Ngb-pt-0950-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་བཞུགས་སོ། ། ༄་། །རྒྱ་གར་སྐད་དུ། བཛྲ་གུ་རྒྱ་མ་ཧྭ་ཀྭ་ཡ་རད་རྣ་བྷ་ལེ་ཨ་ཀྲ་མ་སྐྲུ་ཏུ། བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ། །རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚོལ་ལོ། །འདས་པའི་དུས་མ་བྱོན་པའི་སྔོན་རོལ་དུ། །སེམས་ཉིད་ཀུན་ཏུ་བཟང་པོ་ཡི་ཤེས་ཀྱི་སྣང་བ་ལ་བཞུགས་པའི་དུས་ན། །ཀུན་བཞི་གསང་བ་དག་པའི་དབྱིངས་ནས། །རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་ཉིད་ལ་ཉིད་བཀའ་སྩལ་པ། །བྱམས་པ་ཆེན་པོ་ཐུགས་ཀྱི་གཏེར། །ལས་ཀྱི་དབང་པོ་ལྔ་ལ་ལུང་བསྟན་ཏོ། །མན་ངག་གི་འཇུག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གཏད་དོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་སྐད་རང་འཀྱུར་དུ་བཤད་པ། །སེང་གེ་འཁྱིལ་བའི་དགོངས་པ་འདི་ལ། །ཐབས་ཁྱད་པར་ཅན་གསུམ་གྱིས་སྒྲུབ་པར་བསྟན་ཏེ། །ཕྱི་མཚན་མ་ལ་བརྟེན་ནས་སྒྲུབ་པ་དང་། །ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་དང་། །གསང་བ་བྱང་ཆུབ་སེམས་དངོས་སུ་སྒྲུབ་པའོ། །ཕྱི་མཚན་མ་ལ་རྟེན་པ་ལ་གཉིས་ཏེ། །བག་ཆགས་ཀྱི་སྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་དང་།ལམ་འབྲས་བུ་དང་བཅས་པ་ལ་འཇུག་པ་ལ་སྒྲུབ་པ་དང་རྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་ལ། །ངོ་སྤྲད་བཞི་ནས་ཆོས་ཉིད་བར་དོའི་ལུས་ད་ལྟར་དངོས་སུ་བསྟན་ཡང་། །དེ་ཉིད་ལ་གོམས་པར་བྱ་སྟེ། ལམ་དང་འབྲས་བུ་དང་བཅས་པ་སྒོམ་པར་བྱ་སྟེ། ལམ་དངོས་སུ་བྱེད་པ་ནི། །དཔེའི་ཡེ་ཤེས་ལས་ཤེས་པར་བྱའོ། །ལམ་ལ་གནས་པ་ནི། ཡེངས་པ་མེད་པའི་སྡེང་གིས་ཟིན་ཏེ་དུས་ཐམས་ཅད་པའོ། །ལམ་མངོན་དུ་གྱུར་པ་ནི། རིག་པ་གཅེར་བུ་བྱུང་བའི་མན་ངག་ལས་ཤེས་པར་བྱའོ། །ལམ་གྱི་འབྲས་བུ་མཐའ་ཕྱིན་པ་ནི། སྐུ་གསུམ་ཡེ་ཤེས་བཞི་ལྡན་གྱི་དགོངས་པ་མཐར་ཕྱིན་ནས། བག་ཆགས་ཀྱི་ལུས་ལ་ཉམས་ང་བ་མེད་པའོ། །ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྟེན་ཏེ་སྒྲུབ་པ་ནི། །གོང་མའི་རྩལ་འཇོངས་ནས། །ཐུགས་རང་རྒྱུང་གི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྒོ་ཕྱེ་སྟེ། འོད་ཀྱི་ལུས་ནང་མེད་པའི་ནང་ན། རང་སྣང་རྟོགས་པའི་འཁོར་ལོ། །རང་རེའི་ཚོམ་བུ་དང་བཅས་པ་ལ། །རིག་པ་མར་མེའི་འོད་གསལ་སྟེ། ས་ལེ་སང་ངེ་། ལྷག་གེ །ལྷན་ནེ། ཐོག་མ་ནས་གནས་པ། །མ་བྱས་པ་རང་བྱུང་བ། མ་བཅོས་མཛེས་སྡུག་རྒྱན་དང་ལྡན་པ་དེ་སྒྲུབ་པ་ནི་གངས་ལ་ཉི་མ་ཤར་བ་ལྟ་བུ་ཚིག་གསུམ་གྱིས་འགྲུབ་སྟེ། །དམ་ཚིགས་ཀྱི་སྔགས་དང་ཕྱག་རྒྱ་རང་ཡིད་ལ་དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་ལ་འཇོངས་ན་གསང་བ་བྱང་ཆུབ་སེམས་དངོས་སུ་སྒྲུབ་པ་ནི། ཐོག་ལྟ་བུའི་མན་ངག་གིས་ཐོག་མའི་རང་བཟུང་། གཟེར་ལྟ་བུའི་མན་ངག་གིས་ཚིག་དང་ཡི་གེའི་དོན་མཐར་ལ་སྐྱལ། །ཁྱུང་ལྟ་བུའི་མན་ངག་གིས་རྩོལ་བའི་མཐའ་ཀློང་ལ་བཞག །སྐར་མདའ་ལྟ་བའི་གདམ་ངག་གིས་སྐད་ཅིག་མ་གསུམ་ལ་གྲོལ་བ་མཐར་ཕྱིན་པར་བྱའོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། །མཁའ་འགྲོ་མ་ལྔའི་ལུང་བསྡུས་ནས་ལག་ན་རྡོ་རྗེ་ལ་གཏད་དོ། །འཇུག་དགའ་རབ་རྡོ་རྗེས་བསྡུས་ནས། འཇམ་དཔལ་ལ་གཏད་དེ། །འགུལ་ཁུག་མའོ། །བྱང་ཆུབ་སེམས་ཀྱི་སྙིང་པོ་སེང་གེ་འཁྱིལ་བའི་སྒྲུབ་ཐབས་འདི་ལ། །ངེས་པའི་སྒྲུབ་ལུགས་ཀྱི་རྟགས་རྣམ་པ་བཞི་འབྱུང་བའི་དུས་སུ་བདུད་རྣམ་པ་བཞི་འཇུག་སྟེ། ཕྱི་མཚན་མ་ལ་བརྟེན་ཏེ་སྒྲུབ་པ་ཞེས་འརྒྱུང་བ་དེ། བག་ཆགས་ཀྱི་རྒྱུད་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པའི་དུས་སུ། ཁྲེས་པ་སྤངས་མཐོན་གྱི་ཉམས་སྐྱེ། །འཇའ་ཚོན་གྱི་གདན་བསྟིངས། །ཉི་ཟླའི་རྟ་ཞོན། ཕྱོགས་སྣང་བ་དག་པའི་ཡུལ་སྣང་སྟེ།ཤེས་བྱ་དེའི་དུས་སུ་ཕུང་པོའི་བདུད་འཇུག་སྟེ། ཡེ་ཤེས་ཀྱི་ལུས་ལ་བར་དུ་གཅོད་པའི་བདུད་ཞེས་བྱ་སྟེ། དེའི་དུས་སུ་བདག་ཏུ་རྟོག་པའི་ང་རྒྱལ། །འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་འབྱུང་ངོ་། །དེ་ཉིད་བདག་ཉིད་ཆེན་པོར་ཤེས་པར་བྱ་སྟེ། བརྟགས་ཀྱི་ཡེ་ཤེས་མཚོན་གང་བ་དང་དོན་གྱི་ཡེ་ཤེས་མཚོན་གང་བ་ཞེས་འབྱུང་སྟེ། དེ་ལ་མར་མཛད་ཆེན་པོའིརྒྱས་ཐོབ་ཅིག །དེ་མཚོན་པར་བྱེད་པ་ལམ་རྣམ་པ་བཞི་ལ་གནས་པའི་དུས་སུ། ཤེས་པ་འཁོར་བུའི་ཉམས་སྐྱེ། སྨུག་ཟིལ་ལྟ་བུ་དང་། །ར་རོ་ལྟ་བུ་དང་། ལུས་ཡང་བ་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་བ་དང་། མ་ཟོས་པར་ཚིམ་པ་དང་། གང་ལ་ཡང་ཉམས་ང་བ་མེད་པ་དང་གཞན་སྙིང་རྗེའི་གནས་སུ་མཐོང་བ་དང་། རི་དང་ཁམ་ཁྱིམ་གྱིས་མི་ཁེངས་པར་ཤེས་པ་ཟང་ཐལ་དང་། །སྣང་བ་ཕྱོགས་ཆ་ཙམ་དག་པ་དང་། འགྲོ་དྲུག་གི་གནས་སྐབས་ཀྱིས་མཐོང་བ་དག་འབྱུང་བ་སྟེ། དེའི་དུས་སུ་ཉོན་མོངས་པའི་བདུད་འཇུག་སྟེ། དེ་ནི་བདག་སངས་རྒྱའོ་མཉམ་ཤེས་པའི་ཤེས་པ་འབྱུང་སྟེ། གཞན་ལ་འདི་འདྲ་བའི་གཏམ་སྨྲ་ཞིང་། དེ་ལ་དགའ་བར་བྱེད་པ་ནི། ཆོས་ཀྱི་མཐའ་ལ་ཞེན་པས་ཉོན་མོངས་པའི་བདུད་ཅེས་བྱའོ། །དེའི་དུས་སུ་མ་ཆགས་པའི་གནས་སྐུ་གསུམ་བཞི་ལྡན་ཀྱིས་རྒྱས་ཐོབ་ཤིག །ནང་ལྷའི་དཀྱིལ་འཁོར་ལ་བརྟེན་ཏེ་བསྒྲུབ་པའི་དུས་སུ། ཐུགས་རྣམ་དག་གི་ཀློང་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། སྤེ་ལུང་བསྟན་པ་དང་། ཡི་གེའི་ཚོགས་དང་། སྣང་བ་མེད་པའི་གཏམ་ཐོས་པ་དང་། རིན་པོ་ཆེའི་མཆོད་རྟེན་ལ་འཛེག་པ་དང་། བདུད་རྩིའི་ཟས་ལ་ལོངས་སྤྱོད་པ་དང་། རྟེན་མེད་ཀྱི་ནམ་མཁའ་ལ་སྟེག་བཅས་ཏེ། བར་སྣང་ལམ་དུ་བདེ་བ་དང་། ལྷ་དང་སློབ་དཔོན་དང་མཁའ་འགྲོ་བརྒྱུད་མར་མཆོད་པའི་ཕྱག་རྒྱའི་ཚོགས་མང་པོས། །བདག་ལ་དབང་བསྐུར་བ་དང་། ལུང་སྟོན་པ་དང་། དེའི་ཚེ་བདག་ལ་ཤེས་རབ་ཁྱད་པར་ཅན་སྐྱེས་ཏེ། ཉམས་དགའ་ཞིང་ཤེས་རབ་ཀྱི་མཐའ་གྲོལ་བ་དང་། ཆོས་ཐམས་ཅད་གང་དང་ཡང་མཐུན་ལ་ཆོས་ཀྱིས་མི་འགྲོལ་བར་མཐོང་བ་དང་། གཞན་དེ་ལ་སོགས་པའི་སྣང་བ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་དུ་ཡོང་བ་དང་། ཡི་དྭགས་དང་བྱོལ་སོང་གི་སྐྱེ་གནས་སྟོན་པ་དང་། བདུད་ཀྱི་ཆ་བྱད་མང་པོ་བདག་ལཉུ་ སྙོ་བུར་འབྱེད་པ་འབྱུང་སྟེ། དེའི་དུས་སུ་ལྷའི་བུའི་བདུད་འཇུག་སྟེ། དེ་རྣམས་ལ་བླང་དོར་དང་ཉམ་ང་བ་མེད་པར་གངས་ལ་ཉི་མ་ཤར་བ་ལྟ་བུ་གསལ་བ་གསུམ་གྱིས་རྒྱས་ཐོབ་ཅིག །གསང་བ་བྱང་ཆུབ་སེམས་དངས་སུ་གྲུབ་པའི་དུས་སུ། མེ་ལོང་གཡའ་དག་གི་དགོངས་པ། མ་སྒྲིབས་པ་ཡོངས་སུ་གསལ་བ་དང་། ནམ་མཁའི་མཐོངས་ནས་སྣང་གསལ་གི་ཉི་མ་ཤར་བ་ལྟ་བུ། ཆོས་ཉིད་དག་པའི་ཀློང་ནས་ཡེ་ཤེས་རང་སྣང་གི་དགོངས་པ། གཟིགས་སྣང་གི་མཐའ་ལས་འདས་པའི་ཉམས་སྐྱེ་སྟེ། དེའི་དུས་སུ་འཆི་བདག་གི་འཇུག་སྟེ། རྒྱུ་རྐྱེན་མེད་པར་ཡེ་ཤེས་ཀྱི་སྐུ། སྐྱེ་འཆི་མཐའ་ལས་གྲོལ་བ། སྐར་མདའ་ལྟ་བུའི་རྒྱས་ཐོབ་ཤིག །གང་ལ་དེ་བྱུང་དེ་ལ་དགོངས་ཏེ། །དེ་ལ་དེ་མེད། དེའི་སྤྱོད་ཡུལ་མིན། ཞེས་དེ་ཉིད་གསུངས། བྱང་ཆུབ་སེམས་སེང་གེ་འཁྱིལ་བའི་དགོངས་པས། བདུད་བཞི་ལ་ཡེ་ཤེས་བཞིའི་རྒྱས་གདབ་བོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། མ་བྱོན་པར་མཁྱེན་ནས། ཐུགས་རྗེའི་སྤྲུལ་པ། ཡེ་ཤེས་ཀྱི་རྣལ་འབྱོར་མ་བཞི། ལྗགས་ཀྱི་འོད་ཟེར་ལས་འཕྲོས་ཏེ། རྡོ་རྗེ་ཐུགས་ཀྱི་བུ་མོ་ཞེས་ཀྱང་བྱ། ཉིད་ཀྱི་སྐུ་ལས་སྐྱེས་པས། ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་རྣལ་འབྱོར་མ་བཞི་ཞེས་ཀྱང་བྱ། འཁོར་བ་ཞེས་གནོན་ཅིང་སྡུག་བསྔལ་རྩད་ནས་གཅོད་པས། སྲིད་པ་སྒྲོལ་བྱེད་ཀྱི་ཁྲོ་མོ་བཞི་ཞེས་ཀྱང་བྱའོ། །འདས་དུས་མ་བྱོན་པའི་མངོན་རོལ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕྲོ་བྲང་དུ། ཡེ་ཤེས་རྣམ་དག་གི་དབྱིངས་ནས། ཉིད་ཀྱི་ཞལ་བཟང་པོ་བསྟན་ནས། དུར་ཁྲོད་ཆེན་པོ་བཞིར་མི་འགྱུར་བའི་གཟེར་ཆེན་པོ་ཞིག་བཏབ་ནས། བཛྲ་སྭ་ཧཱུཾ༷་ལི་ཀ་ར་བཞི་བཞག་ནས་ཡོད་ཀྱིས། །ལག་ན་རྡོ་རྗེ་ཁྱོད་དེར་སོང་ཅིགདུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། །མཁའ་འགྲོ་མ་རོ་ཟ་ཤན་ཏི་ཐོད་པའི་བ་ཅན་བྱ་བས། གཟེར་ལྟ་བུའི་གདམ་ངག་བསྟན་རྟོ། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ནས། མཁའ་འགྲོ་མ་རྡོ་རྗེ་ཁྲོ་གདོང་མ་བྱ་བས། ཐོགས་པ་མེད་པ་ཐོག་ལྟ་བུའི་མན་ངག་བསྟན་ཏེ། དུར་ཁྲོད་ཆེན་པོ་སོ་ཤའི་གླིང་ཞེས་བྱ་བ་ནས། ཀ་རུ་ཎ་ནམ་མཁའ་ལྡིང་དང་། ཤིང་གི་ལྷ་མོ་འཆང་མ་གཉིས། ཡིད་ཀྱི་མཚོས་པའི་བུ་མོ། །མཁའ་འགྲོ་ནམ་མཁའི་བུ་མོ་རྡོ་རྗེ་རླུད་གི་གཤོག་པ་ཅན་ཞེས་བྱ་བས། གངས་ལ་ཉི་མ་ཤར་བ་ལྟ་བུའི་གདམས་ངག་སྟོན་ཏོ། །དུར་ཁྲོད་ཆེན་པོ་ཤིན་ཏུ་རུ་ལུང་བྷར་ཧ་ཏི་བྱ་བ་ནས། མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་བྱ་བས།ཕྱིར་མི་བཟློག་པ་སྐར་མདའ་ལྟ་བུའི་གདམས་ངག་སྟོན་ཏེ། བཛྲ་གུ་རྒྱ་ཙྭ་ན་མཧྭ། རཏྣ་བྷ་ཡེ་གྲྭ་ཧྭ། རྡོ་རྗེ་གསང་བ་ཆེན་པོའི་སྐུ། རིན་ཆེན་དབྱིགས་གི་སྒྲོན་མའི་མན་ངག །རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། ལག་ན་རྡོ་རྗེ་ལ་ལུང་བསྟན་པ། རྒྱ་ནག་པོའི་ཡུལ་སྟག་ཤིང་ནག་པོའི་ནགས་ཚལ་ན ཧ་ཤང་མ་ཧྭ་ཡིན་གྱི་གནས། རང་བྱུང་གི་བྲག་ཕུག་ཁ་བྱང་དུ་བསྟན་པས་ན། འཆི་བདག་གཤིན་རྗེ་རྡོ་ལ་འབུར་དུ་བསྐོས་པ། གཟུངས་གྲུ་བཞི་པའི་ཞབས་གཡོན་བསྐྱང་བའི་འོག་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡོད་ཀྱིས། ལག་ན་རྡོ་རྗེ་གནས་དེ་ན། མཁའ་འགྲོ་་མ་པུཎྜ་ཉེ་བར་ཞི་བ་ཞེས་བྱ་བ། གཅེར་བུ་ལུས་ལ་ཨེ་ལའི་ཐལ་བ་བྱུགས་ནས། །ལྕེ་སྤྱང་གི་ཡང་བཞི་ཕྲག་པ་ལ་སྐལ་པ་དར་སོད་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་མེ་ལོང་འདི་སྟོན་པ་ལ་ཞུས་ཅིག །ཅེས་ལུང་བསྟན་པས། དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་སྐོར་བ་བྱས་ཏེ་ཕྱིན་པས། དེ་བཞིན་འདུ་སྟེ་ལྟས་པ་དང་། མཐིང་གི་ཤོག་བུ་སོར་བཞི་པ་གཅིག་ལ། རིན་པོ་ཆེའི་ཡི་གེ་རང་གནན་དུ་བྲིས་ནས། ཡ་མཚན་རྨད་དུ་བྱུང་བའི་འོད་འཕྲོ་ཞིང་འདུག་སྟེ། ཉིད་ཀྱིས་གཟིགས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བྱ་རྩལ་ལས་འདས་པའོ། །འདབ་ཆགས་ཀྱི་ཁྱུང་ལྟ་བུའི་གདམས་པ་བསྟན་ནོ། །བཛྲ་ཙྭན་མ་ལ་མ་ཧྭ།བཅོམ་ལྡན་འདས་མཉམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཐུགས་རྗེ་དང་རྫུ་འཕྲུལ་དུ་ལྡན་པ། ལེགས་པར་ཡིད་ལ་ཟུང་ཅིག །ཐོག་མ་མེད་པའི་གནས་སྔོན་བྱུང་བའི་དུས་སུ། ཧར་ཤང་འབར་ནེའི་ནགས་ཚལ་དུ། བདག་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ཐུགས་རྗེ་རང་རྒྱུང་ཉི་མ་ཤར་ནས། །ང་ཉིད་ཡེ་ཤེས་སྣང་བའི་དུས་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་རིག་པ་ལས་ཐ་མི་དད་པ། རང་བྱུང་གི་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་རང་གསལ་བ། མནན་ན་ནེམ་ཞེས་བྱེད་པ། གདོས་བའི་སྤྱོད་ཡུལ་མིན་པ། སྟེག་ན་འཕར་ཞེས་བྱེད་པ། གསལ་བ་ཟང་ཐལ་ཡིན་པ། ངམ་འགྲོག་དང་གཡང་ས་མེད་པ། ཚེར་མ་དང་། རྣོ་ཟུར་མེད་པ། ལྕོང་རོང་བྱ་སྐྱིབས་མེད་པ། ཤེས་རབ་ཉམ་བདེ་བ་ལ་ཕྱོགས་སུ་མ་ལྷུང་བ། བུལ་བའི་ཡུལ་བདེ་བ་ཉམས་སུ་མྱོང་བའོ། །ནང་རིག་པ་ཆོས་ཀྱི་སྐུ། འགག་པ་མེད་པར་ལྷུག་པའི་ཤེས་རབ་ཁོང་ནས་ཤར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིན་པོ་ཚེ་འོད་འབར་བའི་ནང་ན་བཀོད་པ་མེད་པ་ཕྱག་རྒྱའི་དཀྱིལ་འཁོར། །རང་དེའི་ཡོན་ཏན་གྱི་སྐུ་མ་འདྲེས་པར་སོ་སོར་གསལ་བ། བདག་མེད་པའི་བདག་ཉིད་ཆེན་པོ། །ཞི་བ་ཆོས་ཀྱི་སྐུ་མཉམ་ལ་མ་འདྲེས་པར་བཞུགས་སོ། །དེ་ཁོ་ན་ཉིད་མ་བྱས་པའི་ཆོས་ཞེས་བྱ་བའི་འབས་ཀྱི་གྲུབ་བ་ཡེ་ཤེས་རང་སྣང་དབབ་བཅས་པ་ནིསངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་ལ་སོགས་སོ། །ཞེས་རྡོ་རྗེ་ཅན་ལ་སྨྲས་སོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཁྱོད། ཚིག་ཉུང་ལ་དོན་ཆེ་བ། སླབ་སླབ་མ་གོ་ཀ་བ། འདི་ནི་རང་བྱུང་གི་བཅོམ་ལྡན་འདས།རྩལ་སྒྲུབ་ཀྱི་མཐའ་ལས་འདས་པ། འདའ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུ་སྟེ། ལས་ཀྱི་མཐའ་གང་ལ་ཡང་མི་གནས་སོ། །དེའི་ཕྱིར་རྟོགས་པའི་དོན་ཐུགས་སུ་ཆུད་པར་རྣམ་པར་དག་པའི་ས་ནོར་རེ།མཁའ་འགྲོ་མ་པུརྭ་ཉེ་བར་ཞིང་། དཔལ་ཕྱག་ན་རྡོ་རྗེས་མགོ་བོ་ཁོས། ཞེས་དོན་མཐའ་ལ་སྐྱལ་བའོ། །རང་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་རྡོ་རྗེ་འཆང་གི་སྐུ་བསྟན། ཆོས་ཉིད་མ་བཅོས་པའི་ངང་ན། རྡོ་རྗེ་མཁའ་འགྲོ་མ་ཕྱུང་སྟེ། དི་གཉིས་སུ་མེད་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་ཕྱུང་སྟེ། རྒྱུ་རྒྱུ་རུ་གནས་པ། རྒྱུ་འབྲས་བུར་སྨིན་པ། འབྲས་བུ་རྒྱུ་ལ་ཤར་བ་རྒྱ་ཉིད་ཡེ་ཤེས་སུ་གྲོལ་བའོ། །རིན་པོ་ཆེ་དབྱིག་གི་སྒྲོན་མའི་མན་ངག །བྱ་རྩལ་མེད་པ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུའི་མན་ངག་གི་དགོངས་པ་མཐར་ཕྱིན་པ། །ལག་ན་རྡོ་རྗེ་ལ་རྡོ་རྗེ་འཆང་གི་ལུང་བསྟན་པཛོ། །བཛྲ་ཙིསྟ་མ་ཧྭ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ན་མོ། །རྡོ་རྗེ་ཅན་ཉོན་ཅིག །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ལ། ཐོད་བའི་ཕྲེང་བ་ཅན་ལ། སོན་ཕ་ལ་བྷ་ཚ་པྲ་ཤིག །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན་རང་བྱུང་གི་མཆོད་རྟེན་ཁྲུ་བརྒྱད་པའི་འོག་ན། སྲིན་བུ་རཀྟ་ཛ་ལའི་ཐོད་པའི་ནང་དུ། རྫོགས་པ་ཆེན་པོ་གཟེར་ལྟ་བུའི་མན་ངག་ཡོད་ཀྱིས། དེ་མཁའ་འགྲོ་མ་ལ། བྱང་ཆུབ་སེམས་དཔའ་འཕགས་པ་གཙུག་ཏོར་དྲི་མ་མེད་པའི་ཕྱག་རྒྱ་སྟོན་ལ་ཞུས་ཅིག །དེ་ནས་རིན་པོ་ཆེ་གསང་བའི་སྦུབས་གསུམ་ན། བཀོད་པ་མེད་པར་ཕྱག་རྒྱའི་དཀྱིལ་འཁོར་ལྔ་རང་བྱུང་དུ་གསལ་བས། མ་སྒོམ་པ་ཆེན་པོ་རྫོགས་སོ། །གསང་སྔགས་ཆེན་པོ་ཡི་གེ་ལྔ་པའི་འཁོར་ལོ། །མི་གསུང་བའི་གསུང་བ་ཆེན་པོ་དང་ལྡན་པས། དེ་ཁོ་ན་ཉིད་ཀྱི་སྙེན་པ་རྫོགས་སོ། །སྙིང་པོ་བྱང་ཆུབ་མཆོག་གི་ཐིག་ལེ་ཡན་ལག་མེད་པའི་རྡོ་རྗེ་ལ། བཅའ་རུ་མེད་པའི་དམ་ཚིག་གི་ཕྱག་རྒྱ་རྫོགས་སོ། །དམ་ཚིག་ས་མ་ཡ་བཀོད་པའི་རྒྱལ་པོ་རྒྱལ་པོ། །བསྲུངས་པ་མེད་པའི་དམ་ཚིག་ལ། མ་བསྲུངས་པ་མེད་པ་རྫོགས་སོ། །རྫོགས་ལྡན་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་བསྟན་པའི་ཆོས་མེད་པས། སྐྱོབ་པའི་མཐའ་དང་བྲལ་བར་བསྟན་པ་རྫོགས་སོ། ལག་ན་རྡོ་རྗེ་ལ་རྫོགས་ལྡན་ཆེན་པོ་གསེར་ལྟ་བུའི་ལུང་བསྟན་པའོ། །བཛྲ་ཨ་ཏི་ཙྭ་ན་མ་ཧྭ། རྡོ་རྗེ་འཛིན་པ་ལ་ན་མོ། །གསང་བའི་མགོན་པོ་བླ་ན་མེད། ཡེ་ཤེས་དབྱིངས་ནས་རང་བྱུང་བའི། ཐོག་དང་འདྲ་བའི་མན་ངག་འདི། བྱ་ཁྲག་ཟན་ལ་བཅུམ་པ་བཞིན། ཐེ་ཚོམ་མེད་པར་ཡིད་ལ་འཆོངས། བཛྲ་པ་ཁེ་མེ་རི་འབར་བའི་དུར་ཁྲོད་ན། མཁའ་འགྲོ་མ་རྡོ་རྗེའི་མཆུ་ཅན་ཞེས་བྱ་བ་ཡོད་ཀྱིས། དེར་སོང་ལ་ཤིང་འཛམ་བུ་བྲི་ཤའི་དྲུང་ན།གསེར་གྱི་རུས་སྦལ་གྱི་འོག་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཐོག་ལྟ་བུའི་མན་ངག་ཡོད་ཀྱིས། དེར་མཁའ་འགྲོ་མ་ལ་རིག་པའི་མེ་ཏོག་ཕུལ་བ་ཞུས་ཅིག །ལག་ན་རྡོ་རྗེ་ནུབ་ཕྱོགས་ཀྱི་ཞིང་ཁམས་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། དེར་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །དེ་ན་མངོན་པར་དགའ་བའི་ཚལ་བྱང་ཆུབ་མཐའ་ཡས་ཀྱིས་བྲག་ཕུག །སེང་གེའི་སྒྲ་སྒྲོག་པ་ཞེས་བྱ་བ་ན། འཕགས་པ་ནམ་མཁའི་མཛོད་ཅེས་བྱ་བ། ཤིན་ཏུ་སྐྱེ་བུང་ཅིག་ཡོད་ཀྱིས། །དེ་ལ་མ་འཇིགས་ཐིག །དེ་འདས་པའི་ཕ་རོལ་ན། སངས་རྒྱས་མར་མེ་མཛད་རྒྱན་འོད་ཀྱི་ཕུང་པོ་སྣང་བ་ཞེས་བྱ་བ་ཡོད་ཀྱིས། །དེའི་ཚེ་དེའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །བཛྲ་བཱ་ཁི་ལ་རྡོ་རྗེ་འཆང་གི་གདམས་ངག་ཐོག་བབས་སུ་བསྟན་པའི་ལུང་བསྟན་པའོ། །བཛྲ་ས་ཏོ་ཁེ་ཧེ་བཛྲ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཛྲ་བཱ་ནི་དུར་ཁྲོད་ཆེན་པོ་མང་གའི་གླིང་ན། མཁའ་འགྲོ་མ་ནམ་མཁའི་བུ་མོ་རྡོ་རྗེ་རླང་གི་གཤོག་པ་ཅན་བྱ་བ་ཡོད་ཀྱིས། དེའི་ཐུགས་ཀྱི་ཕྱག་རྒྱ་སྟོན་ལ། རང་བྱུང་གི་མེ་ཏོག་སྟོན་ལ་ཞུས་ཅིག །རྒྱའི་བང་སོ་ནག་པོའི་བྱང་ཕྱོགས་ཕོ་འོང་དྲག་པ་ཅན་གྱི་འོག་ན། ལྕགས་ཀྱི་སྡིག་པ་མགོ་དགུ་བ་ཅིག་གི་འོག་ན། བྱང་ཆུབ་སྙིང་པོ་ཉི་མ་ཤར་བ་ལྟར་བུའི་གདམས་ངག་ཚིག་གསུམ་ཡོད་ཀྱིས། དེ་ཞུས་ཅིག །བཛྲ་བཱ་ཁེ་བྱ་བ་མེད་པར་ཡེ་ཤེས་ཀྱི་འོད་གསལ་བ། དགོངས་པ་ཉི་ཤར་བ་ལྟ་བུའི་མན་ངག་གིས། །འཇིག་རྟེན་པའི་མུན་པ་དག་པར་བྱེད་པས། ཡུལ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མེ་ལོང་གཡའ་དག་པ་རྟར་གསལ་བ། རང་རིག་པ་ཆོས་ཀྱི་སྐུ་སངས་རྒྱས་ལྔའི་བདག་ཉིད་དུ་གསལ་བ། ཤེས་རབ་མར་མེ་རླུད་གིས་མ་བསྐྱོད་པ་ལྟར་གསལ་བ། བར་ན་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྷར་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའོ། །གསང་བ་གསུམ་དང་ལྡན་གྱུར་ན། སངས་རྒྱས་ཉིད་ཀྱིས་དགོངས་པ་ཡིན། དགོངས་པ་མཐར་ཕྱིན་པའི་ལུང་བསྟན་པའོ། །བཛྲ་་དྷི་པྲ་ཏི་ཥ་ཙྭ་ན་ཨུ༷༷ཧཱུཾ༷།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཛྲ་བཱ་ནོ། དུར་ཁྲོད་ཆེན་པོ་ཤིན་ཏུ་རུ་ལུང་བར་ཧ་སྟི་བྱ་བ་ན། །མཁའ་འགྲོ་མ་གཙུག་གི་རྒྱན་ཅིག་བྱ་བ་ཡོད་ཀྱིས། དེར་སོང་ལ་ཕ་ལ་པྲ་ས་རད་དུ་པྲ་ཤིག །ཡུལ་མ་གཏའི་ཤར་ཕྱོགས་ན། རིན་པོ་ཆེ་སྣ་ལྔའི་ཕ་ཝོང་འོག་ན། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་ནམ་མཁའི་རྒྱན་ཞེས་བྱ་བ་ཡོད་ཀྱིས། མཁའ་འགྲོ་མ་ལ་བསྐོར་བ་ལན་གསུམ་གྱིས་ལ། ལྗགས་ཀྱི་པདྨ་ཡི་གེ་ལྔ་པའི་འཁོར་ལོ་སྟོན་ལ་ཞུས་ཅིག །དེ་ནས་ཡེ་ཤེས་ཀྱི་རྩལ་སྐར་མདའ་ནམ་མཁའ་ལ་བྱུང་བ་ལྟ་བུའི་མན་ངག་གིས། །སྐད་ཅིག་མ་གསུམ་ལ་སྦུབས་གསུམ་གཅོད་པར་བྱེད་པ། བྱེད་པ་པོ་མེད་པར་མཐོང་བ་པོས་མཐོང་ནས་ཤེས་པ་པོས་ཤེས་སོ། །ཁྱོད་ནུབ་ཕྱོགས་སུ་ཕྱིན་པའི་ཚེ། བསྒྲོད་པ་མེད་པར་སྐྱེ་མེད་ནམ་མཁའ་ཀློང་ནས། བཀོད་པ་མེད་པར་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ། འགྱུར་མེད་རྡོ་རྗེའི་གདན་ལ་རང་སྣང་རྟོག་པའི་འཁོར་དང་ལྷན་ཅིག་ཏུ་འཁོད་དེ། ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཁྱབ་བརྡལ་ཞུབྲ་ཆུབ་ཆེན་པོར་འདུས་ཏེ། དོན་གྱི་དགོངས་པ་ཉག་གཅིག་ལ་འདུ་བྲལ་མེད་པར་བཞུགས་སོ། །དེ་ནས་སངས་རྒྱས་ཀྱི་ཞིང་སངས་རྒྱས་མྱ་ངན་ལས་འདའ་བར་བསྟན་ཏོ། །ཞེས་ལུང་བསྟན་ནས་བཅོམ་ལྡན་འདས་དང་ཐབས་གཅིག་ཏུ་བཞུགས་སོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་གསང་བ་ནམ་མཁའི་རྒྱན་ཞེས་བྱ་བ། ལག་ན་རྡོ་རྗེ་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པའོ། །དེ་ལ་ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུས་པ་པོ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས། རིན་པོ་ཆེ་ཟ་མ་ཏོག་མཚོན་གང་བའི་ནང་དུ་སྦས་ནས། འགུལ་ཁུག་དུ་བཅུག་ནས། ཉིད་ཀྱི་ཐུགས་དམ་རྩེ་གཅིག་པར་མཛད་དོ། །རྒྱུད་ལུང་མན་ངག་གྲངས་མང་ཡང་། བསྟན་པའི་སྙིང་པོ་ཡི་གེ་ལྔ། ཐུགས་ཀྱི་གཏེར་དུ་བཅངས་པ་ཡིན། གཅིག་ལས་གཉིས་སུ་མ་སྤེལ་གཅིག །ཅེས་བཀའ་སྡིགས་སོ། །ན་ར་ཀན། འཇམ་དཔལ་རྡོ་རྗེ་ཡེ་ཤེས་ངས། །གྲི་སིང་ཧ་ཁྱོད་ལ་གཏད། ཕྱག་རྒྱ་ལྔ་ཡི་དབྱིངས་སུ་སྦས། །རྡོ་རྗེ་འཆང་གིས་རྒྱ་ཡིས་བཏ་། །མཁའ་འགྲོ་ལྔ་ཡིས་མདུད་པ་བཀྲོལ། །འཇམ་དཔལ་རྡོ་རྗེ་ཆོས་ཀྱི་འགུལ་ཁུག་མ། །སྣོད་དུ་མི་སྦ་རང་གི་ལུས་ལ་བཅངས། ཡིད་ལ་དྲན་པ་ཙམ་གྱིས་འབྲས་བུ་མངོན་སངས་རྒྱས། །ཆུ་སྲིན་པིར་གྱི་བྲི་བ་བཞིན། །སྲིད་པ་འཁྲུགས་ཀྱང་ཁ་མི་འབྱུང་། །བྱ་བརྩལ་མེད་པ་གསང་བ་རིན་པོ་ཆེ་དབྱིག་གི་སྒྲོན་མ། །སྐད་འགྱུར་བཞི་རྫོགས་སོ། །དབུ་གྲུ་སྨོན་ལམ་སེང་གེ་ནས་བརྒྱུད་པ། ཇོ་སྲས་སྦས་ཀྱི་ཐུགས་དམ་མོ། ཁོང་ལ་མགོ་བན་ནོར་བུས་ཞུས་སོ། །འདི་རྣམས་དོལ་སྨན་ཆུ་ལུང་ནས་གདན་དྲངས་པ་ཡིན།། །།དགེའོ།། །།རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའི་རྒྱུད་བཞུགས་སོ། ། ༄་། །རྒྱ་གར་སྐད་དུ། ཨ་ཏི་མ་ཧྭ་བོདྷི་ཙི་ཀྟ་ཀོ་དྷརྨ་མུ་ལ་ཨ་ཀར་ཤ་འདུ་ཡེ་རྙོ་ན་ཨ་ཀར་ཤ་