Introduction

From Rangjung Yeshe Wiki Texts
Jump to navigation Jump to search

༄༅། །གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཏ་ཐ་ཏྭ་རཏྣ་ཀོ་ཥ་ནཱ་མ།

བོད་སྐད་དུ། གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བ།

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།


།གདོད་ནས་སངས་རྒྱས་མངོན་པར་བྱང་ཆུབ་གཞི།
།མི་འགྱུར་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་དབྱིངས།
།སེམས་ཉིད་རང་བཞིན་རྫོགས་པ་ཆེན་པོ་ལ།
།བཏང་བཞག་འགྲོ་འོང་མེད་པས་ཕྱག་འཚལ་ལོ།


།ཆོས་རྣམས་རང་བཞིན་བརྗོད་དུ་མེད་པའི་ཀློང༌།
།ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ནི།
།གང་དང་མི་འདྲ་ཀུན་ལས་འདས་པའི་དོན།
།ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན།


།སེམས་ཀློང་མན་ངག་སྙིང་པོའི་མཐར་ཐུག་དོན།
།མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུ་སྟེ།
།རེ་རེའང་གནད་བཀྲོལ་འགག་བསྡམས་ཆིངས་སུ་བཅིངས།
།ལ་བཟླའི་དོན་དང་རྣམ་པ་བཞི་བཞིར་གནས།