Ngb-pt-0939-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

འབྱོར་པས་ནི་བསྟན། །བྱང་ཆུབ་སྙིང་པོ་མ་ཚོལ་ན། །མེ་ལེན་བས་ན་མཉམ་པ་ཉིད། །མ་བསྒྲུབས་པར་ནི་རང་བཞིན་འགྲུབ། །ཆོས་རྣམས་གང་ཡང་མི་འཛིན་ཅིང་། ཤེས་པ་གང་ཡང་མི་ཤེས་ན། །མི་རྟོགས་ཡེ་ཤེས་ཕུར་བ་ཡི། །མི་འགྱུར་འོད་གསལ་ཁ་ན་དམ། །དེ་ཚེ་ཕུར་པ་བསྒུལ་མི་བྱ། །དྲང་པོའི་ས་ནི་ལས་རླུད་བསད། །སངས་རྒྱས་ཐམས་ཅད་དེ་ལ་གནས། །བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ལས། །གསང་བའི་མན་ངག་གི་ལེའུ་སྟེ་བཞི་པའོ།། །།བྱང་ཆུབསེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་པརྙི་ཏ་རྙོ་ན་བྷར་བྷ་དང་། །བོད་ཀྱི་ལོ་སྣྲོ་བ་དགེ་སློང་བྲི་རོ་ཙ་ནས། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཀྲ་ཤིས་པར་གྱུར་ཅིག། །།མན་ངག་ལུང་གི་རྩ་བ་ལྔ་རྡོ་རྗེ་སེམས་པས་གསུངས་པ་བཞུགས་སོ། ། ༄་། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཀྱི་སྐབས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བའི་ཆེ་བའི་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་སྐྱོད་དེ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་འབྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། །།ཆོས་ཉིད་ཀྱི་ཐིག་ལེ། །རང་བཞིན་གྱིས་གནས་པའི་སྐབས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམས་བརྟགས་ཀྱང་། །གྲོལ་བ་རང་འབྱུང་གཞན་ལས་མེད། །རང་བཞིན་གྱི་ཆེ་བ་ལ་གནས་པའི་སྐབས། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། ཁྲེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་པ་འདྲ་ཡང་། །མངོན་གསུམ་བདེ་བ་རང་ལས་འབྱུང་།། །།རྩ་བ་དང་བྲལ་བའི་སྐབས། །ཆོ་འཕྲུལ་ཆེན་པོ་བཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལ་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་སྒོམ་པ་ཡིན། །དེ་དང་དེ་ནི་རྣམས་བཙལ་ན། །དེ་ལ་དེ་བཞིན་དེ་མི་འབྱུང་། །བརྗོད་པ་བྲལ་བའི་སྐབས། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་འབྱུང་མི་འགྱུར། །དེ་བཞིནལྕེའིདབངཔོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །དབྱིངས་ཀྱི་ཐིག་ལེ། །འགོ་བ་ལས་ཀྱི་མི་འཁོལ་བའི་སྐབས། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་སྦྱིན་ཁྱབ་པར་གནས། །ཁྱད་པར་ཅིར་ཡང་མཚུང་པ་ལ། །ལས་སོ་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་འགྱུར་ན། །རང་འབྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པ་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། །།བཙལ་སེམས་དང་བྲལ་བའི་སྐབས། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། བསམ་གཏན་ཉིད་ལས་བསམ་དུ་མེད། །མ་བསམ་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོགས་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་འདོགས་ཏེ། །སེམས་ཀྱི་དབེན་པས་ལམ་འཚོལཞིང་། །དགོན་བའི་རྒྱུད་དུ་དབེན་འཛིན་པ། །བརྟགས་ན་རྣམ་པར་རྟོགས་རྒྱུར་བསྒོམ། ཁུ་དང་འབྲས་བུར་མིང་འདོགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །གཉིས་སུ་མེད་པ་སྐྱོན་དང་བྲལ་བའི་སྐབས། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་པས་གསུངས། །ཡེ་ཤེས་རང་ལས་འབྱུང་བའི་སྐབས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་བརྒྱན་ཞེས་གསང་། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའ་སྔོ་བ་ལས། །རང་དོན་ཆེན་པོའི་ནམ་མཁའ་འབྱུང་། །དབྱིངས་རྣམ་པར་དག་པའི་ཐིག་ལེ། །གཟུངས་ཀྱི་སྦྱོར་ཐབས་ཀྱི་སྐབས། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །འདི་ནི་ཨ་དང་མཛེས་པའི་རྟ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོལ་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མ་ཧོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །འདོང་པས་ནམ་མཁའ་སྙབས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པའི་ཕྱིར། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཡོངས་སུ་རྫོགས་པའི་སྐབས། །དེ་ལྟར་དེ་བཞིན་དེའི་ཕྱིར། །དེ་ལ་དེ་བསྟན་དེ་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེའི་གནས་སུ་ཆེ། །དེ་ལྟར་དེའི་ལམ་འདྲ་བ། །དེ་ནི་དེའི་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལ། །ཟླ་བ་ལས་འབྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་འགྲུབ་པ་མེད། །ཆགས་པ་དང་བྲལ་བའི་སྐབས། །ད་ལྷའི་སྡེ་དང་ཕྱི་མའི་སྡེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་རྟེན་པར་མི་བྱའོ། །གདོད་ནས་ཆེ་བའི་སྙིང་པོ་ཉིད་ཀྱི་སྐབས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །མངོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས།། །།ཏུན་ཏུ་སྨོན་ལམ་དང་བྲལ་བའི་སྐབས། སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་བསྒྱུར་བའི་གནས་ཆེན་ཡང་། །སྒྱུ་མ་སྦྱང་བའི་བསྟི་གནས་ཡིན། །རྣམ་སྤྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །མ་བལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ལུང་སྟོན་པའི་སྐབས། ཅིག་སྟེ་རྣམ་པ་ཡོངས་ཀྱི་མེད། །རྣལ་འབྱོར་ནམ་མཁའི་བྱ་ལ་གནས། །མ་བྱུང་མི་སྐྱེ་སྙིང་པོ་ལ། །སྒྲོས་བཏབ་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོག་ཡུལ་མེད། །སྲིད་པ་མིང་ཙམ་ལྡོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་དུ་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས ཐ་ཚིག་མིང་དུ་བཏགས་པ་མེད། །ཡེ་ཤེས་ཆེན་པའི་ཐིག་ལེ།། །།མཉམ་པ་ཉིད་ཀྱི་སྐབས། །མི་གཡོ་བ་ནི་སྐུའི་རྒྱ། །མི་སྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གིས་གང་དུ་ཡང་། །ཀུན་ཁོལ་ཀུན་སྤྱོད་བདག་ལས་འབྱུང་། །འདི་ལ་སྐྱེས་པ་བུད་མེད། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས།། །།དངོས་གྲུབ་ཆེན་པོ་བདེ་བ་ལ་ཆགས་པ་སྤོང་བའི་སྐབས།འདི་ལ་བརྟུལ་ཤུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་གནས་པ་དེ་ལྟར་སྣང་། །སྣང་འདོད་བཙོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུག་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་གྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཉོན་མོངས་ལྟ་ལ་མགོ་བཅད་དང་། །ས་བོན་མེ་ཡིས་བསྲེག་པ་བཞིན། །དེའི་དབང་དུ་མི་འགྱུར་སྟོན། །རྣམ་གྲངས་བརྒྱ་ཕྲག་ཡངས་པས། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །རྩོལ་བ་དང་བྲལ་བའི་སྐབས། གླེང་བྲལ་འདི་ལ་གནས་པ་ཡི། །རྣལ་འབྱོར་འདི་ནི་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཆོས་ཉིད་ཀུན་ཏུ་མི་འགྱུར་བའི་སྐབས།། །།ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱི་གནས་པས་བདེ་ཆེན་ཏེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུའི་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །བླ་ཞིང་བཀའ་ལ་ས་ཕྱིར་དཀའ། །མངོན་གསུམ་མི་གནས་ཀུན་ཏུ་ཁྱབ། །མི་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེ། །རྒྱུ་རྐྱེན་ལས་མི་འགྲུབ་པའི་སྐབས། །ངོ་མཚར་རྨད་འབྱུང་རོལ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཅི་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བུས་པ་འཁྲུལ་པས་བསླད་པའི་ཕྱིར། །སྨན་ཉིད་སྨན་པ་འཆོལ་བ་བཞིན།། །།འགྲོ་བ་ཡོངས་ལ་སངས་རྒྱས་པར་བསྟན་པའི་སྐབས། འགྲོ་བའི་ཡུལ་ན་བདེ་བ་ཆེ། །འདི་ནི་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་སྔོན་པར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་ལ་གཙོ་ཆེན་ཡིན།། །།ཀུན་ཏུ་བཟང་བའི་ཐིག་ལེ། །ཚོགས་དབུལ་པའི་སྐབས། །འདས་དང་མ་འོང་ད་ལྟར་གྱི། ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །འདི་ནི་དུས་གསུམ་ཆེན་པོར་སྦྱོར། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཚོགས་ཀྱི་བརྒྱན་རྣམས་བཀྲམ་ན་ཡང་། །རང་བཞིན་གནས་པའི་འགྲིམ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །འདུས་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་དུ་མེད། །ཚོགས་ཀྱི་རྒྱན་རྣམས་རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་སྐབས། ཡིད་ཀྱི་བསམ་པའི་ཡོན་བདག་སྟེ། །བལྟས་པ་སྟོབས་ནི་བཀྲམ་པོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ནི་མཉམ་བཞག་རྫོགས་པའོ།། །།ལྷུན་གྱི་གྲུབ་པའི་སྐབས། ཡུད་ཙམ་བཟང་བས་སྦྱོར་བ་ཡིན། །དགའ་བར་གྱུར་བས་དམ་ཚིགས་ཏེ། །ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོང་བ་ཕུལ་བ་ཡིན། །ལས་རྒྱ་མཚོའི་སྐབས།། །།མི་བཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཟིན། །མི་རྟོག་ཡེ་ཤེས་བགེགས་གསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ །བདག་དང་བཅས་པའི་འཁོར་བ་འཆིང་བའི་སྐབས། བླ་མ་མཆོད་དང་སྟོང་པ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ལུང་འབྲེལ་པ་མིང་ཙམ་བརྡར་བསྟན་པའི་སྐབས། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལས་དེ་སྦྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ལྷུན་གྱི་གྲུབ་པའི་ཐིག་ལེ། བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད། །དཔལ་རྡོ་རྗེ་སེམས་དཔས་གསུངས་པ་རྫོགས་སོ།། །།