Ngb-pt-0606-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ཉན་ཅིང་བྱིན་ཆེ་བར་མཐོང་བ་དང་། དེ་ལ་གར་གྱི་སྤྱི་གཙུག་ལྟར་ལེན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མིག་གི་འབྲས་བུ་ལྟར་མཐོང་སྟེ། ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་།འཇིག་རྟེན་ཕྱི་མར་རིགས་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ་ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེལ་བར་འགྱུར་རོ། །ཚོགས་མ་ཕུལ་བའི་སྐྱོན་ནི་བསྒྲུབས་ཀྱང་དོན་མེད་ཅིང་། བདེ་བར་གཤེགས་པ་རྣམས་ཀྱང་ཞལ་འཛུམ་པ་མི་མཛད་ཅིང་། །བསོད་ནམས་ཀྱི་སྐལ་བའི་ཤས་ཆུང་སྟེ། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་གནས་སུ་སྐྱེ་བར་འགྱུར་རོ། །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་ཚོགས་རྒྱུད་ཆེན་པོ་འདི། འཇིག་རྟེན་གྱི་ཁམས་གང་ནས་གང་དུ་སྣང་བར་འགྱུར། སེམས་ཅན་རྣམས་ལ་ཇི་ལྟར་ཕན་གདགས་པར་འགྱུར། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་རིགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །དང་པོ་འོག་མིན་གྱི་གནས་སུ་ཏིང་ངེ་འཛིན་གྱི་མཆོད་པ་ལས་རྒྱུ་བླངས་ཏེ། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་ཕུལ་བས། ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་པར་འགྱུར་རོ། །དེ་ནས་གཟུགས་ཁམས་ཀྱི་ལྷ་ཚོགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་བས། །དཔལ་ཚངས་པ་དང་བརྒྱ་བྱིན་གྱིས་རྒྱུ་བྱས་ཏེ། ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ལ་གཞི་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་འཁོར་དང་བཅས་པ་ལ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་བས། ལྷའི་རིས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ། ཕུང་པོ་མི་གནས་པའི་མྱ་ངན་འདས་པས། མངོན་པར་རྫོགས་པར་སངས་རྒྱ་བར་བྱེད། དེ་ནས་དྲང་སྲོང་རྣམས་ཀྱི་རིས་ལ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། དྲང་སྲོང་རྣམས་ཀྱིས་འབྱོར་བའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པས། རྒྱལ་བའི་དཀྱིལ་འཁོར་ཚོགས་ཀྱི་མཆོད་པ་ཕུལ་བས། དྲང་སྲོང་ལ་སོགས་པ་རིམ་ཀྱིས་ཕུང་པོ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ། །དེ་ནས་ཀླུའི་རིས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པསཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པས། ཀླུའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་ཀྱིས། རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་ལ་ཚོགས་ཀྱི་མཆོད་པ་ཕུལ་བས། ཀླུའི་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་བ་ལུས་མ་བོར་བར། མི་གནས་པའི་མྱ་ངན་ལས་འདས་པས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པར་གྱུར་ཏོ། །དེ་ནས་མིའི་གནས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་ན་ཡོད། མིའི་གནས་ན་སྣོད་དུ་གྱུར་པ་དང་། རིག་པ་ཆ་ཕྲ་མོ་ཡོད་པ་དང་། སྤྲུལ་པའི་སྐུ་ལ་གནས་པ་དང་། སྔོན་གྱི་སྨོན་ལམ་གྱི་དད་པའི་རྒྱལ་པོ་དང་། བྲམ་ཟེ་དང་། གོ་རུ་དང་། ཤ་དྲངདང་། བསྟན་འཇམ་དང་། ཁྱིམ་བདག་གི་རིས་དང་། ལས་ཀྱི་འཕྲོ་ཅན་ལ་སོགས་པ་རྣམས་ཀྱིས་དང་དུ་བླངས་ཏེ། རྒྱལ་སྲིད་དང་། ལོངས་སྤྱོད་དང་། གྲོགས་མཆོག་ཏུ་བཅས་ཏེ་རབ་ཏུ་དབེན་པའི་གནས་སུ།གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་ཏེ། བདེ་བར་གཤེགས་པའི་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་སྤྱན་དྲངས་ཏེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་ཏེ། འཕགས་པའི་ཞལ་མངོན་སུམ་དུ་མཐོང་བར་བྱས་སོ། །ཚོམ་བུ་གྲངས་བརྒྱ་དང་། སྟོང་ལ་སོགས་པས། ཕོ་མོའི་རིས་བསམ་གྱིས་མི་ཁྱབ་པ། ལུས་མ་བོར་བར་ཚེ་འདི་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་སྒོ་བཀག་སྟེ། རིམ་གྱིས་བླ་ན་མེད་པའི་ལམ་ལ་བཀོད་པར་བྱེད་དོ། །གང་ཞིག་མཚམས་མེད་པ་ལྔའི་ལས་བྱས་ཏེ། དམྱལ་བར་ལྟུང་ངེས་པ་ཡང་རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་གཞུང་བཞིན་དུ་ཕུལ་ནས། མནར་མེད་པའི་གནས་སུ་མི་ལྷུང་སྟེ། བདེ་བར་འགྲོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །གང་ཞིག་རྩ་བ་དང་ཡན་ལག་དམ་ཚིག་ཉམས་པ་ཡང་གཞན་གྱིས་མི་སྐོངས་ཏེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདིས་སྐོངས་པར་འགྱུར་རོ། །གང་ཞིག་གཞན་ལ་ཕན་གདགས་པར་འདོད་ན་ཡང་ལས་གཞན་གྱིས་མི་འགྲུབ་སྟེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་ཕུལ་ན། གང་ཕན་གདགས་པ་དེ་འགྲུབ་པར་འགྱུར་རོ། །གང་ཞིག་བར་དུ་གཅོད་པ་སྒྲོལ་བར་འདོད་ན་ཡང་། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་འདི་ཕུལ་ན། །ཡིད་ལ་བསམ་བཞིན་དུ་སྒྲོལ་བར་འགྱུར་རོ། །གང་ཞིག་འཇིག་རྟེན་འདི་ན་བདེ་བ་དང་མཐུ་དབང་ཕུན་སུམ་ཚོགས་པར་འདོད་ན་ཡང་། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་འདི་གཞུང་བཞིན་དུ་ཕུལ་ན་གང་འདོད་པ་དེ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ཡང་། སྣོད་མ་ཡིན་པ་དང་། ཁྱེའུ་རྔམ་ཅན་དང་། དམ་ལ་མི་གནས་པ་དང་། བརྣབ་སེམས་དང་།འདོད་པས་བརྒྱལ་བ་རྣམས་ནི་མ་གཏོགས་སོ། །དེ་ནས་སེམས་དཔའ་རྣམས་ཀྱིས་གསོལ་བ། རིམ་གྱིས་བླ་ན་མེད་པའི་བསྒྲུབ་པ་ལགས་ན། མི་ལ་སོགས་པ་ཐམས་ཅད་ཀྱིས་མཐར་རྫོགས་པར་འགྱུར་ལགས་སམ།རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཆོགས་རྒྱུད་ཆེན་པོ་འདི། རིས་ཚོམ་བུ་དང་གྲངས་མང་བར་སངས་རྒྱས་པར་བྱེད་ན་ཡང་། ཀུན་གྱི་ཐུན་མོང་དུ་མ་གསུངས་ཏེ། དཔེར་ན་ཏིལ་མར་གྱི་རྫས་ལ་ཕོག་ཀྱང་སྲ་ཞིང་མཁྲེགས་པར་འགྱུར་ན། ཨ་ཙ་ཀའི་དོག་པ་མགོ་ལ་ཕོག་ན་ཚལ་བ་བརྒྱ་རུ་འགས་པར་འགྱུར་བ་བཞིན་དུ། དམ་ལ་མི་གནས་ཤིང་གསང་སྔགས་ཚིག་ཙམ་ཁུངས་ཕྱུང་ནས། ཁེངས་དང་།གྲགས་པདང་། ཕྲག་དོག་ཉོན་མོངས་པར་རང་རྒྱུད་དུ་སྤྱོད་པ་རྣམས་ཀྱིས་སྤྱད་ཀྱང་སླར་ཉམས་པའི་གཞིར་འགྱུར་རོ། །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་མིའི་འཇིག་རྟེན་ཁྱབ་པར་འགྱུར་ན་ཡང་། ཕལ་ཆེར་ལྟ་བ་དང་མི་ལྡན་པར་འབྱོར་བ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང་དོན་མེད་པ་མ་ཡིན་ཏེ། འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་སྐྱེད་པ་ཙམ་ལས། འདི་ཉིད་དུ་སངས་མི་རྒྱ་བ་ཡང་འབྱུང་ངོ་། །ཕལ་ཆེར་ཁུངས་ཕྱུང་ཚམ་དང་། འབྱོར་བ་མ་ཚོགས་པར་འབུལ་བ་དག་ཀྱང་ཡོད་ན། དམིགས་པའི་ཕན་སྟོབས་ཙམ་དུ་འགྱུར་བ་ཡང་ཡོད་དོ། །གང་ཞིག་དགོངས་པ་ལྷུན་གྱིས་གྲུབ་ཅིང་ལྟ་བ་དང་མན་ངག་ཏུ་ལྡན་པ་ལ། དུས་གསུམ་དུ་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་ཚོགས་འབུལ་བ་ལྷ་ཅི་སྨོས་ཀྱིས། སློབ་དཔོན་དེ་ལ་ཀ་མ་ར་བཞེས་དྲོ་ཞལ་གཅིག་ཙམ་དྲངས་པ་ཡང་། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་བ་དང་འདྲ་བར་སྐལ་བ་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་རང་བཞིན་ཏོ། །དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི། ལྷའི་འཇིག་རྟེན་དང་མིའི་འཇིག་རྟེན་དུ་མཐའ་སྤྱོད་པར་འགྱུར་རོ། །མིའི་འཇིག་རྟེན་ན་ཡང་། བསྐལ་པ་བཟང་པོ་དང་དུས་དང་པོ་ལ་ནི། རྒྱ་གར་གྱི་ཡུལ་ལ་སོགས་པ་ལ་ཡུལ་གྱི་དབུས་དང་། ཁྲིམས་དང་ཚུལ་ལ་གནས་པའི་རྒྱལ་པོ་དང་། བྲམ་ཟེ་དང་།ཁྱིམ་བདག་གི་རིགས་ལ་སོགས་པ་རྣམས་ཀྱིས་རྒྱུར་སྤྱད་ནས། གུ་རུ་མ་ཧྭ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་བཤད་ཅིང་བཀྲོལ། བགྲུང་ཞིང་མ་ཉམས་པར་བྱས་ནས། འགའ་དང་འགའ་ཙམ་ལས་ཕལ་ཆེར་མི་སྤྲོ་སྟེ། གསང་སྔགས་གསང་བའི་སྒོ་ནས་མཐར་ཕྱིན་ཅིང་མངོན་དུ་འགྲུབ་པར་འགྱུར། བསྐལ་པ་བར་པ་དང་། དུས་བར་པ་ལ་རྒྱལ་ཁམས་རིས་ཕལ་ཆེར་གྲགས་ཏེ། རིག་པའི་ས་ཐོབ་པ་དང་། རྒྱུད་ཀྱི་དོན་ལ་མཁས་པ་དང་། མན་ངག་དང་། གནང་དབང་ཚུལ་བཞིན་ཐོབ་པར་བྱས་ནས། མཚན་དང་ལྡན་པའི་མི་མོ་དང་། གཞུང་དང་ལྡན་པའི་རྣལ་འབྱོར་པ་དང་། དད་པ་དང་ལྡན་པའི་ཕ་རི་ཧ་དང་། ཁྲིམས་དང་ལྡན་པའི་རྒྱལ་པོ་དང་། བློན་པོ་ལ་སོགས་པ་གྲངས་ཀྱི་ཚོམ་བུར་བསྡུས་ཏེ་བཤད་ཅིང་བསྟན་པ་དང་། རྟོག་བཀྲོལ་ཞིང་ཁུ་འཁྲིག་དང་ཐེ་ཚོམ་མ་ཟོས་པར་བྱས་ཏེ། གནས་དབེན་པ་དང་འགོལ་བར། སྐྱེ་བོ་དང་མི་ནག་ཡོངས་ཀྱིས་མ་འཁྲིགས་པར། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་ནས། དུས་གསུམ་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་མཆོད་པ་ཆེན་པོ་གཞུངབཞིནདུཕུལབས། འདི་དང་ཕྱི་མ་གཉིས་ཀའི་དོན་དུས་གཅིག་ཏུ་བསྒྲུབས་ཏེ། གཟུགས་མི་ཡུལ་ནས་མ་འཕགས་པར་སངས་རྒྱས་ཀྱི་ས་ལ་གནས་པ་དང་། ཡོངས་ཀྱིས་གསང་ཞིང་གསང་སྔགས་གཉན་ཞིང་སྤྱོད་པ་རླབས་པོ་ཆེ་མ་འཕྲིག་སྟེ། ཡ་ཀ་དང་སྒྲོ་སྐུར་འདེབས་ཤིང་གསང་བའི་བཀའ་ཐབས་ཀྱིས་སྨོད་པར་འགྱུར། བསྐལ་པ་ཐ་མ་དང་དུས་ཐ་མ་ནི། གང་ཟག་གི་ཐ་དད་དང་། རྒྱལ་པོའི་བཀའ་ཁྲིམས་ཉམས་པས། མི་སྨད་རིམ་ནས་དབང་ཆེ་བ་དང་།བློན་པོས་བྱས་པས། སོ་ག་ནང་དུ་ལྟས་པ་དང་། རྣལ་འབྱོར་པ་མ་ཁྲོལ་བས་བསྲུང་མཚམས་ལས་འདས་ཤིང་། གསང་བ་འཆོལ་བའི་དབང་གིས། མཐའ་འཁོབ་དང་། སྣོད་མེད་པ་དང་། ཀླ་ཀློ་དང་། ཙི་ར་བའི་གྲོང་ཐམས་ཅད་དུ་གདལ་བས། གསང་སྔགས་འཆོལ་ཏེ་ཆོས་ནི་ཀུན་སྤྱོད། ཆོས་བཞིན་དུ་ནི་གང་ཡང་མི་བྱེད། ཆོས་ནི་ཀུན་ལ་ཡོད་པར་བྱས། རྟོགས་ནི་སློབ་དཔོན་རང་གིས་ཀྱང་མ་རྟོགས། དམ་ཚིག་ནི་ཀུན་ནོད།སྲུན་པ་ནི་གཅིག་ཀྱང་མི་སྲུན། སློབ་དཔོན་ནི་ཀུན་བྱེད། དབང་ནི་གང་ལ་ཡང་མེད། ལད་མོ་ནི་ཀུན་ཟློས། ཉམས་སུ་ནི་གང་གིས་ཀྱང་མ་ལོན། དབང་ནི་ཀུན་ལ་བསྐུར། ཆགས་པ་ནི་གང་ལ་ཡང་མ་ཆག འཆད་པ་ནི་ཀུན་ལ་འཆད། ཐོག་ཏུ་ནི་གང་གིས་ཀྱང་མ་ཕེབས། རྩོམ་པ་ནི་ཀུན་རྩོམ། མཐར་གང་གིས་ཀྱང་མ་ཕྱིན་པས། ཕལ་ཆེར་སྤྱིད་ལུག་སྟེ། སྔགས་ལས་ལོག་པ་དང་། ཕལ་ཆེར་མ་རྟོགས་པས་ཐེ་ཙོམ་ཟ་བ་དང་།ཕལ་ཆེར་ཡ་ཀ་དང་སྐྲོ་སྐུར་འདེབས་པ་དང་། རྣལ་འབྱོར་གྱི་ཚོགས་མཆོད་འབྱོར་པ་རྣམས་མི་འབུལ་བར། མི་འབྱོར་པ་འབུལ་བར་བྱེད་པས། དེའི་དབང་གི་འབྱོར་བ་རྣམས་ཀྱང་མངའ་ཐང་དང་ལོངས་སྤྱོད་བྲི་ནས། འཚམས་ཆད་ཙམ་འབུལ་བར་བྱེད་ཅིང་། བསོད་ནམས་མི་ཐོབ་པ་དང་། ཕལ་ཆེར་འབྱོར་པ་སྣ་ཚོགས་གསོགས་ཏེ་འབུལ་བར་བྱེད་ན་ཡང་། གསང་མེད་པ་དང་། གྲགས་པ་འདོད་པའི་ཕྱིར། བདག་དུས་འདི་ཙམ་ནས་ལོངས་སྤྱོད་འདི་ཙམ་བཤམས་ཏེ། ཚོགས་མཆོད་འབུལ་བར་བྱེད་དོ། །ཞེས་བསྒྲགས་པའི་དབང་གྱིས། གཏན་པ་ཅན་དང་། །བརྣབ་སེམས་དང་། །གནོད་སེམས་དང་། ཉོན་མོངས་པའི་དབང་དུ་གྱུར་པའི་སྐྱོན་དང་། མཁས་པ་རྣམས་མི་འཆད་པར་། མི་མཁས་པ་རྣམས་ཆེ་འདོད་པའི་ཕྱིར་འཆད་པས། མཁས་པ་རྣམས་ཀྱིས་བཀའ་རྒྱུད་གསང་བའི་མན་ངག་རྣམས་བརྣགས་ཏེ་སྦས་ཟེར་བས། བཀའ་ངེས་པ་ནུབ་པའི་སྐྱོན་གྱིས། ཕལ་ཆེར་ཉུངས་ཀྱིས་དོགས་ནས། རང་བཟོའི་དང་། ཀེའུ་ཤང་དང་། བསྲེ་བཅོལ་དང་། མིང་ཚིག་ཏུ་བསྡེབས་པས། དེ་ལ་ཆེ་བར་མཚན་བརྟགས་ཀྱང་རྒྱུད་ལ་ཁུངས་མེད་པའི་གང་ཟག་སྤྲིན་དུ་རེ་བའི་རང་ཐད་དུ་གྱུར་པས། ངལ་བའི་ཚད་པ་དང་། ལས་བརྩམས་པའི་གྲོན་ཚོགས་སུ་གྱུར་ཅིང་གྲུབ་པའི་དུས་རིང་བ་དང་། ཕལ་ཆེར་ར་ཅོད་དང་། གཟུ་ལུམས་དང་། རག་ཤའི་བསྙོན་ཐབས་སུ་བྱས་ཏེ། སྣང་སྣང་ལ་ནི་སྒྲོལ། ཕྲད་ཕྲད་ལ་ནི་སྦྱོར། རྙེད་རྙེད་ནི་ཟ། སྤྱོད་པ་འཆོལ་བའི་དབང་གིས་རྣལ་འབྱོར་གྱི་ཚོགས་མཆོད་དུ་བྱེད་ན་ཡང་། དཔེར་ན་ཟངས་མ་གསེར་དུ་འཆོས་པ་དང་འདྲ་སྟེ། གསེར་གྱི་དགོས་པ་མེད་པ་དང་འདྲའོ། །ཕལ་ཆེར་བདག་ཉིད་ཀྱི་འཇུག་སྒོ་དང་། ཐོས་ཕྱོགས་དང་། འདོད་བཙན་ལ། འདི་ནི་བཟང་ལ་དོན་ནམ་ཡིན་ལ། གཞན་གྱི་ངན་པ་མ་ཡིན་ནོ། ཆོས་ཉིད་ལ་ཕྱོགས་རིས་མེད་པ་ལ། ཕྱོགས་དང་རིས་སུ་བཅད་པའི་སྐྱོན་དང་། འཁོར་དང་སྡེ་རུ་ཆ་པྱེ་སྟེ། ཕྲག་དོག་དང་ཆེ་ཆུང་གི་དབང་གིས། མཉམ་པའི་དོན་དམ་ལ་འགལ་བར་གནས་པ་དང་། ཕལ་ཆེར་ཐེག་པའི་རིས་སོ་སོར་བཟུང་སྟེ། རྩོད་པའི་ཆོས་ཤོམ་པའི་དུས་ན་ནི། ཀུན་གྱིས་འབྲས་བུ་བླ་ན་མེད་པ་མི་ཐོབ་པར། ངན་སོང་གསུམ་པོ་ཤ་སྟག་ཏུ་ལྟུང་བ་དང་། སྔོན་གྱི་སྟོན་པའི་བཀའ་ནུབ་པས། མི་ཚིག་འཕེལ་བས་བསྒྲུབ་ཐག་རིང་བ་དང་། དམ་ཚིག་ལ་སེལ་ཤོར་བས་བསམ་པ་མི་འགྲུབ་ཅིང་། བར་ཆད་རྐྱེན་འབྱུང་བ་དང་། དབང་སྒྱུར་རིམ་གྱིས་མ་བསྒྱུར་བས། མཐུ་བྱིན་ཆུང་བ་དང་། བསྒོམ་བསྒྲུབ་ཀྱི་དོན་མཐིལ་དུ་མ་ཕེབས་པས། དྲོད་ལ་མ་ཕེབས་པ་དང་། ཤེས་པའི་རྒྱུད་མ་ཁྲོལ་བས། རྟོགས་པ་མ་ཤར་བ་དང་། མཆོད་རྫས་མ་འཚོགས་ཤིང་ཕུད་ཉམས་པས། དངོས་གྲུབ་མི་ཐོབ་པ་དང་། ལས་དང་མན་ངག་གདེང་དུ་མ་ཆུད་པས། བར་ཆོད་འབྱུང་བའི་དུས་ན་ཡང་། རྣལ་འབྱོར་པ་འགའ་ཞིག །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ཅིང་། དང་དུ་ལེན་ནུས་པ་རྣམས་ནི་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ།། །།སེམས་དཔའ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་འདི་ལ། དམ་ཚིག་གང་ལགས། དབང་གང་ལགས། ལྟ་བ་གང་ལགས། བསྒྲུབ་པ་གང་ལགས། སྤྱོད་པ་གང་ལགས། ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དེ་དག་ཞུས་པ་ལེགས་སོ་ལེགས་སོ། །དེ་ལ་ཚོགས་ཀྱི་དམ་ཚིག་ནི། །སློབ་དཔོན་བདག་གི་སྲོག་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་བཅད་ན་འཆི་ལ།སྲོག་མ་བཅད་ན་བརྟན་ཞིང་། བདེ་བ་རིས་ཀྱི་ཐོབ་པ་དང་འདྲ་བར། སློབ་དཔོན་དང་འཐབ་པ་དང་སྨོས་པ་ལྟ་ཅི་སྨོས། ཡེངས་སམ་བྲལ་ན་ཡང་། དགེ་བར་བར་བཅད་ཅིང་མན་ངག་མི་ཐོབ་པས། དཔེར་ན་སྲོག་དང་འཇལ་བར་ལྟ་བ་དང་། རྒྱལ་ཐེབ་ཀརྨ་ལ་སོགས་པ་ལ། མིག་དང་དབངཔོ་ལྟར་བལྟས་ཏེ། དཔེར་ན་མིག་དབང་པོ་ཉམས་པ་དང་མེད་པ་ལྟ་ཅི་སྨོས་ཀྱིས། བག་ཙམ་གཟེར་བ་ཡང་མི་བཟོད་པ་དང་འདྲ་བར།རྒྱལ་འཐེབ་ཀརྨ་གིང་ལ་འཐབ་རྩོད་དང་སྨོད་པ་ལྟ་ཅི་སྨོས་ཀྱིས། བག་ཙམ་མ་མཉེས་ན་ཡང་སྒྲིབ་པའི་རྒྱུར་འགྱུར་བ་དང་། མཆེད་དང་ལྕམ་དྲལ་ཡན་ལག་དང་ཕུང་པོ་འདྲ། གང་སྣང་ཀུན་གཡོ་ཞིང་སྡུག་བསྔལ་མཉམ་པར་མྱོང་བ་དང་འདྲ་བར། གནོད་པ་ཚབས་པོ་ཆེ་ལྟ་ཅི་སྨོས་ཀྱིས། འགལ་འཁྲུལ་ཙམ་བྱུང་ན་ཡང་ཡོང་མི་བདེ་ཞིང་། ཉམས་པས་ཆད་པའི་རྒྱུརའགྱུར་བས། སྐུའི་དམ་ཚིག་སྲུང་ཞིང་བརྩེ་གདུང་བྱས་ལ། དད་པ་ཆེ་བར་སྐྱེད་ལ་ཡངས་པར་བྱའོ། སྔགས་དང་། ཕྱག་རྒྱ་དང་། དགོངས་པ་གསུམ་ནི། དཔེར་ན་གཏམ་དང་། ཟས་དང་། གོས་འདྲ་སྟེ། ཕྱི་ནང་གཏམ་གྱིས་མ་འབྱལ་ན། གང་ཡང་མི་འགྲུབ་སྟེ། འཚོ་བ་ཟས་ཀྱིས་མ་གསོས་ན། ཕུང་པོ་མི་ཐེག །དྲོ་བའི་གོས་མ་གྱོན་ན་ཉོན་མོངས་པ་དང་འདྲ་བར། སྙིང་པོ་དང་སྔགས་མ་བཟླས་ན། གྲུབ་པའི་རྟགས་མི་འོངས། དགོངས་པའི་ཏིང་ངེ་འཛིན་མ་གསལ་ན།ཤེས་པའི་རྒྱུད་མི་ཁྲོལ། ཕྱག་རྒྱ་དམ་དུ་མ་བཅས་ན། ཉོན་མོངས་པ་དང་ཕུང་པོ་གནས་མི་འགྱུར་བས། དམ་དུ་བཅས་ཏེ་དང་དུ་བླང་ངོ་། ཐུགས་ཀྱི་དམ་ཚིག་ནི་གཏེར་སྦ་བ་དང་འདྲའོ། །དཔེར་ན་རིན་པོ་ཆེ་གཏེར་སྒྲོམ་དུ་སྦས་ན་འཇིགས་པ་དང་བག་ཚ་བ་མེད་ཅིང་། སྒྲོམ་བུ་ཁ་ཕྱེ་ན་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང་འདྲ་བར། གསང་བའི་མན་ངག་ཐམས་ཅད་སྣོད་མ་ཡིན་པ་ལས་སྤངས་ཏེ། བདག་གི་བློ་ལ་བཏགས་ན། རྟོགས་པ་མངོན་དུ་གྱུར་ནས། འབྲས་བུ་མཐར་ཕྱིན་པར་འགྱུར་བས། གཏེར་དང་འདྲ་བར་དམ་དུ་བཅའ་འོ། གཏན་མི་འབྱུང་བ་ནི་མ་ཡིན་ཏེ། གཏན་བདག་དང་བུ་སྤྱོད་པ་དང་འདྲ་བར། གསང་བའི་མན་ངག་བདག་དང་བུ་དང་འདྲ་བ་ལས་མ་གཏོགས་པ། བཤད་པ་གྲངས་བཞི་ལས་མངས་ན་འགལ་བར་གསུངས་སོ། །དུས་ཐ་མ་ལ་བབ་པའི་ཚེ། རྩ་བ་འདི་རྣམས་མནོས་ནས་གང་ཡང་མི་སྲུན་ཏེ། སྐུ་ཡང་ཉམས་ཏེ་འཐབ་རྩོད་ཤོམ་པ་དང་། གསུང་ཡང་ཉམས་ཏེ། སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་སྤངས་ཏེ། མདོ་སྡེ་བསམ་གཏན་གྱི་དོན་ལ་སྤྱོད་པ་དང་། ཐུགས་ཀྱངཉམས་ཏེ། བརྒྱ་དང་ཉི་ཤུ་ལ་འཆད་པ་ནི། འབྲས་བུ་མནར་མེད་པ་ལྟ་ཅི་སྨོས་ཀྱི། དཔེར་ན་སེང་གེ་ཁོག་པ་ནང་གིས་ནང་བཤིག་པ་དང་འདྲ་བར། ཆོས་ཉན་དུ་གང་ཟག་སྔགས་པ་རང་གིས་མི་སྟེར་ཏེ། རང་གི་རང་དམས་སོ། །རྩ་བའི་དམ་ཚིག་མ་ཉམས་ན། ཡན་ལག་ལྗོན་པ་དང་འདྲ་བར་སྐྱེས་པ་ལས། ཉི་ཤུ་རྩ་བརྒྱད་དང་། སུམ་བརྒྱ་དྲུག་ཅུ་དང་། ས་མ་ཡ་འབུམ་སྡེ་ལ་སོགས་པའི། གང་སྤྱད་པའི་ཡལ་ག་ལོ་འདབ་དང་འདྲ་བའི་འབྲས་བུ་སྐྱེ་བར་འགྱུར་རོ། །དམ་ཚིག་འདི་དག་ཉམས་པར་གྱུར་ན། ཚོགས་ཀྱི་མཆོད་པ་དང་། ལོངས་སྤྱོད་རྫས་སུ་ཕུལ་ཀྱང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་བསོད་ནམས་མེད་ཅིང་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །ཚོགས་རྒྱུད་ཆེནཔོལས། དམ་ཚིག་གི་ལེའུ་སྟེ་དང་པོའོ།། །།དེ་ལ་ཚོགས་རྒྱུད་ཆེན་པོའ་དབང་ལ་དོན་རྣམ་པ་ལྔ་སྟེ། དྷར་མ་ཏན་ཏྲ་ཉན་ཅིང་འཆད་པའི་དབང་དང་གཅིག །ཡི་དམ་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་དང་གཉིས། དཀྱིལ་འཁོར་གཉན་པོ་ཞལ་བལྷ་བའི་དབང་དང་གསུམ། ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱོད་པའི་དབང་དངབཞི། ལས་ཀྱི་རྡོ་རྗེ་ལས་གང་བྱེད་པའི་མིང་གིས་དབང་བསྐུར་བ་དང་ལྔའོ། །དེ་ལ་དྷར་མ་ཏན་ཏྲ་ཉན་ཅིང་འཆད་པའི་དབང་བསྐུར་བ་འདི་སྐད་དོ། །གསང་བ་གསང་ཆེན་གསང་མཆོག་རྣམས། །སྟོན་པས་ངེས་པར་གསུངས་པའི་དོན། །ཉན་ཅིང་ཡིད་ལ་འཛིན་པ་དང་། །མ་འདྲེས་སྟོན་པའི་དབང་ཐོབ་ཤོག །དེ་ནས་ཡི་དམ་གྱི་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་བསྐུར་བ་འདི་སྐད་དོ། །བསྐལ་པ་གྲངས་མེད་སྔོན་རོལ་ནས། བསྒོམ་ཞིང་བསྒྲུབ་པའི་ཡི་དམ་ལྷ། །མེ་ཏོག་དབང་གིས་ཕོག་པ་འདི། །སྒོམ་ཞིང་བསྒྲུབ་པའི་དབང་ཐོབ་ཤོག །དེ་ནས་དཀྱིལ་འཁོར་གཉན་པོ་ཞལ་ལྟ་བ་འདི་སྐད་དོ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །ངུར་ཁྲོད་འབར་བའི་རྫས་བསྒྲལ་ནས། །སྐུ་གསུང་ཐུགས་སུ་གསལ་བསྒོམས་པའི། །ལྷ་ཞི་བསྒྲུབ་པའི་དབང་ཐོབ་ཤོག །དེ་ནས་ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱད་པའི་དབང་འདི་སྐད་དོ། །རྒྱལ་བས་མཆོད་པས་བགེགས་ཞི་ཞིང་། །མཆོད་པ་ཕུལ་བས་བགེགས་ཞི་ནས། །ཕ་ཕམ་ལོངས་སྤྱོད་བདུད་རྩིའི་བཅུད། །རྣལ་འབྱོར་ཚོགས་ལ་ལོངས་སྤྱོད་ཤོག །དེ་ནས་ལས་ཀྱི་རྡོ་རྗེ་ལས་གང་བྱེད་པའི་དབང་བསྐུར་བ་འདི་སྐད་དོ། །ཞི་རྒྱས་དབང་དྲགམངོན་སྤྱོད་དང་། །འཕྲིན་ལས་དྲག་དལ་གང་བྱེད་པ། །ལས་རྣམས་ཆེ་གེ་བྱེད་པར་ཤོག །རྡོ་རྗེ་དབང་གི་མིང་ཐོབ་ཤོག །ཚོགས་རྒྱུད་ཆེན་པོ་ལས། དབང་གི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཚོགས་ཀྱི་ལྟ་བ་ལ་དོན་རྣམ་པ་ལྔ་སྟེ།ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་དང་། འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་དང་། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་དང་། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་དང་། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ། །དེ་ལ་ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་ལ། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ཚོགས་པ་དང་། རྡོ་རྗེ་སློབ་དཔོན་དཀྱིལ་ཡིན་ལ། མཆེད་ལྕམ་དྲལ་འཁོར་ཡིན་པར་ལྟ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དགོངས་སྤྱོད་གཅིག་ཏུ་རྒྱ་མཚོ་གླིང་གི་དཀྱིལ་འཁོར་དུ་རང་བཞིན་ལྷུན་གྱིས་གྲུབ་པའོ། །དམ་རྫས་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་ནི་དཀྱིལ་ཡིན་ལ། དམ་རྫས་གཞན་ནི་འཁོར་ཡིན། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོའི་དོན་ལ། སྐྱེ་ཤི་མེད་པ་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །རྫས་དང་ལག་ཆ་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བན་དྷ་བདེ་བར་གཤེགས་པའི་དོན་ལ། སྐྱེ་ཤི་མེད་པ་དཀྱིལ་འཁོར་ཡིན་པས། དུར་ཁྲོད་ཀྱི་ཆས་བརྒྱད་གཞན་ནི་འཁོར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པའི་རོལ་པ་ཆེན་པོས་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ལ་འབྱོར་བ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འཇིག་རྟེན་འདི་དག་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཚོགས་ཀྱི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་པའི་དུས་སུ། བྱོལ་སོང་ཐམས་ཅད་ཀྱིས་ལུས་ཚོགས་སུ་ཕུལ་བ་དང་། གཤིན་རྗེ་ཐམས་ཅད་ཀྱིས་ཤ་ཆེན་ཚོགས་སུ་ཕུལ་བ་དང་། མ་མོ་དང་མཁའ་འགྲོ་ཡིས་ཁྲག་དང་སྣུམ་ཆེན་ཚོགས་སུ་ཕུལ་བ་དང་། སྲིན་པོ་ཐམས་ཅད་ཀྱིས་ཐོད་རུས་དང་འབྲུ་མར་ཚོགས་སུ་ཕུལ་བ་དང་། གནོད་སྤྱིན་རྣམས་ཀྱིས་འཛའ་གད་རྣམ་པ་ཚོགས་པ་ཚོགས་སུ་ཕུལ་བ་དང་། མ་མོ་ཀླུ་རྣམས་ཀྱིས་སྙིང་པོ་རྣམ་པ་སྣ་ཚོགས་པ་ཚོགས་སུ་ཕུལ་བ་དང་། བྱོལ་སོང་རྣམས་ཀྱིས་འོ་མ་རྣམ་པ་སྣ་ཚོགས་སུ་ཕུལ་བ་དང་། ནམ་མཁའ་ལྡིང་རྣམས་ཀྱིས་ཤིང་ཐོག་སྣ་ཚོགས་སུ་ཕུལ་བ་དང་། སྨན་གྱི་ལྷས་སྨན་སྣ་ཚོགས་སུ་འབུལ་བ་དང་། རྩིའི་ལྷ་མོས་རྩི་སྨན་སྣ་ཚོགས་སུ་འབུལ་བ་དང་། ནམ་མཁའ་ལྡིང་གིས་སྤོས་སྣ་ཚོགས་འབུལ་བ་དང་། ས་བདག་རྣམས་ཀྱིས་འབྲུ་སྣ་ཚོགས་པ་ཚོགས་སུ་འབུལ་བ་དང་། །མི་རྣམས་ཀྱིས་མིའི་ཞལ་ཟས་སུ་སྣ་ཚོགས་པ་ཚོགས་སུ་འབུལ་བ་དང་། ལྷ་རྣམས་ཀྱིས་རིན་པོ་ཆེ་སྣ་ཚོགས་པ་དང་། ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང་། ལྷའི་འོད་དོད་པ་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ། ཚོགས་སུ་འབུལ་བ་ལ་སོགས་པ་ཐམས་ཅད། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་རྣལ་འབྱོར་གྱི་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས་ཏེ་གསོལ། གཞན་ཡང་འགྲངས་ཤིང་ཚིམ་པར་མཛད་དེ། ཕྱིར་མི་ལྡོག་པའི་ས་ལ་མངོན་སུམ་དུ་བཀོད་པས། འབྱོར་པ་ཐམས་ཅད་ཚོགས་ཀྱི་ལོངས་སྤྱོད་དུ་ལྟའོ། །དེ་ལ་མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་ནི། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས་བྱུང་སྟེ། བར་ཆོད་པས་ཐུགས་དམ་བསྐུལ། དངོས་གྲུབ་ནོད། སླར་འདུས་པས་སྒྲིབ་པ་སྦྱངས། དངོས་གྲུབ་ཐོབ་སྟེ། ལྷ་ལ་ལྷ་ཐིམས། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་མ་ཆོས་ཉིད་ཐིམ་སྟེ། བར་མ་ཆོད་པས་བདག་གི་སེམས་དང་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་མཉམ་ཞིང་དབྱེར་མེད་པར་མཆོད་པ་ཕུལ། སླར་འདུས་པས་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་།བདག་གི་སེམས་མཉམ་ཞིང་དབྱེར་མེད་དེ། ཡེ་ཤེས་ཀྱི་མཆོད་པའི་འོད་ཟེར་གྱི་རྒྱུན། བདུད་རྩིའི་རོ་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། རྒྱལ་བའི་ཆོ་འབྲང་ཟེར་དང་ཡེ་ཤེས་ལ་སྤྱོད་པ་མཛད་པས། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བའོ། །དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་ནི། མདུན་གྱི་ནམ་མཁའ་ལ་རྒྱལ་བའི་ཡེ་ཤེས་སེམས་དཔའི་འཁོར་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་ལ། ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྣམ་པར་ཤེས་པ་ཉིད་ལྷ་རྒྱུད་དུ་སྣང་བ་ལས་མ་གཏོགས་པ། གཞན་གུད་ན་མེད་པར་རྟོགས་པའི་ལྷ་བས་རྟོགས་པར་བྱས་ལ། ཇི་ལྷར་གནམ་རི་ས་བྲག་ཐམས་ཅད་འབྱུང་བ་ལྟར་བསྡུས་ལ། སྐྱེ་འགྲོ་ཐམས་ཅད་འབྱུང་བ་ལྔ་དང་ཕུང་པོ་ལྔར་བསྡུས་ལ། འབྱུང་བ་ལྔ་དང་ཕུང་པོ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡང་ཡིན་ལ། རྟོགས་པའི་ལྟ་བས་རྟོགས་པར་བྱས་ལ།ཏིང་ངེ་འཛིན་གྱིས་ཡང་བསྒོམས་ཏེ། མདུན་དང་ཤར་རྡོ་རྗེ་རིགས་ཀྱི་ལྷ་དང་། ལྷ་མོ་དང་། ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། གཡས་དང་ལྷོ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ་དང་། ལྷ་མོའི་ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། རྒྱབ་དང་ནུབ་ཐམས་ཅད་པདྨ་རིགས་ཀྱི་ལྷ་དང་། ལྷ་མོའི་ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། གཡོན་དང་བྱང་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ་དང་། ལྷ་མོའི་ཞིང་ཁམས་དང་།ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་སྐུ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང་། ལྷ་མོའི་ཞིང་ཁམས་དང་། ཕོ་བྲང་གི་རང་བཞིན། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་།ཞིང་ཁམས་དང་། ཕོ་བྲང་དང་། དཀྱིལ་འཁོར་ལྷ་རྒྱུད་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ་ཡིད་ཀྱིས་དམིགས་ལ། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བའོ། །རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བ་ནི། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་འབྱུང་བ་ལྔས་བསྡུས་ལ། འབྱུང་བ་ལྔ་པོ་ཉིད་ཡུལ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་ཡིན་པ་ལས། དེ་ལྟར་དུ་མ་རྟོགས་ན་གཞན་ནས་གཞལ་ཡས་ཁང་གཉན་རིས་སུ་བཅད་པ་མེད་པས། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ། །ཚོགས་རྒྱུད་ཆེན་པོ་ལས་ལྟ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཚོགས་ཀྱི་བསྒྲུབ་པ་ལྔ་ཡང་དོན་རྣམ་པ་ལྔ་སྟེ། སྐུའི་སྒྲུབ་པ་དང་། གསུང་གི་བསྒྲུབ་པ་དང་། ཐུགས་ཀྱི་བསྒྲུབ་པ་དང་། ཡོན་ཏན་གྱི་སྒྲུབ་པ་དང་། འཕྲིན་ལས་ཀྱི་སྒྲུབ་པ་གང་བྱེད་ཀྱང་། རྣལ་འབྱོར་གྱི་ཚོགས་ཀྱིས་སྒྲུབ་དགོས་ཏེ། རྣལ་འབྱོར་གྱི་ཚོགས་འདི་ནི་ལན་ཚྭ་དང་འདྲ་སྟེ། གང་ལ་ཡང་མི་ཚང་དུ་མི་རུང་སྟེ། སྐུའི་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་ཕུལ་ན། སྐུའི་སྒྲུབ་པ་ཡང་འགྲུབ་ཅིང་མཐར་ཕྱིན་པར་འགྱུར་བ་བཞིན་དུ། གསུང་དང་ཐུགས་ཡོན་ཏན་འཕྲིན་ལས་ཀྱང་། དེ་བཞིན་དུ་གང་སྒྲུབ་པ་ཚོགས་ཀྱིས་གྲུབ་པའོ། །དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་འབྱུང་ངོ་། །ཚོགས་རྒྱུད་ཆེན་པོ་ལས། སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཚོགས་ཀྱི་ལོངས་སྤྱོད་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་དང་།ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པའོ།། །།དེ་ལ་ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པནི། །ཡོ་ག་ཕྱི་པ་མན་ཆོད་ཀྱི་སྒོར་ཞུགས་པ། ཚོགས་མཆོད་ལྷ་ཅི་སྨོས་ཀྱི། འདོད་པའི་ཡོན་ཏན་གང་ལ་ཡང་སྐྱོན་ལྟ་བའི་ནང་ནས་ཀྱང་། ཐབས་དང་ཤེས་རབ་ལ་འཆིང་བས་བཤལ་ཐག་གཏད་པ་སྟེ། རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་གནས་སྐབས་ན། ཐམས་ཅད་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་པས། འདོད་པའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ལ། མ་སྤངས་པར་འཇོལ་ཉོག་ཏུ་སྤྱོད་པ་མ་ཟད། དེ་ཉིད་ཆོས་ཉིད་དག་པའི་རྒྱན་དུ་རིག་ནས། དགའ་བདེ་ལོངས་སྤྱོད་པ་ཉིད་ཀྱི། གཉིས་སུ་མེད་པ་ཆོས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ། །དེ་ལ་ཚོགས་ཀྱི་སྤྱོད་པས་སྤོང་ལེན་མེད་པར་སྤྱོད་པ་ནི། །ཡོ་ག་ཕྱི་པ་མན་ཆད་ཀྱིས་འདི་གཙང་མ་རིགས་ཡིན་ཏེ་འཕགས་པ་མཆོད་རྒྱུ་ཡིན་ལ། །འདི་མི་གཙང་བ་དང་སྨེ་བ་ཡིན་པས་འཕགས་པ་མཆོད་རྒྱུ་མ་ཡིན་ཞེས་། །སྤོང་ལེན་དུ་སྤྱོད་པ་མ་ཡིན། །ཆོས་ལ་བདག་མེད་བའི་བཞིན་ལ། །རྣམ་བར་རྟོགས་པའི་མིང་ཡང་མེད་པས། །གཙང་མ་ཡང་ལྷ་ཡི་ཞལ་ཟས་ཡིན་ལ་། །མི་གཙང་བ་ཡང་ལྷ་ཡི་ཞལ་ཟས། །གཉིས་སུ་མེད་པ་ཉིད་འཕགས་པའི་དགོངས་སྤྱོད་དང་། །འཕགས་པའི་སྐུར་སྒྲུབ་པས། །གང་ལ་ཡང་འདི་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་པས་སྤོང་ངོ་། །འདི་ཐར་པ་དང་བདེ་བ་དང་གཙང་བའི་རྒྱུ་ཡིན་ཞེས་དང་དུ་མི་ལེན་ཏེ། །སྤོང་ལེན་མེད་པ་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ན། །ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པ་ན། །འདོད་པའི་ཡོན་ཏན་རྣ་པ་སྣ་ཚོགས་པ་ལས། །ཆགས་ཙམ་ན་ཆགས་པ་མེད་པའི་མཐར་ཕྱིན་པས། །འཁོར་བ་དང་ཉོན་མོངས་པས་འཆིང་བ་མེད་པ། །དེ་ཉིད་རྟོགས་པའི་རྒྱན་དུ་རིག་ཅིང་ ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས། །དེ་ལྟར་སྤྱོད་པ་གྲོལ་བ་ཡང་མེད། །འཆིང་བ་ཡང་མེད་དོ། །ཚོགས་རྒྱུ་ཆེན་པོ་ལས། །སྤྱོད་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་པས། །རིགས་ལྔ་ཡབ་ཡུམ་དང་། །འཁོར་སེམས་དཔའ་དང་། །སེམས་མ་དང་། །ཁྲོ་བོ་དང་། །ཁྲོ་མོ་དང་། །སྤྲུལ་པ་དང་། །ཡང་སྤྲུལ་པ་དང་། །ཅི་བགྱིས་པ་དང་། །བཀའ་ཉན་དང་། །དམ་ལ་བཏགས་པའི་འཁོར་ཐམས་ཅད་ཀྱིས། །དགྱེས་པ་ཆེན་པོ་ཚོགས་ཀྱི་ལོངས་སྤྱོད་དུ་བསྟར་ནས། །ཐམས་ཅད་གཉིས་སུ་མེད་པ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་བཞུགས་སོ། །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།། །།འདིའི་རྒྱུད་ཕྱི་མ་འདི་འགྱུར་རོ། །གསང་བ་དསུམ་གྱི་ཕུབ་ཏུ། །སྣུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་། །སྐད་བསྒྱུར་གྱིས་ཡང་བཅོས་ཏེ། །སྟོང་ཚབ་བྱང་ཆུབ་རིན་པོ་ཆེ་ལ་བཙས་སུ་བཞག་པའོ། །མྱ་ང་ཧ་ཏ་པ་རི་ལས། །འཕགས་པ་རྒྱ་མཚོ་ཡིས་བྲིས། །བཀོར་དུ་མི་འཚལ་བའི་རྒྱུད་གསུམ་བཞུག་སོ།། རྒྱ་གར་སྐད་དུ། །བཛྲ་ཨ་མྲི་ཏ་ཏན་ཏྲ། །བོད་སྐད་དུ། རྡོ་རྗེ་བདུད་