Sems nyid ngal gso - Part eleven

From Rangjung Yeshe Wiki Texts
Jump to navigation Jump to search

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བ་བཞུགས་སོ།

།དེ་ལྟར་ཆོས་ཀུན་མཉམ་པའི་དོན་མཐོང་ནས།
།གནས་ལུགས་ངང་ལ་ཇི་བཞིན་གཞག་པ་གཅེས།
།དེ་ཡང་དབང་པོའི་རིམ་པས་བསྟན་པ་སྟེ།
།དབང་པོ་ཡང་རབ་གནས་ལུགས་རྟོགས་པས་གྲོལ།
།སྒོམ་དང་བསྒོམ་བྱ་གཉིས་མེད་དོན་མཐོང་ནས།
།སྣང་སྲིད་གཞི་གྲོལ་སེམས་ཉིད་བྱ་བཙལ་མེད།
།ཕྱོགས་བྲལ་རིག་པ་ཆུ་བོའི་རྒྱུན་བཞིན་འཆར།
།ཐུན་མཚམས་རིས་མེད་འདི་ཡིན་ངེས་གཟུང་མེད།
།ཐམས་ཅད་རང་གྲོལ་ཀུན་ཏུ་བཟང་པོའི་ཞིང།
།རྟགས་དང་ཚད་མེད་རང་བྱུང་གཞི་ཀློང་ཡངས།

།ཇི་བཞིན་ངང་ལ་ཡེ་བཞིན་གནས་པས་ན།
།གོལ་དང་གོལ་ས་རྩལ་སྦྱོང་བོགས་འབྱིན་མེད།
།ཐོབ་དང་མ་ཐོབ་མེད་པར་ཐག་ཆོད་པས།
།འབྲས་བུར་སྨོན་མེད་ད་ལྟ་རྫོགས་སངས་རྒྱས།
།དེ་འདྲའི་རྣལ་འབྱོར་ནམ་མཁའ་རབ་འབྱམས་ཡིན།
།འབྲིང་དང་ཐ་མས་གོམས་ལ་བརྩོན་དགོས་ཏེ།
།ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་པར།
།དེ་སྲིད་སྣ་ཚོགས་ཐབས་ཀྱིས་བསྒོམ་པར་བྱ།
།ཁྱད་པར་རྣམ་རྟོག་ངན་པས་སྲིད་པར་འཁྲིད།
།དེ་ཉིད་གྲོལ་ཕྱིར་བསམ་གཏན་ཐབས་ལ་བརྟེན།

།ཕྱི་ནས་ཤེས་རབ་མཐའ་གྲོལ་ཀློང་ཡངས་འཆར།
།ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ལ།
།ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན།
།དེས་ན་རབ་ཀྱིས་ངན་རྟོག་ཆོས་སྐུར་ལྷོངས།
།བཟང་ངན་མེད་ན་གཉེན་པོ་བསྒོམ་མི་དགོས།
།འབྲིང་གིས་ངང་དབ༹ངས་ཟུང་འབྲེལ་བསྒོམས་པ་ཡིས།
།བཟང་ངན་རྟོག་པ་དབྱིངས་སུ་ནུབ་གྱུར་ནས།
།ཟུང་འབྲེལ་རྟོགས་པ་ནམ་མཁའ་ལྟ་བུ་འཆར།
།ཐ་མས་ཐོག་མར་ཞི་གནས་བཙལ་བ་ཡིས།
།གང་དམིགས་དེ་ལ་བརྟན་པ་ཐོབ་པར་སལ།

།དེ་ནས་ལྷག་མཐོང་སོ་སོར་རྟོག་བསྒོམས་པས།
།ཕྱི་ནང་སྣང་སེམས་གཞི་གྲོལ་ཆེན་པོར་འཆར།
།དེས་ན་དབང་པོའི་རིམ་པ་ཤེས་པ་གཅེས།
།ད་ནི་དབང་པོ་འབྲིང་གི་སྒོམ་པ་བསྟན།
།ཇི་ལྟར་ཆུ་ནི་དབའ་རླབས་རྙོག་པ་ན།
།དབ༹ངས་པའི་གཟུགས་བརྙན་མི་གསལ་གཡོ་བ་ལྟར།
།ཡིད་ནི་མི་བསྲུན་ཀུན་རྟོག་འཕྱར་ཞིང་གཡོ།
།སྣ་ཚོགས་སྤྲོས་ལ་ཀུན་ཏུ་འཆེལ་བ་ན།
།སེམས་ཉིད་འོད་གསལ་དབ༹ངས་པའི་ཡེ་ཤེས་དང།
།སྤྱན་དང་མངོན་ཤེས་གཟའ་སྐར་མི་འཆར་བས།

།གཅིག་ཏུ་མི་གཡོ་མཉམ་པར་གཞག་པ་གཅེས།
།ལུས་ནི་ཆོས་བདུན་རི་རྒྱལ་ལྟ་བུ་ལ།
།དབང་པོ་མཐའ་བྲལ་རྫིང་བུའི་གཟའ་སྐར་འདྲ།
།སེམས་ཉིད་སྟོང་གསལ་དབ༹ངས་པའི་ནམ་མཁའ་བཞིན།
།བྱིང་རྒོད་གཉིས་མེད་སྤྲོས་དང་བྲལ་བར་གཞག
།དེ་ཚེ་རང་བཞིན་གཅིག་སྟེ་གདོད་མའི་ངང།
།གཟུང་དང་འཛིན་པ་མི་དམིགས་ཆོས་ཀྱི་སྐུ།
།དྲི་མེད་འོད་གསལ་ཉི་མའི་སྙིང་པོ་ནི།
།བདེ་གསལ་མི་རྟོག་མཐའ་དབུས་མེད་པ་འཆར།
།སྣང་དང་སྟོང་པ་ཐམས་ཅད་ཕྱམ་གཅིག་ལ།

།ཡོད་དང་མེད་པ་ཀུན་གྱི་མཐའ་ལས་འདས།
།སྲིད་དང་ཞི་བ་གཉིས་སུ་མི་རྟོག་པ།
།ཤེས་དང་ཤེས་བྱ་གཅིག་པའི་ངོ་བོ་ཉིད།
།མཉམ་དང་མི་མཉམ་མེད་པའི་ཆོས་ཉིད་མཐོང།
།འདི་ནི་འཕགས་པའི་བདེན་མཐོང་ཡེ་ཤེས་རྒྱུ།
།ཕྱི་ནས་དེ་བཞིན་ཉིད་མཐོང་བློ་མིག་གིས།
།རྒྱལ་བའི་ཆོས་སྐུ་ཕུན་ཚོགས་བསྒྲུབ་པས་ན།
།སྐལ་བཟང་རྣམས་ཀྱིས་རྟག་ཏུ་མཉམ་པར་ཞོག
།སེམས་ཉིད་མ་སྐྱེས་མཁའ་ལྟར་དག་པའི་ངང།
།སེམས་བྱུང་མི་དམིགས་སྤྲིན་ཚོགས་དེངས་པ་བཞིན།

།ཡེང་མེད་སྤྲོས་དང་བྲལ་བའི་ཤེས་པ་ཡིས།
།ཇི་བཞིན་ངང་ལ་ཡེ་བཞིན་མཉམ་པར་ཤོག
།དབ༹ངས་ཤིང་སྟོངས་པ་རྒྱ་མཚོ་ལྟ་བུ་ལ།
།གཟུང་འཛིན་རྙོག་བྲལ་དབའ་རླབས་མེད་པར་ཞོག
།སྟོང་ཞིང་གསལ་ལ་ནམ་མཁའ་ལྟ་བུ་ལ།
།ཀུན་རྟོག་སྤྲིན་མེད་ཕྱོགས་ལྷུང་བྲལ་བར་ཤོག
།བརྟན་ཞིང་མི་གཡོ་རི་རྒྱལ་ལྟ་བུ་ལ།
།དགག་སྒྲུབ་གཉིས་མེད་རེ་དོགས་བྲལ་བར་ཤོག
།དག་ཅིང་གསལ་ལ་མེ་ལོང་ལྟ་བུ་ལ།
།སྣང་ཡུལ་མ་འགགས་གཟུགས་བརྙན་ལྟ་བུར་ཞོག

།ཡེ་གྲོལ་སོར་གཞག་འཇའ་ཚོན་ལྟ་བུ་ལ།
།བྱིང་རྒོད་གཉིས་མེད་དག་ཅིང་གསལ་ལ་ཞོག
།གཞན་དུ་མ་ཡེངས་མདའ་མཁན་ལྟ་བུ་ལ།
།གཉུག་མའི་ཡེ་ཤེས་སྤྲོ་བསྡུ་བྲལ་བར་ཞོག
།ཐག་ཆོད་ཤེས་པ་ལས་ཟིན་ལྟ་བུ་ལ།
།རེ་དོགས་གཉིས་མེད་ལྷུན་གྱིས་གྲུབ་པར་ཤོག
།འདི་ནི་རང་བཞིན་དག་པའི་ཏིང་ངེ་འཛིན།
།ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིན།
།སྐྱེ་མེད་ངང་དོར་གནས་པས་ཞི་གནས་ལ།
།གསལ་སྟོང་སྤྲོས་དང་བྲལ་བས་ལྷག་མཐོང་ཉིད།

།དབྱེར་མེད་ངོ་བོ་གཅིག་པས་ཟུང་དུ་འབྲེལ།
།དེ་ཚེ་ཟབ་ཞི་སྤྲོས་དང་བྲལ་བའི་སེམས།
།སྨྲ་བསམ་བརྗོད་དུ་མེད་པའི་དོན་མཐོང་བས།
།སྣང་བའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ།
།འོད་གསལ་གསར་པ་ཕ་རོལ་ཕྱིན་ཞེས་བྱ།
།དེ་ཉིད་མཐོང་བས་སེམས་ནི་རབ་ཞི་ཞིང།
།ཕྱི་ནང་ཆོས་ལ་དགག་སྒྲུབ་ཞེན་པ་ཆུང
།སྟོང་པའི་ངང་ནས་སྙིང་རྗེ་ཕྱོགས་མེད་འཆར།
།རང་གཞན་དོན་དུ་དགེ་ལ་སྤྱོད་ཅིང་བསྐུལ།
།དབེན་པར་དགའ་ཞིང་རྣམ་གཡེང་འདུ་འཛི་ཉུང།

།རྨི་ལམ་ན་ཡང་དགེ་བའི་ཆོས་ལ་སྤྱོད།
།དེས་ན་ཐར་པའི་ལམ་སྣ་ཟིན་པ་ཡིན།
།དེ་ནས་ཆེས་ཆེར་གོང་དུ་གོམས་པ་ཡིས།
།སེམས་གསལ་ཡེ་ཤེས་སྔོན་པས་རྒྱ་ཆེ་ཞིང།
།སྣང་བ་རྨི་ལམ་སྒྱུ་མར་རབ་ཏུ་རྟོགས།
།ཆོས་རྣམས་གཉིས་མེད་ངང་དུ་རོ་གཅིག་པས།
།སྐྱེས་དང་མ་སྐྱེས་མེད་པར་མཐོང་བའི་ཚེ།
།མཆེད་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ
།བསམ་གཏན་དགའ་བས་བརྒྱན་པ་ཐོབ་པ་ཡིན།
།དེ་ཚེ་ལུས་སེམས་སྔོན་པས་རབ་དག་ཅིང།

།ཐབས་དང་ཤེས་རབ་དྲི་མེད་རྟོགས་པ་འཆར།
།མངོན་ཤེས་ལྡན་ཞིང་སྙིང་རྗེས་ཕན་པ་འགྲུབ།
།སྲིད་པ་སྐྱོ་བས་སེམས་ནི་ངེས་པར་འབྱུང།
།རྨི་ལམ་ན་ཡང་ཆོས་ཀུན་དེ་འདྲར་རྟོགས།
།ལུས་ཀྱི་ཕྱི་ནང་ཤིག་སྲོ་འབུ་སྲིན་མེད།
།བྱིང་རྒོད་བྲལ་ཞིང་ཉིན་མཚན་ཏིང་འཛིན་འགྲུབ།
།སྐྱེ་བོ་དེས་ནི་འཕགས་ལམ་མྱུར་དུ་མཐོང།
།དེ་ནས་ཆེས་ཆེར་གོམས་པས་སྔོན་པས་ལྷག
།ཏིང་འཛིན་རྟོགས་པའི་ཉི་མ་སྔོན་མེད་འཆར།
།ཆོས་ཀུན་ཚུལ་གཅིག་མཉམ་པའི་དོན་མཐོང་ནས།

།སྤྱན་དང་མངོན་ཤེས་སྒྲིབ་པ་མེད་མངའ་བས།
།ཞིང་ཁམས་བརྒྱ་སྟོང་བྱེ་བ་དཔག་མེད་མཐོང།
།དེ་ཚེ་ཟག་མེད་འཕགས་པའི་ཡེ་ཤེས་ཏེ།
།ཐོབ་པ་ཞེས་བྱ་མངོན་དུ་གྱུར་པ་ཡིན།
།དེ་ལས་ཆེས་ཆེར་གོང་དུ་འཕེལ་བ་ཡིས།
།རྟོགས་པའི་ཏིང་འཛིན་ཡོན་ཏན་གྲངས་མེད་ཅིང།
།རྟོག་དང་མི་རྟོག་མཉམ་པའི་ཆོས་ཉིད་ལས།
།གཟུངས་སྤྲིན་ཡེ་ཤེས་དྲི་མེད་རྒྱ་ཆེ་ཞིང།
།མཉམ་པར་གཞག་དང་མ་བཞག་གཉིས་མེད་པར།
།རྟག་ཏུ་མཉམ་གཞག་སྤྲུས་པ་བསམ་ཡས་སྟོན།

།ཚད་མེད་ཞིང་དང་ཡེ་ཤེས་གཟིགས་པ་འཇུག
།རྩ་ཁམས་དག་ཅིང་རླུང་སེམས་ཡོན་ཏན་མཆོག
།ཤིན་ཏུ་རྒྱ་ཆེ་དྲི་མ་མེད་པ་ན།
།ཉེ་བར་ཐོབ་པ་ཞེས་བྱའི་ཡེ་ཤེས་ཏེ།
།འཕགས་ལམ་རྫོགས་ནས་མྱུར་དུ་བྱང་ཆུབ་འཐོབ།
།འདི་ནི་འོད་གསལ་སྙིང་པོའི་ཐེག་པ་སྟེ།
།སྐལ་བཟང་འབྲས་བུ་ཚེ་འདིར་གྲོལ་བ་ཡིན།
།དབང་པོ་ཐ་མས་བསྒོམ་པའི་རིམ་པ་ཡང།
།དང་པོར་ཞི་ག་སོ་སོར་རྩལ་སྦྱང་སྟེ།
།བརྟན་པར་གྱུར་ནས་ཟུང་འཇུག་དབྱེར་མེད་བསྒོམ།

།དེ་ཡང་ཐབས་ཚུལ་དཔག་མེད་ཚུལ་བསླབ།
།ཐོག་མར་ཞི་གནས་བཙལ་བའི་རིམ་པ་ནི།
།དབེན་པའི་ཕྱོགས་སུ་སྟན་ལ་རབ་འདུག་ནས།
།དབུགས་དབྱུང་འཇུག་པའི་ཁ་དོག་གྲངས་རྣམས་ཀྱིས།
།ཉིན་འགར་རྣམ་རྟོག་འདུལ་ཞིང་གནས་པར་བྱ།
།དེ་ནས་བྱམས་སོགས་བཞི་དང་སེམས་གཉིས་དང།
།བསྐྱེད་རིམ་ངང་ནི་བྲིས་སྐུ་གླེགས་བམ་སོགས།
།དགེ་བའི་ཡུལ་ནི་གང་ཡང་རུང་ཞིག་ལ།
།དམིགས་པ་རྩེ་གཅིག་མ་ཡེངས་མཉམ་པར་གཞག
།དེ་ལྟར་བཞག་པས་སེམས་ནི་ལས་རུང་ཞིང།

།གཞན་དུ་མི་འཕྲོ་གར་གཏད་ཡུལ་ལ་ཟིན།
།ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས།
།ལུས་ངག་སེམས་ནི་དགའ་བདེས་ཁྱབ་པ་ན།
།རྩེ་གཅིག་མི་གཡོའི་ཞི་གནས་གྲུབ་པ་ཡིན།
།དེ་ནས་ལྷག་མཐོང་དོན་ལ་བསླབ་པ་ནི།
།ཕྱི་རོལ་སྣང་སྲིད་འཁོར་འདས་ཆོས་འདི་རྣམས།
།སྣ་ཚོགས་སྣང་བས་རྨི་ལམ་སྒྱུ་འདྲ་ཞིང།
།གཟུགས་བརྙན་སྤྲུལ་པ་སྒྲ་བརྙན་དྲི་ཟའི་གྲོང།
།མིག་ཡོར་སྨིག་རྒྱུ་འདྲ་ཞིང་སྙིང་པོ་མེད།
།སྣང་བས་སྟོང་སྟེ་རང་བཞིན་སྟོང་པའི་ངང།

།ཐམས་ཅད་ནམ་མཁའ་འདྲ་ཞིང་བདག་མེད་པས།
།སྐྱེ་མེད་སྤྲོས་དང་བྲལ་བར་མཉམ་པ་བཞག
།དེ་ཡིས་ཕྱི་རོལ་ཆོས་ལ་བདག་མེད་ཅིང།
།གཟུང་དང་གཟུང་ཡུལ་རང་བཞིན་མེད་པར་རྟོགས།
།དེ་ནས་ནང་གི་སེམས་ལ་འདི་ལྟར་བརྟག
།སྣ་ཚོགས་རྟོག་ལ་ངོ་བོ་མེད་པའི་སེམས།
།དགག་སྒྲུབ་བདེན་བརྫུན་བདེ་སྡུག་བཏང་སྙོམས་སོགས།
།ཡུལ་ལ་འཕྲོ་ཞིང་ངོས་གཟུང་མེད་པ་ཁྱོད།
།དང་པོ་གང་འོངས་ད་ལྟ་གང་ན་གནས།
།ཐ་མ་གར་འགྲོ་དབྱིབས་དང་ཁ་དོག་ཅི།

།སྙམ་དུ་བརྟགས་ཚེ་འདི་ལྟར་མཐོང་བར་འགྱུར།
།སེམས་ནི་དང་པོར་སྐྱེ་བའི་རྒྱུས་སྟོང་ཞིང།
།བར་དུ་གནས་དང་ཐ་མར་འགག་པས་སྟོང།
།ཁ་དོག་དབྱིབས་མེད་ངོ་བོ་ངོས་གཟུང་མེད།
།འདས་པ་འགགས་ཤིང་མ་འོངས་མ་སྐྱེས་ལ།
།ད་ལྟ་མི་གནས་ཕྱི་ནང་གང་ནའང་མེད།
།ནམ་མཁའ་འདྲ་ཞིང་སྤྲོས་དང་བྲལ་བར་ཤེས།
།དེ་ཚེ་སེམས་ལ་གང་ཡང་མི་བསམ་པར།
།ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་གློད།
།ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར།

།ཐམས་ཅད་གཉིས་མེད་མཉམ་པའི་ངང་ལ་གཞག
།དེ་ཡིས་ངར་འཛིན་གང་ཟག་བདག་མེད་ཅིང།
།འཛིན་པའི་སེམས་ལ་རང་བཞིན་མེད་པར་རྟོགས།
།དེ་ནས་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི།
།སྣང་སེམས་གཉིས་མེད་ཆུ་དང་ཆུ་ཟླ་བཞིན།
།གཉིས་སུ་གཟུང་བས་སྲིད་པར་འཁྲུལ་ན་ཡང།
།གཉིས་མེད་ཤེས་པས་མྱ་ངན་འདས་ཞིར་འགྲོ།
།དེ་བས་གཉིས་མེད་དོན་ལ་འདི་ལྟར་བསླབ།
།ཆོས་རྣམས་མ་སྐྱེས་སེམས་ཀྱི་ངོ་བོ་ཉིད།
།སེམས་ཀྱི་རང་བཞིན་དག་ཅིང་དྲི་མ་མེད།

།དྲི་མེད་སྟོང་གསལ་སྤྲོས་དང་བྲལ་བར་གཞག
།དེ་ཡིས་ཉོན་མོངས་རྙོག་པ་རབ་ཞི་ཞིང།
།རྣམ་པར་མི་རྟོག་ཡེ་ཤེས་ཆེན་པོར་གནས།
།རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་འགྱུར་ཞིང།
།གཟུང་འཛིན་གཉིས་མེད་མཐའ་བྲལ་དབུ་མར་རྟོགས།
།དེ་ཚེ་སེམས་ནི་ནམ་མཁའ་ལྟ་བུ་ལ།
།ཡུལ་ནི་མི་དམིགས་རང་བཞིན་སྤྲོས་དང་བྲལ།
།སྒོམ་དང་བསྒོམ་བྱ་མེད་པའི་ཆོས་ཉིད་ལ།
།བྱ་རྒྱུ་བྱེད་མཁན་མེད་པས་གདོད་མའི་ངང།
།དྲི་མེད་རང་བཞིན་དག་པའི་སངས་རྒྱས་ཡིན།

།གཟུང་ཡུལ་མི་དམིགས་ཆུ་ཟླ་མིག་ཡོར་ལ།
།འཛིན་མཁན་མི་དམིགས་གཡོ་མེད་ཕྱོགས་ལྷུང་བྲལ།
།སྣང་སེམས་གཉིས་མེད་ཕ་རོལ་ཕྱིན་པའི་ངང།
།ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།
།བདུད་རྩི་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད།
།འཛིན་མེད་ཡངས་པའི་ཏིང་འཛིན་གྲུ་ཆེན་གྱིས།
།སྲིད་གསུམ་རྒྱ་མཚོའི་ཕ་རོལ་བརྒལ་བས་ན།
།གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མ་འཆད།
།རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ཕྱིན།
།གནས་པས་ཞི་གནས་ཆོས་སྐུ་སྟོང་པ་ལ།

།གསལ་བས་ལྷག་མཐོང་གཟུགས་སྐུ་སྣང་བ་ཉིད།
།ཐབས་དང་ཤེས་རབ་ཚོགས་གཉིས་བསྐྱེད་རྫོགས་གྲུབ།
།ལྷག་མཐོང་རྟོགས་པའི་ཤེས་རབ་བསྐྱེད་བྱས་ནས།
།ཞི་གནས་ཀྱིས་ནི་དེ་ཡི་ངང་ལ་གནས།
།གང་ཚེ་གཟུང་འཛིན་དངོས་དང་དངོས་མེད་དུ།
།བློ་ཡི་རྣམ་པར་རབ་ཏུ་མི་གནས་པ།
།དེ་ཚེ་དབྱིངས་དང་ཡེ་ཤེས་གཉིས་མེད་པར།
།སེམས་དང་སེམས་བྱུང་དམིགས་པ་མེད་པར་ཞི།
།རང་བཞིན་གདོད་ནས་དག་པའི་སེམས་ཉིད་ལ།
།གནས་སྐབས་གློ་བུར་ཀུན་རྟོག་དག་པ་ན།

།སྙོམས་འཇུག་དགུ་དང་རྫུ་འཕྲུལ་མངོན་ཤེས་འགྲུབ།
།ཏིང་འཛིན་གྲངས་མེད་གཟུགས་སྤྲིན་ལྷུན་གྱིས་གྲུབ།
།རང་ས་འདོད་པའི་སེམས་གང་རྩེ་གཅིག་པ།
།དེ་ལས་རྟོག་དང་དཔྱོད་པའི་ཏིང་ངེ་འཛིན།
།དགའ་བདེའི་ཡན་ལག་བསམ་གཏན་དང་པོ་སྐྱེ།
།དེ་ལས་རྟོག་མེད་དཔྱོད་པའི་ཏིང་ངེ་འཛིན།
།སེམས་གསལ་དགའ་བདེའི་རང་བཞིན་གཉིས་པ་སྐྱེ།
།དེ་ལས་རྟོག་དཔྱོད་གཉིས་མེད་ཏིང་ངེ་འཛིན།
།དགའ་བདེས་བརླན་པའི་ཡན་ལག་གསུམ་པ་སྐྱེ།
།དེ་ལས་དགའ་བ་སྡུད་པའི་ཏིང་ངེ་འཛིན།

།བཞི་པ་ཕན་ཡོན་ཡན་ལག་བཅས་པ་སྐྱེ།
།དེ་ལས་མཁའ་ལྟར་དག་ཅིང་དབ༹ངས་པའི་སེམས།
།ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པར་འགྱུར།
།དེ་ལས་ཆོས་ཀུན་སེམས་ཉིད་སྤྲོས་པ་མེད།
།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་པར་འགྱུར།
།དེ་ལས་སྣང་སེམས་མི་དམིགས་སྤྲོས་དང་བྲལ།
།ཅི་ཡང་མེད་པའི་སྐྱེ་མཆེད་འགྲུབ་པར་འགྱུར།
།དེ་ལས་ཡོད་མེད་སྤྲོས་ཀུན་བྲལ་བའི་སེམས།
།ཡོད་མིན་མེད་མིན་སྐྱེ་མཆེད་འགྲུབ་པར་འགྱུར།
།དེ་ལས་སྣ་ཚོགས་ཉོན་མོངས་སྤྲོས་པའི་སེམས།

།རང་བཞིན་འགོག་པ་ཞི་བ་ཐོབ་པར་འགྱུར།
།དེ་ལྟར་མཐར་གྱིས་སྙོམས་འཇུག་དགུ་པོ་ཡང།
།རིམ་དང་རིམ་མིན་ཐོད་རྒལ་རྩལ་སྦྱངས་པས།
།རང་གཞན་སྔ་ཕྱིའི་ཚེ་རབས་ལས་རྣམས་དང།
།སེམས་ཀྱི་སྤྱོད་ཡུལ་གང་ཡིན་ཤེས་པ་དང།
།འཆི་འཕོ་སྐྱེ་དང་སྒྲིབ་པས་ཆོད་ཀྱང་མཐོང།
།གཅིག་དང་དུ་མར་རྫུ་ཞིང་རྣམ་པར་འཕྲུལ།
།ཉོན་མོངས་མེད་ཅིང་ཇི་སྙེད་ཇི་བཞིན་ཤེས།
།ཞིང་རྣམས་བདེ་གཤེགས་སྲས་ཀྱིས་གང་བ་མཐོང།
།དེ་ཚེ་སྣང་བ་སྒྱུ་མར་རབ་རྟོགས་པས།

།སྒྱུ་མ་ལྟ་བུའི་ཏིང་འཛིན་ཉིད་དང་ནི།
།སེམས་ཀྱི་གདུང་བྲལ་རྙོག་པ་རབ་ཞིའི་ཕྱིར།
།ཟླ་བ་དྲི་མ་མེད་པའི་ཏིང་འཛིན་དང།
།ཆོས་ཀུན་མི་དམིགས་མཉམ་པའི་ངང་གཅིག་པས།
།མཁའ་ལྟར་གོས་པ་མེད་པའི་ཏིང་འཛིན་སོགས།
།བརྒྱ་སྟོང་གྲངས་མེད་རབ་ཏུ་འགྲུབ་པར་འགྱུར།
།ལྷག་མཐོང་གིས་ནི་རབ་ཏུ་རྟོགས་པའི་དོན།
།ཞི་གནས་དམ་པས་རྩེ་གཅིག་པའི་གཟུང་བའི་ཕྱིར།
།གཟུངས་དང་ཏིང་འཛིན་ཟུང་འབྲེལ་ལྷུན་གྱིས་གྲུབ།
།ལམ་ལྔའི་རིམ་པ་བགྲོད་ལས་གྲོལ་བ་སྟེ།

།ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་དང་ཆོས།
།དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་ཞིང།
།འབྲིང་དུ་འདུན་དང་འབད་རྩོལ་བརྩོན་འགྲུས་བཞིས།
།དགེ་དང་མི་དགེའི་ཞེན་བཞི་ཡང་དག་སྤོང།
།ཆེན་པོར་འདུན་སེམས་དཔྱོད་དང་དྲན་པ་བཞིས།
།རྫུ་འཕྲུལ་རྟེན་འགྲུབ་རྐང་པ་བཞི་པོ་བསྒོམ།
།སྦྱོར་ལམ་བཞི་སྟེ་དྲོད་དང་རྩེ་མོ་རུ།
།དད་བརྩོན་དྲན་དང་ཏིང་འཛིན་ཤེས་རབ་ཀྱིས།
།དབང་པོ་ལྔ་དང་བཟོད་པ་ཆོས་མཆོག་ཏུ།
།དད་སོགས་སྟོབས་ལྔ་རབ་ཏུ་སྒོམ་པར་བྱེད།

།མཐོང་བའི་ལམ་སྟེ་རབ་ཏུ་དགའ་བའི་སར།
།དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དགའ།
།ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི།
།ཡན་ལག་བདུན་པོ་དག་ནི་ལེགས་བསྒོམ་ཞིང།
།སྒོམ་ལམ་ཆུང་འབྲིང་ཆེན་པོ་རེ་རེ་ཞིང།
།ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང་དང་ནི།
།ཆུང་ངུའི་ཆེ་སོགས་ས་དགུ་རིམ་པ་བཞིན།
།དྲི་མ་མེད་དང་འོད་བྱེད་འོད་འཕྲོ་ཅན།
།སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ།
།ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་རྣམས་སུ།

།ཡང་དག་ལྟ་དང་རྟོག་པ་ངག་དང་ལས།
།འཚོ་རྩོལ་དྲན་པ་ཏིང་འཛིན་འཕགས་ལམ་བརྒྱད།
།དེ་ལྟར་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན།
།སློབ་པའི་ལམ་བཞིར་བསྒོམ་པའི་མཇུག་ཐོགས་སུ།
།མི་སློབ་ས་ལ་མི་གནས་མྱ་ངན་འདའ།
།དེ་ལྟར་ས་དང་ལམ་རྣམས་མ་བགྲོད་པའི།
།སངས་རྒྱས་དེ་འདྲ་ནམ་ཡང་འབྱུང་བ་མེད།
།བསྐལ་མང་ཚེ་རབས་དུ་མ་ཚེ་གང་གྲོལ།
།དེ་ད་ཀུན་ཀྱང་ལམ་འདིར་བརྟེན་པས་ན།
།རྒྱུ་འཕྲས་ཐེག་པ་གང་ལ་ཞུགས་རྣམས་ཀྱིས།

།ས་དང་ལམ་རྣམས་མཁྱེན་ནས་བགྲོད་པར་མཛོད།
།དེ་ལྟར་ཟབ་ཞི་འོད་གསལ་སྙིང་པོ་ཡིས།
།འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས།
།སྲིད་འདིར་ཡུན་རིང་སྤྲོས་ལ་འཆེལ་བ་ཡིས།
།དུབ་པའི་སེམས་ཉིད་དི་རིང་ངལ་སོས་ཤིག

།རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།
།ལམ་བསམ་གཏན་དྲི་མ་མེད་པ་ཞི་ལྷག།
།ཟུང་དུ་འབྲེལ་བའི་ལེའུ་སྟེ་བཅུ་གཅིག་པའོ།