volume 006 156

From Rangjung Yeshe Wiki Texts
Jump to navigation Jump to search


༄༅། །ཌཱཀྐིའི་ལུས་དཀྱིལ་ཆེན་མོ་བཞུགས་སོ་ཨང་༔ ཨོ་རྒྱན་སྐད་དུ༔ བོད་སྐད་དུ༔ མཁའ་འགྲོ་གསང་བ་སྙིང་གི་སྒྲུབ་པ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འཁོར་བ་བློས་བཏང་བ༔ རི་ཁྲོད་དགོན་པ་འགྲིམ་ནུས་པ་ཞིག་གིས༔ ཡང་གསང་མཁའ་འགྲོ་སྙིང་ཐིག་བསྒོམ་ཞིང་༔ མཁའ་འགྲོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འདོད་པས༔ མཁའ་འགྲོ་མ་ཐོད་རྒལ་དུ་བསྒྲུབ་པར་བྱ་སྟེ༔ དེ་ལ་གསུམ་སྟེ་རྣལ་འབྱོར་བཞི་ལྡན་གྱི་སྒོ་ནས་ཉམས་སུ་བླང་ངོ་༔ དེ་ལ་དང་པོ་ལྷའི་རྣལ་འབྱོར་དང་གཅིག༔ སྔགས་ཀྱི་རྣལ་འབྱོར་དང་གཉིས༔ རྫོགས་རིམ་གྱི་རྣལ་འབྱོར་དང་གསུམ༔ ལས་མཐའི་རྣལ་འབྱོར་དང་བཞིའོ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ལྷའི་རྣལ་འབྱོར་བསྒོམས་པ་ལ་གསུམ་སྟེ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཚད་མེད་པ་བཞི་བསྒོམ༔ དེ་ནས་རྒྱུའི་ཏིང་ངེ་འཛིན་ནི༔ བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་སྐུ་གསལ་གདབ་པ་ནི༔ ངག་ཏུ་ཨོཾ་ཨཱཿཧཱུྃ༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཞེས་བརྗོད་པས༔ བདག་རྡོ་རྗེ་ཕག་མོར་བསྒོམ་སྟེ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ ཁྲོ་ཞལ་དམར་མོ་སྤྱན་གསུམ་མ་གཡས་ན་གྲི་གུག་བསྣམས་པ༔ གཡོན་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ༔ ཁ་ཊྭཱཾ་མཆན་ཁུང་གཡོན་ན་བཅུག་ནས་འཛིན་ཞིང་དབུ་སྐྲ་ཐུར་ལ་འཕྱང་བ༔ མེ་ལོང་དྲིལ་བུའི་སྒྲ་འཁྲོལ་བ༔ ཞབས་གཡོན་བརྐྱང་གཡས་བསྐུམ་པ༔ རུས་པའི་རྒྱན་གྱིས་བརྒྱན་པ་མེ་རི་འབར་བའི་ཀློང་ན་རོའི་གདན་ལ་ཕྱེད་སྐྱིལ་དུ་བཞུགས་པར་བསྒོམ༔ དེ་ལྟར་བསྒོམས་པའི་སྤྱི་གཙུག་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་༔ རྩེ་མོ་རྣམ་པར་བཀོད་པ༔ རྩ་འདབ་སུམ་བརྒྱ་དྲུག་ཅུའི་ལྟེ་བའི་རྩ་མདུད་ཀྱི་དབུས་ན་འབྱུང་བ་ཆུའི་དངས་མ༔ ཕ་མའི་རྒྱུའི་ཐིག་ལེ་དཀར་པོ་ལ༔ ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་ཡི་གེ་ཧ་དང་རིའི་ངོ་བོར་གནས་ཏེ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི༔ སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་རྡོ་རྗེ་རྩེ་ལྔ་བསྣམས་པ༔ གཡོན་པ་ཀ་པཱ་ལ་བསྣམས་པ༔ རོའི་གདན་ལ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བ༔ ཕྱག་མཚན་མཐུན་པ་གསལ་གདབ༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་མཁའ་འགྲོ་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ༔ སྐུ་མདོག་ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་མཐུན་པ༔ ཡབ་ཡུམ་འཁྲིལ་སྦྱོར་དུ་བདེ་བའི་ངང་ལ་བཞུགས་པ་གསལ་གདབ༔ དེ་ཡང་ཡེ་ཤེས་ལྔའི་རྩལ་གྱི་རྣམ་པ་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་བཞུགས་པ༔ དེ་ཡང་གདོད་མ་ནས་ཡེ་ཤེས་ཀྱི་རང་རྩལ་འབྱུང་བཞིའི་དངས་མ་ཡི་གེ་དང་སྐུ་རུ་རང་བྱུང་དུ་ལྷུན་གྱིས་གྲུབ་ཅིང་༔ དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པས་འདིར་གསལ་གདབ་པའོ༔ མགྲིན་པར་རོ་འདུས་རྩ་འདབ་བཅུ་དྲུག་གི་ལྟེ་བའི་རྩ་མདུད་དུ་འབྱུང་བཞིའི་དྭངས་མ་ཕ་མའི་ཁུ་ཁྲག་ལ་ཡི་གེ་རི་དང་ཙ་རྣམས་སེར་པོ་ལ་ཡེ་ཤེས་ཀྱི་ཁ་དོག་ལྔ་ལྡན་དུ་གནས་ཏེ༔ རཏྣ་ཌཱཀྐི་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི༔ ཡབ་ཡུམ་གཉིས་ཀའི་ཕྱག་གཡས་ན་རིན་ཆེན་འབར་བ་བསྣམས་པ༔ གཡོན་ཐོད་པ་བསྣམས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ རཏྣའི་གདན་ལ་འཁྲིལ་སྦྱོར་དུ་གསལ་གདབ༔ རྩ་འདབ་བཅུ་དྲུག་ལ་ཡབ་ཡུམ་གཉིས་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ སྙིང་ཁ་ན་དྲན་པ་རྣམ་པར་བཀོད་པ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བ་ལ་ཙིཏྟ་རིན་ཆེན་ཟུར་བརྒྱད་ཀྱི་ནང་ན་ཡེ་ཤེས་ཀྱི་དངས་མ་རྒྱུ་བའི་ཐིག་ལེ་སྣང་ལ་རང་བཞིན་མེད་པ་མཐིང་ཁ་ལ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དངས་པ༔ ཡི་གེ་མ་དང་ཧཱུྃ་གི་རང་བཞིན་དུ་གནས་ཏེ༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི་ཀུན་ཏུ་བཟང་མོ་ཡབ་ཡུམ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་མཚན་མེད་པ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ༔ རུས་པའི་རྒྱན་དྲུག་དང་ལྡན་པ་ཞབས་བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས་པ་གསལ་གདབ༔ རྩ་འདབ་སུམ་ཅུ་རྩ་གཉིས་ལ་གཙོ་བོ་ཡབ་ཡུམ་དང་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ ལྟེ་བ་ན་སྐྱེད་བྱེད་དྲུག་ཅུ་རྩ་བཞིའི་རྩ་འདབ་ཀྱི་དབུས་ཀྱི་ལྟེ་བ་ན༔ འབྱུང་བཞིའི་དངས་མ་ཕ་མའི་རྒྱུའི་ཐིག་ལེ་ཁ་དོག་དམར་པོ་ལ༔ ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་ཡི་གེ་ནི་དང་ཧྲཱིའི་ངོ་བོར་གནས་པ༔ པད་མ་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་ཏེ་དེར་གསལ་གདབ་པ་ནི་པད་མ་མཁའ་འགྲོ་ཡབ་ཡུམ་དམར་པོ༔ ཕྱག་གཡས་གཉིས་ན་པད་མ་བསྣམས་པ༔ གཡོན་གཉིས་ན་ཐོད་ཁྲག་བསྣམས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པད་མའི་གདན་ལ་བཞུགས་པ་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ འཁོར་གཙོ་བོ་ཡབ་ཡུམ་དང་འདྲ་བ་རྩ་འདབ་ཀྱི་གྲངས་དང་མཉམ་པ་གསལ་གདབ་བོ༔ གསང་གནས་བདེ་བ་མྱོང་བྱེད་རྣམ་པར་བཀོད་པའི་རྩ་གདབ་ཉི་ཤུ་རྩ་བརྒྱད་ཀྱི་ལྟེ་བའི་རྩ་མདུད་ལ༔ འབྱུང་བཞིའི་དངས་མ་ཕ་མའི་ཁུ་ཁྲག་ཁ་དོག་ལྗང་གུ་ལ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ༔ ཡི་གེ་ས་དང་ཡའི་ངོ་བོར་གནས་པ་དེ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་ཏེ༔ དེར་གསལ་གདབ་པ་ནི་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་ལྗང་ཁུ་ཕྱག་གཡས་རལ་གྲི་གཡོན་ཐོད་པ་བསྣམས་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཡབ་ཡུམ་འཁྲིལ་སྦྱོར་དུ་གསལ་གདབ་བོ༔ རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་གཙོ་བོ་ཡབ་ཡུམ་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ དེ་ནི་གྲངས་ཅན་གྱི་རྩ་ལས་རང་བྱུང་གི་ལྷ་ལྔ༔ བཞི་བརྒྱ་དང་བདུན་ཅུ་རྩ་ལྔ་གནས་པ་གསལ་གདབ་པའོ༔ གྲངས་མེད་ནི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ལ་རྩ་གྲངས་ལས་འདས་པའི་ནང་ན་མཁའ་འགྲོ་ཡབ་ཡུམ་གྲངས་ལས་འདས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ཙམ་གནས་པ་ཡིན་པས་དེ་ཡང་གསལ་གདབ་བོ༔ ལྷའི་དེ་ཁོ་ན་ཉིད་ཀྱི་དོན་ཡང་རང་ལུས་རྡོ་རྗེ་ཕག་མོར་བསྒོམ་པ་ནི༔ ཕྱི་ལྟར་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཡིན་ལ༔ ནང་ལྟར་ན་རྡོ་རྗེ་ཕག་མོ་ཡིན༔ གསང་བ་ལྟར་ན་ཡུམ་ཨེ་ཀ་ཙ་ཏི་ཡིན་ནོ༔ སྙིང་ཁའི་ཡུམ་ཀུན་ཏུ་བཟང་མོ་ཡང་ཕྱི་ལྟར་ན་འབྱུང་བ་ནམ་མཁའི་ངོ་བོ་ཡིན༔ ནང་ལྟར་ན་ཀུན་ཏུ་བཟང་མོ༔ གསང་བ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ མཁའ་འགྲོ་མ་བཞི་ཡང་ཕྱི་ལྟར་ན་འབྱུང་བཞི༔ ནང་ལྟར་ན་ལྷ་མོ་བཞི༔ གསང་བ་ལྟར་ན་ཡི་གེ་བཞིའི་ངོ་བོ་ཡིན་ནོ༔ རྡོ་རྗེ་ཕག་མོའི་ཡབ་རྟ་མགྲིན་བསྐྱེད་པ་ཡང་ཕྱི་ལྟར་ན་པདྨ་གར་གྱི་དབང་ཕྱུག༔ ནང་ལྟར་ན་རྟ་མགྲིན༔ གསང་བ་ལྟར་ན་ཡི་གེ་ཧྲཱིཿའི་ངོ་བོ་ཡིན་ནོ༔ དཔའ་བོ་བཞི་ཡང་༔ ཕྱི་ལྟར་ན་ཉོན་མོངས་པ་བཞི༔ ནང་ལྟར་ན་དཔའ་བོ་གིང་བཞི༔ གསང་བ་ལྟར་ན་ཡི་གེ་བཞིའི་ངོ་བོ་ཡིན་ནོ༔ རང་གི་ལུས་ཡབ་ཡུམ་གཉིས་སུ་མེད་པར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པའོ༔ སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་འཁོར་ལོ་ལྔའི་རྩའི་དབུས་སུ་བསྐྱེད་པའི་མཁའ་འགྲོ་ཡབ་ཡུམ་དེ་དག་གི་སྙིང་གི་དཀྱིལ་ན་རང་རང་གི་ས་བོན་རྣམས་གསལ་བ་ལས་འཁོར་ལོ་བཀོད་པའི་འཕྲིན་ལས་འོག་ཏུ་གསལ་ལོ༔ གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ རང་གི་སྙིང་གི་དཀྱིལ་གྱི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གྱི་སྙིང་ཁར་པདྨ་འདབ་བཞིའི་དཀྱིལ་དུ༔ ཡབ་ཡུམ་གཉིས་ཀྱི་ས་བོན་ལ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་བརྒྱད་ཀྱིས་སོ་སོར་བསྐོར་བར་བསམས་ལ༔ དེ་དག་རྣམས་ཆོས་སྐོར་དུ་སྒ་ར་ར་འཁོར་བར་བསམས་ལ༔ ཧ་རི་ནི་ས༔ ར་ཙ་ཧྲཱིཿཡཿཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ མཁའ་འགྲོ་ཡབ་ཡུམ་རྣམས་ཀྱང་རང་རང་གི་སྙིང་པོའི་རི་རི་བཟླས་པར་བསམ༔ དེ་ཡང་སྙིང་མི་འཁོར་བར་ཡིག་འབྲུ་རྣམས་འཁོར་བར་བསམ༔ སྙིང་འཁོར་བར་བསམ་ན་སྨྱོ་བའི་ཉེན་ཡོད་དོ༔ དེ་ལྟར་ཞག་བདུན་བཟླས་པས༔ དཔའ་བོ་དང་མཁའ་འགྲོས་དངོས་སུ་བྱིན་གྱིས་རློབ་པར་འགྱུར་ཏེ༔ རྟགས་ནི༔ རང་གི་ཤེས་པ་འགྱུར་བ་དང་༔ འཕར་བ་དང༔ ལྡེག་པ་དང་༔ འཁྲབ་པ་དང་༔ གླུ་ལེན་པ་དང་༔ གར་བྱེད་པ་ལ་སོགས་པ་འབྱུང་ངོ་༔ སེམས་བདེ་བར་ཤར་ནས་འཁྲབ་སྙིང་འདོད་པ་དང་འཁྲབ་པ་དངོས་འབྱུང་ངོ་༔ དེ་ནས་ཏིང་ངེ་འཛིན་གྱི་ཐུན་འཇོག་ཙ་ན༔ འཁོར་འཕྲོ་བཅད་པས་ཉམས་བདེ་ལྷན་གྱིས་འགྲོའོ༔ གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ མཁའ་འགྲོ་ལྔ་པོ་དེ་ཡང་ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་མཁའ་འགྲོ་ཡབ་ཡུམ་ལྔ༔ གསང་བ་ལྟར་ན་ཡི་གེ་ལྔ༔ རྫོགས་རིམ་གྱི་དེ་ཁོ་ན་ཉིད་ཀྱི་དོན་ཡང་ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལོངས་སྐུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྤྲུལ་སྐུ༔ པད་མ་མཁའ་འགྲོ་ཡབ་ཡུམ་ངོ་བོ་ཉིད་ཀྱི་སྐུ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་མངོན་པར་བྱང་ཆུབ་པའི་སྐུའོ༔ ནང་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གཏི་མུག་རྣམ་པ་དག་པ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་ང་རྒྱལ་རྣམ་པར་དག་པ༔ པདྨ་མཁའ་འགྲོ་ཡབ་ཡུམ་འདོད་ཆགས་རྣམ་པར་དག་པ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཕྲག་དོག་རྣམ་པར་དག་པའོ༔ གསང་བ་ལྟར་ན་ཡེ་ཤེས་ལྔ་ནི༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་མེ་ལོང་ལྟ་བུའི་ཡེ་ཤེས༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ པད་མ་མཁའ་འགྲོ་ཡབ་ཡུམ་སོ་སོར་རྟོགས་པའི་ཡེ་ཤེས༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་ལྟར་མཁའ་འགྲོ་ཡབ་ཡུམ་ལྔ་བསྒོམས་ནས་ཡིག་འབྲུ་ལྔ་བཟླས་པས༔ མཁའ་འགྲོ་ཡབ་ཡུམ་རྣམས་ཞལ་མངོན་སུམ་དུ་མཐོང་༔ སྐུ་ལྔ་ལྷུན་གྱིས་གྲུབ༔ དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་རང་བཞིན་གྱིས་འཆར༔ འགྲོ་བ་རང་བཞིན་གྱིས་སྐྱེ་རྒྱུད་འཆད༔ སྐྱེ་ཤི་ལ་ཉམ་མི་ང་བར་འབྱུང་སྟེ༔ ལྟ་བ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ ཅི་ཡང་མ་གྲུབ་རང་བཞིན་ཡིན༔ བསྒོམ་པ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ མི་འགྱུར་མི་ཤིགས་སྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ ཀུན་དང་མཐུན་པར་རང་བྱུང་རང་ཤར༔ འབྲས་བུ་པདྨ་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ འཁོར་བ་མ་སྤངས་རང་སར་གྲོལ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་མཛད༔ དེ་ལྟར་ཕྱི་ནང་གསང་བའི་ཚུལ་དུ་ཉམས་སུ་བླང་ངོ་༔ ལས་མཐའི་རྣལ་འབྱོར་ནི༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེར་མ་བཏུབ་ན༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དབང་དུ་མ་འདུས་པ་ཡིན་པས༔ སྤྱི་གཙུག་ཏུ་རྩ་མདུད་ཀྱི་ཡི་གེ་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གསལ་གདབ་སྟེ༔ ཡབ་ཡུམ་གཉིས་ཀྱི་ཐུགས་ཁར་རང་རང་གི་ས་བོན་བསམ༔ འཁོར་ལོ་རྩིབས་བཞི་དང་པདྨ་འདབ་མ་བཞིའི་དབུས་སུ་བསམ༔ དེ་ལ་བཛྲ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་པ་དང་༔ བཛྲ་དཔའ་བོ་ཧཱུཾ་ཛ༔ ཞེས་པ་གཉིས་ཀྱིས་སོ་སོར་བསྐོར་བ་གཡས་སྐོར་གཡོན་སྐོར་དྲག་ཏུ་འཁོར་བར་བསམས་ལ༔ ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ བཛྲ་ཌཱཀྐི་ནི་ཧཱུཾ་ཛ༔ བཛྲ་དཔའ་བོ་ཧཱུཾ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ བདུད་རྩི་ལྔ་ལ་ལོངས་སྤྱོད་གཅེར་བུ་བྱ༔ སྨྱོན་སྤྱོད་བྱའོ༔ སྣང་བ་དཀྲུག་གོ༔ དེ་ལྟར་བྱས་པས་དབང་དུ་འདུས་ཏེ༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ༔ དེས་ལྟ་བ་ཕྱོགས་མེད་དུ་གྲོལ་འགྲོའོ༔ ཟས་ནོར་དང་བསོད་ནམས་འཕེལ་དུ་མ་བཏུབ་ན༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དབང་དུ་མ་འདུས་པ་ཡིན་པས༔ མགྲིན་པའི་རྩ་མདུད་རིན་ཆེན་མཁའ་འགྲོ་གྱི་ཐུགས་འཁོར་ལོ་གོང་དུ་འདྲ་བའི་དབུས་སུ་ཡབ་ཡུམ་གྱི་ས་བོན་ལ༔ རཏྣ་ཌཱཀྐི་ནི་ཧཱུཾ་ཛ༔ རཏྣ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས་ཤིང་༔ མེ་ཚོགས་དང་༔ གོས་ཚོགས་བྱ༔ གཏོར་ཚོགས་བྱ༔ ཆགས་ཞེན་བཅད༔ དེས་དབང་དུ་འདུས་ཏེ་བསོད་ནམས་ཁྱད་པར་ཅན་སྐྱེ༔ ཟས་ནོར་གཏེར་རྡོལ་བ་བཞིན་འབུལ་དུ་འོང་ངོ་༔ ལུས་ལ་དྲོད་མི་སྐྱེ༔ བུད་མེད་མི་འདུ་ན༔ པདྨ་མཁའ་འགྲོ་མ་དབང་དུ་མ་འདུས་པ་ཡིན་པས༔ ལྟེ་བར་རྩ་མདུད་ཀྱི་ནང་དུ༔ པད་མ་མཁའ་འགྲོ་ཡབ་ཡུམ་གྱི་སྙིང་ཁར༔ པདྨ་དང་འཁོར་ལོའི་དབུས་སུ་སྲོག་སྙིང་ལ༔ པདྨ་ཌཱཀྐི་ནི་ཧཱུྃ་ཛ༔ པདྨ་དཔའ་བོ་ཧཱུཾ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ དཀའ་ཐུབ་བྱ༔ གཏུམ་མོ་སྦར༔ གོས་གདབ༔ རི་ཁྲོད་འགྲིམ༔ བདུད་རྩི་ཟའོ༔ དེས་ལུས་ལ་དྲོད་སྐྱེ༔ བུད་མེད་ཀུན་གྱི་ཡིད་འཕྲོག་སྣང་བའི་དངོས་པོ་ཅི་ལ་ཡང་ཆགས་ཞེན་མི་སྐྱེའོ༔ རྟེན་འབྲེལ་སྣ་ཚོགས་འཆར་དུ་མ་བཏུབ་ན་ལས་ཀྱི་མཁའ་འགྲོ་དབང་དུ་མ་འདུས་པ་ཡིན་པས༔ གསང་གནས་མཁའ་འགྲོ་གསལ་གདབ༔ དེའི་ཐུགས་ཀར་རང་རང་གི་ས་བོན་ལ༔ ཀརྨ་ཌཱཀྐི་ནི་ཧཱུཾ་ཛ༔ ཀརྨ་དཔའ་བོ་ཧཱུཾ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་པས་སོ་སོར་བསྐོར་བར་བསམས་ལ་དེ་གཉིས་མྱུར་དུ་འཁོར་བར་བསམ་ཞིང་༔ ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཀརྨ་ཌཱཀྐི་ནི་ཧཱུཾ་ཛ༔ ཀརྨ་དཔའ་བོ་ཧཱུཾ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས་ཤིང་༔ རིག་པ་གཅུན༔ དཀའ་ཐུབ་བྱ༔ སྣང་བ་དཀྲུག༔ རི་ཁྲོད་འགྲིམ༔ མཐོལ་བཤགས་བྱ༔ རྟེན་འབྲེལ་བརྩི༔ དེས་རིག་པ་དངས་ཤིང་རྟེན་འབྲེལ་སྣ་ཚོགས་འཆར་བ༔ ཡིད་ལ་ཅི་བསམ་འགྲུབ༔ དགྲ་བགེགས་ཐུལ་ལོ༔ སྣང་བ་དབང་དུ་མ་འདུས་ཤིང་འདུ་བ་གང་ཡང་མེད་ན༔ འཇིག་རྟེན་མཁའ་འགྲོ་དབང་དུ་མ་འདུས་པ་ཡིན་པས་རི་ཁྲོད་འགྲིམ༔ ཟས་ཚོགས་བྱ༔ སྐྲ་སེན་བྲེག༔ སྣོད་ཚོགས་བྱ༔ ལྕགས་གདབ༔ ཞེ་འདོད་མེད་པའི་སྒོ་ནས་ཅི་བྱུང་ཡང་མི་བསྡུ་བར་ཕཊ་ཀྱིས་གདབ་བོ༔ མེ་ཚོགས་བྱ༔ ཕྱེ་མར་དང་༔ རཏྣ་བསྲེག༔ ཧ་རི་ནི་ས༔ འགུལ་འགུལ་མ་མ་ཧྲིང་ཧྲིང་༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་༔ སྡུས་སྡུས༔ མ་མ་ཁ་ཤི་བ་མ་སྭཱ་ཧཱ༔ མི་ནོར་ཟས་གསུམ་དབང་དུ་སྡུས་སྡུས༔ ཞེས་བཟླས་པས༔ ཁྲོམ་འདུ༔ མི་འདུ༔ ཟས་འདུ༔ ནོར་འདུ༔ དེ་ལྟར་བསྒོམ་བཟླས་བྱས་ན་ཤེས་པ་བཞི་འབྱུང་ངོ་༔ སྡུག་བསྔལ་ཆོས་ཉིད་དུ་ཤེས༔ རྐྱེན་ངན་དངོས་གྲུབ་ཏུ་ཤེས༔ བར་ཆད་དགེ་བསྐུལ་དུ་ཤེས༔ བདུད་ལྷ་རུ་ཤེས་པ་འབྱུང་ངོ་༔ ཡང་ལྟ་སྒོམ་སྤྱོད་པ་གསུམ་འབྱུང་ངོ་༔ རྟོགས་པ་ནང་ནས་ཉམས་སུ་མྱོང་བའི་ལྟ་བ༔ རིག་པ་ཁོང་ནས་ཤར་བའི་སྒོམ་པ༔ རྐྱེན་ངན་དང་བར་ཆད་གྲོགས་སུ་ཆོད་པའི་སྤྱོད་པ་གསུམ་འབྱུང་ངོ་༔ དེ་ལ་མི་གཏོང་བ་བཞི་ཤེས་དགོས༔ གཞི་མྱོང་བ་ཡུལ་ཐོག་ཏུ་མི་གཏོང་༔ དབང་པོ་ཁ་ཡན་ཏུ་མོ་གཏོང༔ ཡིད་དཔྱོད་ལྟོ་ཕྱིར་མི་གཏོང་༔ འབྱུང་བའི་ལུས་ལ་ཆེས་ཆེར་མི་བཟུང་ངོ་༔ མི་ཕོད་པ་བརྫི་བ་བཞི་ལམ་དུ་ཁྱེར་ཏེ༔ ཕྱི་ཡུལ་གྱི་མི་ཕོད་པ་བརྫི༔ནང་ལུས་ཀྱི་མི་ཕོད་པ་ བརྫི༔ གསང་བ་དུག་ལྔ་མི་ཕོད་པ་བརྫི༔དེ་ཁོ་ན་ཉིད་བུ་ནོར་གྱི་མི་ཕོད་ པ་བརྫི༔ དེ་ལྟར་ཉམས་སུ་བླངས་པས་འཁྲི་བ་ཆོད་པ་བཞི་འབྱུང་སྟེ༔ ཕྱི་ཡུལ་ལ་འཁྲི་བ་ཆོད༔ ནང་ལུས་ཀྱི་འཁྲི་བ་ཆོད༔ གསང་བ་དུག་ལྔའི་འཁྲི་བ་ཆོད༔ དེ་ཁོ་ན་ཉིད་དུ་སེམས་ཀྱི་འཁྲི་བ་ཆོད་པར་འགྱུར་རོ༔ རྐྱེན་ངོས་བཟུང་བ་ནི༔ ཆོས་དང་མི་མཐུན་པ་ངོས་བཟུང་ལ་མཚང་ཡུལ་ནས་འདོན༔ རིག་པ་ལ་དྲི་མ་མི་གནས་པར་བཞག་གོ༔ རང་རིག་བླ་མར་ཤེས་ནས་རྟོགས་པ་ནང་ནས་འཆར་རོ༔ རིག་པ་ཕྱོགས་མེད་དུ་གྲོལ་ནས་སྣང་བ་དབང་དུ་འདུའོ༔ རང་ཉིད་ཕག་མོར་གསལ་གདབ༔ རྩ་མདུད་ལྔར་མཁའ་འགྲོ་ཡབ་ཡུམ་བཅུ་གསལ་གདབ༔ ཙཀྲ་བཅུ་བསྐོར་ཞིང་མི་སྡོད་པ་གསུམ་ལམ་དུ་ཁྱེར༔ ལུས་མི་སྡོད་སྒུལ་བསྐྱོད་བྱ༔ ངག་མི་སྡོད་ཧ་རི་ནི་ས་བཟླ༔ ཡིད་མི་སྡོད་ཏིང་ངེ་འཛིན་གསལ་གདབ༔ དེ་ལ་རྟགས་ནི་འདུ་བ་གསུམ་འབྱུང་སྟེ༔ འཁོར་དང་བུད་མེད་ཟས་ནོར་འདུ༔ མཁའ་འགྲོ་དང་ཆོས་སྐྱོང་འདྲ༔ སྔགས་བཙུན་དང་སྐྱེ་བོ་འདུ༔ རྒྱལ་དམངས་དང་ཁྲོམ་འདུ༔ འབར་བ་གསུམ་འབྱུང་སྟེ༔ ལུས་ལ་བདེ་བ་འབར་ནས་ན་ཚ་ཞི༔ ངག་ལ་ནུས་པ་འབར་ནས་འདྲེ་གདོན་ཞི༔ སེམས་ལ་རྟོགས་པ་འབར་ནས་ཉོན་མོངས་པ་ཆོས་ཉིད་དུ་འཆར་རོ༔ རྟགས་གསུམ་འཆར་ཏེ༔ ལུས་བྱིན་གྱིས་བརླབས་པའི་རྟགས་གར་དང་ལྡེག་པའོ༔ ངག་བྱིན་གྱིས་བརླབས་པའི་རྟགས་ཅི་སྨྲས་ཆོས་སུ་འོང་༔ ཡིད་བྱིན་གྱིས་བརླབས་པའི་རྟགས་ཆོས་ཉིད་ལ་བརྟན་པ་ཐོབ་པའོ༔ དྲོད་བཞི་འབྱུང་སྟེ༔ ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་༔ ནང་གི་དྲོད་དབུགས་ཕྱི་ནང་འགྱུ་བ་མི་ཚོར་བ་དང་༔ གསང་བའི་དྲོད་ལུས་ཤིང་བལ་ལྟར་ཡང་བའོ༔ ཚུད་པ་རྣམ་པ་གསུམ་འབྱུང་སྟེ༔ གདམས་ངག་ལ་རང་བྱན་ཚུད༔ ཉམས་མྱོང་ལ་མཇལ་ཀ་ཚུད༔ སེམས་ལ་སྡུག་བསྲན་ཚུད་པའོ༔ མངོན་ཤེས་གསུམ་འབྱུང་སྟེ༔ ཁྱད་པར་གྱི་མངོན་ཤེས་སེམས་ཆོས་སྐུར་ཤེས་པ་དང་༔ ཐུན་མོང་གི་མངོན་ཤེས་ལེགས་ཉེས་ཅི་ཡོང་ཤེས་པ་དང་༔ གསང་བའི་མངོན་ཤེས་ཡི་དམ་ལྷའི་ཞལ་མཐོང་གསུང་ཐོས་པའོ༔ ཐོབ་པ་གསུམ་འབྱུང་སྟེ༔ ཆོས་སྐུ་སྐྱེ་བ་མེད་པ་ཐོབ༔ ལོངས་སྐུ་འགགས་པ་མེད་པ་ཐོབ༔ སྤྲུལ་སྐུ་གང་ལ་གང་འདུལ་ཐོབ་བོ༔ དེ་ལྟར་ཉམས་སུ་བླངས་ན༔ འཁྲི་བ་བཙན་ཐབས་སུ་ཆོད༔ འཇིག་རྟེན་པའི་མི་དང་བློ་མི་མཐུན༔ རི་ཁྲོད་ལ་འགྲོ་སྙིང་འདོད༔ མཁའ་འགྲོ་ཡབ་ཡུམ་རྣམས་ཀྱིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ལུང་སྟོན༔ ཆོས་འཆད༔ ལེགས་ཉེས་ཐམས་ཅད་སྨྲ་བར་འགྱུར་རོ༔ ཟབ་རྒྱ༔ གཏད་རྒྱ༔ མཁའ་འགྲོ་མའི་རྒྱ༔ རྒྱ་རྒྱ་རྒྱ༔ «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༦༽ཌཱཀྐིའི་ལུས་དཀྱིལ་ཆེན་མོ།

»- PAGE 114 -- PAGE 123 -- PAGE 113 -