གཞི་གསུམ་གྱི་ཆོ་ག་ཕན་བདེའི་གཉེན་ཞེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །གཞི་གསུམ་གྱི་ཆོ་ག་ཕན་བདེའི་གཉེན་ཞེས་བྱ་བ་བཞུགས་སོ། །[1]

༄༅། །འཁོར་བའི་ཚད་གདུང་མ་ལུས་ཞི་མཛད་ལ། །དུས་ཀྱིས་ཡོལ་བ་མི་འགྱུར་ཆོས་ཀྱི་སྤྲིན། །བགྲང་ཡས་སྐྱེ་དགུའི་དགེ་ལེགས་ཆར་གྱི་ཁུངས། །སྤྲོ་མཁས་ཐུབ་དབང་གངས་རིའི་གནས་ལ་འདུད། །འདིར་གསོ་སྦྱོང་གི་གཞི་ལ། ཚེས་བཅོ་ལྔའི་ཉིན་འདུ་བར་འོས་པ་འདུས། ཤེར་སྙིང་འདོན། དེ་ནས་དགེ་སློང་གཅིག་གིས་སྤྱོད་ལམ་བསྒྲེང་། མཁན་པོའམ། སློབ་དཔོན་ནམ། གནས་བརྟན་ནམ། ཚེ་དང་ལྡན་པ་ཆེ་གེ་མོས་གཙོ་བོ་མཛད་པའི་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགུན་ཟླ་དང་པོའི་ཟླ་བ་མར་གྱི་ངོའི་གྲལ་ཚེས་བཅོ་ལྔ་པ་མངོན་དུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ། ཞལ་ནས་གསུངས་པའི་མདོ་རེ་བཀླག་ཏུ་གསོལ། དེ་ནས་དགེ་འདུན་རྣམས་ཀྱིས་དང་པོར་ཕྱག་བྱ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་ན་མཛེས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྒྱས་པར་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་ཡན་ལག་བདུན་པ་ཡང་བྱའོ། །བར་དུ་མདོ་འདོན་པ་ནི། གསོལ་བ་བཏབ་པའི་དགེ་སློང་དེས་ཀྱང་སྤྲོ་ཞིང་ནུས་ན་ཐེག་པ་ཆེ་ཆུང་གི་བཀའ་དྲི་མ་མེད་པ་རྒྱས་པ་འདོན་པར་བྱ་ཞིང་། གཅིག་གིས་མི་ནུས་ན་མང་པོ་རེས་ཀྱིས་ཀྱང་བཤད་པར་བྱའོ། །དེ་ཙམ་མི་ནུས་ན་མདོར་བསྡུས་པ་འདི་ཙམ་ཞིག་བརྗོད་པར་བྱ་སྟེ། རང་གིས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱིས། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་བས། ཅིའི་ཕྱིར་བརྩོན་འགྲུས་དང་རཏལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག སྲོག་དང་བྲལ་ཞིང་ཤི་བ་ནི་བླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་འཆི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་པས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་འཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱིས་ནས་མྱ་ངན་འདས་པ་འཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་བསྲུངས་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། མཐའ་མར་བསོད་ནམས་བསྔོ་བ་ནི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་དང་། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་སོགས་དང་། ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོར་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད་དོ། །དེ་དག་དུས་རྒྱུན་གྱི་དགེ་འདུན་གྱི་བྱ་བ་ཡིན་པས་རྒྱུན་ཆགས་གསུམ་པའོ། །དེ་ནས་དགེ་ཚུལ་རྣམས་ཀྱི་མདོ་འདོན་པ་རང་ལ་དམིགས་ཏེ་དགོངས་གསོལ་བྱས་ནས། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་བཤགས་བྱའི་ཉེས་བྱས་གང་བྱུང་བ་དེ་ཐམས་ཅད། མཁན་པོ་ལ་སོགས་པ་བརྗོད་ནས། དྲུང་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། མདོ་འདོན་པས་དེ་དག་ལ། ཉེས་པ་ལ་ཉེས་པར་གཟིགས་ལགས་སམ། ཞེས་དྲི། དེ་དག་གིས། མཐོང་ལགས་སོ། །ཕྱིས་ནས་ལེགས་པར་སྡོམ་ལགས་སམ། ཞེས་དྲི། སྡོམ་ལགས་སོ། །ལན་གསུམ། ཉེས་པ་གང་བྱུང་བ་ངོས་ཟིན་ན་དེ་ཉིད་ཀྱི་མིང་སྨོས་ནས་བཤགས་པ་བྱས་པས་ཆོག་གོ །གཞུག་ཏུ་མདོ་འདོན་པས། ཐབས་ཡིན་ནོ། །དགེ་ཚུལ་རྣམས་ཀྱིས། ལེགས་སོ། །ཞེས་བརྗོད། དེ་ནི་དགེ་ཚུལ་རྣམས་ཀྱི་བཤགས་པའོ། །དགེ་ཚུལ་རྣམ་པར་དག་པ་ཞིག་ན་འདི་མི་དགོས་སོ། །དེ་ནས་སྔར་བཞིན་དགོངས་གསོལ་བྱས། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ཏེ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོ་སོགས་ཀྱིས་གཟུང་དུ་གསོལ། ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །དེ་ནི་དགེ་ཚུལ་གྱི་ཡོངས་དག་སྟེ་དེ་དག་གི་གསོ་སྦྱོང་ངོ་། །དེ་ནས་དགེ་ཚུལ་རྣམས་གྱེས་ལ། དགེ་སློང་ལྟུང་བ་དང་བཅས་པ་རྣམས་བཤགས་པར་འོས་པ་བཤགས། བསྡམ་པར་འོས་པ་བསྡམས། དེའི་ཉིན་རང་ལ་འཆོས་མི་ཐུབ་པ་ལྷག་མ་ལྟ་བུ་ལ་བྱིན་གྱིས་བརླབ་དགོས་པས། དང་པོ་ནི། གཞན་དགེ་ཚུལ་བཞིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཞེས་སྨོས་པས་སོ། །གཉིས་པ་ནི། ཡིད་ཀྱིས་བསྡམ་པར་འོས་པ་རྣམས་ཡིད་ཀྱིས་བསྡམ་པའོ། །གསུམ་པ་ལ། དེར་འདུས་པའི་དགེ་སློང་ལས་གཅིག་རྣམ་པར་དག་ལ། གཞན་ལྷག་མའམ་སྤང་བའི་ལྟུང་བ་ལས་གང་ཡང་རུང་བ་ཞིག་དང་བཅས་པ་ཡིན་ན། དེ་དག་སོ་སོས་དགེ་སློང་དག་པའི་མདུན་དུ་དགོངས་གསོལ་བྱས་ལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ནས། མང་བའི་དབང་གིས་དགེ་འདུན་ལྷག་མའི་སྡེ་ཚན་ལས་ཁུ་བ་ཕྱུང་བའི་ལྷག་མའམ། སྤང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། །གོས་ཞག་བཅུ་འཆང་བའི་སྤང་ལྟུང་འདི་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱ། གལ་ཏེ་དགེ་སློང་ཐམས་ཅད་དེ་རྣམས་གང་རུང་གི་ལྟུང་བ་དང་བཅས་པར་གྱུར་ལ་བཤགས་ཡུལ་མ་རྙེད་ན་ཐུན་མོང་བ་བྱིན་གྱིས་བརླབ་པ་འདི་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་སླར་ཆོས་བཞིན་དུ་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་ཆོས་བཞིན་དུ་སླར་བགྱི་བར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །འདི་ལ་ཐམས་ཅད་ལ་ལྟུང་བ་བྱུང་མ་བྱུང་སོམ་ཉི་དང་བཅས་པ། རྩོད་པ་དང་བཅས་པ། ངེས་པ་ཉིད་མ་ཡིན་པ་སོ་སོ་ལ་བྱིན་བརླབ་གསུངས་ཀྱང་བོད་རྣམས་མཐུན་པ་ཁོ་ན་ཕྱག་ལེན་མཛད་གདའོ། །དེ་ནས་གནས་ལ་བློ་མཐུན་བྱ་སྟེ། ལས་བྱེད་པས་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར། ཅང་མི་གསུང་བས། དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་པས་སོ། །དེ་ནས་ལས་བྱེད་པས་སོ་སོ་ཐར་པའི་མདོ་ལ་སྟོན་པའི་འདུ་ཤེས། རང་ཉིད་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཆོས་ཀྱི་ཚུལ་འདི་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ། དེ་ལྟར་ཐུགས་ལ་བཞག་ནས་ཐམས་ཅད་ཀྱིས་གསན་པར་ཞུ་ཞེས་བརྗོད་ལ། ཐལ་མོ་སྙིང་གར་སྦྱར་ཏེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པའི་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུང་བ་སེལ་བའི་སྨན་འདི་ཡིན། །འདི་ནི་ལང་ཚོའི་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་བཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་འབྱུང་བ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་ཀྱིས་སོ་སོ་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པར་འདོད་རྣམས་ཀྱིས། །སོ་སོ་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོ་ཐར་པ་ཐོས་པ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །བསྒྲུབ་ལའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་སྙོམས་པའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་དུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཀྱང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །དེ་ཡན་སོ་ཐར་མདོའི་བསྟོད་པའོ། །ཚེ་དང་ལྡན་པ་དག དགུན་རྣམས་ཀྱི་ཟླ་བ་དང་པོའི་ཕྱེད་ནི་ཐལ་ལོ། །ལྷག་མ་ཕྱེད་ནི་ཤུལ་ན་ལུས་སོ། །ཚེ་དང་ལྡན་པ་དག རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་ལ། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག དྲིས་ནས་ཀྱང་བརྗོད་པར་བྱའོ། །ཞེས་གནས་བརྟན་གྱིས་བརྗོད་མ་ཐག་ཏུ་དགེ་སྐོས་ཀྱིས་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱ་ཞིང་། མཚམས་བཅད་པའམ་ལས་ཀྱི་མཚམས་མ་བཅད་ཀྱང་གྲྭ་ཚང་ལྟ་བུ་རང་བཞིན་གྱིས་མཚམས་བཅད་པར་སོང་བས་དེའི་འདུ་འོས་མ་ཚང་ན་འདི་མན་དགག་དགོས་བྱུང་ན་མ་གཏོགས་མི་བྱེད། མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་དག་རིམ་ཅན་ནམ་ཅིག་ཅར་ལེན་པ་ལས་ཕྱི་མ་ལེན་པ་པོའི་མདུན་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་དབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བརྗོད་དེ། དེ་ནས་ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ལ། གནས་ཆེ་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ། མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ལ། དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིའོ། །ཞེས་ལན་གཅིག་བརྗོད་དོ། །འདི་མན་དགོས། དེ་ནས་གནས་བརྟན་གྱི་འདི་སྐད་ཅེས། ཤཱཀྱ་སེངྒེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོ་ཐར་པ་འདོན་པར་བྱ། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ན་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རཏན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡིས། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་གནོན་རྒྱབ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བར། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམས་པར་འགྱུར། །དེ་དག་དང་པོར་བྱ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོ་ཐར་པའི་མདོ་གདོན་པར་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོ་ཐར་པའི་མདོ་གདོན་པར་གདོན་གྱིས། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཞིག ལྟུང་བ་མེད་ན་ཅང་མ་སྨྲ་ཞིག ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས། དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ། དགེ་སློང་གིས་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །གླེང་གཞི་རྣམ་པར་བཞག་པ་འཛིན་དུ་འཇུག་པའོ། །ཡང་དགེ་སློང་གང་། དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱིས་བསྒྲགས་པ་ན། ལྟུང་བ་ཡོད་པ་དྲན་བཞིན་མཐོང་བཞིན་དུ་མི་མཐོལ་ན། དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས། ལྟུང་བ་ཡོད་ལ་དྲན་བཞིན་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོ་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས། ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་བཞིན་དུ་འཛིན་ཏོ། །ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པས་ཀྱང་རུང་བས། འདི་སྐད་ཅེས། ཚེ་དང་ལྡན་པ་དག སླད་མ་ཕམ་པར་འགྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པ་གཉིས་དང་། སྤང་བ་ལྟུང་བྱེད་སུམ་ཅུ་དང་། འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བ་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་གདོན་པ་ལས་འབྱུང་བས་སྔར་གསན་པའམ་ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །ཕམ་པ་འདོན་ན་སོ་ཐར་བཞིན་བཏོན་ནས་ལྷག་མ་མན་ཆད་ཐོས་བསྒྲགས། དེས་གཞན་གཉིས་ལ་རིགས་འགྲེའོ། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཚལ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་མཐའ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོ་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་ནས། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པས། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཐམས་ཅད་ཀྱིས། སོ་སོ་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །གསོ་སྦྱོང་གི་ཉིན་བཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་ལ། དེས་ཀྱང་མ་ཚང་ན། མཆོད་པ་བཤམས་ལ་གཅིག་གི་མདུན་དུ་གཅིག་འདུག་སྟེ། འདི་སྐད་ཅེས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་ཡོངས་སུ་དག་པར་བཙུན་པས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་གདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །གཅིག་པུས་བྱིན་གྱིས་རློབ་པ་ནི། ལྷ་རྣམས་དགོངས་སུ་གསོལ་ཞེས་པ་དང་། མཐར་ལྷ་རྣམས་ཀྱིས་གཟུང་དུ་གསོལ་ཞེས་བརྗེ་བ་མ་གཏོགས་སྔ་མ་བཞིན་སྦྱར་བར་བྱའོ།། །། གཉིས་པ་དབྱར་གནས་ཀྱི་གཞི་ལ། དབྱར་སྦྱོར་དང་། དབྱར་གནས་པར་ཁས་བླངས་པ་གཉིས། དང་པོ་ནི། ཟླ་བ་ཕྱེད་ཙམ་ནས་སྦྱིན་བདག་ཞལ་ཏ་བ་སྤྱོད་ཡུལ་གྱི་གྲོང་། བསོད་སྙོམས་ནད་གཡོག་གནས་པ་དག་ལ་བླ་མ་ཡོད་པ་དང་ཉི་མ་སྔ་མ་གནས་མལ་ཡོ་བྱད་སྟ་གོན་བྱ། དབྱར་ཟླ་འབྲིང་པོ་དེའི་ཉའི་གསོ་སྦྱོང་དུས་གནས་མལ་སྟོབ་པ། དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ལས་བྱེད་པས་དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ་ཞེས་དྲི། སྤྲོ་ཞེས་ཟེར་ན་ལས་བྱེད་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་ཀུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་དབྱར་གྱི་གནས་མལ་བསྟབ་བོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་ནས་སྤྲོ་ཏེ། དེའི་སླད་དུ་ནས་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ། གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ཅེས་ལན་གཅིག་གོ །མཇུག་སྡུད་ནི། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་དོ། །བསྐོས་པའི་དགེ་སློང་དེས་ཚུལ་ཤིང་སྲིད་དུ་ཁྲུ་གང་པ། ཡ་ཡོ་དང་ཁྱར་ཁྱོར་དང་། བཅས་གཅུས་མེད་པ། ཁ་དོག་བཟང་བ། དྲི་ཞིམ་པ། རེག་ན་འཇམ་པ་རྣམས་སྟ་གོན་བྱས་ལ། གཟེབ་ཀྱི་པྲོག་མར་རས་དཀར་པོ་བཏིང་བ་བཀྲ་ཤིས་པ་རྒན་པའི་མཐར་བཞག་ལ། རང་ཉིད་འདུད་པ་དང་བཅས་པས་འགྲེངས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེ་གེ་མོ་ཞེས་བྱ་བ་འདི་ན། ཁྲིམས་སུ་བྱ་བ་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་གི་རྒྱུ་བཞི་པོ་གང་རུང་གི་སྒོ་ནས་འཁྲུག་ལོང་མི་བསྐྱེད་པ་འདི་དང་། གནས་རལ་པ་དང་གྲུམ་པ་བཅོས་པ་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱ་བ་ཞེས་བྱ་བ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་འདིར་གནས་པར་སྤྲོ་བ་དེ་ཚུལ་ཤིང་ལོངས་ཤིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལས་ཅུང་ཟད་ཤེས་པ་དེས་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་གྱུར་པ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བསྟན་པར་དགོངས་སོ། །ཞེས་ཁྲིམས་སུ་བྱ་བ་བརྗོད་དོ། །དེ་ནས་ཚུལ་ཤིང་བླངས་པ་དང་དབྱར་གནས་པ་ཁས་བླང་བའི་ཕྱིར། དགེ་འདུན་རྣམས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་བར་བྱ་སྟེ། ལས་བྱེད་པ་པོས་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱིས་ཚུལ་ཤིང་བཞེས་ཏེ། སང་ནང་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ་ཞེས་བརྗོད་དོ། །དེ་བྱས་མ་ཐག་ཁོ་ནར་ཚུལ་ཤིང་བྲིམས་ཤིང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཚུལ་ཤིང་དང་པོར་བླངས། སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པ་དགེ་སློང་གིས་རང་རང་གི་སྟན་ལས་ཕྱེད་འཕགས་པའི་སྤྱོད་ལམ་གྱིས་རང་རང་གི་ཚུལ་ཤིང་བླང་བར་བྱའོ། །སྟོན་པ་མན་ཆད་ནས་རྒན་རིམ་མཐར་ཆགས་སུ་བྲིམས་ནས་ཡང་མགོ་ནས། དགེ་སློང་གང་ལ་སློབ་མ་དང་། ཉེ་གནས་དགེ་ཚུལ་ཡོད་པ་དེ་ལ་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ལེན་དུ་གཞུག་གོ །དགེ་ཚུལ་རྣམས་ཀྱིས་ཚུལ་ཤིང་བྲིམས་ཟིན་པའི་མཇུག་ཏུ་གཙུག་ལག་ཁང་གི་སྲུང་མ་གཉུག་མར་གནས་པ་ལྷ་མོ་ཆེན་མོ་འཕྲོག་མ་ལ་སོགས་པའི་ཚུལ་ཤིང་བྲིམས་པ་དེ་བླང་བར་བྱའོ། །ཚུལ་ཤིང་སྡུད་པ་ན་ཐམས་ཅད་ཀྱིས་དལ་བུས་བཞག་པར་བྱ་ཞིང་། བགྲངས་ནས་དགེ་འདུན་གསན་དུ་གསོལ། གནས་འདིར་དགེ་སློང་དེ་སྙེད་ཀྱིས་ཚུལ་ཤིང་བླངས་སོ། །ཞེས་དགེ་འདུན་ལ་བསྒོ་བར་བྱའོ། །གནས་མལ་སྟོབ་པ་དེས་སྒོ་ལྕགས་དང་ལྡེ་མིག་བླངས་ནས་དང་པོར་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན། གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ། གོས་ཀྱི་རིན་དང་བཅས་པ་ལགས་ཀྱི། གལ་ཏེ་དེ་བཞེད་ན་བཞེས་ཤིག་ཅེས་ལེན་དུ་གཞུག་གོ །དེ་བཞིན་དུ་རྒན་རིམ་གྱིས་ཐམས་ཅད་ལ་གནས་ཀྱི་གཞི་ལྷག་མ་རྣམས་ཀྱང་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད། མོས་པ་སྐྱེད་ཅིང་ལེན་དུ་གཞུག་གོ །དགེ་སློང་གང་གིས་གནས་ཀྱི་གཞི་བླངས་པ་དེ་ལ་དེའི་སྒོ་ལྕགས་དང་ལྡེ་མིག་གཏད། མལ་ཆ་ཡོ་བྱད་བསྟབ། སྟོབ་པ་པོས། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་བསྒོ་བར་བྱ་བ་དང་། དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་། ཞལ་ཏ་བ་ཆེ་གེ་མོ་དང་། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང་། ནད་གཡོག་པ་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །གཉིས་པ་ནི། ཚེས་བཅུ་དྲུག་གི་ཉིན། རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པར། དགེ་སློང་གི་མདུན་དུ་ཙོག་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཁྱེར་ཆེ་གེ་མོ་ཞེས་བགྱི་བ་དང་། བྲོ་གཡོག་པ་ཆེ་གེ་མོ་ཞེས་བགྱི་བས། དབྱར་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དབྱར་ཕྱི་མ་ཁས་ལེན་ན་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །ཞེས་སྔགས་ཀྱི་བྱེ་བྲག་བྱའོ། །དམིགས་བསལ་ཞག་བདུན་པའི་གནང་བ་སྦྱིན་པ་ནི་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། མཚམས་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པ་ལས། བདག་མིང་འདི་ཞེས་བྱ་བ་བགྱི་བ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བ་བྱིན་གྱིས་བརླབ་བོ་བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། ཡང་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུའི་གནང་བ་སྦྱིན་པ་ནི། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྤྲོའམ། སྤྲོའོ། །དེ་ནས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར། ཕྱག་གསུམ་བྱས་ཏེ། རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང་། དེ་ཚུན་ཆད་ཀྱི་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་ཉེ་བར་གཟུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །གནང་བ་ནི་དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། ནང་མཚམས་ཀྱི་ནས་ཁས་བླངས་ཏེ། འདི་དབྱར་འདི་ན་གནས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་དབྱར་འདི་ན་མཆི་ཞིང་གནས་པ་ལགས་པ་ལས་དགེ་འདུན་གྱི་ཆེད་དུ། མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང་དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཚམས་ཀྱི་གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ཆེད་ལགས་ན། སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །དེའི་སླད་དུ་འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལགས་ན། སླར་མཆི་བར་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་གསུངས་ཤིག མཇུག་སྡུད་དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུའི་གནང་བ་སྦྱིན་ལགས་ཀྱི་འདི་ལྟར་ཅང་མི་གསུང་བར་དེ་ནི་དེ་དེ་བཞིན་ནོ་ཞེས་འཛིན་ཏོ། །ཕྱིར་དགག་དབྱེ་ལ་འདུ་བར་བྱའོ།། །། གསུམ་པ་དགག་དབྱེའི་གཞི་ལ། ཚེས་བཅུ་བཞིའི་ཉིན་ནས་ཚེས་བཅོ་ལྔའི་ནུབ་མོ་ཚུན་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་མོ་འདའ། འདི་ལ་ཡང་བཤགས་པར་འོས་པ་ནས་འདུན་པ་དགག་དབྱེ་བླང་བ་སོགས་གསོ་སྦྱོང་དང་འདྲ་བ་ལས། ཁྱད་པར་བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིའོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་བརྗོད་པའི་ཚེ་ཡང་དེ་སྐད་དོ། །དེ་ནས་ལས་བྱེད་པས་འདི་སྐད་ཅེས། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བྱ་བ་ནས་སྤྲོ་ན་གལ་ཏེ་ནས་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱི་བ་མིང་འདི་ཞེས་བགྱི་བ་འདི། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་དགེ་འདུན་ནས་གསོལ། དགེ་སློང་ནས་སྤྲོ་སྟེ། དེའི་སླད་དུ་ནས་བསྐོ་ན། ཚེ་དང་ལྡན་པ་གང་དག་ནས་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ཅེས་བརྗོད་པ་གཅིག་དང་མཇུག་སྡུད་པ་བརྗོད་པ་གནས་མལ་སྟོབ་པ་བསྐོ་བ་དང་། གཞན་འདྲ། དེའི་འོག་ཏུ་དགེ་སློང་ལས་བྱེད་པས། དགེ་འདུན་ནས་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་ནས་མཛོད་ཅིག་དང་། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །བསྐོས་པ་དེས་རྩྭ་དར་བྷ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་འབྲིམ་མོ། །རྩྭ་དེ་ཡུལ་རྟེན་གཉིས་ཀའི་ལག་པས་ཕན་ཚུན་ནས་གཟུང་སྟེ། དགག་དབྱེ་བྱེད་པ་པོའི་མདུན་དུ་ཙོག་པུར་འདུག་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན་བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། རྣམས་ཀྱིས་བདག་ལ་རྗེས་སུ་སྩལ་དུ་གསོལ། རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ལེགས་བྱའོ། །དེ་ནས་བྱེད་པ་པོ་དེས་ཀྱང་གཞན་གྱི་དྲུང་དུ་དགག་དབྱེ་བྱའོ། །བྱེད་པ་པོས་རྩྭའི་ཆུན་པོ་རྣམས་བསྡུས་ཏེ། གནས་འདིར་དབྱར་གནས་པའི་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ་ཞེས་གོ་བར་བྱས་པའི་རྗེས་ལ། གྲལ་ལ་འཁོད་པ་རྣམས་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་གོ་བར་བྱའོ། །དེ་ནས་བསྐོས་པ་དེས་རྫས་ཁབ་ཡན་ཆད་དུ་ལོངས་པ་ཐོགས་ཏེ་བཙུན་པ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་རུང་ངོ་ཞེས་བརྗོད་ཅིང་འགྱེད། དེའི་འོག་ཏུ་དགེ་ཚུལ་རྣམས་ཀྱིས་དགག་དབྱེ་བྱའོ། །དགེ་ཚུལ་ཞེས་པ་ལས་གཞན་སྔ་མ་བཞིན་ནོ། །དགེ་འདུན་མ་ལོངས་ན་བྱིན་བརླབ་བྱའོ། །དབྱར་ཟླ་བ་གསུམ་གནས་ནས་དགག་དབྱེ་བྱེད་པ་སྤྱིར་བཏང་། དམིགས་བསལ་གསོ་སྦྱོང་གསུམ་མམ་གཉིས་ཐལ་ནས། དུས་ཀྱི་དགག་དབྱེའི་ཉིན་དགེ་སློང་འཐབ་ཀྲོལ་ཅན་མང་པོ་བྱུང་ན་འཐེན་ནས་དེ་ནས་ཟླ་བ་ཕྱེད་སོང་བའི་གསོ་སྦྱོང་གི་དུས་དེར་བྱ་བ་རྣམས་སོ། །དེ་ལྟ་བུ་གསོ་སྦྱོང་དང་ཆོ་ག་མ་མཐུན་པ་ཙམ་མ་གཏོགས་དགོས་པ་གཅིག་ཏུ་སོང་བས་འདི་བྱས་པས་གསོ་སྦྱོང་བྱས་པར་སོང་ངོ་། །ཚོགས་ཀྱི་དགག་དབྱེ་ནི། དགེ་སློང་གང་ཡང་རུང་བ་ཞིག་གི་མདུན་དུ་དགོངས་གསོལ་བྱས་ནས་སྔར་བཞིན་དུ་བྱེད་པའོ། །འདུལ་བའི་གནས་ཀྱི་རབ་དང་འདོད་པ་ལ། །ལེགས་བཤད་འདི་ནི་མཱ་ལ་ཡར་སྐྱེས་བཞིན། །བློ་གྲོས་རྒྱ་མཚོའི་པད་དཀར་འཛུམ་པའི་ལས། །འཇིག་རྟེན་གསུམ་གྱི་ཕན་བདེའི་གཉེན་དུ་བསྐོས། །དེ་ཡང་གཞི་གསུམ་གྱི་ལག་ལེན་གྱི་ཆོ་ག་ཕན་བདེའི་གཉེན་ཞེས་པ། བདུད་བཞི་འཇོམས་པའི་དམག་སྡེའི་དབུས། ཐུབ་བསྟན་ལང་ཚོ་བདོ་བའི་ཐང་། བྱམས་པ་ཆེན་པོའི་ཆོས་ཀྱི་གླིང་དུ། གྲྭ་ས་དེ་ཉིད་ཀྱི་འཆད་ཉན་པ་ངག་དབང་འཇམ་དཔལ་གྲགས་པས་བསྐུལ་བ་ལྟར། འདུལ་བ་འཛིན་པ་པདྨ་དཀར་པོས་ལུང་བཞིན་དུ་སྦྱར་བས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ཤིང་དར་བར་གྱུར་ཅིག། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net