་དེ་ཉིད་ལས། འདི་ཡི་གནས་ནི་འདི་ཞེས་པའི། །མིང་དུ་གྲགས་པའི་མཚན་བཅས་ཡུལ། །རྣམ་པ་གང་དུ་མི་སྣང་བས། །མེད་པའི་སྟོང་པ་ཆོས་འབྱུང་ལས། །གསང་བ་ཆེན་པོའི་རང་དབྱིངས་སུ། །ཡེ་ཐོག་ཉིད་དུ་གནས་པ་ལ། །མ་བཟུང་གནས་ཀྱི་ཚུལ་ཅན་དུ། །རོལ་པ་ཆེན་པོར་ཐོག་པར་བྱུང༌། །འདི་ལས་སུས་ཀྱང་གནས་པ་མེད། །གང་གིས་གནས་སུ་བྱས་པ་མེད། །འདི་ལ་ཕུན་སུམ་ཚོགས་པ་མེད། །འདུག་ཅིང་འོང་བ་ཉིད་དང་བྲལ། །དེ་བཞིན་ཡེ་སྟོང་ཆེན་པོའི་གནས། །མེད་པ་ལས་ནི་དབྱིངས་ཀྱི་ཚལ། །འདི་ལ་ཕྱི་དང་ནང་ཡང་མེད། །སྟེང་དང་འོག་ཏུ་ལྟ་བ་མེད། །ཕྱོགས་དང་མཚམས་སུ་སུས་ཀྱང་ཡང༌། །འདི་ལ་གཟུང་དུ་ཅུང་ཟད་མེད། །ཅེས་སོ། །བཞི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། ཆོས་སྐུའི་སྐུ་སྟོང་གསལ་མཚན་མ་མེད་པ། གསུང་བརྗོད་མེད་སྒྲ་ཚིག་ལས་འདས་པ། ཐུགས་དྲན་བསམ་སྤྲོས་པ་མེད་པ། ཡོན་ཏན་ཕྱིར་མི་ལྡོག་པས་འཕོ་འགྱུར་མེད་པ། འཕྲིན་ལས་ལྷུན་གྲུབ་འཆར་ཚུལ་མ་འགགས་པའི་གཞིར་གནས་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང༌། །ཐུགས་དང་ཡོན་ཏན་འཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང༌། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་པ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང༌། །རང་བཞིན་བཅོས་པ་མེད་པའོ། །འཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་འབྱུང་འགག་པ་མེད་པ་དང༌། །མ་བྱས་བྱས་པ་མེད་པའོ། །ཞེས་སོ། །གཉིས་པ་ལོངས་སྐུ་རྒྱས་པར་བཤད་པ་ལའང༌། ངོ་བོ། ངེས་ཚིག དབྱེ་བ། རྣམ་གྲངས་དང་བཞི་ལས། ངོ་བོའི་མཚན་ཉིད་རང་གསལ་ཆེན་པོ་ལ་ཡོངས་སུ་རྫོགས་པ། ངོ་བོ་བཞུགས་ཚུལ་རང་བཞིན་མི་གཡོ་བའི་སྐུ་མཚན་དཔེ་དང་རིགས་སུ་གསལ་ལ་མི་གཡོ་བའོ། །ལོངས་སྐུའི་ངེས་ཚིག་ལོངས་སྐུར་སྣང་བ་ལ་སྤྱོད་པ་དེ་ཉིད་ལ་མཁྱེན་པ་མ་འགགས་པར་སྤྱོད་པ། སྐུ་ནི་སྣང་བ་རང་གསལ་བཀོད་པ་ཆེན་པོའོ། །ལོངས་སྐུའི་དབྱེ་བ་ལ་བཞི་སྟེ། འབྱུང་ཆེན་ངོ་བོའི་སྐུ། གནས་པ་ཁྱབ་ཚུལ་ཀྱི་སྐུ། སྣང་བ་ལམ་གྱི་སྐུ། གདུལ་བྱ་སྣང་ཚུལ་གྱི་སྐུའོ། །དང་པོ་ནི། ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ་དྲོ་བ། བསིལ་བ། ཡངས་པ། ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པ་སྟེ། རང་ཤར་ལས། ཀུན་ལ་འོད་ཀྱི་སྙིང་པོར་གནས། །རྟོག་མེད་རྣམ་དག་ཆོས་ཀྱི་དབྱིངས། །འགྲན་ཟླ་མེད་པའི་ཉག་གཅིག་པོ །དཀྱིལ་དང་འཁོར་དང་ཕོ་བྲང་དང༌། །རིག་དང་སྟོང་དང་གསལ་བའོ། །ཞེས་སོ། །གསུམ་པ་ནི། གཞི་སྣང་ཆོས་ཉིད་ཀྱི་ལོངས་སྐུ་སེམས་ཅན་ལ་བར་དོར་ལམ་དུ་སྣང་བ་དེ་སྐབས་འདིར་གདུལ་བྱ་་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ། འོད་དང་ཁ་དོག་གི་ཀློང་ན། དཀྱིལ་དང༌། འཁོར་དང༌། སོ་སོའི་ཚོམ་བུ་དང༌། སྐུ་དང་ ཡེ་ཤེས་དང༌། ཡབ་དང༌། ཡུམ་དང༌། སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པར་གསལ་བ་སྟེ། གསང་བ་ས་བོན་གྱི་རྒྱུ་ལས། ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོར་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །ཅེས་སོ། །བཞི་པ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་སོ་སོ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བ་སྟེ། རྣམ་པར་འཕྲུལ་པས་ཕྱེ་ནས་གདུལ་བྱའི་དབང་དུ་བྱས་ན། ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གང་ཆེན་མཚོ། དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཟང་ཐལ་བས་མདུན་རྒྱབ་ཏུ་མེད་པ། གང་ནས་བལྟས་ཀྱང་དེ་ལ་ཞལ་སྟོན་པ་ལྟར་སྣང་བ་ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། །དེའི་ཞིང་ཁམས་རྒྱན་ཡོངས་སུ་བཀོད་པ་སྟེ། ཕྱག་གི་མཐིལ་ན་པདྨའི་སྟེང་ནས་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་ལ་མངའ་མཛད་པའོ། །གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟོགས་པ་མངོན་དུ་གྱུར་པའོ། །འདི་རང་སྣང་གདོད་མ་ལ་ལྟོས་ནས་སྤྲུལ་པ་ཡིན་ཡང༌། གདུལ་བྱ་འོད་གསལ་ལ་ལྟོས་ནས་མཚན་དཔེ་རྫོགས་པས་ལོངས་སྐུར་བཞག་པའོ། །ལོངས་སྐུའི་ལོངས་སྐུ་རིགས་ལྔའི་གཙོ་བོ་ལྔར་སྣང་བའོ། །དེ་ཉིད་ཀྱི་མཚན་ཉིད་ངོ་བོ་ཐ་དད་པ་རང་བཞིན་གཅིག་པ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན་ཆེན་པོ་འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པ་ཡེ་ཤེས་ལྔ་ལ་སྤྱོད་པའོ། །དུས་ནི་སྣང་བ་འདུལ་བ་མཆེད་པའོ། །ལོངས་སྐུའི་སྤྲུལ་སྐུ་ནི། རིགས་ལྔའི་སངས་རྒྱས་དང་སོ་སོའི་གཙོ་འཁོར་རོ། །དེའི་མཚན་ཉིད་སྣང་བ་ལ་རང་བཞིན་མེད་པས། གསལ་བ་ལ་རྟོག་པ་མེད་པའོ། །དེའི་ཞིང་ཁམས་ལྷ་དང་ལྷ་མོ་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའི་སྣང་བ་དག་པའོ། །གནས་ལྕང་ལོ་ཅན་ཡེ་ཤེས་བཀོད་པའི་གཞིའོ། །འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །དུས་རིག་པ་རང་སྣང་བའི་དུས་སོ། །དེའང་གནོད་སྦྱིན་གནས་པའི་ལྕང་ལོ་ཅན་མ་ཡིན་གྱི། རིགས་ལྔའི་ཞིང་སྣང་སྟེ། རང་བཞིན་གྱིས་དག་ཅིང༌། འོད་ལྔའི་སྣང་བ་རང་གསལ་བ། ལོངས་སྤྱོད་ཆེན་པོ་ཡེ་ཤེས་ལྔའི་རྣམ་པ་ལ་སྤྱོད་ཅིང༌། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་དང་བྲལ་བའོ། །དེ་དག་ཀྱང་རིན་པོ་ཆེ་སྤུངས་པ་ལས། རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ན། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔའི་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ནས་ཕྱུང༌། །རྣམ་དག་འོད་ཟེར་ལྗགས་ལས་བཀྲམ། །རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །ཅེས་སོ། །ལོངས་སྐུ་ནི། ངོ་བོས་ཆོས་བརྡར་སྟོན་གྱི་ཚིག་ཏུ་མེད་པས་མ་གསུངས་ཞེས་བྱ་ལ། ཡི་གེ་དྲུག་གི་རང་སྒྲ་གདུལ་བྱས་ཐོས་པ་ནི། གསུངས་པ་ལྟར་སྣང་བ་རྨི་ལམ་གྱི་ཚིག་བཞིན་ཏེ། ཀློང་དྲུག་པ་ལས། ཉིད་ཀྱི་ཞལ་ནས་མ་གསུངས་པར། །རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང༌། །ཞེས་སོ། །བཞི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། ལོངས་སྐུའི་སྐུ་ནི། སྟོང་གསལ་འཇའ་ཚོན་ལྟ་བུའོ། །གསུང་ནི། གདུལ་བྱའི་རང་སྣང་རྨི་ལམ་ལྟ་བུའོ། །ཐུགས་ནི། མཚན་ཉིད་འཛིན་པའི་ཡེ་ཤེས་རྒྱུན་ཆད་མེད་པའོ། །ཡོན་ཏན་ནི། སྐུ་མཚན་དཔེ་འོད་ཟེར་གྱི་ཕུང་པོར་རྫོགས་པ། གསུང་རང་བྱུང་ཡི་གེའི་སྣང་བར་འཆར་བ། ཐུགས་མངོན་ཤེས་དང་ཏིང་ངེ་འཛིན་རྒྱ་མཚོའི་གཏེར་དུ་གྱུར་པའོ། །འཕྲིན་ལས་ནི། ཆོས་ཚད་མེད་པའི་འཁོར་ལོ་རྒྱུན་མི་འཆད་པར་སྐོར་བ༌། ཐལ་འགྱུར་ལས། ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིགས་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང༌། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་མེད་གཟིགས་པ་དང༌། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཅེས་སོ། །གསུམ་པ་སྤྲུལ་སྐུའི་གནས་རྒྱས་པར་བཤད་པ་ལའང༌། ངོ་བོ། ངེས་ཚིག དབྱེ་བ། རྣམ་གྲངས་དང་བཞི་ལས། ངོ་བོ་ནི། སྣ་ཚོགས་ངེས་མེད། ངོ་བོ་དེའི་བཞུགས་ཚུལ། ཆགས་ཞེན་ལས་གྲོལ་བ། ཏིང་ངེ་འཛིན་ཐུགས་མི་རྟོག་པའི་ངང་ལ་མཉམ་པར་གནས་པའོ། །ངེས་ཚིག་ནི། གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་པ། དེ་ཉིད་མཐུན་པར་སྣང་བའི་གཟུགས་ཕུན་སུམ་ཚོགས་པས་ན་སྐུའོ། །དབྱེ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། ཐུན་མོང་གི་ཐེག་པ་ལས་གསུམ་དུ་གྲགས་པ་ནི། མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །བཟོ་ནི། རིས་སུ་བྲིས་པ་ལ་སོགས་པའོ། །སྐྱེ་བ་ནི། སངས་རྒྱས་ཀྱིས་འགྲོ་བ་ཕལ་པའི་གཟུགས་རྟ་དང་ཉ་པོ་ཆེ་ལ་སོགས་པར་སྤྲུལ་པའོ། །བྱང་ཆུབ་མཆོག་གི་སྤྲུལ་པ་ནི། མཛད་པ་བཅུ་གཉིས་ཏེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །ལྷ་རྣམས་ཀུན་དང་བཅས་པར་ནི། །མྱ་ངན་འདའ་བར་རྟག་སྟོན་པ །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་པའོ། །ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ནི། མ་དག་པ་སྤྲུལ་པའི་སྐུ་དང༌། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་དང༌། རང་བཞིན་སྤྲུལ་པའི་སྐུ་དང་གསུམ་ལས། དང་པོ་ནི། རྔོན་པ་དང༌། སྨད་འཚོང་ལ་སོགས་པར་སྤྲུལ་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྔོན་དང་སྨད་འཚོང་ལ་སོགས་པར། །སྤྲུལ་ནས་སེམས་ཅན་དོན་མཛད་དོ། །ཞེས་སོ། །གཉིས་པ་ནི། གང་ལ་གང་འདུལ་དུ་སྤྲུལ་པ་ཐུབ་པ་དྲུག་པ་ལ་སོགས་པའོ། །གསུམ་པ་ནི། འོག་མིན་དང༌། མངོན་དགའ་དང༌། དཔལ་དང་ལྡན། པདྨ་བརྩེགས། ལས་རབ་རྫོགས་པ་ལྔར་རིགས་ལྔ་དག་པའི་སངས་རྒྱས་སུ་སྣང་བས་དོན་མཛད་པའོ། །དེ་ཡང་རྣམ་པར་འཕྲུལ་པ་གདུལ་བྱའི་དབང་དུ་བྱས་ནས། སྤྲུལ་པ་སྐུའི་ཆོས་སྐུ་རང་བཞིན་དག་པའི་ཞིང་གི་སྟོན་པ་རིགས་ལྔ་དང༌། མི་མཇེད་འདིར་དཔལ་རྡོ་རྗེ་འཆང་ཆེན་པོ། དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱའི་ཞིང་ལ་སོགས་པ་ཚངས་ཆེན་གྱི་བསྐལ་པ་གཅིག་གིས་བསྡུས་པ་ལ་མངའ་མཛད་དོ། །དེའི་གནས་མེ་ཏོག་པདྨ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་པ་སྐུའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱ། གནས་གདུལ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཚད་མེད་པ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་པ་སྐུའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པ་སྟེ། ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཉིད་ཀྱི་མཛད་པ་ལ་ལོངས་སྤྱོད། ཞིང་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ་ལ་མངའ་མཛད། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པ། འཁོར་ཐུན་མོང་བ་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི་དང༌། ལྷ་མི་ཚད་མེད་པ། ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་གདུལ་བྱ་ལ་ཆོས་སྟོན་པས་ངེས་པ་ཆེན་པོ་རྣམ་པར་གཅོད་པའི་དུས་སོ། །དེ་དག་ཀྱང༌། རིན་པོ་ཆེ་སྤུངས་པ་ལས། སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀུན། །དྲན་པ་རང་གསལ་ཐུགས་ལས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ཅེས་སོ། བཞི་པ་རྣམ་གྲངས་རྒྱས་པར་བཤད་པ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། སྐུ་འགྲོ་བ་གང་མོས་སུ་སྣང་བ་དེ་ཡང་རང་རང་གི་ཆའི་མཚན་དཔེ་རྫོགས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་སྡེབ་སྦྱོར་ལེགས་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པ་རྒྱས་པ། ཡོན་ཏན་སྟོབས་སོགས་ཀྱི་ཆོས་མ་ལུས་པའི་མཁྱེན་པ་རྫོགས་པ། འཕྲིན་ལས་ཕྱི་ནང་གསང་བ་གསུམ་གྱི་ཆོས་ཀྱི་འཁོར་ལོ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་བསྐོར་བ་སྟེ། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལས་རྣམ་ལྔའོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་བྱུང་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ །ཚངས་པའི་དབྱིངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས། །རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང༌། །འཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང༌། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ །དེ་ཡང་ཕྱིའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་ཐེག་པ་སྣ་ཚོགས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུའོ། །ནང་གི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་དང་གྲུབ་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་ཕྱི་ནང་གི་ཆོས། དུས་ཕུན་སུམ་ཚོགས་པ་རང་རྐྱེན་ལས་དང་སྐལ་པ་འཛོམ་པའི་དུས་ནའོ། །གསང་བའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ། རང་བཞིན་རྫོགས་པ་ཆེན་པོ། གསང་བ་བླ་ན་མེད་པའི་རྒྱུད་བཅུད་བདུན། དུས་ཕུན་སུམ་ཚོགས་པ་རང་རྐྱེན་རྣམ་པར་དག་པའི་དུས་སུ་གསུངས་པའོ། །དེས་མཚོན་ནས་སྟོན་པ་སྤྲུལ་སྐུ་ཐམས་ཅད་ལ་ཕྱི་ནང་གསང་བའི་ཕུན་སུམ་ཚོགས་པ་ལྔ་ལྔར་ཤེས་པར་བྱའོ། །དོན་གཉིས་པ་ཡེ་ཤེས་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས། ངོ་བོ་ནི། རང་རིག་པའི་རང་བཞིན་སྤྲོས་པ་དང་བྲལ་བ་སྟེ། ཐལ་འགྱུར་ལས། རྟོག་བྲལ་ཆོས་ཉིད་རང་གདངས་ལས། །དམིགས་མེད་ཡེ་ཤེས་སྣང་བ་འབྱུང༌། །ཞེས་སོ། །ངེས་ཚིག་ཀྱང་དེ་ལས། ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ །ཞེས་སོ། །དབྱེ་ན་གསུམ་སྟེ། ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས། ལོངས་སྐུ་རང་གི་མཚན་ཉིད་འཛིན་པའི་ཡེ་ཤེས། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དང་པོ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་རིག་པ་སྟོང་གསལ་དྲི་མ་མེད་པ་མཐར་ཐུག་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བས་དབྱིངས་དག་པ་གཉིས་ལྡན་གྱི་རང་བཞིན། སྐུ་གསུམ་གཉིས་སུ་མེད་པའི་འཆར་གཞིར་གནས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་འོད་ཀྱི་འཆར་གཞིར་གནས་པས་ཞིང་དང་གཞལ་ཡས་ཁང་དང་འོད་ཟེར་ལ་སོགས་པ་སྣང་བས་གདུལ་བྱའི་རེ་བ་སྐོང༌། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རང་གི་དུས་ན་སྤྲོས་པ་ཉེ་བར་ཞི་བས་ཡུལ་ལ་འཇུག་པའི་ཐ་སྙད་མེད་ཀྱང་མཁྱེན་པ་ཡེ་ཤེས་ཀུན་གྱི་འཆར་གཞིར་གནས་པས་དབྱིངས་དང་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་གཉིས་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་འབྱུང་བའི་ས་བོན་བྱེད་པ་སྟེ། ཀློང་དྲུག་པ་ལས། ངོ་བོ་ཀ་དག་ཡེ་ཤེས་ཀྱིས། །མ་རིག་པ་ཡི་དྲི་མ་བྲལ །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས། །འཁྲུལ་པའི་ཚིག་གི་གནོད་པ་བྲལ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས། །ཐམས་ཅད་དབྱིངས་གཅིག་འབྲེལ་བར་སྣང༌། །ཞེས་སོ། །ཆོས་སྐུ་སྟོང་པའི་ཆ་ལ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའམ་ས་བོན་ལྟ་བུའི་ཆར་མེད་ན་སངས་རྒྱས་འཁྲུལ་པ་སངས་པས་ཡར་ཆད། སེམས་ཅན་འཁྲུལ་པར་འཁོར་བས་མར་སྡེ་ཆད་ནས། གདུལ་བྱ་དང་འདུལ་བྱེད་དུ་མི་འཐད་པ་ལས། གཞི་གནས་ཀྱི་ཡེ་ཤེས་ལས་ཕྱིར་སྣང་དུ་ཤར་ཏ།ེ འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་འབྱུང་བ་ནི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་གཏིང་གསལ་མཁྱེན་རིགས་རྫོགས་པ་ལས་བྱུང་སྟེ། ཐལ་འགྱུར་ལས ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །ཞེས་སོ། །གཉིས་པ་ལོངས་སྐུའི་ཡེ་ཤེས་ལྔ་ནི། རང་རང་གི་མཚན་ཉིད་འཛིན་པ་སྟེ། རྣམ་སྣང་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཙོ་ལ། གཞན་བཞི་འཁོར་དུ་ཡོད་པ་དང༌། མི་བསྐྱོད་པ་ལ་མེ་ལོང་ཡེ་ཤེས་གཙོ་བོ། རིན་འབྱུང་ལ་མཉམ་པ་ཉིད འོད་དཔག་མེད་ལ་སོ་སོར་རྟོག་པ། དོན་གྲུབ་ལ་བྱ་བ་གྲུབ་པའི་ཡེ་ཤེས་གཙོ་བོ་ལ། ལྷག་མ་བཞི་བཞི་འཁོར་དུ་ཡོད་པས་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་དེ་ལས་ཕྱེ་ནས་དཔག་ཏུ་མེད་ལ། བསྡུ་ན་ལྔར་འདུས་པ་ནི། རང་ཤར་ལས། ཡེ་ཤེས་དབྱེ་བ་འདི་ལྟ་སྟེ། །ཉི་ཤུ་རྩ་ལྔའི་ངོ་བོ་ལས། །བསྡུ་ན་རྣམ་པ་ལྔར་འདུས་སོ། །ཞེས་སོ །ཇི་ལྟར་འདུས་ཤེས་ན། ཐལ་འགྱུར་ལས། ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན། །ཡུལ་དངོས་དག་པས་མེ་ལོང་སྟེ། །འཁོར་འདས་གཟུགས་བརྙན་གསལ་བའོ། །ཕྱོགས་རིས་མེད་པས་མཉམ་པ་ཉིད། །དབང་པོའི་ཡུལ་བསྟན་སོ་སོར་རྟོག །འབད་པས་མ་ཡིན་བྱ་བ་གྲུབ། །ཐ་དད་མེད་པས་ཆོས་དབྱིངས་སོ། །ཞེས་སོ། །འདི་དག་རྒྱས་པར་སྔར་བསྟན་ཟིན་པས་ཡང་མི་སྤྲོའོ། །གསུམ་པ་སྤྲུལ་སྐུའི་ཡེ་ཤེས་གཉིས་ནི། ཤེས་བྱ་ཐམས་ཅད་ལ་ཁྱབ་པར་འཇུག་པ་སྟེ། སྣང་བས་བསྡུས་སོ་ཅོག་ཇི་སྙེད་པས་མཁྱེན་ལ། སྟོང་པས་བསྡུས་སོ་ཅོག་ཇི་ལྟ་བས་མཁྱེན་པས། ཀུན་རྫོབ་ཀྱི་ཆོས་མ་ལུས་པའི་ཆ་མ་འདྲེས་པར་མཁྱེན་ནས་གདུལ་བྱའི་དབང་པོ་དང་ཁམས་དང་བག་ལ་ཉལ་མཐའ་ཡས་པའི་ཚོགས་ལ་འདོམས་པར་མཛད་ཅིང༌། དོན་དམ་པའི་ཆོས་ཉིད་མཁྱེན་ནས་སྟོང་པ་དང༌། མཚན་མ་མེད་པ་དང༌། འོད་གསལ་བའི་ཆོས་མངོན་པར་འདུ་མཛད་དོ། །དེ་ཡང་ཐལ་འགྱུར་ལས། སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ། །ཇི་ལྟར་མཁྱེན་པས་དངོས་པོ་ཡི། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པས་ནི་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །ཞེས་སོ། །ཡེ་ཤེས་དེ་དག་གི་དོན་སྐུ་གསུམ་ལ་འདུས་བས་གསལ་བར་བསྡུ་ན། དེ་ལྟ་བུའི་སངས་རྒྱས་དེ་ལ་ཆོས་ཀྱི་སྐུའི་གནས་སྐབས་ན། ཡེ་ཤེས་གསུམ་གཞི་ལ་ཚང་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་མཚན་ཉིད་རིས་ཆད་དུ་མེད་པས། རིག་པའི་གསལ་ཆ་ལས་དང་ངམ་ཤུགས་ཀྱིས་མཁྱེན་པའི་འཆར་གཞི་བྱེད་པའོ། །ལོངས་སྐུའི་གནས་སྐབས་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སོ་སོར་གསལ་ཏེ། ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ཏེ་ཐད་ཀའི་སྣང་བ་རང་གསལ་བའོ། །སྤྲུལ་སྐུའི་དུས་ན་མཁྱེན་པའི་ཡེ་ཤེས་གཉིས་སུ་གནས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སོ། །དེ་གཉིས་ཀྱང་བྱ་བ་དང་བྱེད་པ་དང་བཅས་པ་ནི་མ་ཡིན་ཏེ། འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་མཁྱེན་པའོ། །དེ་ལྟར་ན་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཡེ་ཤེས་གསུམ་ནི། སྤྲུལ་པའི་སྐུ་ཕྱིར་སྣང་གི་ཤེས་བྱའི་རྣམ་པ་སྣང་སྟོང་གཉིས་མཁྱེན་པ་ལ་ལྟོས་ནས། ཆོས་ཅན་དོན་གྱི་རྣམ་པ་དང༌། ཆོས་ཉིད་ཞི་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ལོངས་སྐུ་ཐད་ཀའི་རང་སྣང་འོད་གསལ་ཡེ་ཤེས་ཀྱི་ཤེས་བྱའི་རྣམ་པ་རང་གསལ་དུ་མཁྱེན་པ་ལ་ལྟོས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ། རང་མལ་ཀ་དག་གི་དབྱིངས་ན་རང་མཁྱེན་དུ་གསལ་བས་དབྱིངས་རྣམ་པར་དག་པའི་ཆར་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ཡང་དག་རྫོགས་པའི་སངས་རྒྱས་ལ། །ཡེ་ཤེས་རྣམ་པ་གསུམ་ཡིན་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་དང༌། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། །གཞི་ལ་གནས་པའི་ཡེ་ཤེས་སོ། །སྤྲུལ་སྐུའི་ཡེ་ཤེས་རྣམ་གཉིས་སོ། །ཇི་ལྟ་མཁྱེན་པས་གནས་ལུགས་ཤེས། །ཇི་སྙེད་མཁྱེན་པས་གཞན་དོན་རྣམས། །ལོངས་སྐུའི་ཡེ་ཤེས་ཐད་ཀ་ཡི། །འོད་གསལ་རང་སྣང་ཤེས་བྱ་གསལ། །ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རིགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེའོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ །དོན་གསུམ་པ་སྐུ་གསུང་ཐུགས་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དོན་བསྡུ་བ་ལ་གཉིས་ཏེ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ན་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་བསྡུ་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་དང་བཅས་པ་གཟུགས་སྐུ་མཚན་དང་དཔེ་བྱད་དུ་གསལ་བ་དང༌། ཆོས་སྐུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཅན་དང༌། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་བཅས་པ་དང༌། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤངས་པ་དང་རྟོག་པའི་རང་བཞིན་ཚད་མེད་པ། མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང༌། ཏིང་ངེ་འཛིན་རྒྱ་མཚོའི་སྙིང་པོ་གང་ཆེན་མཚོ་ལ་སོགས་པ་དང༌། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང༌། འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཀྱི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་སྟེ། འདི་ཙམ་དུ་ནི་སངས་རྒྱས་ཀྱི་སའི་ཆོས་ཀྱི་རྣམ་གྲངས་མ་ལུས་པ་འདུས་སོ་ཞེས་ཤེས་པ་བྱའོ། །ཇི་སྐད་དུ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང༌། ། །ཡོན་ཏན་འཕྲིན་ལས་ལྔར་སྣང་བའོ། །ཞེས་གསུངས་སོ། །གཉིས་པ་ལ། སྐུ་དང༌། གསུང་དང༌། ཐུགས་དང༌། ཡོན་ཏན་དང༌། འཕྲིན་ལས་ལྔའི་རབ་ཏུ་དབྱེ་བ་ལས། དང་པོ་སྐུ་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། སྐུའི་ངོ་བོ། སངས་རྒྱས་ཀྱི་སའི་རྟེན་གང་ཞིག་འཕོ་འགྱུར་མེད་པ། ངེས་ཚིག་ལུས་སུ་རྫོགས་པས་སྐུ་ཞེས་བྱའོ། །སངས་རྒྱས་ཀྱི་ས་ན་ལུས་དང་དངོས་མེད་ཀྱང་མིང་ཙམ་མི་འགལ་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ལྟ་ན་རྣམ་སྦྱོང་དེ་ཡིས་ཤེས་པར་འགྱུར། །ཅེས་པ་བཞིན་ནོ། །དབྱེ་ན། ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་མཚན་མ་དང་བྲལ་བ། སྤྲུལ་སྐུ་ངེས་པ་དང་བྲལ་བ་སྟེ། རྩལ་རྫོགས་ལས། སྐུ་ཡི་ངོ་བོ་འགྱུར་བ་མེད། །སྐུ་ཡི་ངེས་ཚིག་གསལ་འཚེར་ལྡན། །དབྱེ་བ་རྣམས་པ་གསུམ་དུ་བསྟན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་ལྡན། །ཆོས་སྐུའི་མཚན་ཉིད་བསམ་པ་བྲལ། །ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད། །སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན། །ཅེས་སོ། །གསུང་ལའང་ངོ་བོ་གྲག་པས་སྟོང་པ། །ངེས་ཚིག་ཆོས་ཀྱི་ཕུང་པོ་སྣ་ཚོགས་དབྱིངས་སུ་སྣང་བ། དབྱེ་ན་མཛད་པ་ཆེན་པོའི་གསུང་གང་ལ་གང་འདུལ་དུ་སྣང་བ། ཚངས་པའི་གསུང་ཡན་ལག་དྲུག་ཅུར་སྣང་བ། འགྲོ་དྲུག་རང་སྣང་དང་མཐུན་པའི་གསུང་སོ་སོའི་སྐད་ལྟར་སྣང་བ། སེམས་ཅན་མོས་པའི་གསུང་དབྱངས་དེས་དབང་པོ་ཚིམ་པར་སྣང་བ། བརྡའི་གསུང་བརྡ་བསྟན་པས་དོན་གོ་བར་མཛད་པ། ཚིག་གི་གསུང་གདུལ་བྱའི་རྣ་བར་གྲག་པས་ཉོན་མོངས་པ་སེལ་བའོ། །དེ་དག་ཀྱང་སྤྲུལ་སྐུ་ལ་ངོ་བོ་གཅིག་ལྡོག་པས་འབྱེད་དོ། །ལོངས་སྐུ་ལ་བརྡ་ཙམ་མོ། །ཆོས་སྐུ་ལ་བརྗོད་མེད་དོན་གྱི་གསུང་ལས་སྣང་བ་མེད་དོ། །སྤྲུལ་སྐུའི་གསུང་དུ་སྣང་བའང་བྲག་ཅའི་རྣམ་པ་ལྟར། དོན་ལ་མེད་ལ་རྣམ་པར་སྣང་བ་སྟེ། གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་བྱིན་རླབས་ཚོགས་པ་ལས་གྲག་པའང་ཚིག་འབྲུ་རང་མཚན་དུ་མེད་པར། རྒྱུད་བླ་མ་ལས། རྒྱལ་བ་རྣམས་ཀྱི་གསུང་དེ་ནི། །བྲག་ཅ་བཞིན་ཏེ་ཡི་གེ་མེད། །ཅེས་པ་དང༌། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང༌། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང༌། །ཕྱི་དང་ནང་ན་གནས་མ་ཡིན། །ཅེས་པ་བཞིན་ནོ། །དོན་དེ་དག་ཀྱང་རྩལ་རྫོགས་ལས། །གསུང་གི་ངོ་ཕོ་གྲག་པས་སྟོང༌། །གསུང་གི་ངེས་ཚིག་སྣ་ཚོགས་འབྱུང༌། །དབྱེ་བ་རྣམ་པ་དྲུག་གིས་བསྟན། །སངས་རྒྱས་མཛད་པའི་གསུང་ཉིད་དང༌། །ཚངས་པ་ལྷ་ཡི་མཆོད་གསུང་དང༌། །འགྲོ་དྲུག་འཁྲུལ་བའི་རང་སྐད་དང༌། །སེམས་ཅན་མོས་པའི་འདུལ་སྐད་དང༌། །གསང་བ་ཡུམ་གྱི་བརྡ་སྐད་དང༌། །གྲག་པ་སྣ་ཚོགས་གསུང་དུ་བསྟན། །ཅེས་པའོ། །གསུམ་པ་ཐུགས་ལའང་ངོ་བོ་འཁྲུལ་པ་མེད་པ། ངེས་ཚིག་རིག་པ་རང་ས་ན་གསལ་བ། དབྱེ་ན་སྤངས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་དྲན་པ་སངས་པའི་ཐུགས། རྟོགས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་འགྱུར་མེད་རྡོ་རྗེའི་ཐུགས། མཛད་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་མཁྱེན་པ་སྣ་ཚོགས་པའི་ཐུགས་གསུམ་སྟེ། དེ་ཉིད་ལས། ཐུགས་ཀྱི་ངོ་བོ་འཁྲུལ་པ་མེད། །ཐུགས་ཀྱི་ངེས་ཚིག་བསམ་པར་སྣང༌། །དབྱེ་ན་རྣམ་པ་གསུམ་དུ་བསྟན། །ཐུགས་ཉིད་དྲན་པ་སངས་པ་དང༌། །རྡོ་རྗེ་འགྱུར་མེད་ཐུགས་དང་ནི། །སྣ་ཚོགས་མཁྱེན་པའི་ཐུགས་སུ་བསྟན། །ཅེས་སོ། །བཞི་པ་ཡོན་ཏན་ལའང་ངོ་བོ་སངས་རྒྱས་ཀྱི་སའི་ཆོས་ཕུན་སུམ་ཚོགས་པ། ངེས་ཚིག་ལེགས་དགུ་མ་ལུས་པ་ལྷུན་གྲུབ་ཏུ་འབྱུང་བས་ནོར་བུ་ལྟ་བུ། དབྱེ་ན། གཞིའི་ཡོན་ཏན་ཆོས་སྐུ་རང་ས་ཟིན་པས་རང་དོན་མཐར་ཕྱིན་པས། ལམ་སྣང་གི་ཡོན་ཏན་ལོངས་སྐུ་འཁར་ལ་གསལ་བས་གཞན་དོན་མཛད་པ་འཆར་བ། མཐའ་ལ་སྐྱོལ་བའི་ཡོན་ཏན་སྤྲུལ་སྐུ་འགྲོ་བ་འདྲེན་པས་མཐར་ཐུག་ཆོས་སྐུར་སྦྱོར་བ་སྟེ། དེ་ཉིད་ལས། ཡོན་ཏན་ངོ་བོ་ཐམས་ཅད་བསྐྱེད། །ཡོན་ཏན་ངེས་ཚིག་སྣ་ཚོགས་འགྲུབ། །དབྱེ་ན་རྣམ་པ་གསུམ་གྱིས་བསྟན། །གཞི་ལ་གནས་པའི་ཡོན་ཏན་དང༌། །ལམ་ལ་སྣང་བའི་ཡོན་ཏན་དང༌། །མཐའ་ལ་སྐྱོལ་བའི་ཡོན་ཏན་ནོ། །ཞེས་སོ། །ལྔ་པ་འཕྲིན་ལས་ལའང༌། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། འཕྲིན་ལས་ཀྱི་ངོ་བོ་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་ལྷུན་གྲུབ་ཏུ་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་སྲིད་པ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །ངེས་ཚིག་ནི། སྐུ་གསུམ་གྱི་འཕྲིན་ལས་གདུལ་བྱ་ལ་བྱེད་པས་ལས་དང་ཉོན་མོངས་པ་སྦྱངས་ནས་སངས་རྒྱས་སར་སྦྱོར་བའི་ལས་མཛད་པ་སྟེ། གདུལ་བྱའི་ཁམས་དང༌། བག་ལ་ཉལ་མཁྱེན་ནས། དེའི་དོན་འཚམས་པར་བྱེད་ཀྱང་འབད་རྩོལ་མི་མངའ་བ་ཟླ་གཟུགས་ཆུ་ནང་དུ་སྟོན་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང༌། །དེའི་གནས་དང་དེ་བཞིན་ཉིད་རྣམས་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་པ་བཞིན་ནོ། །དབྱེ་ན་བཞི་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དབང་དང་དྲག་པོར་འདོད། །ཅེས་སོ། །ཞི་བས། འགྲོ་བའི་སྒྲིབ་པ་སྦྱོང་ཞིང་སྡུག་བསྔལ་མ་ལུས་པ་ཞི་བའི་ཐབས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བར་མཛད་དོ། །རྒྱས་པས། འགྲོ་བའི་ཡོན་ཏན་འཕེལ་ཞིང་འདོད་པའི་རེ་བ་མ་ལུས་པ་སྐོང་བར་མཛད་དོ། །དབང་གིས། སྐྱེ་དགུ་མཐུན་པར་བསྡུས་ནས་རྒྱུད་དབང་གི་ཆུ་བོ་ཆེན་པོས་མ་སྨིན་པ་ཡོངས་སུ་སྨིན་པའི་ལས་རྒྱ་ཆེར་མཛད་དོ། །དྲག་པོས། གདུག་པ་ཅན་ཚར་གཅོད་ཅིང་ཁམས་གསུམ་དབྱིངས་སུ་གཟིར་ནས། སྲིད་གསུམ་ཟིལ་གྱིས་མནན་ཏེ། འཁོར་བ་མྱང་འདས་སུ་བསྒྲལ་ནས། ཐམས་ཅད་བྱང་ཆུབ་མཆོག་གི་འབྲས་བུ་འགྲུབ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་ཁམས་ཡོངས་སུ་རྫོགས་པ་ཆེན་པོ་རྒྱས་པར་མཛད་དོ། །དེ་སྐད་དུའང༌། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། འཕྲིན་ལས་ངོ་བོ་འགྲུབ་པར་བྱེད། །འཕྲིན་ལས་ངེས་ཚིག་བྱ་བ་བྱེད། །དབྱེ་ན་རྣམ་པ་བཞིས་བསྟན་པའོ། །ཨེ་མ་ཧོ། ཞི་བ་དང་ནི་རྒྱས་པ་དང་ །དེ་བཞིན་དབང་དང་དྲག་པོར་བཤད། །ཞི་བས་ཆོས་ཉིད་དབྱིངས་སུ་སྡུད། །རྒྱས་པས་སྣ་ཚོགས་ངོ་བོར་སྟོན། །དབང་གིས་མ་སྨིན་སྨིན་པར་བྱེད། །དྲག་པོས་ཐམས་ཅད་ཚར་གཅོད་པའོ། །ཞེས་རྒྱ་ཆེར་གསུངས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། ལྷུན་གྱིས་གྲུབ་པ་འབྲས་བུའི་རྣམ་པར་གཞག་པ་སྟེ་རིམ་ཁང་ཉི་ཤུ་རྩ་ལྔ་པ་སྟེ་ཐ་མའོ། །དེ་ལྟར་ལེགས་བཤད་རིན་ཆེན་ཁང་བཟངས་ཆོས་དབྱིངས་ནམ་མཁའི་མཐའ་ཀླས་པར། །མ་ལུས་ཡོངས་བཀོད་འབྱོར་ཚོགས་རྒྱ་ཆེ་དཔག་མེད་ཆོས་ཀྱི་རྣམ་གྲངས་ཅན། །ལུས་ཅན་སྐྱེ་དགུའི་རེ་བ་རྣམ་སྐོང་ཡིད་བཞིན་དབང་པོའི་ཆར་འབབ་པས། དཔལ་ལྡན་བཀྲ་ཤིས་ཉིན་མོར་བྱེད་དེ་ཀུན་དགའི་དགའ་སྟོན་འཕེལ་བར་བྱས། འཇིག་རྟེན་གསུམ་དུ་སྟོན་པས་ཆོས་ཀྱི་ཆར་ཕབ་པ། །གང་རྣམས་སྣ་ཚོགས་གདུལ་བྱའི་རྗེས་འགྲོ་མཐའ་ཡས་ལྡན། །དེ་དག་ནང་ནས་མཆོག་གསང་རྫོགས་པ་ཆེན་པོའི་རྩེ། །ངོ་མཚར་རྨད་བྱུང་ཡང་དག་ཕུལ་འདི་གསལ་བར་ཕྱེས། །ཤེས་བྱའི་མཁའ་དབྱིངས་ཤིན་ཏུ་རྒྱ་ཆེ་ཆོས་ཚུལ་ཆུ་འཛིན་གནམ་གཡོགས་ཅན། །ཀུན་མཁྱེན་བློ་མཚོའི་སྤྱོད་ཡུལ་གང་དེ་རིགས་ལྡན་འགྲོ་བའི་དབྱིངས་ཁྱབ་པ། །རྡུལ་བྲལ་དྲི་མེད་ཉི་གཞོན་དམར་བས་བདག་བློའི་ཁང་བཟངས་མཛེས་གྱུར་ཏེ། །ཤིན་ཏུ་རྟོགས་དཀའི་གནས་རྣམས་ཀྱང་ནི་རང་གཞན་ཀུན་གྱིས་མཐོང་བར་བྱ། །གང་འདིའི་རང་བཞིན་མངོན་གྱུར་པ། །རླབས་ཆེན་ཆུ་གཏེར་ཟབ་མོའི་གནས། །སྔོན་མེད་ཡེ་ཤེས་གང་ཆེན་མཚོ། །འཛིན་ཁྲིའི་གནས་ཀྱང་བསྐྱོད་པ་བཞིན། །དཔལ་ལྡན་མཚོ་ཆེན་མི་འཁྲུགས་གང་དེ་མི་གཡོ་རྦ་རྒལ་རྙོག་པ་མེད། །གཏིང་ཟབ་རྒྱ་ཆེ་རྟོགས་དཀའ་གང་དེ་དེ་རིང་བདག་བློའི་མངོན་དུ་གྱུར། །རིགས་འཛིན་རྒྱལ་བ་རྒྱ་མཚོ་གང་དེ་དགོངས་པ་དུས་གསུམ་འཕོ་འགྱུར་མེད། །མ་ནོར་དོན་གྱི་སྙིང་པོ་གང་དེ་བདག་རྗེས་ཞུགས་ལ་ཐེ་ཚོམ་བྲལ། །རྟོགས་དཀའི་རང་བཞིན་ཉི་ཟླའི་མདངས་བཀྲ་ཤིང༌། །དོན་རྣམས་ཇི་བཞིན་དབང་པོའི་མངོན་སུམ་བཞིན། །མ་ནོར་ཇི་བཞིན་ལེགས་པར་ཡོངས་བཤད་འདིས། །དུས་གསུམ་རྒྱལ་བ་ཐམས་ཅད་མཉེས་བྱེད་ཡིན། །མཁའ་འགྲོ་གྲུབ་པ་རིག་འཛིན་དང༌། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང༌། །འདི་ལ་དགྱེས་པའི་སྤྱན་དབྱེ་བས། །བྱིན་གྱིས་རློབ་པར་བདག་གིས་ཤེས། །ཟབ་ཅིང་རྒྱ་ཆེ་རྡོ་རྗེའི་གནས་ནི་ཀུན་གྱི་སྤྱོད་ཡུལ་མ་གྱུར་པ། །ཤིན་ཏུ་རྣམ་བཀྲ་གསལ་བར་བྱས་པའི་རང་བཞིན་དྲི་མེད་ཁང་བཟངས་འདིས། །འོད་གསལ་སྙིང་པོའི་བསྟན་པ་གང་འདི་ཡུན་རིང་འཇིག་རྟེན་གནས་བྱེད་ཅིང༌། །སྐལ་ལྡན་རྣམས་ཀྱི་ལམ་བཟངས་སྣང་བས་ཐར་གླིང་པདྨོ་རྒྱས་བྱེད་ཡིན། །སྟོབས་ཆེན་དམ་པའི་གླང་པོ་གཟིམས་ལས་དེ་ཡི་གཞུང་ལུགས་མིག་ཟུམ་ལ། །གནས་གཞན་གྲུབ་པའི་གོམས་ཚུགས་འཁྱོར་ཞིང་ཟབ་མོའི་གནད་རྣམས་འཐོར་དོགས་ནས། །རིང་པོར་མ་ཐོགས་བཀའ་ཡི་བསྡུ་བ་རིམ་ཁང་ཉི་ཤུ་རྩ་ལྔ་པར། །སྙིང་པོའི་དོན་རྣམས་ཕྱོགས་གཅིག་བསྡུས་ན་ཐུགས་ཀྱི་རྟེན་དུ་གུས་པས་བསྒྲུབས། །ཐེག་མཆོག་མཉམ་པའི་ས་གཞི་ལ། །འོད་གསལ་རྡོ་རྗེ་སྙིང་པོའི་རྩེ། །རིམ་ཁང་ལྔ་ཕྲག་ལྔས་བརྒྱན་པ། །ཟབ་ཅིང་རྒྱ་ཆེའི་བཀོད་པ་མཛེས། །ཆོས་མཆོག་རིན་ཆེན་སྙིང་པོ་ལས་གྲུབ་པ། །རང་བཞིན་རྫོགས་པ་ཆེན་པོའི་མཆོད་རྟེན་ནི། །སྣང་སྲིད་འཁོར་འདས་ཞིང་ཀུན་ཐག་གྲུས་ཁྱབ། །རྩེ་མོ་ལྷུན་མཐོ་ཆོས་དབྱིངས་ནམ་མཁས་ཀླས། །འདི་ཡི་ཁོ་ར་ཁོར་ཡུག་ཕྱོགས་ཀུན་ན། །སྣང་སྲིད་སྣོད་བཅུད་རབ་བཀྲའི་ལྟད་མོ་བྱེད། །སྟེང་རྣམས་སྙིང་པོ་བྱང་ཆུབ་རྣམ་འཕྲུལ་ཞིང༌། །ཆོས་རྣམས་གསལ་ལ་མ་འདྲེས་རྫོགས་པར་གནས། །ཚུལ་དེའི་རྗེས་འགྲོ་ངོ་མཚར་རྨད་ཀྱི་ཆོས། །ཐེག་མཆོག་མཛོད་ཀྱི་མཆོད་རྟེན་ཆེན་པོ་ཡང༌། །ཚིག་དོན་རྣམ་བཀྲའི་བཀོད་པ་མཐའ་ཡས་ཤིང༌། །ཟབ་ཅིང་རྒྱ་ཆེའི་སྣང་བས་མཁའ་དབྱིངས་ཁྱབ། །རྒྱུ་འབྲས་ཐེག་པའི་ས་གཞི་ཡོངས་མཉམ་གདལ་བ་ཆེན་པོའི་ཞིང་ཁམས་སུ། །བླ་མེད་ཐེག་པའི་རི་རབ་ལྷུན་མཐོ་དཔངས་བཞིའི་བུམ་པ་ཀུན་ནས་ཟླུམ། །ཡང་ཟབ་གདམས་པའི་མགུར་ཆུ་བྲེ་དང་ཆོས་ཀྱི་འཁོར་ལོ་མཐའ་ཡས་ཤིང༌། །གཞི་ལམ་འབྲས་བུའི་ཉི་ཟླའི་རླུང་བསྐྱོད་མེ་ཏོག་དྲིལ་བུ་ཚར་དུ་བསྒྲེངས། །གདུགས་དཀར་རྩེ་མོ་རིན་ཆེན་ཏོག་ཡངས་ཤིང༌། །སྐུ་དང་ཡེ་ཤེས་སྙན་པའི་བ་དན་མཛེས། །ཚིག་དོན་མདངས་བཀྲ་ནོར་བུའི་ཆུ་འཕྱང་སྤྲས། །ས་སྟེངས་རྒྱན་གྱུར་བཀྲ་ཤིས་ཕུན་ཚོགས་ཀྱེ། །རླབས་ཆེན་ས་འཛིན་ཤིན་ཏུ་མཐའ་ཡས་རྩེ་མོ་ནམ་མཁའི་དབྱིངས་ན་གསལ། །ཐག་གྲུ་རྒྱ་ཆེ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལས་འདས་གྱུར་ཅིང༌། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཁྱབ་བསྟན་པའི་མཆོད་རྟེན་བཀོད་ལེགས་པ། །ཕྱི་རབས་དོན་དུ་བསོད་ནམས་འདུན་སླད་ཀུན་མཁྱེན་ངག་གི་དབང་པོས་བཞེངས། །འཛམ་བུའི་གླིང་དུ་ཕྱི་རབས་མིས་བསྒྲུབས་རྟེན། །ཐེག་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །དེ་ཕྱིར་དཔག་མེད་ཆོས་ཀྱི་མཛོད་འདི་ནི། །རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ཤིང་ཡིན། །དཔལ་མགོན་བླ་མ་ཤིན་ཏུ་མཉེས་བྱས་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་ལྡན། །དབང་གི་ཆུ་བོ་རྒྱ་མཚོས་རྒྱུད་བརླན་བཤད་པའི་སྒྲོན་མེ་མ་ནུབ་ལ། །ཟབ་ཅིང་རྒྱ་ཆེའི་མན་ངག་དང་ལྡན་སྙན་བརྒྱུད་སྙིང་པོ་བདག་ལ་བབས། །དེ་ཕྱིར་སྙིང་ཏིག་བཀའ་གསང་རྒྱ་ཆེའི་བསྟན་པ་དེང་སང་ཁོ་བོས་འཛིན། །རྒྱལ་བ་རིགས་འཛིན་བརྒྱུད་པ་མ་ཉམས་ལ། །སྙིང་པོའི་ལག་ལེན་མ་ནོར་མངོན་སུམ་པ། །ཇི་བཞིན་རྟོགས་ནས་དེ་བཞིན་སྨྲ་བྱེད་པས། །རྒྱལ་བ་རྒྱ་མཚོ་དམ་ཅན་དགྱེས་སོ་ཀྱེ། །ཟབ་དོན་བདུད་རྩིའི་ཆུ་རྒྱུན་བསྒྲེངས་པ་དང༌། །མཉམ་དུ་ཉོན་མོངས་གདུངས་བ་ཞི་བྱེད་པས། །འཁོར་བའི་མེ་ཚོགས་འཕུངས་པའི་འགྲོ་བ་ཀུན། །ཞི་བདེ་བསིལ་བའི་ལམ་ལ་འདྲེན་པ་ལགས། །འདི་ལ་ལྷ་དང་ལྷ་མིན་མི་རྣམས་དང༌། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །དགྱེས་པའི་སྤྱན་འབྱེད་བཟང་པོ་མཛད་པའི་རིགས། །ཚིག་དོན་ཆ་ཤས་འོད་དཀར་ནི། །སྟོན་ཟླའི་མཛེས་པ་ལས་འགོངས་ཤིང༌། །གཏི་མུག་མུན་པ་རྣམ་གསལ་ནས། །བློ་གསལ་ཀུ་མུད་རྒྱས་པར་བྱེད། །པདྨ་ཀུན་མུཏྟ་དང་ཨུཏྤ་ལ། །ནོར་བུ་རིན་ཆེན་འབར་བས་དཔལ་མངའ་བས། །ཆ་ཡང་མི་མཚོན་མཛེས་པའི་བཀོད་སྤྲིན་ནི། །བདག་བློའི་དབྱིངས་ན་གསལ་བས་སྣང་བར་བྱས། །དོན་དམ་དེ་ཉིད་ཤིན་ཏུ་མཐའ་ཡས་ཀུན་རྫོབ་སྣང་བའི་མཚམས་ལས་འདས། །མ་ལུས་མི་ལུས་ལུས་པ་མེད་པའི་འོད་གསལ་བདེ་གཤེགས་ཉི་མ་ནི། །སྲིད་དང་ཞི་བའི་མཁའ་དབྱིངས་ཀུན་ཁྱབ་རང་བཞིན་གནས་པ་གང་ལགས་པ། །དེ་ཀུན་དོན་ཟབ་རྨད་དུ་བྱུང་དེ་དེ་རིང་བདག་གིས་གསལ་བར་བྱས། །ཆོས་ཚུལ་འདི་ནི་ཐེག་མཆོག་རིན་ཆེན་མཛོད། །ཚིག་དོན་རྣམ་བཀྲའི་རིམ་ཁང་བཀོད་མཛེས་ཤིང༌། །རིམ་ཁང་རེ་ནའང་སྙིང་པོའི་དེ་ཉིད་ཀྱི། །ཟབ་ཅིང་རྒྱ་ཆེའི་འབྱོར་ཚོགས་དཔག་མེད་ལྡན། །འདི་ནི་ཡང་ཟབ་གནད་ཀྱི་ལྡེ་མིག་སྟེ། །རྒྱུད་ལུང་མན་ངག་མཛོད་རྣམས་སྣང་བར་བྱེད། །ཟབ་མོའི་དེ་ཉིད་ལྟ་བའི་མེ་ལོང་སྟེ། །ཤེས་རབ་པདྨ་རྒྱས་བྱེད་ཉི་མ་ཡིན། །དེ་སླད་དད་ལྡན་ཐར་པ་འདོད་རྣམས་ཀྱིས། །རིན་ཆེན་མཛོད་འདིར་འཇུག་ལ་འབད་པར་གྱིས། །མ་རིག་མུན་བྲལ་འོད་གསལ་མངོན་གྱུར་ནས། །ཚེ་འདིས་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །ཐེག་མཆོག་རིན་ཆེན་ཆོས་ཀྱི་མཛོད་འདི་ནི། །རང་གཞན་གཞུང་ལུགས་རྒྱ་མཚོའི་མཐར་སོན་ཞིང༌། །བློ་གྲོས་མཆོག་མངའ་ཀུན་མཁྱེན་བསམ་ཡས་པས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་དེ་ཡིས་བདག་དང་འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །ཡེ་ཤེས་འོད་གསལ་ཉི་ཟླའི་རྗེས་འགྲོ་སོ་སོ་རང་གིས་རིག་ཞི་བ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྩེ་མོ་ལྷུན་གྱིས་གྲུབ་པའི་གནས་ཐོབ་ནས། །སྐུ་དང་ཡེ་་ཤེས་འདུ་འབྲལ་མེད་པས་འགྲོ་ལ་ཕན་བདེ་བྱེད་པར་ཤོག །ལེགས་བཤད་སྤྲིན་ཆེན་ཐོས་པའི་གློག་གི་ཕྲེང་བ་ཅན། །ཡིད་མཁའི་ལམ་ནས་ཚིག་དོན་བདུད་རྩིའི་ཆར་བབས་པས། །མ་ལུས་སྐྱེ་དགུའི་རེ་བ་རྣམས་སྐོང་དགེ་ཚོགས་ལོ་ཏོག་རྣམས་འཕེལ་ཞིང༌། །རྒྱལ་བའི་འབྱོར་པས་འགྲོ་ཀུན་ཚིམ་གྱུར་སྲིད་ཞིའི་རྒུད་པ་སེལ་བར་ཤོག །ཕྱོགས་རྣམས་ཀུན་གྱི་འབྱུང་བ་དང༌། །ལུས་ཅན་ཇི་སྲིད་གནས་ཀྱི་བར། །དམ་ཆོས་མཛོད་འདི་གནས་གྱུར་ཏེ། །མཐའ་ཡས་ཕན་བདེ་འགྲུབ་པར་ཤོག །འཇིག་རྟེན་ཀུན་དང་འགྲོ་བ་ཀུན། །བདེ་ཞིང་འབྱོར་པས་ལྷ་ཡུལ་བཞིན། །ཀུན་ཀྱང་ཐར་པའི་ལམ་བཞུགས་ཏེ། །ཕྱམ་གཅིག་གསངས་རྒྱས་གྲུབ་པར་ཤོག །སེམས་ཅན་མ་ལུས་སྲིད་ལས་རྣམ་རྒྱལ་ཏེ། །འབད་པ་མེད་པར་མྱ་ངན་འདས་ཐོབ་ནས། །འཁོར་བ་སྟོངས་ཤིང་ཞི་བའི་ཚལ་རྒྱས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དགེ་མཆོག་གང་གིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །དཔག་མེད་ཡོན་ཏན་རིན་ཆེན་དཔལ་འབར་བ། །འོད་གསལ་སྙིང་པོའི་དམ་ཆོས་རྒྱས་པར་ཤོག །ཚེ་མཐའ་ཡས་པས་འགྲོ་བ་དཔག་མེད་ཉེ་བར་ཞི་བའི་སར་འདྲེན་ཞིང༌། །ནགས་ཚལ་མཚོ་གླིང་མེ་ཏོག་སྨན་ལྗོངས་ཀུན་ཏུ་བརྒྱན་པས་མཛེས་གྱུར་ལ། །སྔོན་མེད་ཆོས་གཏེར་ཡོན་ཏན་མཆོག་སྤྱོད་སྤྱན་དང་མངོན་ཤེས་ཏིང་འཛིན་ལྡན། །ཚངས་སོགས་ལྷ་དང་མིའམ་ཅིས་མཆོད་གྲགས་སྙན་རྔ་སྒྲས་གང་བར་ཤོག །ཀུན་ཏུ་མཐའ་ཡས་འོད་ཟེར་སྟོང་ལྡན་བྱེད་པོའི་ལམ་ལས་རབ་འདས་པ། །འཇིག་རྟེན་རྒྱན་གྱུར་བདུད་རྩིའི་མིག་དང་ཁྱུ་མཆོག་རྒྱལ་བས་རབ་བསྔགས་པའི། །བཀྲ་ཤིས་གང་གིས་འགྲོ་ཀུན་མཛེས་གྱུར་བསྟོད་དབྱངས་མེ་ཏོག་འཆར་འབབ་པའི། །དེ་སྙེད་ཞིང་དུ་ཆོས་ཚུལ་མཆོག་འདི་བཀྲ་ཤིས་རྒྱ་མཚོ་གང་བར་ཤོག །དུས་གསུམ་བསྐལ་པ་ཞིང་གི་རྡུལ་དང་འགྲོ་བའི་ཀུན་ཏུ་རྟོག་པའི་གཞི། །ཇི་སྙེད་རྒྱ་མཚོའི་རྡུལ་ལས་འདས་པར་ཕན་བདེ་བསྐལ་པ་རྒྱ་མཚོ་སྙེད། །མ་ལུས་ཡོངས་བཀོད་བདེ་དགའི་རྒྱ་མཚོས་བདག་གི་འཕྲིན་ལས་དེ་འདྲ་ཞིང༌། །བརྒྱ་བ་རྒྱ་མཚོ་ཀུན་གནས་མཉེས་བྱེད་སེམས་ཅན་རྒྱ་མཚོའི་སྨིན་བྱེད་དོ། །གང་རྣམས་ནམ་མཁའི་དབྱིངས་ལྟར་རྒྱ་ཆེ་ཡེ་ཤེས་ཏིང་འཛིན་རྒྱ་ཆེ་ཞིང༌། །དཔག་ཡས་དགོངས་སྤྱོད་རྒྱ་མཚོ་རྒྱ་ཆེ་གཞན་དོན་བྱེད་པ་རྒྱ་ཆེ་ཞིང༌། །འོད་གསལ་ཉི་ཟླའི་སྣང་བ་རྒྱ་ཆེ་ཞིང་དང་མཛད་པ་རྒྱ་ཆེ་ཞིང༌། །མི་གཡོ་ཆོས་ཉིད་སྣང་བ་རྒྱ་ཆེ་ཆོས་དབྱིངས་རྒྱ་ཆེར་འཇུག་པར་ཤོག །ཇི་ལྟར་མཚན་མོ་དངས་པའི་ནམ་མཁའ་ལ། །རི་བོང་འཛིན་ཟེར་ཅན་ཡང་འོད་འགྱེད་ཅིང༌། །སྐར་ཚོགས་དབུས་ན་དཀྱིལ་འཁོར་གང་བ་ཡིས། །མེ་ཏོག་ཀནྡའི་ཚལ་རྣམས་རྒྱས་པ་བཞིན། །བློ་གྲོས་མཁའ་ལ་སྙིང་པོའི་འོད་བརྒྱ་པ། །རྣམ་བཀྲ་ཡེ་ཤེས་གསལ་བའི་མདངས་འཕྲོ་བས། །རྡོ་རྗེ་སྙིང་པོའི་ལམ་བཟངས་སྣང་བྱེད་ཅིང༌། །སྐལ་བཟངས་བློ་ཡི་པདྨ་རྒྱས་བྱེད་ཡིན། །ཚུལ་འདི་ཐེག་མཆོག་སྙིང་པོའི་པད་ཚལ་ལས། །རབ་འཁྲུངས་སྣ་ཚོགས་རང་གྲོལ་རྣལ་འབྱོར་པས། །འོད་གསལ་སྙིང་པོའི་དོན་རྣམས་བསྟན་ནས་སོང༌། །དྲི་མེད་འོད་ཟེར་སྟོང་ལྡན་དེ་སྐད་དོ། །རང་བཞིན་གསང་བའི་གནད་རྣམས་མ་ལུས་པ། །སྐལ་ལྡན་རྣམས་ལ་མ་ནོར་མངོན་སུམ་དུ། །ཀློང་ཆེན་རབ་འབྱམས་བཟང་པོས་བསྟན་ནས་སོང༌། །ཚུལ་ཁྲིམས་བློ་གྲོས་བཟང་པོ་དེ་སྐད་ལོ། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡི། །ཕྱི་རབས་རྗེས་སུ་འཇུག་པའི་སྐལ་ལྡན་ལ། །མཐར་ཐུག་དོན་གྱི་གནད་རྣམས་གདམས་ཟིན་གྱིས། །བརྩོན་པས་ཉམས་སུ་ལེན་ལ་འབད་པར་མཛོད། །གསང་བའི་གནས་ཀྱང་ཤིན་ཏུ་རྒྱ་ཆེ་ལ། །རྒྱུད་ལུང་མན་ངག་ཡི་གེ་གྲངས་མང་ཞིང༌། །རྡོ་རྗེ་གནས་ཀྱང་བརླིང་ཞིང་རྟོགས་དཀའ་བས། །དེ་དག་དོན་འདུས་ཐེག་མཆོག་མཛོད་འདི་གཅེས། །དཔལ་མགོན་བླ་མ་དམ་པ་མཉེས་བྱས་ཤིང༌། །ཟབ་མོའི་གནས་རྣམས་མ་ནོར་འདིར་ཚང་ལ། །ལུང་རིགས་མན་ངག་རྒྱ་མཚོའི་ཀློང་ཡངས་པས། །ཟབ་ཅིང་རྒྱ་ཆེའི་གནས་འདི་མཆོག་ཏུ་འཕགས། །ཕྱིན་ཆད་སྐལ་མེད་རྣམས་ལ་མི་བསྟན་ཅིང༌། །ཐུན་མོང་མ་ཡིན་གྲུབ་མཐའ་གང་ཡིན་པ། །དེ་ཀུན་ཚོགས་སུ་མ་གླེང་དམ་དུ་སྦོས། །ཡི་གེ་འདི་ལ་བཅོས་བསླད་མ་བྱེད་ཅིག །མཛོད་འདི་དཔལ་ལྡན་སྔགས་ཀྱི་བདག་མོ་དང༌། །གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་ལ་གཏད། །ཐུབ་པར་སྲུངས་ཤིག་བཀའ་ཡི་བྱ་ར་གྱིས། །འདི་ལ་རྩོམ་གཞིའི་ཡེ་གེ་ཐུ་བ་དང༌། །མང་ཉུང་འདྲ་མིན་བསླེ་བསླད་བྱུང་སྲིད་ན། །དེ་ཡི་སྙིང་ཁྲག་རོལ་པའི་དགའ་སྟོན་མཛོད། །དབུགས་ཆོད་མདངས་ཕྲོགས་མིག་འབྲས་ཐང་ལ་སྦྲུལ། །རིགས་འཛིན་བཀའ་སྡོད་རྒྱ་མཚོའི་ཚོགས་རྣམས་ཀྱིས། །འདི་ལ་སྤྱོད་པའི་སྐལ་ལྡན་བྱིན་གྱིས་རློབས། །དེ་ཡི་འདོད་དགུ་ཡིད་བཞིན་རྫོགས་མཛོད་ལ། །གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ཤོག །རབ་གསལ་བློ་གྲོས་དྲི་མ་མེད་ཅན་འཕགས་པའི་ལམ་གྱི་རྗེས་འགྲོ་བ། །མང་ཐོས་ཡོན་ཏན་ཤིན་ཏུ་རྒྱ་ཆེ་ཚེ་གཅིག་བྱང་ཆུབ་འདོད་རྣམས་ལ། །བླ་མེད་ཐེག་པའི་སྒོ་འདི་ཉེར་གནས་མཛོད་འདིས་ཕན་པ་འགྲུབ་འགྱུར་གྱིས། །ཀླུ་མཆོག་རྣམས་ཀྱི་ནོར་བུའི་དཔལ་བཞིན་དད་བརྒྱའི་གཙུག་གི་རྒྱན་གྱུར་མཛོད། །ལེགས་གསུངས་ཡོན་ཏན་དྲི་མ་མེད་ཅན་བླ་ན་མེད་པའི་ཐེག་པ་རྣམས་ཀྱི་རྩེ་མོའི་དཔལ། །རྒྱལ་བའི་གསང་མཛོད་ཤིན་ཏུ་རྨད་བྱུང་འཇིག་རྟེན་ཀུན་ཏུ་འབྱུང་བར་དཀའ་བའི་རིན་ཆེན་མཛོད། །སྐལ་བཟངས་རྣམས་ལ་སྣང་བར་འགྱུར་འདི་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་རྨད་བྱུང་སྟེ། །གང་གིས་འདི་ཐོས་འཛིན་པར་གྱུར་རྣམས་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་གྲགས་ཆེན་ཡིན། །ཆོས་དཀར་སྣང་བ་ཤིན་ཏུ་རྒྱ་ཆེ་བཀྲ་ཤིས་ཉི་ཟླའི་དཀྱིལ་འཁོར་བཟང་པོས་རྣམ་བརྒྱན་ཞིང༌། །ཕྱོགས་དུས་རྒྱལ་བའི་མཆོག་གསང་རྩེ་མོ་བཀྲ་ཤིས་མཐའ་ཡས་འོད་ཟེར་ནམ་མཁའི་མཐའ་དང་མཉམ། །རྒྱལ་འབྱུང་མཛད་པ་ཤིན་ཏུ་མཐའ་ཡས་བཀྲ་ཤིས་འཕྲོ་བས་འདོད་དགུའི་རེ་བ་རྣམ་སྐོང་ཞིང༌། །དཔལ་ལྡན་བཀྲ་ཤིས་ཉིན་མོར་བྱེད་པའི་བཀྲ་ཤིས་བརྩེགས་པས་དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཤིང་དཔག་ཏུ་མེད་པ་དག་གིས་འབྲས་བུའི་དོན་གཏན་ལ་ཕབ་པ་སྟེ། གསང་བ་བླ་ན་མེད་པའི་སྙིང་པོ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་ནི། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཕལ་པོ་ཆེའི་དོན་ཁོང་དུ་ཆུད་ཅིང༌། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཀུན་མཁྱེན་ངག་གི་དབང་པོས་མཛད་པ་རྫོགས་སོ། །དགེའོ། །དགེའོ། དགེའོ། ཨོཾ་ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ།། །།
༄༅། །ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་བཞུགས་སོ། །
༄༅། །ན་མཿསརྦ་ཛྙཱ་ཡ་གུ་ར་ཝེ། གང་ཞིག་རྒྱལ་བའི་ཡོན་ཏན་མཐའ་ཀླས་པ། །མ་ལུས་ཡང་དག་རྫོགས་པའི་དཀྱིལ་འཁོར་ཅན། །ཀུན་མཁྱེན་བླ་མ་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། ༡ །གདོད་མའི་གཞི་དབྱིངས་ཡོན་ཏན་རྫོགས་པའི་ཀློང༌། །སྟོང་ཆེན་ལྷུམས་སུ་ཆོས་ཉིད་ཟད་ཞུགས་པས། རབ་འབྱམས་མཁྱེན་པས་ཤེས་བྱ་ཡོངས་གཅོད་པ། །ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། ༢ །སྐྱོབ་པ་དེ་ཡི་ལེགས་བཤད་ཚིག་གཅིག་གི །ཟུར་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་པོ་རུ། །ངེས་པར་བགྱིད་ན་བསྟན་པ་ཡོངས་རྫོགས་པའི། །གསུང་ལ་ཐོས་བསམ་བགྱིད་རྣམས་ལྟ་ཅི་སྨོས། ༣ །རྒྱལ་བ་རྣམས་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །དཔའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་མཐུས། །འཕགས་བཞི་སོ་སྐྱེ་དུ་མའི་སྤྲུལ་གཟུགས་ཀྱིས། །རྒྱལ་བའི་མཛད་བཟང་ཅི་ཡང་སྟོན་པ་ཡིན། ༤ །དེ་སླད་ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུས། །རྒྱལ་བའི་མཛད་པས་སྙིགས་མའི་འགྲོ་སྐྱོང་ཞིང༌། །ཐོས་པས་གྲོལ་བ་ཐེག་རྩེའི་ཆོས་འཁོང་གྱིས། །རྡོ་རྗེ་སྙིང་པོའི་བསྟན་པ་གསལ་བར་མཛད། ༥ ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུང་པའི་བཀར། །མི་ཤེས་པ་དེ་བ་གླང་ཡ་སོ་ཅན། ༦ །སྐལ་བ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན། ༧ །ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། ༨ །སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། ༩ །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། ༡༠ །རྣམ་ཐར་ཏིང་འཛིན་སྟོབས་ཀྱིས་བྱིན་རླབས་པས། །འདི་མཐོང་ཡིད་ལ་ཆོས་ཉིད་ཤུགས་ཀྱིས་སྐྱེ། །ཀ་དག་དགོངས་པ་འཕྲལ་ལ་སྟོན་ནུས་ཤིང༌། །ཆོས་ཅན་འཛིན་པ་གཞིག་ལ་འདི་འདྲ་མེད། ༡༡ །ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུང༌། །བརྗོད་བྱེད་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང༌། ༡༢ །ལྔ་བརྒྱ་ཐ་མའི་བསྟན་པར་གྱུར་པ་ན། །གསུང་རབ་རྣམ་རོལ་ཡི་གེའི་གཟུགས་དག་གིས། །སྟོན་པ་བཞུགས་ཞེས་སྐྱོབ་པ་ཐུགས་རྗེ་ཅན། །ཤཱཀྱ་སེང་གེའི་ཞལ་བཞེས་དེ་ལྟར་ལགས། ༡༣ །དོན་བཟང་ལེགས་བཤད་མཛོད་ཆེན་བདུན་ལ་སོགས། །བསྟན་པ་ཡོངས་རྫོགས་ཚེ་གཅིག་སངས་རྒྱས་ཆོས། །ཟབ་ལམ་རྨད་བྱུང་བདུད་རྩིའི་ཐིགས་པ་འདི། །ཀུན་མཁྱེན་བླ་མའི་གསུང་དུ་སུ་ཡིས་བསྙོན། ༡༤ །ལྷུན་གྲུབ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ། །ཀ་དག་དབྱིངས་སུ་ཟབ་པའི་ཆོས་ཉིད་ཅན། །ཟུང་འཇུག་ཐེག་རྩེ་རྡོ་རྗེ་སྙིང་པོའི་ཆོས། །རྒྱལ་ཀུན་ཐུགས་གསང་འདི་ལས་ཅི་ཞིག་ཡོད། ༡༥ །ཐུབ་པའི་མཛེས་སྐུ་གསེར་གྱི་རི་འདྲ་བ། །གཟུགས་སྐུ་མཐོང་བའི་ཁྱད་ཆོས་དེ་ལགས་མོད། །ཆོས་ཉིད་རང་བཞིན་བརྗོད་དུ་མེད་སྟོན་པ། །ཆོས་སྐུ་མཐོང་བའི་སྐལ་བཟང་འདི་ཙམ་ལགས། ༡༦ །ཤིང་དབང་དྲུང་དེར་སྐྱོབ་པས་གང་མཁྱེན་དང༌། །རྒྱལ་སྲས་རྣམས་ཀྱིས་བདེན་པ་གང་གཟིགས་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཚིག་གཅིག་གིས། །བརྗོད་དུ་མེད་དོན་ཐབས་ཀྱིས་སྟོན་པར་མཛད། ༡༧ །ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་ནམས་ཞིང་དུ་འདི་ལས་ལྷག་པ་མེད། ༡༨ །ཐུབ་པའི་མདོ་སྡེ་ཇི་སྙེད་བསམ་ཡས་པའི། །ཡོན་ཏན་མཆོག་ཀྱང་ཟབ་རྒྱས་སྟོན་པས་ཏེ། །ཆོས་ཉིད་རང་བཞིན་ཟབ་ཅིང་རྒྱ་ཆེ་བ། །རྗེན་པར་སྟོན་འདིའི་ཡོན་ཏན་ཡང་དེ་ཙམ། ༡༩ །དེ་སླད་གཞུང་འདིའི་ཚིག་གཅིག་ཉན་པ་དང༌། །འཛིན་ཀློག་སྒྲུབ་རྣམས་ཇི་སྙེད་རྒྱལ་བའི་ཆོས། །ཉན་དང་འཛིན་ཀློག་སྒྲུབ་ལ་བརྩོན་པ་དང༌། །སྐལ་པ་མཉམ་ཞིང་བསོད་ནམས་རྣམ་སྨིན་མཉམ། ༢༠ །བརྒྱད་ཁྲི་བཞི་སྟོང་ཆོད་དོན་རིག་པའི་ཀློང༌། །འདུས་པར་ངེས་ན་དེ་ཡི་བརྗོད་བྱེད་གཞུང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་ཟབ་མོའི་ཆོས། །ཚིག་བཅད་གཅིག་ཏུ་ཅི་ཡི་ཕྱིར་མི་འདུ། ༢༡ །དད་པའི་སེམས་ཀྱི་སྐད་ཅིག་མཇལ་ན་ཡང༌། །གང་གི་ཡིད་ལ་གདུང་བ་སྐྱེ་འགྱུར་པའི། །ཉོན་མོངས་རྙོགས་པ་ཤུགས་ཀྱིས་འབྲལ་བགྱིད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐོང་གྲོལ་ཡིན། ༢༢ །ཚིག་གཅིག་ཐོས་ཀྱང་རྣམ་པར་རྟོག་པའི་རྡུལ། །རྣམ་པར་སྤངས་ནས་ཞི་བའི་ཏིང་ངེ་འཛིན། །གང་གི་ཡིད་ལ་རྩོལ་མེད་སྐྱེ་འགྱུར་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཐོས་གྲོལ་ཡིན། ༢༣ །རྟོག་གེའི་བློ་གྲོས་རྩུབ་མོའི་སྐྱོན་སྤོངས་པའི། །ཞི་བ་བསིལ་བ་འཇམ་པའི་རེག་བྱ་ཅན། །འཁོར་བའི་གདུང་སེལ་འཆི་མེད་ཐེག་པ་སྟེ། །ཀུན་མཁྱེན་བླ་མའི་ལེགས་བཤད་རེག་གྲོལ་ཡིན། ༢༤ །ཟབ་པའི་དོན་བཟང་བདུད་རྩིའི་རོ་མངར་ཅན། །ཇི་ཙམ་མྱོང་བཞིན་ཐོས་བསམ་སྒོམ་པའི་ལུས། །བརྟས་པའི་འཕུར་ལྡིར་ཆོས་ཉིད་དབྱིངས་སྤྱོད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མྱོང་གྲོལ་ཡིན། ༢༥ །རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་པའི་སྐྱེ་བོ་སུ་ཡིས་ཀྱང༌། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། ༢༦ །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ན། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་ཟློས་པའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆད་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། ༢༧ །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་བརྒྱན་གྱིས་སྤྲས་འདྲ་སྟེ། །འདི་དང་བསྐྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རེའི་ཡན་ལག་དུམ་བུར་འཐོར་དང་འདྲ། ༡༨ །ཚིག་བཟང་སྙན་དངགས་དམ་པའི་རྒྱས་གྱིས་མཛེས། །དོན་ཆེན་རྒྱལ་བསྟན་རྫོགས་པའི་ཁོ་ལག་དར། །ཐེག་རྩེ་ནོར་བུ་མཆོག་གི་ཐོར་ཚུགས་ཅན། །གཞུང་བཟང་འདི་དག་ལྷ་ཡི་དབང་པོ་འདྲ། ༡༩ །ལམ་སྟེགས་རྒྱུ་འབྲས་ཐེག་པའི་ཐེམ་སྐས་བཀྲམ། །གསང་ཆེན་ལམ་གྱི་བ་གམ་བརྗིད་ཆགས་ཤིང་ལྷུན་གྲུབ་སྐུ་བཞིར་བགྲོད་པའི་རྩེ་མོ་འབར། །གཞུང་བཟང་འདི་དག་རྣམ་རྒྱལ་ཕོ་བྲང་འདྲ། ༣༠ །འདོད་ཁམས་དགེ་བཅུའི་རི་དབང་ལྷུན་བརྗིད་ཅིང༌། །གཟུགས་མེད་ཏིང་འཛིན་ཞི་བའི་སྤྲིན་ཚོགས་བཀྲམ། །གཟུགས་ཁམས་འཕགས་ལམ་རྫོགས་པའི་འོག་མིན་ཅན། །གཟུང་བཟང་འདི་དག་སྲིད་པ་གསུམ་པོ་འདྲ། ༣༡ །གང་འདུལ་འགྲོ་ཁམས་མོས་པ་དེ་བཞིན་འདུལ། །སྣ་ཚོགས་ཤེས་བྱའི་ཆོས་ཀུན་མ་འདྲེས་འཆད། །དོན་དམ་མཉམ་པའི་ཀློང་ལས་མི་འདའ་བས། །གཞུང་བཟང་འདི་དག་རྫོགས་པའི་སངས་རྒྱས་འདྲ། ༣༢ །ཇི་སྙེད་ཐེག་པའི་རྣམ་གྲངས་མཐའ་ཡས་སྟོན། །ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ། །མངོན་སུམ་འོད་གསལ་ཀློང་དུ་སྤང་བླང་ཟད། །གཞུང་བཟང་འདི་དག་སྲིད་ཞི་གཉིས་ཀ་འདྲ། ༣༣ །དོན་འདི་ཤེས་ན་རྡོ་རྗེ་སྙིང་པོའི་ལམ། །སྙིང་ཐིག་གསང་བའི་ཟབ་གནད་སྙིང་འདྲ་བའི། །དོན་འདི་མི་སྟོན་མཁས་པའི་བསྟན་བཅོས་གཞན། །ལུས་ཉིད་མཛེས་ཀྱང་སྙིང་མེད་རོ་དང་འདྲ། ༣༤ །རྟོགས་པའི་འདྲ་འབག་རྡོ་རྗེ་སྙིང་པོའི་གླུ། །མངོན་སུམ་ཆོས་ཉིད་རྗེན་པར་སྟོན་པའི་ངག །ཀློང་རྡོལ་གཏམ་འདི་སྐད་ཅིག་ཐོས་པས་ཀྱང༌། །འོད་གསལ་ཡེ་ཤེས་རྒྱུད་ལ་ཤུགས་ཀྱིས་སྐྱེ། ༣༥ །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་པོ་ཆེ། །བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། ༣༦ །ཟང་ཐལ་རིག་པ་ཀུན་མཁྱེན་བླ་མའི་ཐུགས། །རྗེན་པར་སྟོན་པའི་མན་ངག་འདི་འདྲ་བ། །སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། ༣༧ །རྒྱུད་སྡེ་ཀུན་ཀྱི་ཟབ་གནད་མཐར་ཐུག་པ། །བཞི་པའི་དབང་ཞེས་གྲགས་པ་འདི་ཡིན་ཏེ། །དབང་བཞི་ཡོངས་རྫོགས་རིག་པ་རྩལ་གྱི་དབང༌། །གཞུང་བཟང་འདི་འདྲ་མཐོང་ལས་གཞན་ཡོད་མིན། ༣༨ །ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །རྟོག་པས་བསྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། ༣༩ །གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོ་ཚིག་དོན་བྱིན་གྱིས་རླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བརྟེན་ན་བླ་མ་འདི་རང་ཡིན། ༤༠ །མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན། །གཞུང་བཟང་འདི་འདྲ་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློ་ཆོས་ཉིད་མངོན་སུམ་པའི། །འོད་གསལ་མཆོག་ལས་གཡོ་བ་ཡོད་རེ་ཀན། ༤༡ །རྣམ་པར་དཔྱོད་མང་ག་གེའི་བསྟན་བཅོས་གཞན། །ཇི་ཙམ་བལྟས་བཞིན་འཁྲུལ་པའི་རྣམ་རྟོག་འཕེལ། །བློ་ལས་འདས་སྟོན་ཀུན་མཁྱེན་བླ་མའི་གཞུང༌། །ཚིག་གཅིས་ཐོས་ཀྱང་རྩོལ་མེད་ཏིང་འཛིན་སྐྱེད། ༤༢ །རྟོག་གེའི་དཀྲུགས་པ་ཕལ་བའི་གཞུང་མང་དུ། །འཁྱམས་ཤིང་འཁྱམས་པའི་དོན་མེད་ངལ་བ་ཅན། །ཚིག་དོན་ཕུན་ཚོགས་ནོར་བུའི་ངལ་སྟེགས་སུ། །ངལ་བསོ་སྦྱིན་པ་ཀུན་མཁྱེན་བླ་མའི་གཞུང༌། ༤༣ །ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཉུལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་བགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། ༤༤ །བྱིས་པའི་བསྟན་བཅོས་རྩེད་མོའི་རྩོད་པ་ཅན། །ཡིན་དང་མ་ཡིན་རང་རང་ཕྱོགས་ལ་ཞེན། །མཉམ་པའི་ཆོས་ཉིད་རྒན་པོའི་བློ་གྲོས་ཅན། །ཀུན་མཁྱེན་བླ་མའི་ལེགས་བཤད་གཟུ་བོ་ཡིན། ༤༥ །རྨོངས་དང་མ་རིག་ཐེ་ཚོམ་སྐྱེས་པའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །རྨོངས་པའི་དྲྭ་བ་གང་གིས་གཅོད་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཤེས་རབ་རལ་གྲི་ཡིན། ༤༦ །སྣ་ཚོགས་རྟོག་པའི་བུན་ལོང་གཡོ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །འཁྲུལ་རྟོག་རྩིག་པ་གང་གིས་འཇིག་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཡེ་ཤེས་རྡོ་རྗེ་ཡིན། ༤༧ །ཆགས་སྡང་འཁྲུལ་པའི་ཟུག་རྔུ་འབར་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉོན་མོངས་བུད་ཤིང་སྐད་ཅིག་སྲེག་བྱེད་པའི། །ཀུན་མཁྱེན་ལེགས་པའི་མེ་དཔུང་ཡིན། ༤༨ །འདུ་འཛིའི་གནས་དང་སྐྱོ་བས་གདུང་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ངེས་བྱུང་བློ་ཡིས་ཁམས་གསོ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་རྩིའི་སྨན་མཆོག་ཡིན། ༤༩ །དབེན་པའི་གནས་སུ་གཅིག་པུར་གནས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉིན་མཚན་འཁོར་ཡུག་ཆོས་ཀྱིས་འདའ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་རིག་པའི་སྐྱོ་གྲོགས་ཡིན། ༥༠ །མང་པོའི་དབུས་སུ་ཆགས་སྡང་ལྡང་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །མཉམ་པའི་ཀློང་དུ་སེམས་དལ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ནོར་བུའི་ངལ་སྟེགས་ཡིན། ༥༡ །ཡིད་དཔྱོད་རྟོག་པའི་ཞེ་འདོད་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གྲུབ་མཐའི་ལྕགས་སྒྲོགས་གྲོལ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ཐབས་ཀྱི་ལྡེའུ་མིག་ཡིན། ༥༢ །བྱིད་རྒོད་རྨུགས་པས་སྒོམ་གེགས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞི་བའི་ཏིང་འཛིན་སྐྱོན་མེད་ལེགས་སྐྱེད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་མན་ངག་ཡིན། ༥༣ །ནད་དང་སྡུག་བསྔལ་གནོད་པ་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། རྐྱེན་ངན་སྣང་བ་གྲོགས་སུ་བསྒྱུར་བྱེད་པའི། །ཀུན་མཁྱེན་ལེགས་བཤད་གསེར་འགྱུར་བདུད་རྩི་ཡིན། ༥༤ །རིག་རྩལ་རྟོགས་པའི་ཉམས་མྱོང་འབར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཆོས་སྐུའི་ཀློང་དུ་མཉམ་ཉིད་ངོ་སྤྲོད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་བོག་འདོན་ཡིན། ༥༥ །བྱུང་རྒྱལ་ཉམས་ཀྱི་སྣང་བ་འུར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་བརྟུལ་ཞུགས་གོང་འཕེལ་བའི། །ཀུན་མཁྱེན་ལེགས་བཤད་རྡོ་རྗེའི་ཐོལ་གླུ་ཡིན། ༥༦ །འདོད་ཡོན་ལོངས་སྤྱོད་ཤུགས་ཀྱིས་འདུ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་ཅི་འདོད་རྒྱན་འཆང་བའི། །ཀུན་མཁྱེན་ལེགས་བཤད་རྨ་བྱ་དུག་རོལ་ཡིན། ༥༧ །སྙེམས་བྱེད་རེ་དོགས་གཟུང་འཛིན་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བརྟུལ་ཞུགས་རོལ་པའི་དཔའ་གདེང་སྐྱེད་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་ཀྱི་གཅོད་ཡུལ་ཡིན། ༥༨ །དངོས་འཛིན་འཁྲུལ་པ་ཨ་་འཐས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གདོས་བཅས་བུན་ལོང་འཇིག་བྱེད་པའི། །ཀུན་མཁྱེན་ལེགས་བཤད་སྒྱུ་མའི་མན་ངག་ཡིན། ༥༩ །ཀུན་མཁྱེན་ལེགས་བཤད་ནོར་བུའི་གཏེར་འདྲ་བའི། །ཡོན་ཏན་ཕྲེང་བ་གཞལ་དུ་མི་སྤྱོད་མོད། །ཅུང་ཟད་སྨྲས་འདིས་ཁོ་བོའི་སྤོབས་པ་ཡང༌། །མཐར་ཐུག་མིན་ན་བརྗོད་བྱ་ཇི་ལྟར་རྫོགས། ༦༠ །བསྔགས་པའི་གནས་འདི་གྲངས་མེད་ཞིང་དུ་ཡང༌། །རྒྱལ་བ་རྣམས་དང་རྒྱལ་སྲས་མཁས་རྣམས་ཀྱི། །དམ་ཆོས་གཏམ་གྱི་གླེང་གཞིར་གྱུར་པ་སྟེ། །སོ་སོ་ཡང་དག་རིག་པའི་སྤྱོད་ཡུལ་ཡིན། ༦༡ །མཁའ་དབྱིངས་བཞིན་དུ་མཁས་པའི་རོལ་གནས། །སོ་སྐྱེ་བློ་གྲོས་སྦྲང་བུའི་གཤོག་རླབས་བཅས། །བསྔགས་པའི་སྙན་གླུ་དར་དིར་སྒྲོགས་པ་འདི། །ལེགས་བཤད་ཚལ་ལ་རབ་དགའ་སྐྱེས་ནས་ཡིན། ༦༢ །དགའ་བར་བྱོས་ཤིག་སྐལ་བཟང་དོན་མཐུན་དག །གེ་སར་རོ་མངར་ཡང་ཡང་བཏུང་གྱིས་ལ། །བསྟོད་པའི་གླུ་ཕྲེང་བདག་དང་མཐུན་སྒྲོགས་དང༌། །མི་ཟད་སྤོབས་པ་ཁྱེད་ལ་མཛའ་བར་འགྱུར། ༦༣ །བསྔགས་འོས་ཡུལ་ལ་བསྔགས་པའི་མཆོད་སྤྲིན་འདིའི། །ལེགས་བྱས་དགེ་བ་སྲིད་ལ་ཞི་རྒྱུ་དང༌། །ཞི་ལ་སྲིད་དོན་གཉིས་མཐར་མི་གནས་པའི། །རྒྱལ་དང་དེ་སྲས་ཐུགས་དགོངས་རྫོགས་ཕྱིར་བསྔོ། ༦༤ །མཚམས་སྤྲིན་གཟི་འདྲ་མཚན་དཔེའི་གཟི་འབར་བ། །འཇམ་དཔལ་དཔའ་པོའི་མཁྱེན་པ་དེ་དྲན་ནས། །དེ་ཡི་རྗེས་བཞིན་བདེན་པའི་འཁོར་གསུམ་བློ། །སྤོངས་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སྙོགས། ༦༥ །བདག་ཀྱང་དེང་ནས་ཀུན་མཁྱེན་བརྒྱུད་བཅས་ཀྱི། །སྨིན་གྲོལ་རྒྱལ་ཐབས་རྒྱས་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་གཏོང་བ་མེད་ལྡན་པས། །བལྟ་བའི་སྐལ་བཟང་འཁོར་བའི་མཐའ་མར་སྨོན། ༦༦ །ནམ་ཞིག་སྲིད་དང་ཞི་བ་མཉམ་པར་བརྡལ། །འཁོར་བ་དོང་སྤྲུགས་ཞི་བ་བུམ་སྐུར་བཞེངས། །འཁོར་འདས་མ་ལུས་ཐིག་ལེ་གཅིག་གི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་པར་འདྲེས་གྱུར་ཅིག ༦༧ །ཅེས་པའང་ཨ་བུ་ཧྲལ་པོའི་གང་དྲན་བརྗོད་པ་དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ།། །།
༄༅། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། །
༄༅། །ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང༌། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་ཉི་མ་སྣང་བ་ཡང༌། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣམ་མར་འགྲོ་བ་ཉུང༌། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང༌། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །དེ་ཕྱིར་གཞུང་འདི་མཇལ་བ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མན་ངག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང༌། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་གྲུབ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང༌། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང༌། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང༌། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང༌། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང༌། །ལེ་ལོ་ཅན་དང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོག་ཚད་མ་འོངས་སངས་རྒྱས་ཡིན །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་བརླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང༌། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང༌། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོན་སུ་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ནས་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་པས་མཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཟུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ན་ཅང་མེད་ཀྱི། །བློ་ཐག་ཆོད་ལ་རང་བབ་ང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིགས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང༌། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེར་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང༌། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང༌། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང༌། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་པོའི་སྙིང་པོ་འདི་ཡིན་ཏེ། །ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང༌། །བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་མཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོས་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཟུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང༌། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང༌། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་བཟློག་དཀའ་ལས་ངན་བདག་འདྲ་ཡང༌། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང༌། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མེས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང༌། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང༌། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག །དཔལ་སྤྲུལ་གསུང༌། སརྦ་མངྒ་ལཾ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net