Ngb-pt-0923-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་རག་ཤ་བྷ་རི་ཤ་ཏན་ཏྲ། བོད་སྐད་དུ། ཀླུ་བདུད་ཨ་པར་ཤའི་རྒྱུད། དཔལ་རྟ་མགྲིན་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཀླུ་བདུན་ནག་པོའི་རྒྱུད་འདི་ནི། དང་པོ་རྒྱ་མཚོའི་གཏིང་ན་ཀླུའི་རྒྱལ་པོ་བེང་མགོ་ལ་ཆུང་མ་མཚར་མོ་ཅིག་ཡོད་པ་གནོད་སྤྱིན་ཧ་ལ་འབར་བས་ཕྲོགས་པས། ཀླུ་རྣམས་རབ་ཏུ་ཞེ་སྡང་སྐྱེས་ནས། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་ཀླུ་རྣམས་ཀྱིས་སྨྲས་པ། ཀྱེ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལགས། །གནོད་སྒྱིན་རྣམས་དང་ཧ་ལ་འབར་བ་ཡིས། །ཀླུ་རྣམས་བརླག་ཅིང་བང་མགོའི་ཆུང་མ་ཁྱེར། །འདི་ལ་བརྣག་པའི་ལས་ཅིག་མཛད་པར་ཞུ། །ཞེས་ཞུས་བས། ནཱ་གའི་རྒྱལ་པོ་དེས་གསུངས་པ། ཀྱེ་འཁོར་རྣམས་གྭ༄ས་པར་རབ་ཏུ་ཉོན། །ང་ཡི་གསང་སྔགས་དྲག་པོ་འདི། །མེ་དང་འདྲ་བས་རབ་ཏུ་འཚིག །ཆུ་དང་འདྲ་བས་བསྐལ་པ་འཁྲུ། །ས་དང་འདྲ་བས་ཐམས་ཅད་གནོན། །རླུད་དང་འདྲ་བས་ཐམས་ཅད་འཁྱེར། །སྣོད་དང་འདྲ་བས་རབ་ཏུ་བཟུང་། །སྣོད་མེད་རྣམས་ལ་སྤེལ་ན་ངན། །འདི་ནི་སེམས་ཅན་མ་ལུས་ཀུན། །ཕུང་བར་འགྱུར་བས་རབ་ཏུ་བརྣག །འདི་ནི་སྲོག་སེར་ལས་སུ་གསུངས། །ཅེས་གསུངས་པས། འཁོར་རྣམས་རབ་ཏུ་ཡི་རངས་ནས་གུས་པར་གྱུར་ཏོ། །ཀླུ་བདུད་ཨ་པར་ཤའི་གསང་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དང་པོ་ཐོག་སེར་འདི་གསུངས་སོ། །རྫས་བསག་པ་དང་སྔགས་དང་ཏིང་ངེ་འཛིན་དང་། བསྙེན་དང་བསྒྲུབ་དང་དབབ་པའི་ལས། །མ་གྲུབ་སྤོགས་དང་བདུན་གྱིས་བསྟན། །དང་པོ་རྫས་རྣམས་བསགས་པ་ནི། །གཙང་མའི་ས་ལ་མཎྜལ་ནི། །ཟླ་གམ་དབུས་སུ་གྲུ་གསུམ་མཚོན། །གྲུ་གསུམ་དེ་ལ་རོག་པོའི་གླང་། །རྭ་རུ་གཡས་པ་གཟུགས་པར་བྱ། །ནང་དུ་དངུལ་ཆུ་ལྕགས་ཕྱེ་དང་། །སྤང་སྤོས་བུམ་པ་རྟ་ཡི་རྫས། །མཎྜལ་དེ་ལ་རམས་ཕྱེ་དང་། ཁྱིར་ཁྲག་གིས་ཆག་ཆག་གདབ། །དགྲ་ཡི་སྔོ་ཁུ་ཤིས་པ་ཡིན། །གླང་རུ་རྟེན་གྱི་རྟ་ཡིན་ཏེ། །ཕོ་བྲང་རྟ་རུ་ཤེས་པར་བྱའོ། །དེ་ནས་མའི་དཀྱིལ་དུ་གཞུག །རྣ་འདྲེན་རྟ་ནི་རི་རབ་རྩེ་གཞུག །ཕྲག་ཅན་ཕུར་མའི་མགུལ་དུ་ཐུན་རྫས་གདགས། །རྒྱ་མདུད་མིང་བྱིང་འབོ་རེ་གཞག །རི་ཐང་མཚམས་སུའང་དེ་བཞིན་བྱའོ། །ཕོ་བྲང་རྟ་ལའང་དེ་བཞིན་གཟུགས། །འབེབས་པའི་དུས་སུ་ཁྲག་དང་ཕྱི་མ་སྦྲེལ། །དེ་རྣམས་རྟ་ཡི་རྫས་ཡིན་ནོ། །ཐུན་རྫས་ཉུངས་ཀར་སྐེ་ཚེ་ནི། །གླང་དམར་ར་རུ་བཟླས་པ་ཡིན། །ཐོག་ཏུ་བསྒྲུབ་ན་ལྕགས་ཐིག་ཅེས་པ་ཡིན། །དེ་ནི་ཐུན་གྱི་རྫས་ཡིན་ནོ། །གཏོར་མ་རྟེན་དང་མཆོད་པ་གཉིས། །ཉ་ཕྱིས་དུང་དང་འཁར་བར་བཤམ། །རྟེན་གཏོར་དེ་ལ་ཀླུ་སྨན་རྩི་སྨན་བཤམ། །མཆོད་གཏོར་རྒྱུན་དུ་གཏོར་བ་ལ། །ཆུ་གཙང་འོ་མས་སྦྱངས་ཏེ་མཆོད། །དུས་དྲུག་དུས་གསུམ་ཅི་འབྱོར་བཤམ། །ཕུད་རྒོད་གཙང་མ་གླང་རོ་ཁྲག །སྦྱངས་པས་དལ་དང་རྫས་རྣམས་ལ། ཁ་བཤལ་གཙང་མའི་ཁྲུ་ཡིས་གདབ། །རང་རེའི་སྔགས་ཀྱིས་གཏོར་མ་གཏང་། །མཆོད་གཏོར་ཕུད་ནས་ཕོ་བྲང་གཏང་། །རན་པའི་ཚད་རེ་གཞུག་པར་བྱ། །མཆོད་གཏོར་གནས་ཀྱི་སྒོ་ཁང་ངམ། །དགྲ་ཡི་ཕྱོགས་སུ་གཏང་བར་བྱ། །གཏང་ནས་མཆོད་གཏོར་བཤམ་པ་གཅེས། །དེ་རྣམས་གཏོར་མའི་རྫས་ཡིན་ནོ། །དགོངས་ཀའི་ཟེར་རམ་སྲོད་ཉིད་ལ། །རང་གི་གནས་ཀྱི་ཐེམ་རྩ་མྲ །རྣམ་སྣང་ཕྱེ་དང་སྦང་སྐམ་གྱིས། །དུད་པ་གཏང་བ་གཅེས་པ་ཡིན། །བགེགས་འབྲོས་ལྷ་བདུད་དམ་རྫས་ཡིན། །རྫས་རྣམས་འཚོགས་ནས་སྔགས་བཟླས་པ། །དང་པོ་བསྙེན་པའི་སྔགས་བསྟན་པ། །འབྲི་མ་ནི་ཁྱི་ལ་ཕྲོམ། ཤུ་ཤུ་རྦད་ཐུམ་ཁྲག་ཤར་ཤར། ཏྲི་མ་ལ་ཛ། བསྙེན་པ་ཞག་དགུར་བྱ༷་བ༷་སྟེ། །བསྙེན་པ་ཐབས་ནས་བསྒྲུབ་པ་ནི། །དོང་བུ་ཉིད་དུ་ཞག་དགུ་བཟླས། །འབྲི་མ་ནི་ཁྱིལ་ཁྲོམ། ཤུ་ཤུ་རྦད་ཐུམ། ཁྲག་ཤར་ཤར། ཏྲི་མ་ལ་ཛ་སྙོ། གྲག་ཤ་ཚན་དྷི་གྲག་ཤ་ཚན་དྷི། རུལ་ཕོབ་རུལ་ཕོབ། ཁྲག་ཕྲོ་ཕྲོ་ཛ་ལ་མ་སྦྱོ་སྨྱོ། དེ་ལྟར་དགུ་རུ་བསྒྲུབ་པའོ། །མནན་ཏེ་དབབ་པ་ཞག་གསུམ་ལ། །གྲག་ཤ་ཚན་དྷི། གྲག་ཤ་ཚན་དྷི། རུལ་ཕོབ་རུལ་ཕོབ། ཁྲག་ཕྲོ་སྒྲོ་ཛ་མ་ལ་སྨྱོ་སྨྱོ། ལ་དང་སྨྱོ་བར་དགྲ་ཡུལ་གཞུག །དེ་རྣམས་སྔགས་ཀྱི་རིམ་པ་ཡིན། །ཏིང་ངེ་འཛིན་གྱི་རིམ་པ་ནི། །བསྙེན་པའི་དུས་སུ་རྟ་མགྲིན་སྤྱི་ཐུན་བསྒོམ། །རྟ་མགྲིན་མདུན་དུ་ཀླུ་བདུད་བཀའ་ཉན་བསྒོམ། །སྒྲུབ་པའི་དུས་སུ་རྟ་མགྲིན་ཀླུ་བདུད་བསྒྱུར། །ལས་ཀྱི་ཀླུ་བདུད་མདུན་དུ་ལས་བྱེད་བསྒོམ། །མཆོད་པའི་ཀླུ་བདུད་དེ་ལ་ནན་ཏན་བྱའོ། །མི་ཡི་ལུས་ལ་སྦྲུལ་མགོ་དགུ། །ནག་པོའི་སྦལ་ཀ་ལག་པ་གཉིས། །གཡས་པ་ཟོར་བ་གཡོན་པ་དྲ་བ་བསྣམས། །གཞུག་མ་སྦྲུལ་དུ་འཁྱིལ་བ་ཅིག །རོ་སྟོད་གནམ་གྱི་ལྷ་རྣམས་འཁྲུག །མཇུག་མས་འོག་གི་ཀླུ་རྣམས་འཁྲུག །ཕྱག་གཉིས་དགྲ་བོའི་ལོ་ཏོག་འབྱབ། །ཞལ་ནས་འབྲུག་ལྡིར་ལྗགས་ལས་གློག་ཏུ་འཁྱུག །ཏིང་ངེ་འཛིན་གྱི་རིམ་པའོ། །བསྙེན་དང་བསྒྲུབ་པ་གོང་བཞིན་བྱ། །དབབ་པ་བསྟན་པ་འདི་བཞིན་ཡིན། །རྟ་ཐུན་སྦས་ལ་ཡུལ་ལྷ་དཀྲོག །ཡུལ་ལྷའི་ལྷ་རྟེན་རྩ་ཉིད་དུ། །རྣམ་སྣང་སྦང་སྐམ་དུད་པས་འདུག ཁྲག་དང་ཕྱི་མོས་རྟགས་གསུམ་སྦྲེལ། །རྟ་གཏོར་ཐུན་རང་ཡོང་སར་གཏོར། །ཐུན་ནི་རྣ་ནག་འུར་རྡོས་འཕང་། །དེ་དུས་བསྒྲུབས་སྔགས་གཉིས་སུ་དྲིལ། །གཅེར་བུར་ཕྱུང་ལ་དུལ་བས་གདབ། །དེ་ལྟར་བྱ་བ་དབབ་པ་ཡིན། །དེ་དུས་རང་ལ་ཐོག་བྱུང་ན། །ཟངས་ཀྱི་བྱང་བུ་མིག་དགུ་དང་། །བ་རྟ་རྩ་སྔགས་བཟློག་པ་གཉིས། །སྤྱི་བོའི་གཙུག་ཏུ་གདགས་པ་ཡིན། །ཕྱི་ལམ་འབྲེངས་ན་འདི་ལྟར་ཡིན། །རྟ་མགྲིན་སྡིགས་མཛུམ་དགྲ་ལ་བསྟན། །རྩ་སྔགས་བཟློག་ལ་བཟླས་པ་དང་། །འུར་རྡོ་བཅས་ལ་ཕྱི་ལམ་འཕང་། །མ་གྲུབ་སྤོགས་པའདིབཞིནབྱ། །རྟགཏོར་མི་དགོས་རྒྱུན་གཏོར་བཞིན་དུ་བྱ། །བསྒྲུབ་བསྔགས་སྣ་དྲངས་བསྙེན་སྔགས་ཤམ་བུར་གདགས། །ཀླུ་བདུད་གཟུགས་བྱས་ཞག་གསུམ་བྲབ། །ཞག་གསུམ་རྗེ་གས་ནས་རྟ་རྣམས་བཏོན་ལ་སྤྱིན་སྲེག་བྱ། །ཀླུ་བདུད་གཟུགས་དེ་རྣམ་སྣང་དུད་པ་གཉིས་ཀྱིས་བདུག །དེ་ལྟར་ལས་རྣམས་རྗོ་གས་པ་ནི། །གནམ་ལྕགས་སེར་བ་གནམ་ཐར་འབྱོན། །ཀླུ་བདུད་ཨ་བར་ཤའི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་གཉིས་པའོ།། །།ཐོག་སེར་འབེབས་དུས་སུ་གཅེས་པ་གདམས་ངག་འདི་གསུངས་སོ་། །དང་པོ་ཁྲུས་དང་གཙང་སྦྲ་བྱས། །མི་ནག་རྣམས་དང་ཁ་མི་བསྲེ། །མི་ཡི་གོས་དང་ཁ་ཟས་བསྲུང་། །གནས་ཁང་གཙང་མ་རབ་ཏུ་གཅེས། །བྱ་ཁྱི་མི་ལ་རྫས་མི་བསྟན། །ཐུ་ཡུགས་གྲིབ་མ་མི་གཏང་ཞིང་། །མེ་དང་ཉི་མ་སྤང་བ་གཅེས། །དམིགས་པ་དགྲ་ཡུལ་གསལ་བ་གཅེས། །བདག་ལ་བསྲུང་བའི་ཀླུ་བདུད་ཀྱིས། །བསྲུང་བའི་ལྷ་ནི་རབ་གཟིར་ནས། །དེས་ཀྱང་སེར་བ་འབེབས་པར་བསམ། །ཐུན་རྣམས་གནམ་ལྕགས་སེར་བར་བསམ། །འབེབས་དུས་རྟ་ལ་ཞོན་པ་མེན། །ཐུན་ལ་བཟླས་པ་བྱེད་དུས་སུ། །སྒོ་ག་བཅོ་ང་ཚོ་ད་པའི་ཟས་རྣམས་སྤངས། །རྫས་དང་བསྒྲུབ་ཁང་རང་དང་གསུམ། །ནམ་མཁའ་མཐོང་བར་མི་བྱའོ་། །རྫས་ཀྱི་ལྷག་མ་གཞག་པར་གཅེས། །བཞག་ནས་རྩང་སར་མི་འཕྲོག་གཞག །གནམ་དང་མེ་དག་ཉི་མ་དབབ། །དེའི་ཕྱིར་ན་ལས་ལ་སྦྱར། །གོ་ང་མའི་གདམས་པ་མི་ལྡན་ན། །སེར་བ་ཞུད་པའི་རྒྱུ་ཡིན་ཏེ། །རྫས་མ་འཚོགས་ན་ཞུད་པའི་རྒྱུ། །ཏིང་ངེ་འཛིན་མ་གསལ་ན་ཞུད་པའི་རྒྱུད། །སྔགས་མ་ཐེབས་ན་ཞུད་པའི་རྒྱུ། །ཞེས་གསུངས་སོ། །ཀླུ་བདུད་ཨ་པར་ཤའི་རྒྱུད་ལས། ཐོག་སེར་གདམས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ཀླུའི་རྒྱལ་པོས་འཁོར་རྣམས་ལ་རྟགས་ཀྱི་ལེའུ་འདི་གསུངས་སོ། །སེར་བ་བསྒྲུབ་པའི་དུས་ཉིད་དུ། །བསྙེན་པའི་རྟགས་སུ་འདི་བཞིན་འབྱུང་། །ཡུར་བ་འཁྱག་དང་ཆུ་འདྲེན་དང་། །ཆུ་ནག་སྦལ་ལྕོང་འཁྲུག་པ་དང་། །གཡང་ཟ་བའི་རི་ལ་འཛེག་པ་དང་། །ངམ་འཇིགས་མུན་པ་ནགས་པོ་འབྱུང་། །སྒྲུབ་པའི་རྟགས་ནི་འདི་བཞིན་འབྱུང་། །རྫིང་དཀྱིལ་ལུག་མཚོ་ཆུ་བུར་འབྱུང་། །ཞག་གསུམ་ཐུན་ལ་འདི་བཞིན་འབྱུང་། ཁྱབ་པ་གངས་དང་སྦལ་འདྲིལ་དང་། །མི་རངས་རྩས་མ་རྔ་བ་དང་། །བ་གླང་ཞིང་ལ་འགྱེད་པ་འབྱུང་། །དེ་རྣམས་བཟང་བའི་རྟགས་ཡིན་ནོ། །ངན་པའི་རྟགས་ནི་འདི་རྣམས་འབྱུང་། །ཡུར་བ་རྐོང་དུ་ཆུད་པ་དང་། །རྫི་བོའི་ལུག་ལ་སྤྱང་ཁུ་ཞུགས་པ་དང་། །རྟ་ཞོན་གོས་ནག་གོན་པ་དང་། ཁ་བས་ལྕིབས་དང་སྙིང་མི་དགའ། །ངན་པའི་རྟགས་ཡིན་བསྐྱར་ལ་བསྒྲུབ། །དེ་ནས་གཙོ་བོ་རྣམས་ལ་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་ནས་བསྟོད་པ། ཀྱེ་ནཱ་ག་རྭ་ཛ་བུ་དྷ་རད་ན་ལགས། །འཇིག་རྟེན་ཆམ་ལ་འབེབས་པ་སྲོག་སེར་རྒྱུད། །ཨ་པར་ཤའི་གསང་རྒྱུད་སྣང་བ་གློ་བ་དགའ། །ལྔ་བརྒྱའི་དུས་སུ་གཅད་པ་དང་། །གནོད་སྦྱིན་ཆམ་ལ་འབེབས་པ་དང་། །ལས་ངན་བྱུང་ན་སྤྱད་པ་དག །དཀོན་མཆོག་དབུ་འཕངས་སྨོད་པ་དག །སྐུ་ལ་སྡོ་བ་བྱུང་ན་སྤྱད་པར་བགྱིའོ། །ཞེས་འཁོར་རྣམས་རབ་ཏུ་དགྱེས་ནས་རང་རང་གི་གནས་སུ་འཁོད་དོ། །ཀླུ་བདུད་ཨ་བར་ཤའི་རྒྱུད་ལས། གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཁོར་རྣམས་ལ་རྒྱུད་ཡོངས་སུ་གཏད་པའི་ལེའུ་འདི་གསུངས་སོ། །ཀྱེ་འཁོར་རྣམས་ངའི་གསང་སྔགས་ཟབ་མོའདི། །ཙིཀྟའིདཀྱིལ་ནས་སྙན་ཁུང་བརྒྱུད་པ་འདི། །སེམས་ཀྱི་དཀྱིལ་དུ་བྱས་ལ་བཅང་བར་རིགས། །ཡོངས་སུ་གྲགས་པ་མེན་པར་བཅང་བར་རིགས། །མེ་དང་འདྲ་བས་སེམས་ལ་བཅང་བར་རིགས། །དུག་དང་འདྲ་བས་སེམས་ལ་བཅང་བར་རིགས། །བཅངས་ན་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བསྟན་པ་འཇིག་པའི་དུས་བྱུང་ན། །མེ་དང་འདྲ་བས་སྤང་བར་བྱ། །རིགས་དང་ལྡན་པའི་སྣོད་བརྟགས་ལ། །སྣོད་ལྡན་ཅིག་ལ་སྤྱིན་པར་བྱ། །སྣོད་ལྡན་དང་ཚུལ་བཟང་བ་དང་། །བླ་མ་སློབ་དཔོན་འཁུར་ལ་སྦྱིན། །སྣོད་མེད་རྣམས་ལ་སྤེལ་ན་ངན། །རང་ཉིད་རྡོ་རྗེ་དམྱལ་བར་ལྟུང་། །ཞེས་གསུངས་སོ། །ཀླུ་བདུད་ཨ་པར་ཤའི་གསང་རྒྱུད་ལས། འཁོར་ལ་རྒྱུད་གཏད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཀླུའི་རྒྱལ་པོས་བཟློག་པ་མཁན་རྣམས་ལ་ངག་བཅིངས་འདི་གསུངས་སོ། །ཀླུ་ཤིང་སྟག་པའི་ཤུན་ལྤགས་ལ། །གང་ཡིན་མནན་པའི་ལིང་ག་བྲི། །ལྕེ་ལ་རྡོ་རྗེ་རྒྱ་གྲམ་བྲི། །ལྟེ་བར་མིང་རུས་བྲི། །རྭ་ལ་གསང་སྔགས་བྲི། །བྲི་མ་ནི་ཤུ་བྲ་རྦད་ཐ༷། ནག་པོ་ཏི་ཙ་ཁ་ཐ༷། ན་ཏ༷་བ་ཡ་ནན། ཆེ་གེ་མོ་བ་ཏི་སྟམ་པ་ཡ་ནན། མྱ་ར་ཡ་ནན། ལམ་ནན། ལིང་གདུད་པ་གཉིས་ཀྱིས་བདུག །སྔོན་དམར་སྐུད་པས་རྒྱ་གྲམ་བཅིང་། །རོག་པོ་གླང་གི་རྭ་རུར་གཞུག །ཡུག་སའི་ཞབས་མས་གྲིལ་བྱས་ལ། །དཀར་ནག་སྐུད་པས་བསྐྱིགས་བྱས་ལ། །ཟམ་པའི་རྔུར་རམ་མཆོད་རྟེན་རྨང་། །རྒྱ་གྲམ་ལམ་ལ་མནན་པར་བྱའོ། །ཞེས་གསུངས་སོ། །ཀླུ་བདུད་ཨ་པར་ཤའི་རྒྱུད་ལས། བཟློག་པ་མཁན་ངག་བཅིང་པའི་ལེའུ་སྟེ་དྲུག་པའོ།། །ཁུསྣྲུད་འདི་མ་བུ་མ་མཆམ་པ་སློབ་དཔོན་ཀླུ་གྲུབ་ཀྱིས་ཀླུའི་ཡུལ་ནས་སྤྱན་དྲངས་ནས། རྒྱ་གར་ཚངས་པའི་ཀླུ་གནས་སུ་གཏེར་དུ་སྦས་སོ། །དེ་ནས་གཙུག་ལག་དཔལ་དགེས་བཏོན། །དེ་སློབ་དཔོན་པདྨས་བསྣམས་ནས་བྱོན་ནས། སྲས་དུམ་ཚ་དང་ཀློང་ཐང་སྒྲོན་མར་སྦས། དེ་ནས་ཞང་སྟོན་ཡེ་ཤེས་ཀྱིས་བཏོན། །དེ་ལ་འབྲོ་སྟོན་དཀོན་པོས་ཞུས། དེ་ལ་རྒྱ་སྟོན་བདག་གིས་ཞུས། སྒྲུབ་པ་བྱེད་པའི་དུས་སུ་ཁྲུས་དང་གཙང་སྦྲ་ལ་བརྟེན། བསྙེན་པའི་དུས་སུ་ཐུན་ལ་ཁ་མི་གཏད། བསྒྲུབ་པའི་དུས་སུ་ཐུན་ལ་ཁ་གཏད། ལས་སྦྱོར་དུས་སུ་ཐུན་དགྲ་ཡུལ་དུ་གསལ་བ་གལ་ཆེའོ། །བླ་མ་བརྒྱ་ཡིས་བདག་ལ་གནང་བའོ། །ཀླུ་བདུད་ཨ་པར་ཤའི་རྒྱུད་རྫོགས་སོ།། །།