Difference between revisions of "ལྕེ་བཙུན་སྙིང་ཏིག་གི་བཀའ་སྲུང་རྒྱུན་གཏོར་ཕྲིན་ལས་ཐོགས་མེད་བཞུགས་སོ།"

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "༄༅། །ལྕེ་བཙུན་སྙིང་ཏིག་གི་བཀའ་སྲུང་རྒྱུན་གཏོར་ཕྲིན་ལས་ཐོགས་...")
(No difference)

Revision as of 07:35, 24 March 2013

༄༅། །ལྕེ་བཙུན་སྙིང་ཏིག་གི་བཀའ་སྲུང་རྒྱུན་གཏོར་ཕྲིན་ལས་ཐོགས་མེད་བཞུགས་སོ།། །། ན་མོ་གུ་རུ་ཝེ། གང་ཞིག་སྙིང་པོའི་རྣལ་འབྱོར་དོན། །བཀའ་སྲུང་རྒྱུན་གཏོར་རྡོ་རྗེའི་ཚིག །ཅུང་ཟད་བཀྲལ་ལ་གནང་བ་སྩོལ། །དངོས་འབྱོར་གཏོར་མ་གསེར་སྐྱེམས་སོགས། །མཆོད་ཚོགས་འདུ་བྱ་རིག་རྩལ་ལས། །ཡོངས་ཤར་བླ་མ་དཔལ་ཆེན་པོའི། །སྐུར་བཞེངས་ཏིང་འཛིན་ལ་གནས་ངང་། །རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་སྦྱངས་བསྒྱུར་སྤེལ། །ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས། །སྣང་སྲིད་ཁམས་ཀུན་གང་བར་གྱུར། །རང་བཞིན་ཆོས་དབྱིངས་ཞིང་ཁམས་ན། །བཞུགས་པའི་རྩ་གསུམ་དམ་ཅན་མགྲོན། །གསང་བའི་གནས་འདིར་མཆོད་བཞེས་སླད། །སྐད་ཅིག་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོས་བརྟན་པར་བཞུགས། །དཔལ་སྔགས་ཀྱི་སྲུང་མ་ནི། ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ འབུམ་ཕྲག་མཁའ་འགྲོ་ཡོངས་ཀྱི་གཙོ། །བཅུ་བདུན་རྒྱུད་ཀྱི་བྱ་ར་བ། །ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ འཁོར་དང་ཡང་འཁོར་བཤན་པའི་ཚོགས། །འདིར་གཤེགས་བཞུགས་གསོལ་ཕྱག་མཆོད་བཞེས། །ཕྱི་ནང་གསང་བ་ཡང་གསང་གི །སྣང་སྲིད་རྣམ་དག་མཆོད་པ་འབུལ། །དམ་བསྐངས་འཁོར་འདས་རང་གྲོལ་ལ། །གཟུང་འཛིན་གཉིས་རྟོག་ཤོར་བ་བཤགས། །གསང་བ་སྙིང་པོའི་བསྟན་པ་སྲུངས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་སྤེལ། །ཆོས་ལྡན་སྦྱིན་བདག་མགོན་སྐྱབས་མཛོད། །ལྟ་ལོག་ཉམས་པའི་སྙིང་ཁྲག་འཐུངས། །ལས་བཅོལ་རྣམ་བཞིའི་ཕྲིན་ལས་སྒྲུབས། །མ་མ་ཏྲག་རཀྴ་ཨེ་ཀ་ཛཱ་ཊི་སརྦ་པཱུ་ཛ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། དྲང་སྲོང་གཟའ་མཆོག་ཆེན་པོ་ནི། ཛ། འོད་གསལ་རིག་པ་ཟང་ཐལ་སྐུ༔ ས་དགུའི་མངའ་བདག་དྲེགས་པའི་གཙོ། ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ གདོང་མོ་བཞི་དང་སྡེ་བརྒྱད་ཚོགས། །མཆོད་གཏོར་འདི་བཞེས་ཐ་ཚིག་དགོངས། །སྙིང་པོའི་བསྟན་དང་བསྟན་འཛིན་སྡེ། །སྲུང་སྐྱོབ་སྡོང་གྲོགས་གཡེལ་མེད་མཛོད། །ལྟ་ལོག་རུ་དྲའི་སྡེ་དཔུང་བཅས། །གཟུགས་ཅན་གཟུགས་མེད་དགྲ་བགེགས་རྣམས། །གཏད་དོ་མིང་གི་ལྷག་མར་གྱིས། །ཕྲིན་ལས་མ་གཡེལ་ས་མ་ཡ། ཨོཾ་ཀེ་ཏ་ཀེ་ཏ་རཀྴ་རཱ་ཧུ་ལ་ས་པ་རི་ཝཱ་ར། མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། དམ་ཅན་སྐྱེས་བུ་ནི། ཏྲི། དབྱིངས་དང་རིག་པ་འདུ་འབྲལ་མེད། །ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔ འཛམ་གླིང་གཏེར་གྱི་སྲུང་མ་མཆོག །རྡོ་རྗེ་ལེགས་པ་དགྲ་འདུལ་རྩལ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན། །དབང་དང་དྲག་པོའི་ཕྲིན་ལས་ཀྱིས། །གཞི་བྱེས་ལམ་གསུམ་གྲོགས་དན་མཛོད། །མགོན་དང་དཔལ་དུ་ཁྱོད་ངོམ་ན། །མཐུ་རྩལ་ནུས་པ་མྱུར་དུ་སྟོན། །དམ་ཚིག་དུས་བབས་ཕྲིན་ལས་མཛོད། །ཏྲི་བཛྲ་སཱ་དྷུ་ས་མ་ཡ་སརྦ་པཱུ་ཛ་ཁ་རཾ་ཁཱ་ཧི། སྡེ་བརྒྱད་དྲེགས་པའི་ཚོགས་ནི། ཧཱུྃ། ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་པ། །དཔལ་ཆེན་བཀའ་སྡོད་ཐ་ཚིག་བདག །འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །བསྟན་དང་བསྟན་འཛིན་ལ་སྡང་བའི། །དོ་བསྡོ་ཕོད་བཙུགས་ཡིད་སྲུབ་སྡེ། །གཟུགས་ཅན་གཟུགས་མེད་ཉམས་པའི་ཚོགས། །སྡེ་བརྒྱད་དྲེགས་པའི་ཟས་སྐལ་དུ། །གཏད་དོ་མངོན་སྤྱོད་ཕྲིན་ལས་མཛོད། །དམ་ལ་མ་འདའ་ས་མ་ཡ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར། མ་ཧཱ་མཾ་ས་རཀྟ་ཙིཏྟ་ལ་ཁ་རཾ་ཁཱ་ཧི། ཐ་ཚིག་ཕྲིན་ལས་བཅོལ་བ་ནི། ཀྱཻ། དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔ རྒྱལ་བ་རིག་འཛིན་རྣལ་འབྱོར་དབང་༔ ཇི་སྙེད་འདུས་པའི་ཚོགས་ཆེན་དང་༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ དཔལ་ཆེན་སིང་ཧེ་ཤྭ་ར་དང་༔ །འོད་གསལ་སྤྲུལ་པའི་རྡོ་རྗེ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ བཀའ་སྲུང་བསྟན་སྲུང་གཏེར་བདག་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ ཁམས་ལྔ་དག་པའི་སྨན་ཕུད་དང་༔ འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔ དུག་ལྔ་བསྒྲལ་པའི་དམར་ཆེན་པོ༔ བདེ་སྟོང་བླ་མེད་གསང་མཆོད་བཞེས། །ཐེག་མཆོག་ལམ་དུ་ཞུགས་པ་ལ༔ གློ་བུར་བདུད་བཞིའི་བར་ཆད་ཟློག༔ ཆགས་མེད་བྱང་ཆུབ་བསྒྲུབ་པའི་ཕྱིར། །ངེས་མེད་ཉེར་རྒྱུ་སྤྱོད་པའི་ཚེ། །རྣལ་འབྱོར་འདོད་པའི་ཕྲིན་ལས་སྒྲུབས། །འཁོར་འདས་རུ་ཤན་དབྱེ་བའི་ཚེ༔ གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔ རིག་པ་ཀ་དག་བལྟ་བ་ལ༔ ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔ རིག་རྩལ་མངོན་སུམ་སྣང་བའི་ཚེ༔ རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔ མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང་༔ གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ ཡང་གསང་འཕགས་ལམ་རྫོགས་ཆེན་གྱི། །བཤད་སྒྲུབ་བསྟན་འཛིན་སྐྱེས་བུ་ཡི། །ལས་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ས་མ་ཡ་ཧོ༔ གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལ། །ཅུང་ཟད་གསལ་བར་བཀྲལ་པའི་དགེས། །རྣལ་འབྱོར་ཕྲིན་ལས་ཀུན་འགྲུབ་ནས། །བསྟན་པ་དར་ཞིང་རྒྱས་པར་ཤོག །ཅེས་རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་ཞིང་དོན་གཉིས་འགྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་རིག་འཛིན་སྣ་ཚོགས་རང་གྲོལ་བས་བཀྲ་ཤིས་དུང་དཀར་འཁྱིལ་བའི་རི་ཞོལ་རང་གནས་བསམ་གཏན་གྱི་ཁང་བུར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།