ཀ་ཁའི་དོ་ཧ་ཞེས་བྱ་བ་བཞུགས་སོ། །
༄༅། །ཀ་ཁའི་དོ་ཧ་ཞེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཀ་ཁ་སྱ་དོ་ཧ་ནཱ་མ། བོད་སྐད་དུ། ཀ་ཁའི་དོ་ཧ་ཞེས་བྱ་བ། བཅོམ་ལྡན་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀ་ནི་ཡུམ་གྱི་པདྨའི་ནང་ན་གནས་པ་འདི་ཡིན་ཏེ། ལུས་ནི་རྣམ་པར་བཅིངས་ཤིང་བཅིངས་ཤིང་བདུད་རྩི་འཛག །མགུལ་ནས་འཁྱུད་པའི་ཌོམྦི་གཞོན་ནུ་མ། །ག་བུར་འཛག་ཅིང་འདི་ནི་དཔྱིད་ཀའི་ཡལ་ག་ཡིན། །ཁ་ནི་ནམ་མཁར་གནས་པ་དཔྲལ་བའི་སྟོང་པ་སྟེ། །དགེ་དང་མི་དགེས་མ་གོས་གཅེར་བུ་ལ། །ཟ་ཞིང་འཐུངས་ཀྱང་མྱ་ངན་འདས་ལ་གནས། །རྣལ་འབྱོར་གཅེར་བུར་བཟུང་ནས་ཤིན་ཏུ་དགའ། །ག་ནི་ནམ་མཁའ་དག་གིས་ཁྱབ་ཅིང་བརྟན་པར་གྱུར་པ་ཡི། །ནམ་མཁའ་འཇོ་ཞིང་འཇོ་ཞིང་ཆུ་ནི་འཐུང་བར་བྱེད། །གངྒཱ་ཡ་མུན་གཉིས་ནི་ལེགས་པར་འཆིང་། །སྲིད་ལ་བརྟེན་ཏེ་འགྲོ་འོང་འཆད་པར་འགྱུར། །གྷ་ནི་དྲིལ་བུའི་སྒྲ་ཡིས་དཔལ་ལྡན་ཧེ་རུ་ཀ་ནི་མཉེས། །བདག་མེད་མ་ཡིས་མགུལ་ནས་ཡང་དང་ཡང་དུ་འཁྱུད། །རྣལ་འབྱོར་མ་ཡི་རླུང་རྣམས་ཡང་ནས་ཡང་དུ་འཕོ། །ཁྱིམ་བདག་མོ་ནི་གཉུག་མའི་ཡིད་ཀྱི་ངང་ལས་འཕྲོ། །ང་ནི་གཉུག་མའི་རང་བཞིན་རང་བཞིན་གྱིས་ནི་སྟོང་། །གཉུག་མའི་ཁྱིམ་བདག་མོ་ལས་དགེ་དང་མི་དགེ་མི་འཕྲོ་ཞིང་། །རྒྱུན་དུ་རྣལ་འབྱོར་པས་ནི་བདེ་བར་བྱེད་ནུས་ན། །ནུབ་མོའི་མུན་པ་ཆད་ནས་འོད་གསལ་སྟོང་པར་འགྱུར། ཙ་ནི་དགའ་བ་བཞི་ནི་འདི་དང་ཡང་དག་ལྡན། །ཀྱེ་ཧོཿ མཐའ་བཞི་དང་ནི་བྲལ་བའི་སེམས་ཟུང་ཞིག །སྐད་ཅིག་བཞི་ནི་ཡང་དག་བླ་མའི་གསུང་ལས་གོ་བར་གྱིས། །ཐིག་ལེ་བཞི་ནི་རྨོངས་པའི་བག་ཆགས་ཀྱིས་ནི་མི་ཤེས་པའོ། །ཚ་ནི་དབང་པོ་སྤོངས་ལ་དག་པའི་རང་བཞིན་གྱིས། །འདོད་ཡོན་དང་ནི་དངོས་དང་དངོས་མེད་སྤོངས། །ཅལ་ཅོལ་གཏམ་རྣམས་དོར་ཞིང་འདི་རྣམས་ཀྱི། །རོ་འདི་མཐོང་ལ་ནམ་མཁའ་ལ་ནི་ལོངས་སྤྱོད་གྱིས། །ཛ་ནི་སྐྱེ་དང་རྒ་དང་འཆི་བ་མེད་པའི་ནམ་མཁའ་ཡིན། །གང་དང་གང་དུ་བལྟས་ཀྱང་དེ་དང་དེ་རུ་ནམ་མཁའོ། །ཇི་ལྟར་གནས་པ་དེ་ལྟར་དེ་ནི་དེ་ཉིད་དོ། །ཇི་ལྟར་མཐོང་བ་དེ་ལྟར་དེ་ནི་དོན་དམ་མོ། །ཛྷ་ནི་མེ་ཏོག་མང་པོ་ས་བོན་ཇི་ལྟར་བསྟེན་པ་དང་། །དེ་ལྟར་སྣ་ཚོགས་ཀྱིས་ནི་ཕུང་པོ་གྲུབ་པ་ཡིན། །སྣ་ཡི་སྦྲང་རྩི་དང་ནི་མར་གཉིས་འཐུང་ནུས་ན། །ཡུན་རིང་དུས་དག་འཚོ་བ་ལ་ནི་ཐེ་ཚོམ་མེད། །སྐབས་འདིར་ཉ་ཡིག་གིས་དྲངས་པའི་ཚིགས་བཅད་གཅིག་མེད་པ་འདི་འགྲེལ་པར་ཡང་། ཉ་ནི་ང་དང་མཚུངས་སོ། །ཞེས་པ་ཙམ་ལས་མ་བྱུང་ངོ་། །ཊ་ནི་ཀྱེ་ཧོཿ ཡང་དག་བླ་མའི་གསུང་གིས་ཐིག་ལེ་ཕབ། །ས་གཞི་འགུལ་བས་ནམ་མཁའ་ལས་ནི་ཐིག་ལེ་འཛག །ལམ་ལོག་ཅལ་ཅོལ་མ་བྱེད་ཀྱེ་ཧོཿརྣལ་འབྱོར་པ། །ཁྱོད་ཀྱིས་ཅལ་ཅོལ་གྱིས་ནི་ལྷན་སྐྱེས་མི་རྟོགས་སོ། །ཋ་ཋའི་སྒྲས་ནི་སྔགས་རྣམས་ཐམས་ཅད་བརྗོད་པ་དང་། །ཋ་ཡི་ཡི་གེ་བླངས་ནས་གནས་འཐོབ་ཅིང་། །ཚུལ་བཞིན་ལོང་དང་ཏིང་ངེ་འཛིན་ནི་འཕོ་བར་འགྱུར། །ཡང་དག་བླ་མས་ནམ་མཁའ་གོ་བས་བྱང་ཆུབ་ཡིན། །ཌ་ནི་སྔགས་རྣམས་བརྗོད་ཅིང་ཌོམྦི་ལོང་། །གཏུམ་མོས་བསྲེག་ཅིང་ཆུ་རྣམས་འཛག་པར་འགྱུར། །ཌ་མ་རུ་ནི་ཨ་ན་ཧ་ཡི་སྐད་དུ་གྲག །ཌ་མ་རུ་དེ་བཟུང་ན་རྣལ་འབྱོར་མ་སྒྲ་ཡིན། །ཌྷ་ནི་རིལ་བ་འཕོ་བས་རྣམ་པ་གཅིག་ཏུ་ཁྱབ་པར་འགྱུར། །སེམས་ནི་འཕོ་བས་ལྷན་ཅིག་སྐྱེས་པའང་མཆོག་ཏུ་འགྱུར། །དབང་པོ་ལྔ་ཡང་འཕོ་ཞིང་ལྷན་སྐྱེས་དེར་ཞུགས་སོ། །གབ་པའི་ཁྱིམ་བདག་མོ་ནི་དངོས་པོར་ཅིར་ཡང་མི་མཐོང་ངོ་། །ཎ་ནི་གཉུག་མའི་རང་བཞིན་རང་བཞིན་གྱིས་ནི་སྟོང་། །གཉུག་མའི་ཡིད་ནི་གོ་ན་དགེ་དང་མི་དགེས་མི་གོས་ཤིང་། །གཉུག་མའི་ཁྱིམ་བདག་མོ་ནི་ལྷན་ཅིག་སྐྱེས་པས་བངས་པར་འགྱུར། །རྒྱུན་དུ་བསྟེན་ན་སྐྱེ་ཤི་དང་ནི་འཆིང་བར་འགྱུར་བ་མེད། །ཏ་ནི་སྐུ་གསུམ་གཞུང་གསུམ་གསུམ་ལ་བརྟེན་ནས་ཤེས་པར་གྱིས། །ཡི་གེ་གསུམ་ནི་ས་ར་ཧ་ཡི་ཚིག་ལ་བརྟེན་ཏེ་བསྒོམ། །སེམས་ནི་མཉམ་པ་ཉིད་ཀྱི་བསམ་གཏན་གྱི། །དེ་ཉིད་བལྟ་ཡི་བཤད་པས་ཅི་ཞིག་བྱ། །ཐ་ནི་ནམ་མཁའི་ཟླ་བ་ཅན་ཡིན་བརྟན་པར་གྱིས། །གནས་རྣམས་བོར་ན་ལེགས་པའི་ལས་སུ་ཇི་ལྟར་འགྱུར། །གནས་སུ་བརྟན་པར་བྱས་ན་རླུང་གིས་སྐེམས་པར་འགྱུར། །བརྟན་པོར་གནས་པར་གྱུར་ན་ཚེ་ནི་འཕེལ་བར་འགྱུར། །དེ་ནི་ས་ར་ཧ་ཡི་ཚིག་གིས་ཐམས་ཅད་བསྲེག་དང་འཆི་མེད་འགྱུར། །འོ་མ་གཉིས་ཀྱིས་བདེ་མཆོག་དེ་ལ་ཁྲུས་གྱིས་ཤིག །ཐིག་ལེ་གཉིས་ནི་ཤེས་ན་དག་པའི་རང་བཞིན་ཡིན། །སྡུག་བསྔལ་གདུག་པ་ཅན་ནི་དངོས་དང་དངོས་མེད་མེད། །ངྷ་ནི་ངྷ་ཡི་རང་བཞིན་འཁྲུ་བཤལ་བྱེད་ཅིང་གནས། །བཀྲུ་བཤལ་བྱེད་ཀྱང་མ་མཐོང་གང་དུ་ཞུགས་ནས་སོང་། །ཁྲུས་མཁན་མོ་ནི་ས་ར་ཧ་ཡི་ཚིག་གིས་ལོང་། །གཡོ་སྒྱུའི་སྦྱོར་བ་ནམ་མཁའི་རང་བཞིན་དུ་ནི་གྱིས། །ན་ནི་སྣ་ཚོགས་ཚུལ་གྱིས་ལེགས་པར་གཅིག་ཏུ་འཕོ། །འཇིག་རྟེན་པ་རྣམས་མ་གོ་བས་ན་སྣ་ཚོགས་སྨྲ། །གང་ཕྱིར་འཇིགས་པ་མེད་པ་དེ་ཕྱིར་ཤོ་གམ་འཇལ། །སྲིད་མེད་མྱ་ངན་འདས་མེད་གཞན་ཡང་མེད་པ་ཡིན། །པ་ནི་བདུད་རྩི་ལྔ་ནི་སྣ་རུ་གླུག་པར་བྱ། །པངྨ་རྡོ་རྗེ་སྦྱར་ཞིང་མཉམ་ཉིད་འགྲུབ། །མེ་ཏོག་པངྨས་རྡོ་རྗེ་གདན་ནི་མཆོད་པར་གྱིས། །པངྨའི་དེ་ཉིད་མི་ཤིས་བདེ་ཆེན་རྒྱལ་པོ་མིན། །ཕ་ནི་སྤྲོ་ཞིང་སྡུད་པའི་སེམས་འདི་ནམ་མཁའ་ལྟ་བུ་ཡིན། །སྤྲོ་བས་མི་མཐོང་ཡང་ནི་ནམ་མཁའ་ལྟ་བུར་འདོད། །ཧཱུྃ་གི་སྒྲ་དང་ཕཊ་ཀྱི་སྒྲ་ནི་ཇི་ལྟར་འཕྲོ། །འདི་ལྟར་དཔག་བསམ་ལྗོན་ཤིང་སྡོང་པོ་བཞིན་དུ་འཕྲོ། །བ་ནི་ནགས་ཀྱི་ཚངས་པའི་མེ་ཏོག་ཁ་ཟུམ་བྱེ་བའི་རྫིང་རྣམས་འཛིན། །ཐེག་ཅིང་ཡིད་འོང་འདོད་པའི་འབྲས་བུ་དཔྱིད་ཀའི་ཡལ་ག་བཞིན། །དབང་དུ་སྡུད་ཅིང་ལེགས་པའི་གར་ནི་ནན་ཏན་བྱེད། །འགྲོ་འདུག་བྱེད་པའི་རྣལ་འབྱོར་མ་ནི་རང་གི་ལུས་ལ་བླངས། །བྷ་ནི་བྷ་ག་ཉིད་ནི་བྷ་གའི་རང་བཞིན་སྟོང་པར་གནས། །དེ་ནི་དགེ་དང་མི་དགེ་མེད་པར་མདའ་བསྣུན་ང་ཡིས་སྨྲ། །བླ་མའི་གསུང་གིས་འདོད་ཡོན་ལྔ་ལ་ཟོ། །འཁྲུལ་པར་མ་བྱེད་སེམས་ཉིད་འདི་ནི་ནམ་མཁའ་ཡིན། །མ་ནི་ནན་ཏན་གྱིས་ནི་ཡང་དང་ཡང་དུ་ཆང་འཛག་ཅིང་། །དཔལ་ལྡན་བླ་མས་བསྟན་པའི་རྩ་བ་གོ་བར་གྱིས། །གལ་ཏེ་རྩ་བའི་བློ་དང་སེམས་ནི་གཅིག་ཏུ་བྱེད་ནུས་ན། །སེམས་ནི་ཤི་ཞིང་འཆད་པར་འགྱུར་བས་རང་བཞིན་གཅིག་ཡིན་ནོ། །ཡ་ནི་གང་ཚེ་ནཱ་ད་དང་ནི་ཐིག་ལེ་འདིར་འདྲེས་ནས། །རྣལ་འབྱོར་མ་ཡིས་སྒྲ་ཡིས་དེ་ཚེ་ལྷན་ཅིག་སྐྱེས་པར་རྟོགས། །ཇི་ལྟར་རང་གར་གནས་པ་དེ་ནི་དེ་བཞིན་དུ་ནི་བསྟེན། །སྐྱེ་ཤི་གཉིས་ཀྱིས་འཇིག་པ་མེད་པ་འཐོབ་པར་འགྱུར། །ར་ནི་ཉི་མ་ཟླ་བའི་ཐིག་ལེ་ནམ་མཁའ་བཞིན་དུ་ཤི་བ་མེད། །ཉི་མས་གང་ན་བདེ་བ་ཆེན་པོའི་ཚུལ་ནི་ཤིན་ཏུ་མཛེས། །ར་ས་ནཱ་ནི་ཐིག་ལེས་ཐིག་ལེ་ཕོབ། །ཉིན་དང་མཚན་དུ་གཉུག་མའི་ཡིད་ཀྱི་ངང་དུ་སོང་། །ལ་ནི་ཀྱེ་ཧོཿ རླུང་གི་ཁྱིམ་བདག་མོ་དེ་ཁྱིམ་ནང་ཡོང་། །ནཱ་ད་ཐིག་ལེར་ལོང་ཞིག་ཆོས་ནི་ཟག་མེད་ཉིད་ཡིན་ནོ། །ལ་ལ་ནཱ་དང་ར་ས་ནཱ་བཅས་ཨ་ཝ་ངྷཱུ་ཏཱིའི་རྩ་ནང་ནས། །ཐིག་ལེ་འཛག་པ་དེ་ཉིད་ཤིན་ཏུ་ངོ་མཚར་ཕྱིར་ནི་འཐུང་། །ཝ་ནི་ཆུ་ཡི་མཆོག་ནི་རོལ་པས་འཐུངས་ཤིག་ཀྱེ། །རྡོ་རྗེ་རྣལ་འབྱོར་མ་ནི་རོལ་པས་འཕྲོ། །གང་ཚེ་དཔལ་མོ་རྣལ་འབྱོར་མ་ནི་ལྷན་ཅིག་སྐྱེས་བས་མཉེས། །དེ་ཡི་ཚེ་ན་ཌ་མ་རུ་ནི་ཨ་ན་ཧ་ཡི་སྐད་དུ་གྲག །ཤ་ནི་རང་བཞིན་གྱིས་ནི་ལྷུན་གྲུབ་ཨ་ན་ཧ་ཡི་སྒྲས། །ཐིག་ལེ་འཛག་པ་གང་ཞིག་རྣལ་འབྱོར་མ་ཡི་མགོན། །ས་ར་ཧ་ཡི་ཚིག་གིས་བསིལ་བའི་སྒྲར་ནི་བྱ། །ནམ་མཁའ་འཇོ་ཞིང་འཇོ་ཞིང་ཐིག་ལེ་ཕོབ་ལ་འཐུངས། །ཥ་ནི་གང་ཚེ་ལྷན་ཅིག་སྐྱེས་པ་མཆོག་གིས་མཉེས། །དེ་ཚེ་རང་དང་གཞན་གྱི་བག་ཆགས་འགག །མཉམ་དང་མི་མཉམ་རྣལ་འབྱོར་མ་ནི་གྲུབ་པར་ཐེ་ཚོམ་མེད། །ཀྱེ་ཧོཿ མདའ་བསྣུན་ང་ནི་འདི་ལ་ཐེ་ཚོམ་མེད་ཅེས་སྨྲ། །ས་ནི་དངོས་པོ་འདི་ཀུན་དངོས་པོ་མེད་པར་མཉམ། །འཁྲུལ་པས་སྟོང་པ་སྙིང་རྗེ་མ་བཏང་ངོ་། །ལྷན་ཅིག་སྐྱེས་པའི་དགའ་བས་རྟག་ཏུ་མཉེས། །ལྷན་སྐྱེས་མཆོག་འདི་གང་གིས་ཀྱང་ནི་འཆིང་མི་ནུས། །ཧ་ནི་ཀྱེ་ཧོཿ བཞད་པའམ་རྩེ་བ་སྣ་ཚོགས་ཀྱིས་ནི་ཚིམ། །ཀྱེ་ཧོཿ རྨོངས་པ་འཕྲོག་ཅིང་བཀང་ཡང་དགའ་བ་མེད། །གང་ཚེ་ལུས་ལ་དབང་ཕྱུག་མདོག་མེད་ཆིངས་ཤིག་དང་། །རོལ་པས་དེ་ཚེ་བླ་མེད་ལེགས་པར་འགྲུབ་པར་འགྱུར། །ཀྵ་ནི་ཡུལ་དུ་བཏུང་ན་བྱང་ཆུབ་སེམས་ནི་ཆུད་ཟོས་ཤིང་། །ཀྵ་ཀྵའི་སྒྲས་ནི་རྒྱ་མཚོ་དག་ཀྱང་སྐེམས་ནུས་ན། །འདི་ནི་རྩུབ་མོའི་བདར་བཞིན་ཏིང་འཛིན་རྣོན་པོས་དགའ་བར་འགྱུར། །ཀྱེ་ཧོཿ གཅེར་བུས་ཐམས་ཅད་བསླུ་བར་ངེས་པར་ཐེ་ཚོམ་མེད། །ཀ་ཁའི་དོ་ཧ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བྲམ་ཟེ་ས་ར་ཧའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །ཡུལ་ཀོ་ས་ལའི་རྣལ་འབྱོར་པ་ཆེན་པོ་ཙ་ཧ་ནའི་རྒྱལ་པོ་རིགས་ལས་སྐུ་འཁྲུངས་པ་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའོ།། །།