Klong chen rab byams gsung 'bum/volume 004 088

From Rangjung Yeshe Wiki Texts
Jump to navigationJump to search


༄༅། །ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ་ བཞུགས་པ་ལགས་སོ༔དཔལ་ལྡན་རྡོ་རྗེ་འཆང་ཆེན་དང་༔ བླ་མ་དང་ནི་ཡི་དམ་ལྷ༔ མཁའ་འགྲོ་བདེ་བ་འབྱིན་པ་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པའི༔ སྟོན་པ་ཀུན་ཏུ་བཟང་པོས༔ ཆོས་ཀྱི་སྐུ་འོད་གསལ་བའི་ངང་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་བྱོན་ཏེ༔ གདུལ་བྱ་འགྲོ་བའི་རྒྱུད་ཐ་དད་ཀྱང་༔ འདིར་སྐལ་ལྡན་གང་ཟག་གཅིག་སངས་རྒྱ་བར་བྱེད་པ་ལ་ཚིག་དོན་བཅུ་གཅིག་སྟེ༔ དང་པོ་རྟོགས་ཏེ་སངས་རྒྱས་མ་བྱུང་༔ མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན༔ གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས་པ་དང་གཅིག༔ དེ་ལྟར་གནས་པ་དེ་ལ་འཁྲུལ་པ་ཇི་ལྟར་བྱུང་བའི་ཚུལ་གཏན་ལ་དབབ་པ་དང་གཉིས༔ འཁྲུལ་ཀྱང་སེམས་ཅན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའམ་ས་བོན་ཇི་ལྟར་གནས་པ་དང་གསུམ༔ དེ་ཉིད་གནས་པ་རང་གང་ན་གནས་བསྟན་པ་དང་བཞི༔ དེ་ལྟར་གནས་པའི་ཡེ་ཤེས་ལམ་གང་ནས་བྱུང་བསྟན་པ་དང་ལྔ༔ དེ་ཉིད་སྒོ་གང་ནས་འཆར་བསྟན་པ་དང་དྲུག༔ དེ་ཡུལ་གང་ན་སྣང་བ་དང་བདུན༔ དེ་ལྟར་ཉམས་སུ་བླང་བ་དང་བརྒྱད༔ ཉམས་སུ་མྱོང་བའི་ཚད་བཟུང་བ་དང་དགུ༔ གལ་ཏེ་ཉམས་སུ་མ་ལོན་པར་ཚེའི་དུས་བྱས་པ་ན་ཆོས་ཉིད་བར་དོ་ཇི་ལྟར་འཆར་བ་དང་བཅུ༔ ཐ་མ་གྲོལ་བ་ཆེན་པོ་དང་བཅུ་གཅིག་གོ༔ ༈ དེ་ལ་དང་པོ་ནི་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་«ཀ་དག་ལྷུན་གྲུབ་འདོད་ན་བདུན་ནོ་»གྲུབ་མཐའི་རྗེས་སུ་འབྲངས་པ་དང་༔ ལམ་རྗེས་སུ་འཛིན་པའི་གང་ཟག་«དེ་དགག་པའི་གཞུང་ངོ་»གཉིས་ལས༔ འདིར་ལམ་རྗེས་སུ་འཛིན་པའི་སྟེ༔ དེ་ཡང་རེ་ཞིག་ཚིག་གིས་གཏན་ལ་དབབ་«འཁོར་འདས་གཉིས་ཀྱི་དེ་དགག་པའི་གཞུང་ངོ་»པ་ནི༔ ཐོག་མའི་གཞི་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ༔ དེ་ཡང་ངོ་བོ་སྟོང་ལ་རང་བཞིན་གསལ་བ༔ ཐུགས་རྗེ་འགག་པ་མེད་པའོ༔ དེ་ཡང་ངོ་བོ་སྐུ་«གཞིའི་དུས་ན་»རུ་གནས༔ རང་བཞིན་གསུང་དུ་གནས་༔ ཐུགས་རྗེ་ཐུགས་སུ་གནས་པའོ༔ དེ་ཡང་ངོ་བོ་རྒྱན་དག་གདན་ཁྲི་མེད་པའི་སྐུ་རུ་«འབྲས་བུའི་དུས་ན་ཡོད་གཞིའི་དུས་ན་མེད་»གནས༔ རང་བཞིན་ཁ་དོག་སྣ་ཚོགས་སུ་འབར༔ ཐུགས་རྗེ་འཆར་གཞི་འགག་མེད་དུ་གནས་པས་ཀུན་ལ་ཁྱབ་བོ༔ དེ་ཡང་ངོ་བོ་སྟོང་པས་རྟག་པའི་ཕྱོགས་སུ་མ་ལྷུང་༔ རང་བཞིན་གསལ་བས་ཆད་པའི་ཕྱོགས་སུ་མ་ལྷུང་༔ དེ་ཀུན་ལ་ཁྱབ་པའི་ངོས་ནས་བེམ་པོའི་ཕྱོགས་སུ་མ་ལྷུང་བའོ༔ ཡང་ངོ་བོ་འཁྲུལ་པར་མི་གནས༔ ཐུགས་རྗ«ེ་ངོ་བོ་ཀ་དག་ལྷུན་གྲུབ་»འཁྲུལ་པར་«རང་བཞིན་ལྷུན་གྲུབ་»མི་སྲིད་པའོ་«ཐུགས་རྗེ་ཀུན་ཁྱབ་བོ»༔ དེ་ཡང་ངོ་བོ་སྐུ་ཡིན་པས་མི་འགྱུར༔ རང་བཞིན་འོད་ཡིན་པས་རང་གསལ༔ ཐུགས་རྗེ་ཡེ་ཤེས་ཡིན་པས་མཁྱེན་པའི་ཆ་མ་འགགས་པར་སོ་སོར་གསལ་ལོ༔ དེ་ཡང་མཁྱེན་པའི་ཆ་གཞི་གནས་པའི་ཡེ་ཤེས་གསུམ་དུ་བཞུགས་སོ༔ དེ་ནི་ཐོག་མ་ཇི་ལྟ་བའི་གནས་ལུགས་སོ༔ ༈ ད་ནི་གཉིས་པ་དེ་ལས་འཁྲུལ་པ་ཇི་ལྟར་བྱུང་བའི་ཚུལ་བསྟན་པ་ནི༔ ངོ་བོ་རིག་པ་ཡེ་ཤེས་ཀྱིས་འཁྲུལ་གཞིའི་རྒྱུ་བྱས་ནས་བདག་ཉིད་གཅིག་པའི་མ་རིག་པར་གྱུར༔ རང་བཞིན་གྱིས་འཁྲུལ་པའི་རྐྱེན་བྱས་པས་འཕེན་པའི་ལས་ཀྱི་རླུང་ལངས་ཏེ་དེ་ལ་ཁ་དོག་ཏུ་གསལ་བས་ལྷན་ཅིག་སྐྱེས་པའི་མ་རིག་པར་སོང་༔ ཐུགས་རྗེ་འཁྲུལ་བའི་འབྲས་བུ་བྱས་ཏེ་ཞིག་གནས་ཀྱི་ཡེ་ཤེས་ལས་ཀུན་ཏུ་བརྟགས་པའི་མ་རིག་པར་གྱུར༔ ད་ལྟ་རིག་མ་རིག་ལག་པའི་ལྟོ་རྒྱབ་རྟོགས་པ་ལྟར་མ་ཤེས་པས་རིག་པ་ལ་ལྟོས་པའམ་རིག་པ་འཁྲུལ་པ་ལ་ལྟོས་པའི་འཁྲུལ་པ༔ དེ་ལ་བརྟགས་པས་མིང་གི་ཚོགས་སུ་ཤར་ཏེ༔ འདི་ནི་རིག་པ་ཡེ་ཤེས་སོ༔ འདི་ནི་མ་རིག་པའམ་འཁྲུལ་པའོ༔ ཞེས་མིང་དུ་མ་བཏགས་པས་ཀུན་ཏུ་བརྟགས་པའི་མ་རིག་པར་གྱུར༔ དེ་ལ་ཡུལ་དང་ཡུལ་ཅན་དུ་འཛིན་པ་དཔེར་ན་སྐྱེས་བུའི་བྱད་དང་འདྲ་བས༔ འཁྲུལ་བའི་རྒྱུ་བྱས་པས་རྒྱུའི་རྐྱེན་ཞེས་པ་མ་རིག་པ་གསུམ་མོ༔ དེ་ལ་དམིགས་པའི་རྐྱེན་ཞེས་པ་ཡུལ་ལ་དམིགས་པ་སོ་སོར་ཤར་བས་མེ་ལོང་ལྟ་བུའོ༔ ང་བདག་དང་གཟུང་འཛིན་སྣ་ཚོགས་པ་བདག་པོའི་རྐྱེན་དུ་གསུམ་དུས་མཚུངས་པས་མཚུངས་པའི་རྐྱེན་ཞེས་པ་མ་དག་པ་དངོས་སུ་སོང་བ་ནི་དཔེར་ན་མིང་མེད་པ་མིང་དུ་སོང་བ་དང་འདྲའོ༔ དེ་ལྟར་ངོ་མ་ཤེས་ཤིང་འཁྲུལ་པས་འགྲོ་བའི་ཡུལ་དང་ལས་དང་༔ དབང་པོ་དང་༔ ཉོན་མོངས་པ་དཔག་ཏུ་མེད་པ་འབྱུང་བའོ༔ ༈ ད་ནི་གསུམ་པ་ད་ལྟར་འཁྲུལ་ཀྱང་སེམས་ཅན་རྣམས་སངས་རྒྱས་སྙིང་པོས་ཇི་ལྟར་ཁྱབ་ཚུལ་ནི༔ འགྲོ་བ་གཅིག་གི་ལུས་ལ༔ སྐུ་ལྔ༔ རིགས་ལྔ༔ ཡེ་ཤེས་ལྔ༔ རླུང་ལྔ༔ ཤེས་རབ་ལྔ༔ འོད་ལྔ་སྟེ༔ རིག་པའི་ཡེ་ཤེས་ལྔ་ཚན་དུ་གནས་པས༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པ་དང་༔ རང་ལུས་རྡོ་རྗེ་སངས་རྒྱས་ཉིད༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ གཞན་ནས་སངས་རྒྱས་བསྟན་དུ་མེད༔ ཅེས་པའོ༔ དེ་ཡང་རིག་པའི་ཡེ་ཤེས་ཉིད༔ རྣམ་པ་ཡུལ་དེ་ཉིད་ལ་རིག་པའི་ཡེ་ཤེས་སྣང་བས༔ རྣམ་པར་སྣང་མཛད་སྐུ་རང་བྱུང་བས་དེ་ཉིད་གཞན་ནས་བཙལ་མ་དགོས་པའོ༔ རྡོ་རྗེ་ནི་རིག་པའི་ངོ་བོ་མི་འགྱུར་པ་དེ་ལ་རྣམ་རྟོག་གིས་མི་བསྐྱོད་པས༔ རིག་པ་ཉིད་རྡོ་རྗེ་མི་འགྱུར་བའི་སྐུར་བྱུང་བའོ༔ ཡང་རིག་པའི་ཡེ་ཤེས་དེ་ཉིད་ལས་ཉམས་གོང་འཕེལ་གྱི་སྣང་བ་ལ་སོགས་ཏེ༔ ཡོན་ཏན་གྱི་འཕེལ་སྒོ་དཔག་མེད་བྱུང་བས༔ རིན་ཆེན་འབྱུང་ལྡན་དུ་རང་བྱུང་བའོ༔ ཡང་རིག་པའི་གསལ་ཆ་འོད་ཟེར་མཐའ་ཡས་པར་སྣང་བས༔ སྣང་བ་མཐའ་ཡས་འོད་དཔག་མེད་དུ་རང་ཤར་བའོ༔ ཡང་རིག་པ་ཡེ་ཤེས་ཉིད་ཡེ་ཤེས་ཀྱི་ངོ་བོར་ཡོད་ལ༔ དེ་ཉམས་སུ་བླངས་པས་འགྲུབ་ངེས་ན༔ དོན་ཡོད་གྲུབ་པར་རང་བྱུང་བའོ༔ དེ་ལྟར་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ཡི་དམ་གྱི་ལྷ་གཞན་ནས་བཙལ་ཞིང་བསྒོམ་དུ་མེད་དེ༔ ཚི་ཆད་པའི་ནད་དང་བྲལ་བའོ༔ ཡང་རང་གི་སེམས་ཉིད་རིགས་ལྔར་འབྱུང་སྟེ༔ རིག་པ་སྐྱེ་མེད་ཀྱི་དབྱིངས་སུ་རྩལ་འགག་མེད་གཤེགས་ཤིང་ཐིམ་པས་ན༔ དེ་བཞིན་གཤེགས་པའི་རིགས་ཡིན་ལ༔ དེའི་ངོ་བོ་རྐྱེན་གྱིས་མི་འགྱུར་བས་རྡོ་རྗེའི་རིགས་སོ༔ དེ་ལ་ཡོན་ཏན་ཐམས་ཅད་རང་རྫོགས་སུ་གནས་པས་རིན་པོ་ཆེའི་རིགས་ཡིན་ལ༔ དེའི་ངོ་བོ་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་གྱི་ལས་སུ་འདུག་པས་ལས་ཀྱི་རིགས་ཞེས་བྱའོ༔ དེ་ཡང་རིག་པ་ཉིད་ཡེ་ཤེས་ལྔར་ཡང་གནས་ཏེ་ཆོས་སྤྱི་དང་རང་གི་མཚན་ཉིད་དམ༔ གཟུགས་ཅན་ཐམས་ཅད་རིག་པའི་ངང་ལས་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཆོས་ཅན་སྣ་ཚོགས་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ དེ་ཉིད་ཀྱི་ངང་ལས་ཡོན་ཏན་ཀྱི་ཆ་མ་འདྲེས་པར་སོ་སོར་གསལ་བས་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་སོ༔ དེ་ཡང་འབད་རྩོལ་གྱིས་བསྒྲུབ་མི་དགོས་ཏེ༔ ཡེ་ནས་རང་གསལ་ལྷུན་གྲུབ་ཏུ་གནས་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་ཐམས་ཅད་ཀྱང་ཐ་དད་མ་ཡིན་ཏེ༔ ཆོས་ཉིད་སྟོང་ཉིད་དུ་རོ་གཅིག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ རང་རིག་པ་ཉིད་འོད་ལྔར་ཡང་བྱུང་ཏེ༔ རིག་པ་ཉིད་ལ་ལས་དང་ཉོན་མོངས་ཀྱི་མ་གོས་པས་དཀར་པོ་ལྟར་ཡང་སྣང་ངོ་༔ ཡོན་ཏན་རྫོགས་པའི་ཕྱིར་སེར་པོ་ལྟར་ཡང་སྣང་ངོ་༔ ཐམས་ཅད་རིག་པ་དབང་དུ་འདུས་པས་དམར་པོ་ལྟར་ཡང་སྣང་ངོ་༔ རྩོལ་བ་ལས་འདས་པས་ལྗང་གུའོ༔ སྣ་ཚོགས་སུ་ཤར་ཡང་ངོ་བོ་ལ་འགྱུར་བ་མེད་པས་མཐིང་ག་ལྟར་ཤར་བའོ༔ རིག་པ་ཉིད་རླུང་ལྟར་ཡང་འབྱུང་སྟེ༔ རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱ༔ འཁོར་འདས་ཀུན་གྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་ངོ་༔ དབང་པོ་དང་ཡུལ་དང་ཁ་དོག་ལ་སོགས་པར་འབྱེད་པས་ན་དངས་སྙིགས་འབྱེད་པའི་རླུང་ངོ་༔ འཁོར་འདས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་༔ འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་འཕེན་པས་ན་སྙིང་རྗེ་མེད་པ་ལས་ཀྱི་རླུང་ཞེས་བྱའོ༔ རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ༔ འཁོར་འདས་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པ་འབྱེད་པ་མེད་པའི་ཤེས་རབ་བོ༔ རང་རིག་པའི་ངང་ལས་མ་འདས་པས་སྡུད་པར་བྱེད་པའི་ཤེས་རབ་བོ༔ དེ་ཐམས་ཅད་ཀྱི་ངོ་བོར་བྱུང་བས་ཁྱབ་པར་བྱེད་པའི་ཤེས་རབ་བོ༔ དེ་ཉིད་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་སྤྱོད་པས་ན་སྐྱེད་པའི་ཤེས་རབ་བོ༔ འཁོར་འདས་གཉིས་ཀའི་སྒྲོ་འདོག་གཅོད་པས་ན་སྒྲོ་འདོགས་གཅོད་པའི་ཤེས་རབ་ཏུ་གནས་པའོ༔ དེ་ལྟར་རིག་པ་ཉིད་ལས་གཞན་མེད་པས་ན་རང་བྱུང་གི་ཡེ་ཤེས་ཞེས་བྱ༔ དེ་ཡང་ངོ་བོའི་ཆ་ལ་སྐུར་གནས་པ་མཉམ་གཞག་གི་དུས་ན་ཆོས་སྐུ་ཉིད་ལ༔ མཉམ་རྗེས་གཉིས་མེད་དུས་ན་ལོངས་སྐུའོ༔ རྗེས་ཀྱི་དུས་ན་སྤྲུལ་པའི་སྐུའོ༔ རང་བཞིན་འོད་དུ་གསལ་བས་གཞི་ལ་རང་གསལ་དུ་གནས་ཏེ༔ རྟགས་སྒྲོན་མ་ལགས་པའོ༔ ཐུགས་རྗེའི་ཆ་ཡེ་ཤེས་སུ་གནས་པའོ༔ དེ་ལྟར་ཐམས་ཅད་ཀྱི་གཞིར་གནས་པས་སངས་རྒྱས་བཙལ་མི་དགོས་ཏེ༔ རང་སེམས་ཡེ་ནས་སངས་རྒྱས་ཡིན་པའི་གཏན་ཚིགས་སོ༔ ༈ ད་ནི་བཞི་པ་རིག་པའི་ཡེ་ཤེས་དེ་གནས་པ་གང་ན་གནས་བསྟན་པ་ནི༔ དེ་ཡང་ལུས་ཀྱི་དཀྱིལ་ན་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་ཏེ༔ ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ༔ དེ་ཡང་སྐུ་ཡུངས་འབྲུ་ཙམ་ཞེས་པ་ནི༔ ཕྲ་ཞིང་རྟོགས་པར་དཀའ་བའི་ཆ་ནས་བཞག་ལ༔ «སྤྱ»ན་ཕུལ་ཐག་ཙམ་ལ་ཞེས་པ་ཉམས་ལེན་ཕྲ་མོ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་ལ་དགོངས་པའོ༔ དེ་ཡང་ངོ་བོ་སྐུ་རུ་གནས་པ་བུམ་སྐུ་ལྟ་བུའོ༔ རང་བཞིན་འོད་དུ་གནས་པ་ནི་བུམ་ནང་གི་མར་མེ་ལྟ་བུའོ༔ ཐུགས་རྗེ་ཟེར་དུ་གནས་པས་སྒྲོན་མའི་གོ་མ་འགགས་པར་གསལ་བའོ༔ དེའི་ཞར་ལ་མ་རིག་པ་དང་༔ ཉོན་མོངས་པ་དང་༔ ལས་དང་བག་ཆགས་དང་རྣམ་པར་རྟོག་པ་ལ་སོགས་ཀྱང་ལས་ཀྱི་རླུང་གིས་སྟོབས་བྱས་ནས་གློ་བ་ན་གནས་པའོ༔ ༈ ད་ནི་ལྔ་པ་དེ་ལྟར་གནས་པའི་རིག་པའི་ཡེ་ཤེས་དེ་ལམ་གང་ནས་བྱུང་བསྟན་པ་ནི༔ རྩ་རྣམས་ནས་འབྱུང་བ་སྟེ༔ དེ་ཡང་རྩའི་མཚན་ཉིད་ཤེས་པར་བྱེད་པ་ལ་ལུས་ཀྱི་མཚན་ཉིད་ཤེས་དགོས་ཏེ༔ དེ་ཡང་ལུས་ཆགས་པའི་མཚན་ཉིད་མ་ཤེས་ན༔ དེ་ན་གནས་པའི་མཚན་ཉིད་མི་ཤེས༔ དེ་མ་ཤེས་ན་ཐ་མ་ལུས་འཇིགས་པའི་མཚན་ཉིད་མི་ཤེས༔ དེ་ལྟར་མ་ཤེས་ན་རྩ་ཡི་གནས་ལུགས་མི་ཤེས་སོ༔ དེ་ཡང་ལུས་ཆགས་པའི་མཚན་ཉིད་སྐྱེ་བ་སྔ་མ་འདས་ནས་བར་མ་དོ་ཡིད་ཀྱི་ལུས་ཅན་དེ་ཤེས་པ་ཕྱ་ཕྱོ་ཡད་ཡད་དུ་གནས་པ་ལས༔ ཕོ་མོ་འཁྲིག་པ་སྤྱོད་པའི་དྲུང་དུ་སྔོན་གྱི་ལས་ཀྱིས་བདས་པ་ཤ་གསར་ལ་སྦྲང་བུ་འདུ་བ་ལྟར་འཕུང་སྟེ༔ ལ་ལའི་སྲོག་ཀྱང་འཆད་པའོ༔ དེས་ན་ལས་བཟང་ངན་གྱིས་སྐྱབས་གནས་སུ་མཐོང་ནས༔ བཤང་པའི་ལམ་ནས་ཞུགས་ཏེ༔ མའི་མངལ་གྱི་རྒྱས་འཐུམས་ནས༔ རླུང་སེམས་གཉིས་དང་ཁུ་ཁྲག་འདྲེས་ཏེ༔ དེ་ལྟར་རྒྱུ་རྐྱེན་ཁུ་ཁྲག་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་ཀྱིས་བྱེད་པ་རྐྱེན་དུ་འགྱུར༔ རླུང་སེམས་གཉིས་ལས་དོན་དམ་གྱི་འབྱུང་བ་བཞིའི་བྱེད་པ་ཅན་དུ་སོང་བས༔ ཞག་དང་པོ་ལ་ཆུའི་བྱེད་པའི་ལས་ཀྱིས་བཞི་པོ་དེ་དག་གཅིག་ཏུ་བསྡུས་པ་ལས༔ མེར་མེར་པོའི་གཞི་ཡུངས་འབྲུ་ལ་བརྒྱར་གཤེགས་པའི་ཆ་ཙམ་དུ་བྱས༔ ཞག་གཉིས་པ་ལ་སའི་བྱེད་པའི་ལས་ཀྱིས་དེ་དག་གཅིག་ཏུ་གནས་ཤིང་བརྟན་པར་བྱས་ཏེ་ཉུང་འབྲུའི་བཅུ་ཆ་ཙམ་དུ་བྱས༔ གསུམ་པ་ལ་མེའི་བྱེད་པའི་ལས་ཀྱིས་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུར་འཕར་ཞིང་གཞན་དང་མ་འདྲེས་པར་ཉུང་འབྲུ་སུམ་ཆ་ཙམ་དུ་བྱས༔ བཞི་པ་ལ་རླུང་གི་བྱེད་པའི་ལས་ཀྱིས་ཐིག་ལེ་ཕྲ་མོ་དེ་དག་ཀྱང་བརྒྱ་སྟོང་དུ་འཐོར་ནས༔ སླར་དངུལ་ཆུ་བཞིན་བསྡུས་ནས་ཉུང་འབྲུ་ཕྱེད་ཚལ་ཙམ་དུ་གནས་པར་བྱས་སོ༔ དེ་ནས་ལྔ་པ་ལ་ཆུས་དངས་སྙིགས་བསྡུས་པས་འདུས་ཤིང་བརྟན་པར་བྱས་པས་ཉུང་འབྲུ་ཙམ་དུ་སྨིན་ནོ༔ དེ་ནས་དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་སོ་སོར་གསལ་བའི་ལས་བྱས་པས་ཉུང་འབྲུ་ཉིས་འགྱུར་དུ་འགྱུར་ཏེ༔ བདུན་པ་ལས་ཉུང་འབྲུ་ཉིས་འགྱུར་ཙམ་པའི་ཐིག་ལེ་མེར་མེར་པོའི་ནང་དུ་མིག་ཆུང་ཤིན་དུ་ཕྲ་བ་གཉིས་ཆགས༔ འདིའྀ་དུས་ན་འབྱུང་བ་བཞིའི་བྱེད་པའི་ལས་འཁྲུགས་ཏེ༔ ཆུའི་བརླན་གྱིས་གཤིགས༔ སའི་ལྗིད་ཀྱིས་མནན༔ མེའི་དྲོད་ཀྱིས་བསྲེགས༔ རླུང་གིས་སྒྲོན་མ་སྐྱེད་པར་བྱེད་དོ༔ དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད༔ རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད་དོ༔ མིག་ཏུ་རྒྱང་ཞགས་ཆུའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང་༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་རྣམས་སྨིན་པར་བྱེད་དོ༔ འབྲས་བུ་དབྱིངས་ཡེ་ཤེས་སུ་འདུ་འབྲལ་མེད་དོ༔ རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་གནས༔ ཆོས་ཉིད་ཀྱི་ཐིག་ལེ་ནི་དེ་ལས་ཉམས་སྐྱེས་པའི་དུས་ན་གནས༔ དེ་ཉིད་བརྟན་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ་དང་༔ སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ༔ དེ་ལས་འཕེལ་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ༔ དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ༔ ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ༔ དེས་ལམ་གང་ནས་བྱུང་བསྟན་པའོ༔ ༈ དྲུག་པ་སྒོ་གང་ནས་འཆར་བསྟན་པ་ནི༔ སྒོ་ནི་མིག་ལ་འཆར༔ དེ་ཡང་ལྟེ་བ་དང་སྙིང་ཁར་འབྲེལ༔ སྙིང་ཁ་ནས་མགྲིན་པར་འབྲེལ༔ དེ་ནས་ཀླད་པ་དུད་ཁང་དུ་གཡས་སུ་འཁྱིལ་བའི་རྩ་འདབ་བཞི་ལས་དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་རྩ་གཅིག་རྩེ་མོ་ལྔར་གྱེས་ནས་སྒོ་ལྔ་པོའི་རྟེན་བྱེད༔ དེ་ལ་སྐྱོན་ཡོན་དབང་པོ་དང་འབྱེད་རྩ་ཞེས་བྱ༔ ཁ་ཆེ་ལ་རྩ་བ་ཕྲ་བ་བ་མན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གི་ཨ་འབྲས་ཀྱི་དངས་མ་ལ་བརྟེན་ནས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་འཛིན་པས་ན༔ དཀར་ནག་ཕྱེད་མ་ཆུའི་རང་བཞིན་དུ་བྱུང་༔ རྒྱང་ཞགས་ཆུའི་སྒྲོན་མ་ཞེས་དངོས་མིག་ལ་བྱའོ༔ དེ་ལ་བརྟེན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་འཆར་རོ༔ དེའི་གདང་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུར་འཆར་རོ༔ དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་པའི་རྩལ་དུ་མར་འཆར་རོ༔ སྤྱི་བོ་ཚངས་པའི་བུ་ག་ནས་རིག་པ་རྟོག་པ་མེད་པའི་སྐུ་དངོས་སུ་འཆར་རོ༔ དེ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ད་ལྟ་ཉིད་དུ་གཏན་ལ་དབབ་ཏུ་བཏུབ་པའོ༔ དེ་བས་ན་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་མི་དགོས་ཏེ༔ ཡིད་དཔྱོད་འཛིན་པའི་ལྟ་བ་ལས་འདས་པ་ཆོས་ཉིད་མངོན་སུམ་གྱི་གནད་དོ༔ ༈ བདུན་པ་དེ་ཉིད་ཡུལ་གང་ལ་སྣང་བ་བསྟན་པ་ནི༔ ཡུལ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ་སྣང་སྟེ༔ དེ་ཡང་ཡུལ་སྟོང་པ་ལ་རིག་པ་སྟོང་པ་འཆར་བའི་གཞི་ཡིན་པས་སོ༔ དེ་ལྟར་ཡང་སྡུད་པ་ལས༔ དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས༔ ཞེས་པ་དང་༔ ནམ་མཁའ་ཆེ་ལས༔ ནམ་མཁའ་སྟོང་པ་སྐྱེ་མེད་ཅིང་༔ རྣལ་འབྱོར་ནམ་མཁའི་བྱ་ལམ་གནས༔ ཞེས་པ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་གསུངས་སོ༔ ནང་གི་དབྱིངས་ནི་རྣམ་པར་དག་པའི་སྒྲོན་མེའི་ནང་དུ་འཆར་བའོ༔ དེ་ལྟར་ཡང་༔ ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས༔ རྣམ་པར་དག་པའི་སྤྱོད་ཡུལ་ལ༔ སངས་རྒྱས་སེམས་ཅན་གཉིས་མེད་དེ༔ ལམ་གྱིས་བཅོས་སུ་ག་ལ་ཡོད༔ ཅེས་པ་ལ་སོགས་པ་དུ་མ་བཤད་དོ༔ དེ་ཡང་སྣང་ལུགས་ཇི་ལྟར་སྣང་ན༔ དབྱིངས་རིག་འདུ་འབྲལ་མེད་པར་སྣང་བས་ཟུང་འཇུག་དབྱེར་མེད༔ གསལ་སྟོང་དབྱེར་མེད༔ ཡུལ་སེམས་གཉིས་མེད༔ དོན་གཉིས་མུ་མཐའ་དང་བྲལ་བའི་ལྟ་བ་ཞེས་བྱའོ༔ དེ་ཡང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་འདབ་འབྱོར་དུ་སྣང་བ་དང་༔ དབྱིངས་གསལ་དག་པའི་སྒྲོན་མ་གཉིས་མིག་གིས་མངོན་དུ་སྣང་ལ༔ ཤེས་རབ་ཀྱིས་སྤྱོད་ཡུལ་མ་ཡིན་པས་ན༔ ཆོས་ཉིད་འདི་ནི་མངོན་པར་ཤེས་པ་ དང་༔ མངོན་སུམ་པ་དང་རྒྱབ་ནས་འབྱུང་༔ ཞེས་པ་ལ་སོགས་དཔག་ཏུ་མེད་པ་གསུངས་སོ༔ ༈ དོན་བརྒྱད་པ་ཉམས་སུ་ཇི་ལྟར་བླང་པ་ནི༔ འདི་ཉམས་སུ་ལེན་དོན་དུ་རྟེན་ཁྱད་པར་ཅན་བསྒྲུབ་པ་སྟོན་ཏེ༔ དེ་ལ་དང་པོ་གསང་སྔགས་ཀྱི་ལུགས་ཀྱིས་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོས་ཏེ༔ དབང་བསྐུར་བ་ལ་བླ་མ་མཚན་ཉིད་དང་ལྡན་པ་དགོས༔ དེ་ཡང་བླ་མ་ལྟ་བ་ཡངས་ཤིང་རྒྱུད་ལ་མཁས་པ༔ སྤྱིར་གསང་སྔགས་རྒྱུད་སྡེ་མང་དུ་ཤེས་ཤིང་ཁྱད་པར་དུ་རྒྱུད་ཀྱི་ཕུར་པ་འདོན་ཅིང་རྒྱུད་ཚིག་ལག་ལེན་དུ་སྟོན་ཤེས་པ༔ གོམས་ཤིང་སྒྲུབ་པ་ལ་མཁས་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ལ་ལག་ལེན་དུ་སྟོན་པ༔ འབོད་རྦད་བསད་པའི་སྔགས་ཀྱི་སྲུང་བཟློག་མཁས་ཤིང་ནུས་པ་ཐོན་པ༔ རྟོགས་ཤིང་ལྟ་བ་ལ་མཁས་པ་སྟཻ༔ ཕྱིའི་ལྟ་བ་ཐེག་པ་རིམ་པ་དགུའི་དོན་རྟོགས་པ༔ ནང་གི་ལྟ་བ་ལ་མཁས་པས་ཆོས་ཉིད་མངོན་སུམ་དུ་མཐོང་བ༔ བསྒོམ་ཞིང་ཉམས་མྱོང་ལ་མཁས་པ་སྟེ་འཇིག་རྟེན་གྱི་བྱ་བ་བཏང་ནས་ཉམས་སུ་ལོན་ཅིང་གཡེང་བ་སྤངས་ནས་རི་ཕུག་དང་དགོན་པ་བསྟེན་པ༔ རང་ཡང་ཉམས་སུ་ལེན་ཞིང་གཞན་ལ་ཡང་ཉམས་སུ་ལེན་དུ་འཇུག་པ༔ དེ་ཉམས་སུ་མྱངས་བས་ཐུན་མོང་མ་ཡིན་པ་སྐྱེས་ཤིང་སྙིང་རྗེ་བྱང་སེམས་དང་ལྡན་པའོ༔ སློབ་མ་ཡང་དད་པ་ཆེ་བ༔ འཁོར་བའི་བྱ་བ་སྤངས་ནས་ཆོས་མིན་ཡིད་ལ་མི་བྱེད་པ༔ གཏོང་ཕོད་ཆེ་སྟེ་བདོག་པ་ཐམས་ཅད་ཀྱིས་བླ་མ་མཆོད་པ༔ ཤེས་རབ་ཆེ་སྟེ་ཐེག་པ་ཆེན་པོ་ལ་མོས་པ༔ མོས་གིས་ཆེ་སྟེ་བླ་མ་དང་རྟག་ཏུ་མི་འབྲལ་བ༔ འཁོར་བ་ལ་ཞེན་པ་ལོག་སྟེ་བློ་མི་འཇུག་པ༔ བརྩོན་འགྲུས་ཆེ་སྟེ་ཉམས་ལེན་ལ་བརྩོན་པ༔ སྔོན་སྦྱངས་བ་ཆེ་བས་རྫོགས་པ་ཆེན་པོའི་སྣོད་དུ་རུང་བའོ༔ རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་ནི༔ རྣམ་རྟོག་བག་ཆགས་ཤས་ཀྱིས་ཆུང་བ༔ སྤྱོད་པ་ཡངས་པ༔ གཟུང་འཛིན་བག་ཀྱིས་ཆུང་བ༔ ལུས་ངག་ལ་དལ་ཆགས་ཤིང་ལྷོད་ཡོད་པ༔ དཀའ་སྤྱད་ལ་སྡུག་བསྔལ་དུ་མི་ལྟ་བ༔ ཁྱད་པར་དུ་ཆོས་ཉིད་དང་བླ་མ་ལ་མོས་པ་ནི་སྣོད་དུ་རུང་བས་དེ་ལྟར་སློབ་མ་སྣོད་ལྡན་དེས༔ བླ་མ་མཚན་ལྡན་དེ་ལ་བདག་ལོ་གསུམ་མམ་བདུན་ནམ་གཅིག་ལ་དབང་བསྐུར་བར་ཞུའོ༔ ཞེས་རིན་པོ་ཆེ་གསེར་ལ་སོགས་པའི་མཎྜལ་ཕུལ་ལ་གསོལ་བ་གདབ་བོ༔ དེ་ནས་བླ་མས་གནང་ན་དེའི་དུས་སུ་རང་གི་ཆ་རྐྱེན་སྟ་གོན་དུ་བྱས་ལ༔ དེ་ནས་དང་པོ་བླ་མས་སྤྲོས་བཅས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བའོ༔ དེའི་དམ་ཚིག་དང་སྡོམ་པ་འབོགས༔ དེ་ནས་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་དབང་བསྐུར༔ དེའི་དུས་སུ་ལུང་འབོགས༔ དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་བརྡ་ལ་བརྟེན་ནས་དབང་བསྐུར༔ དེའི་དུས་སུ་ལུས་ཀྱི་གནད་བསྟན་པའོ༔ དེ་དག་གི་དུས་ན་བླ་མ་ལ་ཡོན་དབུལ་ཞིང་དགའ་སྟོན་ཆེན་པོ་བྱས་ཏེ༔ དེ་ལྟར་ཡང་༔ མན་ངག་ལུང་གི་སློབ་དཔོན་ལ་ཁུ་བོ་ཕ་དང་མ་དང་མིང་༔ བུ་དང་ཆུང་མ་ནོར་གྱི༔ དབྱིག་རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་པ་དང་༔ འདིའི་དུས་ན་སྟོན་མོ་ཡང་གལ་ཆེ་སྟེ༔ སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ༔ ཞེས་གསུངས་པའོ༔ དེ་ལྟ་བུའི་དབང་བཞི་པོ་ལོ་ཟླས་བར་དུ་ཆོད་ཀྱང་མི་འགལ༔ དུས་གཅིག་ལ་བསྐུར་ཡང་འགལ་བ་མེད་དོ༔ དེ་ནས་དབང་ལ་བརྟེན་པའི་དམ་ཚིག་བསྲུང་དགོས་ཏེ༔ སྤྱིར་གསང་སྔགས་གྱི་རྒྱུད་ནས་བཤད་པ་ཐམས་ཅད་བསྲུང་ཞིང་༔ ཁྱད་པར་དུ་འདིའི་དམ་ཚིག་རབ་འབྱེད་བཞིན་བསྲུང་ངོ་༔ དེ་ལྟར་བླ་མ་དམ་ཚིག་དང་ལྡན་པས་སློབ་མ་དམ་ཚིག་དང་ལྡན་པ་ལ་དབང་བསྐུར་བྱིན་རླབས་དང་ལྡན་པ་གསུམ་ཚོགས་པས་སངས་རྒྱས་ཀྱི་འབྲས་བུ་ཐོགས་པ་མེད་པར་འབྱུང་ངོ་༔ དེས་ན་བླ་མ་མཚན་ཉིད་དང་ལྡན་པ་ཁོ་ན་གལ་ཆེ་སྟེ༔ ཡོན་ཏན་ཆུང་ལ་རང་བཞིན་ངན་པའི་བླ་མས་ནི་འབྲས་བུ་མི་འབྱུང་སྟེ་ངན་སོང་དུ་འཁྲིད་པར་བྱེད་དོ༔ ཡེ་ཤེས་གསང་བའི་རྒྱུད་ལས༔ དམ་ཚིག་མི་ལྡན་རྡོ་རྗེ་ནི༔ བེའུ་སྦྲེལ་གཡངས་ལ་ལྷུང་བ་བཞིན༔ བདག་གཞན་རྡོ་རྗེའི་ཁབ་ཏུ་འགྲོ༔ ཞེས་གསུངས༔ རང་ཤར་ལས༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་པས་དང་པོ་བརྟགས་པ་གལ་ཆེའོ༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཞེས་པས་བླ་མའི་ཡོན་ཏན་མ་མཐོང་བར་སྐྱོན་ལ་རྟོག་པ་ནི་སྤང་བར་བྱའོ༔ དེས་རྟེན་ཁྱད་པར་ཅན་དུ་སྒྲུབ་པ༔ གཞི་མ་སྨིན་པ་སྨིན་པར་བྱེད་པའོ༔ ད་ནི་སྨིན་པ་གྲོལ་པར་བྱེད་པ་ལ༔ བླ་མའི་མན་ངག་འབོགས་ཏེ༔ དཔེར་ན་ཞིང་ས་གཤིན་པོ་སོ་ནམ་ལེགས་པར་བྱས་ན་འབྲས་བུ་སྨིན་པ་དང་འདྲ་བ་དང་༔ རང་རྒྱུད་རྣམ་པར་དག་པ་ལ་དབང་བསྐུར་ཞིང་དམ་ཚིགས་མ་ཉམས་པ་ལ་བརྟེན་ན་འབྲས་བུ་འབྱུང་བའོ༔ དེ་ཡང་འབྲས་བུ་ནས་ལ་སོགས་པ་དེ་བཞག་པས་ཆོག་པ་མ་ཡིན་ཏེ༔ བཙས་མ་བརྔས་ནས་འབྲུ་བརྡུངས་བ་དང་༔ རྔོས་པ་དང་༔ བཏགས་པ་ལ་སོགས་པ་བྱས་པས་བཟའ་རྒྱུ་རུང་བ་དང་འདྲ་བར་བླ་མའི་གདམས་ངག་དེ་རྐྱེན་མེད་པའི་གནས་སུ་ཉམས་སུ་བླངས་ནས་ཉམས་ཐུན་མོང་མ་ཡིན་པར་སངས་རྒྱས་ནས་འབྲས་བུ་སངས་རྒྱས་བའོ༔ དེ་ཡང་ཉམས་སུ་བླང་སྟེ༔ སྤྲང་པོའི་ཚུལ་དུ་བསྒྲུབ་པ་དང་༔ རི་དྭགས་ཀྱི་ཚུལ་དུ་བསྒྲུབ་པ་པོ༔ དང་པོ་ནི་ངོ་མི་ཤེས་པའི་ཡུལ་དུ་ཐ་མལ་པར་བརྫུས་ནས་ཅི་ཤེས་ཆ་མེད་པར་བསྒྲུབ་ཅིང་བསྡམ་སྟེ༔ རང་གི་ཡོན་ཏན་གཞན་ལ་མི་ངོམ་པ་ནི་ཞེ་འདོད་དང་རློམ་སེམས་མེད་པའི་རྟགས་ཡིན༔ གཞན་གྱི་གྲུབ་མཐའ་ལ་སོགས་པའི་དྲི་བརྡ་མི་བྱེད་པ་ནི་རང་གི་མན་ངག་ལ་ཐེ་ཚོམ་མེད་པའི་རྟགས་ཡིན་ནོ༔ རི་དྭགས་ཀྱི་ཚུལ་དུ་བསྒྲུབ་པ་ནི༔ རི་ཁྲོད་དམ་དུར་ཁྲོད་ལ་སོགས་པ་ཡུལ་རྐྱེན་གྱིས་མི་གནོད་པའི་སར་ཕྱིན་ལ་བྱ་བ་གསུམ་བཏང་ལ་བསྒྲུབ་བོ༔ དེ་ཡང་ཕྱི་ལུས་ཀྱི་བྱ་བ་ལས་དང་སོ་ནམ་ལ་སོགས་པ་བཏང་བའོ༔ དེས་ལུས་དལ་བས་རྩ་དལ༔ རྩ་དལ་བས་རླུང་རང་ལུགས་སུ་འབྱུང་༔ དེས་རྣམས་པར་རྟོག་པ་མི་རྒྱུའོ༔ ངག་གི་བྱ་བ་སྨྲ་བ་མང་པོ་རྣམས་བཏང་སྟེ༔ སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རང་གི་རྒྱུད་ལས་སྐྱེའོ༔ སེམས་ཀྱི་བྱ་བ་རྣམ་པར་རྟོག་པ་མཐའ་དག་སྤང་སྟེ༔ དབྱིངས་རིག་ལ་གཏད་པས་ཆོས་ཉིད་མངོན་སུམ་དུ་མཐོང་བའོ༔ དེ་ཡང་ཇི་ལྟར་ཉམས་སུ་བླངས་ན་བློ་རིག་གཉིས་ཏེ༔ དམིགས་པ་ཡུལ་གྱི་བློ་ཅན་གྱིས་ཉམས་སུ་བླང་བ་དང་༔ རིག་པར་རང་སྣང་གི་བློ་ཅན་གྱིས་ཉམས་སུ་བླང་བའོ༔ དང་པོ་ནི་རྣམ་གྲངས་དང་གོ་རིམ་ལ་བསྟན་པ་ནི༔ དེ་ལ་སྤྱོད་པའི་རྣལ་འབྱོར་དང་༔ སྒོམ་པ་དང་༔ ལྟ་བ་དང་༔ འབྲས་བུ་ལ་རྒྱུན་དུ་སྤྱོད་པའི་རྣལ་འབྱོར་རོ༔ དང་པོ་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ནི༔ སྣང་བ་དབང་སྡུད་ཀྱི་སྤྱོད་པ༔ དེའི་མན་ངག་ཏུ་སྣང་བ་གཅེར་བཞག་གི་ཐབས་ཏེ༔ དེ་ལ་དགོངས་པ་ཇི་ལྟ་བུ་ཞིག་སྐྱེ་ན་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པའོ༔ དེས་ཉོན་མོངས་གནས་འགྱུར་བའོ༔ དེ་ལྟ་བུའི་སྤྱོད་པ་ལ་གསུམ་སྟེ༔ ལས་དང་པོའི་སྤྱོད་པ་མི་དགེ་བ་བཅུ་ལ་འཛེམ་ཞིང་ཆོས་སྤྱོད་བཅུའི་རིམ་པ་ཉམས་སུ་ལེན་པའོ༔ དེ་ནས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་ཡིད་གསུམ་ཚད་ལ་འབེབས་པའོ༔ བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་ཉེར་གཅིག་ཡོད་ཀྱང་འདིར་བདུན་དུ་འདུས་ཏེ༔ དེ་ཡང་དང་པོ་སྒོ་མོ་ཀུན་ནས་བསྡུར་བ་བུང་བ་ཚང་འཚོལ་བ་ལྟ་བུའི་སྤྱོད་པས་ཐོས་པའི་ཆོས་དང་ཆོས་མ་ཡིན་པ་རྣམས་འབྱེད་ཅིང་སྤང་བྱ་དང་གཉེན་པོ་ངོས་འཛིན༔ དེ་ནས་བསམ་པས་ཉོན་མོངས་པ་མགོ་གནོན༔ བསྒོམས་པས་ཉོན་མོངས་པ་རྩ་བ་དྲུངས་ནས་འབྱིན་པའོ༔ དེའི་གྲོགས་སུ་ཐེ་ཚོམ་མེད་པ་བྱ་ཐི་བ་ཚང་ནང་དུ་འཇུག་པ་ལྟ་བུ་ནི༔ བྱ་ཐི་བ་དེ་ཚང་དུ་འཇུག་པའི་དུས་སུ༔ སྔོན་དུ་མིའི་སྒྲོ་འདོགས་བཅད་ནས་དེ་ནས་འཛལ་འཛོལ་མེད་པར་ཞུགས་པ་ལྟར༔ སྔོན་དུ་ཐོས་པས་སྒྲོ་འདོགས་བཅད་ནས༔ དེ་ནས་རང་ཡིད་ཆེས་པའི་གདམས་ངག་ཅིག་ཡི་དམ་དུ་བཟུང་ནས་ཉམས་སུ་ལེན་པའོ༔ དེའི་གྲོགས་སུ་ཀུན་གྱིས་སྤྱོད་ཡུལ་མ་ཡིན་པ་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ་ནི་རི་དྭགས་སྨས་མ་དེ་རྨ་ཡི་གནོང་གིས་རི་ལ་འབྲོས་ཏེ་ཅི་ནས་ཀྱང་ལུང་ཕུག་གམ་རི་རྩིབས་ལ་རང་གཅིག་པུར་གནས་པར་བྱེད༔ རྣལ་འབྱོར་པ་དེ་ཡང་འཁོར་བ་ལ་འཇིགས་པའི་དབང་གིས་ཅི་ནས་ཀྱང་མི་མི་རྒྱུ་བའི་གནས་དུར་ཁྲོད་ལ་སོགས་པར་གཅིག་པུར་གནས་པར་བྱའོ༔ དེའི་དུས་སུ་སྨྲ་བརྗོད་བྲལ་བ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི༔ ལྐུགས་པ་སྨྲ་བ་མེད་པ་ལྟར་སྨྲ་བ་བཅད་དེ་ཅི་ཡང་མི་སྨྲ་བར་བྱའོ༔ དེ་ལྟར་བྱས་པས་ངེས་མེད་སྨྱོན་པ་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ སྨྱོན་པའི་ཚིག་བཞིན་འབྲེལ་མེད་འཛིན་པ་ཞིག་པའི་གཏམ་རང་རྡོལ་དུ་འབྱུང་བའོ༔ དེའི་དུས་སུ་གཙང་སྨེ་མེད་པར་ཁྱི་ཕག་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ ཟས་དང་བཟང་ངན་མེད་པ་འབྱོལ་ཉོལ་དུ་སྤྱོད་པ་འབྱུང་ངོ་༔ དེ་གྲུབ་རྫོགས་པ་ལ་ཟིལ་གྱིས་མི་གནོན་པ་སེངྒེ་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ སེངྒེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་དང་འདྲ་བ་རྣལ་འབྱོར་བ་ལ་ཡང་སྣང་བ་ལ་སོགས་པའི་རྣམ་པ་དང་བྲལ་ནས་སྣང་བ་ལ་དབང་བསྒྱུར་ནུས་པ་འབྱུང་ངོ་༔ སྤྱོད་པ་དེ་དག་ལ་མིང་སུ་བཏགས་ན་ནང་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱ་བ་གཞན་གྱི་མི་དད་པ་སྒྱུར་ནུས་པ་དང་༔ བསད་པ་གསོ་ནུས་པ་དང་རྫུ་འཕྲུལ་དང་འབྱུང་བཞི་དབང་དུ་འདུ་བ་ལ་སོགས་པ་འབྱུང་ངོ་༔ དེའི་མན་ངག་ཏུ་སྣང་བ་གཅེར་བཞག་གི་ཐབས་ནི་ཆོས་ཅན་ཅིའི་སྣང་བ་བསླབས་པས་རང་བཞིན་ཡོངས་སུ་དག༔ ཆོས་ཅན་དུམ་བུ་ལ་བསླབས་པས་གཟུགས་བརྙན་ཡོངས་སུ་དག་པའོ༔ དང་པོ་ནི་གང་སྣང་ཚད་ཀྱི་སྟེང་དུ་ནི་ཅེར་བཞག་པ་ལས་བྱུང་བའོ༔ འདིའི་དུས་སུ་དགོངས་པ་ནི་སྣང་སྲིད་གཞི་བཞེངས་ཞེས་བྱ་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབས་པ་མེད་ཀྱང་བློ་ཐོག་ཏུ་དུངས་ཀྱིས་འབྱུང་བའོ༔ དེ་ལྟར་བྱུང་བའི་དུས་ན་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་འགྱུར་པ་དང་༔ ཕུང་པོ་ལྔ་རིགས་ལྔར་གནས་པར་འགྱུར་ཏེ༔ དཔེར་ན་སྣམ་བུ་ཁ་དོག་བསྒྱུར་བ་དང་འདྲའོ༔ དེས་གང་ཟག་གི་ཆ་རྐྱེན་དུ་བསྟན་པའོ༔ སྒོམ་པ་ལ་རྒྱུན་དུ་བྱེད་པ་ལ་གསུམ་སྟེ༔ སྒོམ་པ་ཉིན་མཚན་ཁ་སྦྱོར་དང་༔ དེའི་མན་ངག་ཏུ་རྒྱ་མཚོ་ཅོག་གཞག་གི་ཐབས་དང་༔ དེའི་དུས་ན་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པའོ༔ དེའི་ཚེ་ཉོན་མོངས་པ་ནི་རྒྱས་གདབ་པའོ༔ དེ་དག་ཉམས་སུ་བླང་པ་ལ་གསུམ་སྟེ༔ ལྷ་དང་མིའི་སེམས་འཛིན་པ་དང་༔ བྱང་ཆུབ་སེམས་དཔའི་བསམ་གཏན་དང་༔ བདེ་བར་གཤེགས་པའི་དགོངས་པའོ༔ བྱང་ཆུབ་སེམས་དཔའ་བསམ་གཏན་ལ་གསུམ་སྟེ༔ རང་བཞིན་གྱི་བསམ་གཏན་ལུང་མ་བསྟན་ཕལ་པ་རྣམས་ལ་ཡང་སྐྱེ་སྟེ༔ མདའ་སྲོང་གི་མིག་ལ་ཡོད་པ་དང་༔ རི་བོང་དང་ཁྲ་ཚང་ལ་ཉལ་བའི་མིག་ལ་ཡོད་པ་དང་༔ སེམས་རྣམ་ཤེས་བག་ལ་ཞ་སྟེ་ཡེངས་པའི་དུས་སུའོ༔ ས་ལ་གནས་པའི་བསམ་གཏན་ནི་ས་དང་པོའི་བདེན་པ་མཐོང་ན་ས་བཅུ་བདུན་གྱི་ཏིང་འཛིན་ཚུན་ཆད་སོ་སོའི་བསམ་གཏན་རེ་རེ་ཡོད་པའོ༔ བཅོས་པའི་བསམ་གཏན་ནི༔ ཉལ་བའི་རྣལ་འབྱོར་པའོ༔ རྣལ་འབྱོལ་པ་དེ་ལ་གནོད་པའི་རྐྱེན་གཉིས་ཏེ༔ འཕྲལ་དུ་ཟས་གོས་གཉིས་ཀྱིས་གནོད་ལ༔ ཕུགས་སུ་རྨི་ལམ་དང་བག་ཆགས་ལ་བརྟེན་ནས་ཁམས་གསུམ་དུ་འཇུག་པས་གནོད་པའོ༔ དེའི་གཉེན་པོ་བསམ་གཏན་གྱི་ཐུན་བཞི་ལ་བསླབ་སྟེ༔ ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང་༔ གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང་༔ རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང་༔ བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ནོ༔ དེ་ཡང་དང་པོ་ཟས་ཀྱི་ཞེན་པ་བཅད་པ་ནི༔ བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་༔ རྟེན་འབྲེལ་ཟབ་མོ་ལ་བརྟེན་པ་དང་༔ དང་པོ་ནི་འབྱུང་བ་རྒྱུན་གཅོད་རླུང་ཟས་སུ་ཟ་བ་སྟེ་སྟེང་འོག་གི་ནད་དང་༔ འབྱུང་བ་རོ་སྙོམས་པ་ས་ཆུ་མེ་རླུང་ནམ་མཁའི་བཅུད་ལེན་དང་༔ བདུད་རྩི་དང་རིན་པོ་ཆེའི་བཅུད་ལེན་ལ་སོགས་པའོ༔ གཉིས་པ་རྟེན་འབྲེལ་ནི༔ ཤ་སྦྱོར་དང་༔ རྡོ་སྦྱོར་དང་༔ རྩི་སྦྱོར་དང་༔ སྔཽ་སྦྱོར་ལ་སོགས་པའོ༔ དེ་དག་གི་ཡོན་ཏན་སོ་སོའི་སྐབས་ན་གསལ་ལོ༔ གོས་ཀྱི་ཞེན་པ་བཅད་པ་ལ་གཉིས་ཏེ་རྟེན་འབྲེལ་རྫས་དང་ཏིང་འཛིན་རླུང་ངོ་༔ དང་པོ་ཚ་བ་གསུམ་དང་༔ གཡག་རོག་མཁྲིས་པ༔ བུ་རམ་བསྐོལ་བ་བཏབ་ནས་བཏུང་ན་དྲོད་སྐྱེའོ༔ གཉིས་པ་ནི་ལུས་ཙོག་པུར་འདུག་ནས་རླུང་ནང་དུ་དྲངས་ཏེ་ཕོ་བ་ཚ་མེར་གྱིས་དགང་ཞིང་མེ་ལ་དམིགས༔ དེ་ནས་ཕྱིར་སྣ་ནས་དལ་བུས་བཏང་བའོ༔ དེས་དྲོད་སྐྱེས་པས་མི་རྟོག་པ་སྐྱེ་བ་དང་༔ སྲོགས་ཆགས་མི་འབྱུང་བའོ༔ རྨི་ལམ་གྱི་ཞེན་པ་གཅད་པ་ནི༔ བརྟག་པའི་གནད་ དང་༔ བསྒོམ་པའི་གཉིས་ལས༔ བརྟག་པ་ནི་ཉི་མ་འགའ་དལ་བར་བྱས་ལ་ལུས་བསྐུ་མཉེ་བག་ཙམ་བྱའོ༔ དེ་ནུབ་འགའ་ཙམ་དུ་རྨི་ལམ་བརྟག་པར་བྱའོ༔ དེ་ཡང་སྔར་ཞེན་གྱི་བག་ཆགས་ཤས་ཆེར་རྨིས་ན༔ སྔར་ཞེན་ཆགས་ཚན་ཆེ་བ་ཡིན་ཏེ་འབྲིང་པོ་ཡིན༔ ད་ལྟ་ཅི་བྱས་ཤས་ཆེ་བ་རྨི་ན་ཤིན་ཏུ་སླ༔ སྔར་མ་ཕྱིན་པའི་ཡུལ་དང་ངོ་མི་ཤེས་པ་དང་༔ འཕྲད་པ་ལ་སོགས་པ་ནི་གཅད་དཀའ་འོ༔ གསུམ་ཀ་ཆལ་ཆོལ་དུ་རྨིས་ན་བག་ཆགས་གསུམ་འདུས་ཤིན་ཏུ་ཡང་དཀའ་འོ༔ དེ་ནས་སྒོམ་པ་ནི་གཟུང་ཞིང་སྦྱོང་བ་དང་༔ བསྒྱུར་བ་དང་གཅད་པའོ༔ དང་པོ་ནི་འདུན་པ་སྔོན་དུ་བཏང་ནས༔ ཅི་རྨིས་རྨིས་རྨི་ལམ་དུ་ངོ་ཤེས་པར་བྱ་ཞིང་༔ སྣང་གྲགས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་བསྒོམ༔ དེ་ལ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ༔ བསྒྱུར་བ་ནི་སྣང་བ་ཐམས་ཅད་ཡི་དམ་ལྷར་བསྒྱུར་ཞིང་བསྒོམ༔ གཅད་པ་ནི་རིག་པའི་གནད་བསྒོམས་པས་རྨི་ལམ་ཆད་པ་ནི༔ དེ་ཡང་རབ་རྨི་ལམ་རྒྱུན་བཅད༔ འབྲིང་རྨི་ལམ་ཟིན་ཅིང་༔ ཐ་མ་དགེ་བའི་བག་ཆགས་རྨིས་པ་ནི་འབྱོངས་བའི་ཚད་དོ༔ གཞི་བག་ཆགས་ཀྱི་ཞེན་པ་གཅད་པ་ནི༔ ཡོད་པ་ཆེད་དུ་མི་སྤང་༔ མེད་པ་ཆེད་དུ་མི་བཙལ༔ ཡོད་པ་ལ་མངོན་པར་མི་ཞེན༔ དེ་ཡང་འདས་པའི་རྗེས་མི་གཅད༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟར་གྱི་བག་ཆགས་གཉེན་པོ་དང་བཅས་པ་ཐམས་ཅད་རྒྱུད་ལ་མི་བརྟེན་པས༔ སྣང་བ་སྣང་བར་གྲོལ་བས་དངོས་པོ་འཛིན་པ་རང་སར་དག །དེ་ཡང་སྣང་བ་ཉིད་སྣང་ཐོག་ཏུ་གྲོལ་བར་བྱེད་པ་བྱེའུ་ཁྲས་ཁྱེར་བ་ལྟ་བུའོ༔ འགྱུ་བ་འགྱུ་ཐོག་ཏུ་གྲོལ་བ་བར་སྣང་གི་བསེར་བུ་ལྟ་བུའོ༔ སྣང་ཤེས་གཉིས་མེད་དུ་ཐིམ་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ༔ དེས་ནི་བག་ཆགས་འཁྲུལ་བའི་ཡུལ་ལས་འདས་པ་བདག་ཏུ་ལྟ་བའི་ཞེན་པ་ཆོད་པའོ༔ བདེ་བར་གཤེགས་པའི་དགོངས་པ་ནི༔ ཐུན་མཚམས་ལས་འདས་པས་ཉིན་མཚན་དང་མཉམ་རྗེས་མེད་པའོ༔ ལྷ་དང་མིའི་སེམས་འཛིན་བསྒོམ་པ་ནི༔ སྙིང་གཟེར་ནས་ཉེར་གཅིག་བསྟན་ཀྱང་༔ འདིར་བདུན་བསྒོམ་སྟེ༔ དེ་ཡང་བརྩོན་འགྲུས་དང་ལྡན་པའི་གང་ཟག་གིས་སྔོན་དུ་བླ་མ་མཉེས་པ་ལ་སོགས་པའི་སྒོ་ནས་ཚོགས་བསགས་ལ༔ དེ་ནས་དགོངས་པ་ཡིད་ལ་མཐུན་པར་སྟན་བདེ་བ་ལ་སྐྱིལ་ཀྲུང་དུ་འདུག་སྟེ༔ མཚན་མ་ཨ་དཀར་ལ་སེམས་གཏད་པ་ནི༔ རང་གི་སྣ་ཡི་རྩེ་མོ་ལ་ཡི་གེ་ཨ་དཀར་པོ་གཅིག་བསྒོམ༔ རླུང་ཕར་འགྲོ་བའི་དུས་ཨ་དེ་རྒྱངས་ཀྱིས་སོང་བ་ལ་གནས་པར་བྱའོ༔ ནང་དུ་བསྡུ་བའི་དུས་ན་ཨ་དཀར་ཧྲིལ་གྱི་སྣ་ཡི་རྩེ་མོ་ལ་གནས་པ་ལ་སེམས་གཏད༔ དེ་ཡང་བདག་གིས་ལུས་ལ་ཚད་པའི་ནད་ཡོད་ན་གྲངས་རེག་དང་ལྡན་པར་བསྒོམ༔ གྲང་བའི་ནད་ཡོད་ན་ཚ་རེག་དང་ལྡན་པར་བསྒོམ༔ དེ་ལྟར་ཐུན་ཆུང་ཞིང་གྲངས་མང་བ་ལ་བསླབ༔ དེ་ནས་ཉིན་མཚན་ཕྱེད་མར་བསྒོམས་པས༔ སྐྱེ་མེད་བསམ་ངོ་དང་བྲལ་བས་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ བར་གཅོད་སེལ་བའི་ཡི་གེ་ཕཊ༔ དྲག་པོ་ལ་སེམས་གཟུང་བ་ནི༔ ལུས་གོང་ལྟར་སོ་སོ་གློད་ལ་ཤེས་པ་དར་ཅིག་རང་སར་བཞག་ལ༔ དེ་ནས་རབ་ཏུ་དྲག་པོས་ཕཊ་ཅེས་བརྗོད་པས་དེ་ཉིད་ལས་ཤེས་པ་ཧད་པ་ཞིག་འོང་སྟེ༔ དེའི་དུས་ན་ཡེ་ཤེས་ངོས་གཟུང་ཞིང་༔ ཡང་ནས་ཡང་དུ་ཕཊ་ཀྱིས་ཤེས་པ་གསལ་གདབ་པར་བྱའོ༔ དེ་ཉིན་མཚན་ཕྱེད་མར་ཉམས་སུ་བླངས་པས༔ རང་བཞིན་ཡོངས་སུ་དག་པའི་ཉམས་སུ་མྱོང་བ་མི་འཆར་མི་སྲིད་དོ༔ དེ་ལ་མ་མོས་ན་ཁྲོ་བོ་འགྱེད་པའི་གད་མོ་ལ་སེམས་གཟུང་བ་ནི༔ ཡང་ལུས་ལ་སོགས་པ་གོང་ལྟར་བྱས་ལ་ངག་དུ་ཧ་ཧ་ཞེས་དྲག་ལ་ཐུང་པར་བརྗོད་ཤེས་པ་ཧ་ལ་གཏད༔ རྣམ་རྟོག་ལ་སོགས་པ་སེམས་ལ་མི་བདེ་བ་གང་བྱུང་ངག་དག་ཏུ་ཧ་དྲག་ཏུ་བརྗོད་ཅིང་ངག་དང་ཤེས་པ་རླུང་གསུམ་བསྲེ་བ་ནི་གནད་དོ༔ དེ་ལྟར་དུས་ཐམས་ཅད་དུ་བསྒོམ་པས་ཆོས་ཉིད་དག་པ་ངོས་གཟུང་དང་བྲལ་བའི་ཉམས་སྐྱེ་བ་ལ་ཐེ་ཚོམ་མེད་དོ༔ དེ་ལྟར་ངག་ལ་རྟེན་པའི་དུས་ན༔ ཤེས་པ་སྣ་མི་བསྐྱིལ་མི་ལྟེབ་ཅིང་ངག་གིས་བརྗོད་པ་མ་ཉམས་པར་གལ་ཆེ་གསུངས་སོ༔ ཡང་དེ་ལ་མ་མོས་ན་ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི༔ ཡང་ལུས་ལ་སོགས་པ་གོང་ལྟར་བྱས་ལ༔ རི་མཐོན་པོའི་བྲག་གི་སྟེང་ལ་སོགས་པར་འདུག་ལ༔ མགོ་དང་ལུས་པོ་དལ་གྱིས་བསྒྲིལ་ལུས་ཀྱང་དང་པོ་བསྐྱོད་དལ་གྱིས་བསྒྲིལ༔ ལུས་ཀྱང་ཉི་མ་གསུམ་བཞི་ཙམ་དུ་བྱའོ༔ དེ་ནས་དྲག་ཏུ་བསྒྲིལ་དེ་ནས་ཁམས་གྱིས་ཐུབ་ཐང་དུ་བསྒྲིལ་ལོ༔ དེ་ལྟར་བསྒུལ་བསྐྱོད་ཕྱག་རྒྱ་ལས་མ་འདས་པར་བྱས་ལ་ཕྱིའི་སྣང་བ་འགགས་ནས་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་འབྱུང་ངོ་༔ དེ་ལ་མཐོང་སྣང་རང་གྲོལ་བའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ དེའི་དུས་སུ་རླུང་ལ་ཤིས་པའི་ཁ་ཟས་བརྟེན་པར་བྱའོ༔ ལྟེ་བར་ཡི་གེ་རཾ་ལ་སེམས་གཏད་པ་ནི་གནད་དོ༔ དེ་ལ་མ་མོས་ན་རྣམ་པར་རྟོག་པ་ཧཱུྃ་གིས་དེད་པ་དེ་ལ་སེམས་གཟུང་བ་ནི༔ ངག་ཏུ་ཧཱུྃ་ཞེས་རབ་ཏུ་རིང་བར་དབྱངས་དང་ལྡན་པར་བརྗོད་དོ༔ རླུང་དང་བསྲེ་བ་ནི་གནོད་དོ༔ དེ་ཡང་ཧཱུྃ་ཞེས་སྐབས་སུ་ཐུང་བར་ཡང་བརྗོད་དོ༔ དེ་ལྟར་མི་དལ་བར་ཡུན་རིང་བར་བྱས་ན་རྣམ་པར་རྟོག་པ་ཆོས་ཉིད་ལ་འཆར་བའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ དེ་ལ་མ་མོས་ན་སྟོང་པ་ཉིད་རིམ་གྱིས་པ་ལ་སེམས་གཟུང་བ་ནི༔ ཡང་ལུས་གནད་ལ་སོགས་གོང་ལྟར་བྱས་ལ༔ དང་པོ་ལུས་ཀྱི་བྱེ་བྲག་མང་པོར་བསིལ་ལ་མིང་དུ་མ་ལ་སོགས་པར་གཞིག་སྟེ༔ མིང་དོན་སོ་སོར་བཏགས་པས་ལུས་དངོས་པོར་གྲུབ་པ་མེད་པར་ཤེས་པར་བྱའོ༔ དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ལ་དེ་ལྟར་མིང་དོན་དུ་མ་བཙལ་ཞིང་བཏགས་པས་གང་དུ་ཡང་གྲུབ་པ་མི་རྙེད་དེ༔ དེ་ལྟར་མིང་གིས་བཏགས་པ་ཐམས་ཅད་སྟོང་པར་གོ་བ་དང་༔ དངོས་པོ་ཡང་སྟོང་པར་འགྱུར་བའོ༔ དེ་ནས་རིམ་གྱིས་ཆོས་ཉིད་སྟོང་པ་ཉིད་དུ་མི་འགྲོ་མི་སྲིད་དོ༔ ཡང་དེ་ལ་མ་མོས་ན་སྣང་བའི་གཟུགས་གང་འདུག་པ་ལ་ཤེས་པ་བཅུག་ཅིང་༔ དེ་ཉིད་སྐད་ཅིག་གིས་སྟོང་སང་སང་ལ་བློ་གནས་པར་བྱས་ལ༔ དུས་དེ་ཙམ་ན་གང་ལ་བལྟས་བལྟས་སྟོང་པར་ཁྲོལ་གྱིས་འགྲོ་བ་འབྱུང་ངོ་༔ དེ་ལྟར་ཡུན་དུ་བསྒོམས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་སྟོང་ཧད་ཀྱི་མི་འགྲོ་མི་སྲིད་དོ༔ དེ་ཡང་དང་པོ་སྣང་༔ གཉིས་པ་སྟོང་༔ གསུམ་པ་དངོས་པོ་གང་ལ་ཡང་མ་གྲུབ་པའོ༔ དེ་ལྟ་བུ་བསྒོམ་དེ་ལ་མིང་དུ་བཏགས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱ་སྟེ༔ ཉིན་མོ་འདས་པའི་ཆ་མཚན་མོའི་འཁོར་བའི་ཆ་ཡིན་པས༔ འདིའི་དུས་སུ་འཁོར་འདས་ཁ་སྦྱར་བས་ཡུལ་དངོས་པོ་གང་དུ་ཡང་མ་གྲུབ་པའི་ཆོས་ཉིད་ཅེས་བྱ་སྟེ༔ དེ་ཙ་ན་ཉིན་མོ་སྒོམ་གསལ་རྒྱུ་མེད༔ མཚན་མོ་མི་གསལ་བའི་རྒྱུ་མེད་པར་སྦྲེལ་སོང་བ་ལ་བྱའོ༔ དེའི་མན་ངག་ཏུ་རྒྱ་མཚོའི་ཅོག་བཞག་ནི༔ མིག་ཆུའི་རང་བཞིན་ཡིན་པས་རྒྱ་མཚོའི་ཞེས་བྱ་སྟེ༔ གང་བསྒོམས་ཀྱང་མིག་རང་སོར་ཅོག་གིས་འཇོག་པ་གནད་ཡིན་ནོ༔ མི་བསྒོམས་ན་མི་སྒོམ༔ སྒོམ་ཞིག་བྱེད་ཕན་ཆད་མིག་མི་འཛུམ་པ་གནད་ཡིན་ནོ༔ དེ་ལྟར་བྱས་པས་དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་གཟའ་དང་རྒྱུ་སྐར་ལ་སོགས་པའི་གཟུགས་བརྙན་ཐམས་ཅད་བཀྲ་སལ་ལེ་སྣང་ཡང་རྒྱ་མཚོ་ལ་གོས་པ་མེད་ཅིང་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་གྲུབ་པ་མེད་པར་སྣང་བ་ལྟར༔ འདི་ལྟར་བསྒོམས་པའི་དུས་ན་ཕྱིའི་སྣང་བ་ཉམས་སྣང་ངོར་ཤར་ལ༔ བདེན་ངོར་མ་གྲུབ་པས་ཤེས་པ་ཕྱིར་སྣང་ཐོག་ཏུ་མ་ཤོར༔ སྣང་བ་ཤེས་པས་གང་དུ་ཡང་མ་བཅད་པར་རང་སར་འདུག་པ་ལ་སྒོམ་པ་ཞེས་བྱའོ༔ གལ་ཏེ་བསྒོམས་པའི་དུས་སུ་ཚོགས་དྲུག་འགགས་ནས་དྲན་མེད་དུ་སོང་ན་ཞི་གནས་ཕྱོགས་གཅིག་དུ་ལྷུང་བ་ཞེས་བྱ་བ་སྟེ་སྒོམ་པའི་གོལ་སར་འདུག་པའོ༔ དེ་ལྟར་ཤེས་པ་ལ་སྣང་བས་མ་གོས་སྣང་བ་ལ་ཤེས་པས་མ་དཔྱད་པར་རང་ས་ལ་གསལ་བའོ༔ དེས་དགོངས་པ་སྣང་སྲིད་གཞི་བཞག་ལ་གནས་པ་ཞེས་བྱ་སྟེ༔ དེ་གོང་དུ་གཞི་བཞེངས་ཞེས་ཚིག་མཐའ་ལ་རྟོག་བརྗོད་སྐྱེས་པ་དེ༔ འདིར་ཚིག་གི་སྤྲོས་པ་ཆོད་པ་དེ་ཚོགས་ཐམས་ཅད་གཞི་ལ་བཞག་ནས་རང་སར་གྲོལ་བ་ནི་སྣང་ཞིང་སྲིད་པའི་ཆོས་དང་མིང་དང་ཡི་གེའི་ཚོགས་སུ་ཤར་བ་རྣམས་རང་སར་བཞག་པས་ཚིག་ལ་མི་གནས་པར་རང་སར་གྲོལ་བ་ལ༔ གཞི་དངོས་པོའི་གནས་ལུགས་ལ་བཞག་པ་ཞེས་བྱའོ༔ དེའི་དུས་ན་ཉོན་མོངས་པ་ཉིད་རྒྱས་གདབ་པས་དེའི་སྙིང་པོ་ཡེ་ཤེས་སུ་ཤར་ཏེ༔ དཔེར་ན་འཇིམ་པ་ལ་བརྐོས་ཕོར་བཏབས་པས་ཚྭ་ཚྭར་ཀྲོང་གིས་འོངས་བ་དང་འདྲ་བར༔ སྣང་བཏགས་ཀྱི་ཆོས་སྣ་ཚོགས་པ་ཆོས་སྐུར་ཀྲོང་གིས་འཆར་བར་ངེས་སོ༔ དེའི་དུས་ན་གང་ཟག་དེ་ལ་མིང་དུ་བཏགས་ནས་ཆོས་ལ་གནས་པའི་དུས་ཞེས་བྱའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གིས་བློ་ཐོག་ན་གནས་པས་དེ་ཉིད་མ་ཕྱེ་མི་འབྱེད་རང་སར་གནས་པ་ལ་སྒོམ་པ་ཞེས་བྱའོ༔ འདི་དག་ནི་ཉི་ཟླ་ཁ་སྦྱོར་ཀྱི་རྒྱུད་ནས་བཤད་པའོ༔ ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ནི་དེ་ལ་སྤྱིའི་ལྟ་བ་དང་༔ རང་གི་ལྟ་བ་གཉིས་སོ༔ སྤྱིའི་ལྟ་བ་ནི་ཐེག་པ་རིམ་པ་དགུ་སོ་སོར་འདོད་ལུགས་མི་འདྲ་བ་རྣམས་སོ༔ འདི་དག་ནི་ཚིག་གི་ལྟ་བ་ཡིད་དཔྱོད་འཛིན་པ་ཡིན་ནོ༔ རང་གི་ལྟ་བ་རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྲུབ་ཀྱི་ལྟ་བ་སྟེ་ཕྱིའི་ཆོས་ཅན་ལ་བལྟས་པས་རང་བཞིན་མེད་པར་མཐོང་༔ ནང་ཆོས་ཉིད་ལ་བལྟས་པས་སྐྱེ་བ་མེད་པར་མཐོང་༔ གསང་བ་རང་རིག་ལ་བལྟས་པས་རིག་པ་མངོན་སུམ་དུ་མཐོང་བའོ༔ དེ་ཡང་མཐོང་ལུགས་ཇི་ལྟར་མཐོང་ན༔ ཆོས་ཅན་དུམ་བུ་བ་ལ་རྡོ་རྗེའི་མིག་གིས་བལྟས་པས་མཐོང་ལུགས་ཆོས་ཅན་གྱི་སྣང་སྒྱུ་མའམ༔ མདང་སུམ་རྨིས་པའི་རྨི་ལམ་ལྟར་མཐོང་བས༔ འཁྲུལ་བ་ཡང་དག་ཏུ་གྲུབ་པ་མེད་པར་རྟོགས་ཏེ༔ དེ་ཁམས་གསུམ་དུ་བཟློག་པ་མེད་པས་བློ་བདེའོ༔ ཆོས་ཅན་བྱེ་བྲག་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས༔ ཀུན་རྫོབ་ཀྱི་དོན་རྣམ་པར་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་མཐོང་བས་ཆོས་ཉིད་ལ་ངོས་བཟུང་མེད་པར་རྟོགས་པས་རིག་པ་ལས་དང་བག་ཆགས་ཀྱི་རྟེན་མེད་པས་བློ་བདེ་བའོ༔ ནང་ཆོས་ཉིད་ལ་ཡེ་ཤེས་ཀྱི་མིག་གིས་བལྟས་པས་རིག་མཉམ་ཐ་དད་མེད་པར་མཐོང་བས་ཆོས་ཉིད་རང་ལ་ཡང་བདེན་པ་རང་རྒྱུད་དུ་འཛིན་པ་མེད་དེ༔ སྤྲོས་བྲལ་རྣམ་དག་ཏུ་རྟོགས་པས་ཆོས་ཉིད་རང་བཞིན་མེད་པར་ཤེས་པ་སྟེ༔ རང་གིས་གྲུབ་མཐའ་ཞིག་ནས་ཆོས་ཟད་པས༔ ད་ཆོས་སུ་འཛིན་པའི་ཞེན་པ་དང་བྲལ་ནས་བློ་བདེ་བའོ༔ གསང་བ་རང་རིག་ལ་ཆོས་ཉིད་རྣམ་པར་དག་པའི་མིག་གིས་གཅེར་བཞག་ཏུ་བལྟས་པས་མཐོང་ལུགས་རང་གི་རིག་པ་ཉིད་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཚིག་གིས་སངས་མི་རྒྱ་བར་རྟོགས་ཏེ་ཡིད་དཔྱོད་ཚིག་ལ་གདེང་དུ་མི་འཛིན་པས་བློ་བདེ་བ་ནི་ཆོས་ཉིད་དབང་པོའི་སྤྱོད་ཡུལ་དུ་མཐོང་པའི་གནད་ཀྱིས་སོ༔ དེ་དག་རྣམས་ལ་མིང་དུ་བཏགས་ན་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ༔ མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་ནས་ཁམས་གསུམ་དུ་མི་ལྡོག་པའི་ལྟ་བས་ཏེ༔ དེ་ནས་བརྩོན་འགྲུས་ཅན་རབ་ཚེ་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ༔ འབྲིང་གིས་བླ་མའི་གདམས་ངག་ཡོད་པས་དུམ་རེ་ཉམས་སུ་བླངས་ཀྱང་ཐང་ཆད་ནས་ཉམས་སུ་བླང་ལོངས་མ་བྱུང་བ་ནི་ཆོས་ཉིད་བར་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱ༔ ཐ་མས་རྒྱུའི་གདམས་ངག་ནི་ཞུས༔ འདི་ལ་ལེ་ལོས་ཉམས་སུ་བླང་ལོངས་མ་བྱུང་བ་ནི་ཆོས་ཉིད་བདེན་པའི་བྱིན་རླབས་ལ་བརྟེན་ནས༔ རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ་བརྫུས་ཏེ་སྐྱེས་ནས་དེ་ཉིད་ལ་སངས་རྒྱས་བར་ངེས་པས་གྲོང་ཁྱེར་རྒྱུན་གཅོད་ཅེས་བྱའོ༔ དེའི་མན་ངག་རི་བོ་ཅོག་བཞག་གི་ལྟ་བ་སྟེ༔ དཔེར་ན་དབུས་ཀྱི་རི་བོ་མཆོག་རབ་ཀྱི་སྟེང་དུ་ཕྱིན་ན༔ གླིང་བཞི་དུས་གཅིག་ལ་མཐོང་བ་ལྟར་རྫོགས་པ་ཆེན་པོའི་སྟེང་ནས་བལྟས་པས་ཐེག་པ་རིམ་པ་དགུའི་འདོད་པ་རང་ལུགས་རྟོགས་པའོ༔ ཐེག་པ་གཞན་གྱིས་ནི་རྫོགས་པ་ཆེན་པོའི་འདོད་པ་མི་མཐོང་ངོ་༔ དེ་ཉིད་མི་འགྱུར་བའི་ངོས་ནས་ཀྱང་རི་བོ་ཅོག་བཞག་གོ༔ དེ་ལ་དགོངས་པ་ནི་ཁམས་གསུམ་ཡོངས་སུ་གྲོལ་བའི་དགོངས་པ་སྟེ༔ དེ་ལྟར་རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས་བལྟས་ན་མ་གྲོལ་བ་གཅིག་ཀྱང་མེད་དོ༔ དེ་ལྟར་རྟོགས་པའི་ཚེ་ན་འགྲོ་དྲུག་རང་སར་གྲོལ་བ་ཞེས་བྱའོ༔ དེའི་ཚེ་ཉོན་མོངས་པ་ནི་གནས་སུ་དག་སྟེ༔ མཁའ་ལ་སྤྲིན་དེངས་པའི་རྣམ་པའམ༔ ཆུའི་རྙོག་མ་དངས་བ་ལྟ་བུར་རང་སར་དེངས་པ་ནི་དང་པོ་འཁྲུལ་མ་མྱོང་༔ ད་ལྟ་འཁྲུལ་བ་ལ་མི་གནས༔ ཐ་མ་འཁྲུལ་མི་སྲིད་པའི་གནད་ལས་བྱུང་བའོ༔ དེའི་དུས་ན་ཆོས་བོར་བའི་གང་ཟག་ཅེས་མིང་དུ་བཏགས་པ་ནི་ཡོངས་ལ་བྱེད་པའི་ཆོས་མེད་པའོ༔ འབྲས་བུ་ལམ་དུ་བྱེད་པ་ནི་དོན་གྱི་འབྲས་བུ་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ དེ་ཡང་འདི་དུས་ན་རྒྱལ་པོས་གདན་ས་ཟིན་ཏེ་མི་འགྱུར་བ་ནི་དཔེར་ན་རྒྱལ་རིགས་ཀྱི་ཕྲུག་གུ་སྤྱི་བོ་ནས་དབང་བསྐུར་ནས་རྒྱལ་ས་ཟིན་ཏེ་མི་འགྱུར་བ་བཞིན་རིག་པ་ཉིད་རང་སར་ཟིན་པའོ༔ འབངས་ཆམ་ལ་འབེབས་ཏེ་མི་འགྱུར་བ་ནི་རྒྱལ་པོ་གཅིག་གིས་འབངས་ཆམ་ལ་ཕབ་པ་དེ་རྒྱལ་སྲིད་དུ་གནས་པ་བཞིན་དུ་སྒོ་ལྔའི་རྣམ་ཤེས་འཆར་བའི་གཞི་སྟོང་པས་འཁོར་བའི་མིང་མེད་པའོ༔ བློན་པོ་བཙོན་དུ་བཟུང་སྟེ་མི་འགྱུར་བ་ནི༔ དཔེར་ན་རྒྱལ་པོའི་བཀའ་བློན་བཙོན་དུ་བཟུང་ན་རྒྱལ་པོ་ཡང་ཉེན་པ་བཞིན༔ ཡིད་ཀྱི་རྣམ་པར་རྟོག་པ་འགྱུ་བ་ཆད་པས་རིག་པ་རང་དབང་ཐོབ་པའོ༔ འབྲས་བུ་དེ་ལ་མིང་དུ་བཏགས་ན༔ རང་བཞིན་རྣམ་དག་གི་འབྲས་བུ་ཞེས་བྱའོ༔ བྱས་པའི་རྩོལ་བ་ལས་བྱུང་བ་མ་ཡིན་ཏེ༔ ཡེ་ནས་དག་པའི་དོན་རྒྱུད་ལ་སྐྱེས་པས་འབྲས་བུ་ཞེས་ཐ་སྙད་དུ་བྱའོ༔ དེ་ཡི་མན་ངག་ནི་རིག་པ་ཅོག་བཞག་གིས་དེ་ལྟར་འབྲས་བུ་དེ་གང་ལང་བྱུང་ན༔ རིག་པ་ཉིད་གང་སྣང་གང་ཤར་གྱི་སྟེང་དུ་བཞག་པ་ལས་བྱུང་བའོ༔ དེའི་དགོངས་པ་ནི་སྲིད་གསུམ་ཀ་དག་ཅེས་བྱ་བ་རང་གི་ལུས་ངག་ཡིད་གསུམ་ལ་ལས་དང་བག་ཆག་དང་རྟོག་པ་གང་ཡང་མི་གནས་པས་སྲིད་གསུམ་ཀ་དག་གོ༔ འདིའི་དུས་ན་ཉོན་མོངས་པ་ནི་རང་གྲོལ་དུ་སོང་སྟེ་དཔེར་ན་སྦྲུལ་གྱི་བདུད་པ་ཉིད་བྱ་ལོངས་མེད་པར་གྲོལ་བ་དང་འདྲའོ༔ དེ་བཞིན་དུ་ཉོན་མོངས་པ་སྐྱེ་ལོངས་མེད་པར་ཆོས་ཉིད་དུ་རང་གྲོལ་བའོ༔ དེའི་དུས་ན་གང་ཟག་དེ་ཆོས་ལས་འདས་པ་ཞེས་བྱའོ༔ འཁོར་འདས་གང་དུ་འཛིན་པའི་ཤེས་པ་དང་བྲལ་བའོ༔ དེ་དག་གིས་ནི་དམིགས་པའི་ཡུལ་ཅན་གྱི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བྱ་སྟེ༔ དོན་གྱི་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུའོ༔ ད་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བ་སྟོན་ཏེ་དེ་ལ་གཉིས༔ ཁྲེགས་ཆོད་དང་༔ ཐོད་རྒལ་ལོ༔ ཁྲེགས་ཆོད་ནི་སྣང་བ་དང་མ་འབྲེལ་བ་འདི་ཉིད་ལ་རྟོགས་པ་མངོན་སུམ་དུ་སྐད་ཅིག་གིས་གྱུར་པའི༔ ཐོད་རྒལ་ཉམས་སུ་བླང་བ་ནི་སྔོན་དུ་དབང་བཞི་ཡོངས་སུ་རྫོགས་པར་བྱས་ལ༔ དེ་ནས་གོང་གི་བསྒྲུབ་ལུགས་གཉིས་པོ་གང་ཡང་རུང་བས་མན་ངག་ལ་སྔོན་འགྲོ་དངོས་གཞི་གཉིས་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་གསུམ་བྱ་བ་ནི༔ དང་པོ་ལུས་རུ་ཤན་དབྱེ་བའི་སྤྱོད་པ་བྱ༔ དེའི་ངགས་ཚད་ལ་ཕེབས༔ ངག་རུ་ཤན་དབྱེ་བའི་སྤྱོད་པ་བྱ༔ དེའི་རྟགས་ཚད་ལ་ཕེབས་ནས་སེམས་རུ་ཤན་དབྱེ་བའི་སྤྱོད་པ་བྱའོ༔ དེ་དག་ལ་མཆོག་གི་དགོས་པ་དང་༔ ཐུན་མོང་གི་དགོས་པ་གཉིས་གཉིས་ཏེ་དྲུག་ག༔ོ དེ་ནས་རྣལ་དུ་དབབ་པ་གསུམ་བྱ་སྟེ༔ ལུས་རྣལ་དུ་ཕེབས་པས་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བྱང་སེམས་རྒྱས་པའི་དགོས་པ་ཡོད་དོ༔ དེ་ནས་ངག་རྣལ་དུ་ཕེབས་པས་བརྗོད་པ་མ་བཅོས་པའི་དོན་དུ་འགྱུར་ཞིང་ཚིག་གི་རྟོག་དཔྱོད་ཟད་པར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནས་སེམས་རྣལ་དུ་ཕེབས་པས་བསམ་པའི་ཞེན་ཡུལ་ལས་གྲོལ་བའི་དགོས་པ་ཡོད་དོ༔ དེ་ནས་དངོས་གཞི་ཟག་པ་མེད་པའི་དོན་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་བརྟེན་པ་ལ་བཞི་སྟེ༔ སྔོན་དུ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང་༔ དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་དོན་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་བརྟེན་པ་དང་༔ དེས་སྣང་བ་ཇི་ལྟར་འཆར་བ་དང་༔ མཐའ་རྟེན་གྱི་མན་ངག་གོ༔ དང་པོ་ལུས་ཀྱི་གནད་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ༔ དེ་ཡང་ལུས་ལ་རིག་པའི་ཡེ་ཤེས་གནས་ཏེ༔ ལུས་ཀྱི་གནད་མ་གཟིར་ན་མངོན་དུ་མི་སྣང་སྟེ༔ དཔེར་ན་སྦྲུལ་གྱི་རྐང་ལག་ཡོད་པ་དེ་མ་གཅུན་པས་མི་མཐོང་བ་བཞིན་ནོ༔ དེ་ནས་ངག་སྨྲ་བ་བཅད་དེ༔ དེ་ཡང་ངག་བསླབ་པར་བྱ་བའི་རིམ་པ་དང་པོ་ཐུན་ཆུང་བ་ལ་བསླབ་དེ་ནས་ཐུན་རིང་བ་ལ་བསླབ༔ སྐབས་སུ་སྨྲ་རྒྱུ་མེད་ཀྱང་སྨྲ་བའོ༔ དེ་ནས་ངག་གནས་པ་ནི༔ རང་གི་ངག་སྔགས་དང་མཆོད་བསྟོད་མདོ་ལ་སོགས་པ་མི་དགག༔ གཞན་ལ་ཚིག་ཟུར་ཙམ་ཡང་མི་བརྗོད་དོ༔ དེའི་དུས་ན་ལུས་ཀྱིས་བརྡའ་ཙམ་ཡང་མི་བྱའོ༔ དེ་ལྟར་བྱས་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་ངེས་སོ༔ མཁས་པ་བི་མ་ལ་ཡི་ཞལ་ནས༔ རྣལ་འབྱོར་པས་ངག་གཅོད་ནུས་ན༔ ཆོས་བྱེད་ནུས་པ་ཡིན་གསུངས་སོ༔ སེམས་ཀྱི་གནད་དུས་ཐམས་ཅད་དུ་གནད་གསུམ་དང་མི་འབྲལ་བར་བྱའོ༔ དེ་ཡང་སྒོའི་གནད་དུ་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱའོ༔ ཡུལ་གྱི་གནད་དུ་ཕྱིའི་དབྱིབས་ནམ་མཁའ་དང་མི་འབྲལ་བར་བྱའོ༔ ནང་གི་དབྱིབས་རྣམ་པར་དག་པའི་སྒྲོན་མ་ལ་རིག་པ་གཏད༔ རླུང་གི་གནད་དུ་ཅི་ནས་ཀྱང་དལ་བར་བརྟེན་ཅིང་ཕྱིར་རྒྱང་རིང་པོར་འཕེན་པ་གནད་ཡིན་ནོ༔ རིག་པའི་གནད་དུ་ལུ་གུ་རྒྱུད་བཙོན་དུ་བཟུང་བའོ༔ དེ་ཡང་ལུགས་གསུམ་སྟེ༔ དང་པོ་བླ་མས་སློབ་མ་ལ་འདེབས་པའི་དུས་ན༔ ངོ་འཆི་ཀ་མ་ལ་སྤྲོད་པའི་ལུགས་དང་༔ ཁྲིད་དུ་བྱ་བ་དང་༔ ཚད་ཕུགས་སུ་གདབ་པའོ༔ དེ་ལ་ཁྲིད་དུ་བྱས་པས་ཟླ་བ་ཕྱེད་དང་གཉིས་ན་འབྱོངས་པ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ༔ གཉིས་པ་ཐུན་བསྐྱེད་པ་ལ་རྒྱུན་བསྲིད༔ དེ་ནས་ཉིན་མཚན་ཕྱེད་མར་ཉམས་སུ་བླངས་པས་སྣང་བ་བཞི་འཆར་ཏེ༔ དེའི་རྟགས་ཚང་གཞན་དུ་ཤེས་སོ༔ དེ་ཡང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ བླ་མས་ལུས་ཀྱི་གནད་འདི་གྱིས་ལ༔ ངག་གནད་འདི་ལྟར་གྱིས་ཤིག༔ སེམས་གནད་འདི་ལ་གཏོད་ཅིག༔ ཅེས་ཚིག་གསུམ་བསྡུས་ནས་བསྟན་ནས༔ དེ་ཉིད་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཚིག་གི་སྤྲོས་པ་དང་བྲལ་བའོ༔ ཡུལ་ནམ་མཁའི་སྟོང་པ་ལ་ཆོས་ཉིད་མངོན་སུམ་དུ་རྣམ་རྟོག་གང་གིས་ཀྱང་མ་བསླད་པར་མཐོང་བ་དེ་ཉིད་དོ༔ དེ་ལྟར་ཉམས་སུ་བླངས་པས་དུས་ཚོད་ཅི་ཙམ་ཞིག་ན༔ ཐེག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ་༔ དེ་ནས་ཡེ་ཤེས་ལྔའི་མདོག་དང་དབྱེ་བ་ལས་ཐིག་ལེ་སྐུ་དང་བཅས་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ༔ དེ་ཡང་ཁ་དོག་ལྔ་གྱེན་ལ་འགྲེང་བ་དང་༔ རྩིབས་ལ་ཤར་བ་དང་༔ རེ་ལྡེ་དང་༔ གྲུ་ཆད་དང་༔ ཡུལ་གྲུ་ཙམ་ལ་སོགས་པའོ༔ དབྱིབས་ནི་མཆོད་རྟེན་བརྩེགས་པ་དང་༔ པདྨ་སྟོང་ལྡན་དང་༔ གུར་ཁྱིམ་དང་༔ མིག་མངས་རིས་དང་༔ མིག་ཚགས་དང་༔ དྲྭ་བ་དང་༔ དྲྭ་བ་ཕྱེད་པ་ལ་སོགས་པ་རྣམས་སོ༔ དེ་ནས་སྐུ་ལྔ་ལྔར་སྣང་བའི་དུས་ན་རིག་པ་ཚད་ལ་ཕེབས་པའོ༔ དེ་ནས་དེ་དག་གིས་འཕེལ་ཟད་ནས་འཛིན་པའི་བློ་རང་སར་གྲོལ་བ་ནི་ཆོས་ཉིད་ཟད་པའི་སྣང་བའོ༔ དེ་ལྟར་སྣང་བ་བཞི་མཐར་ཕྱིན་པའི་དུས་ན་སྐལ་ལྡན་དེ་ཟག་པའི་ཕུང་པོ་མི་སྣང་བར་སངས་རྒྱ་ངེས་སོ༔ བཞི་པ་མཐའ་བརྟེན་གྱི་མན་ངག་ནི༔ མི་འགུལ་བ་གསུམ་ལ་བཞི་བཅའ་བ་དང་༔ སྡོད་པ་གསུམ་གྱིས་ཚད་གཟུང་བ་དང་༔ ཐོབ་པ་གསུམ་གྱིས་གཟེར་གདབ་པའོ༔ དེ་དག་ནི་གོང་མའི་རྒྱ་བརྟེན་དུ་འབྱུང་བའོ༔ དེ་དག་གིས་ནི་ཉམས་སུ་བླང་བའི་ཐབས་བསྟན་པའོ༔ ༈ ད་ནི་དགུ་པ་ཉམས་སུ་བླང་པའི་ཚད་བསྟན་པ་ནི༔ སེམས་ཀྱི་ཚད་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱངས་ཀྱང་བག་ཚ་བ་མེད་པ་སྟེ༔ ཡེ་ནས་འཁྲུལ་མ་མྱོངས་རིག་པ་ལ་དམྱལ་བའི་སྡུག་བསྔལ་གྲུབ་མི་སྲིད་པར་རྟོགས་པའོ༔ མྱ་ངན་ལས་འདས་པ་ལ་རེ་བ་མེད་པ་ནི༔ རང་སེམས་སངས་རྒྱས་སུ་འདུག་པས་ལོགས་ནས་བཙལ་དུ་མེད་པའོ༔ སངས་རྒྱས་ལ་བྲོད་པ་བསྐྱེད་དུ་མེད་དེ༔ རིག་པ་ཡེ་སངས་རྒྱས་པ་ལ༔ ད་བསྐྱར་ནས་སངས་རྒྱས་རྒྱུ་མེད་པའི་དོན་རྟོགས་པའོ༔ ལུས་ངག་གི་ཚད་ནི༔ ལུས་གླེན་པ་ལྟོ་བ་འགྲངས་པ་བཞིན་དུ་སོང་བ་དང་༔ ངག་འབྲེལ་མེད་ཀྱི་གཏམ་ཆལ་ཆོལ་དུ་བྱུང་བ་དང་༔ སེམས་གང་གཏད་དུ་གནས་པ་ལ་སོགས་པའོ༔ རིག་པ་རང་སྣང་གི་ཚད་ནི༔ ཕྱིའི་འཁྲུལ་སྣང་འགགས་ནས་དག་སྣང་དུ་ཤར་བ་དང་༔ གསང་བ་རིག་པའི་ཚད་རང་སྣང་དང་ཤར་དང་གྲོལ་དུ་ཤེས་པའོ༔ ༈ ད་ནི་བཅུ་པ་སྐྱེས་བུ་དེ་ཉིད་ལ་བླ་མའི་གདམས་ངག་ཡོད་ཀྱང་ལེ་ལོས་གཡེང་ནས་ཉམས་སུ་བླངས་པ་རྩལ་རྫོགས་པར་བླང་ལོགས་མ་བྱུང་བ་རྣམས་ལ༔ ཆོས་ཉིད་བར་དོ་ལ་ཇི་ལྟར་གྲོལ་ལུགས་བསྟན་པ་ནི༔ དེ་ལ་བར་དོའི་དབྱེ་བ་དང་༔ ཆོས་ཉིད་དང་༔ ས་མཚམས་དང་༔ སྣང་ལུགས་སོ༔ དབྱེ་བ་ནི་བཞི་སྟེ༔ རང་བཞིན་གནས་པའི་བར་དོ་དང་༔ འཆི་ཀའི་བར་དོ་དང་༔ ཆོས་ཉིད་བར་དོ་དང་༔ སྲིད་པའི་བར་དོའོ༔ ཆོས་ཉིད་ལ༔ རང་བཞིན་གནས་པའི་བར་དོའི་ཆོས་ཉིད་ནི༔ ཕུང་པོ་ལྔས་བཅིངས་པས་སྐུའི་སྣང་བ་རང་འགགས་པ་དང་༔ ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས༔ འོད་ཁ་དོག་གི་སྣང་བ་རང་འགགས་པ་དང་༔ ལས་དང་ཉོན་མོངས་པས༔ ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་པའོ༔ འཆི་ཁ་མའི་བར་དོའི་ཆོས་ཉིད་ནི༔ ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ལ་སེམས་བྱུང་ཚོར་གྱི་ལམ་གཏོར་ནས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ དང་༔ འཛིན་ཆགས་མེད་པའི་མཚོ་རྡོལ་བས་ལུས་འབྲེལ་པ་རྟེན་བྲལ་གྱི་དོགས་པས་སྡུག་བསྔལ་ཏེ་དོན་ཤི་ཡི་དོགས་པའི་འདུ་ཤེས་ལ་གནས་པའོ༔ ཆོས་ཉིད་བར་དོའི་ཆོས་ཉིད་ནི༔ ཕུང་པོ་བདག་འཛིན་གྱི་རྟེན་བོར་ནས་སྐུ་དང་ཡེ་ཤེས་ཀྱི་དོན་ཉིད་མངོན་དུ་སྣང་༔ ལས་དང་བག་ཆགས་ཀྱི་འབྲེལ་བ་ཆད་པས༔ རང་བཞིན་གྱིས་ཆོས་ཉིད་ཀྱི་བསམ་གཏན་ལ་སྤྱོད༔ དངོས་པོ་འཛིན་བྱེད་ཀྱི་ཡུལ་སྟོང་པས་རང་སྣང་རྣམ་པར་དག་པའི་ཆོས་ཉིད་ལ་སྤྱོད་པའོ༔ སྲིད་པ་བར་དོའི་ཆོས་ཉིད་ནི༔ ཕྱིའི་ལུས་ཀྱི་སྲིད་པ་ཡིད་ཀྱི་ཡུལ་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་ལྡན༔ ནང་སེམས་ཀྱིས་སྲིད་པ་ཆོས་ཅན་དུ་མ་ལ་སྙམ་སེམས་འདུན་ཅིང་རྟོག༔ ལུས་སེམས་གཉིས་འདུས་པས་སྲིད་པ་ཐོགས་པ་མེད་པར་འགྲོ་ཞིང་ཐམས་ཅད་ལ་རྟོག་ཅིང་འཇུག་པའོ༔ དེ་དག་གི་སྣང་ལུགས་ནི༔ རང་བཞིན་གནས་པའི་བར་དོ་ནི་སྣང་ལུགས་ལ༔ གང་ཟག་དགོས་བཙན་ དང་༔ ཁམས་གསུམ་སྤྱི«་བཙན»་ལ་སོགས་པའི་སྣང་ལུགས་ཐ་དད་དུ་མར་སྣང་སྟེ༔ དེ་ཡང་གང་ཟག་དགོས་བཙན་ནི༔ མིག་སེར་གྱི་ནད་ཀྱིས་བཏབ་པ་ལ་དུང་སེར་པོར་སྣང་བའོ༔ འདུས་པའི་ནད་ཀྱིས་བཏབ་པ་ལ་རི་དང་ཁང་ཁྱིམ་འཁོར་ལ་སོགས་པའོ༔ སྤྱི་ཚན་འགྲོ་དྲུག་སོ་སོ་ལ་ཆུ་ལ་བདུད་རྩི་སྣང་བ་བཅུ་བདུན་དུ་སྣང་བའོ༔ འཆི་ཀ་མ་ཡི་སྣང་ལུགས་ནི༔ ཞེས་འཚིག་ཅིང་འདུ་ཤེས་ནང་དུ་འཁུམས་ཏེ༔ སྤང་བ་མ་ཡིན་པར་སྣང་བ་ཟ་ཟི་ཡམ་ཡམ་ལ་སོགས་པར་སྣང་བའོ༔ ཆོས་ཉིད་བར་དོའི་སྣང་ལུགས་ནི༔ ཞེས་འཚིག་ཅིང་སྒྲ་དང་གཟུགས་སུ་སྣང་བ་དང་༔ སྐུ་དང་ཡེ་ཤེས་སུ་སྣང་བའོ༔ སྲིད་པ་བར་དོའི་སྣང་ལུགས་ནི༔ འབྱུང་བའི་ལྔའི་སྣང་ཚུལ་དང་ཡད་ཡུད་ཕྱད་ཕྱོད་དུ་སྣང་བའོ༔ ས་མཚམས་ནི༔ རང་བཞིན་གནས་པའི་བར་དོ་ནི་མའི་མངལ་ནས་འཆི་རྐྱེན་བཏབ་པ་ཚུན་ཆད་ཆོས་ཉིད་ཀྱི་བར་དོའོ༔ དེ་ནས་དབུགས་ཁྲོག་གི་ཆད་ཚུན་ཆད་འཆི་ཁའི་བར་དོའོ༔ དེ་ནས་ནང་དབུགས་ཆད་ནས་ལྷུན་གྲུབ་ཚུན་ཆད་ཤར་བདེ་ཡང་མངལ་གྱི་གྲོང་ཁྱེར་ལ་སླེབས་པ་ཚུན་ཆད་སྲིད་པ་བར་དོའོ༔ དེ་བཞིའི་གདམས་ངག་ནི་རང་བཞིན་གནས་པའི་བར་དོ་ལ་ཤེས་པའི་གྲས་ཐག་བཅད་དེ༔ དང་པོ་ཐོས་པས་བློ་སྦྱང་བ་དང་༔ བར་དུ་བསམས་པས་ཐག་གཅད་པ་དང་༔ ཐ་མ་བསྒོམས་པས་ལ་ཟླ་བ་རྣམས་བྱ་སྟེ༔ དེ་གསུམ་ལ་བློ་སྦྱངས་པས༔ ཕྱི་ཤེས་བྱ་ཡུལ་གྱི་གྲས་ཐག་ཆོད་པས༔ སྣང་བ་སྒྱུ་མ་རྨི་ལམ་ལྟར་ཤེས་ཏེ་འཁོར་བ་ལ་བློ་ལྡོག་པའི་དགོས་པ་ཡོད༔ ནང་འདུ་བའི་སེམས་ལ་གྲས་ཐག་ཆོས་པས་རང་སེམས་དངོས་མེད་དངོས་གཟུང་དང་བྲལ་བར་རྟོགས་པས་འབྲས་བུ་སངས་རྒྱས་པའོ༔ སྣང་སེམས་གཉིས་མེད་ལ་ཤེས་བྱའི་གྲས་ཐག་ཆོད་པས་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་སངས་རྒྱས་ནས༔ མཛད་པའི་འཕྲིན་ལས་ཕྱོགས་མེད་དུ་ཤར་བའོ༔ དེ་ཡང་བླ་མ་མཚན་ཉིད་ལྟ་བ་དང་ལྡན་པ་དང་འཕྲད་པ་གལ་ཆེའོ༔ འཆི་ཁའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུའི་མན་ངག་ལ་ཟེར་ཐིག་གདབ་པར་བྱའོ༔ དེ་ཡང་རྣལ་འབྱོར་པ་དེ་རྐྱེན་གྱི་ནད་ཀྱིས་བཏབ་ནས་འཆི་རྟགས་ཉེར་གཅིག་བརྟགས་པས༔ བཟློག་པའི་ཆོ་ག་ཡང་ནས་ཡང་དུ་བྱས་ཏེ༔ དེས་མ་བཟློག་པའི་རྟགས་བྱུང་བའི་ཚེ༔ དེ་ཡང་ལུས་ཉིད་ཐོག་མ་ཡང་འབྱུང་བཞི་ལས་གྲུབ་པ་ཐ་མ་ཡང་འབྱུང་བ་བཞིའི་བྱེར་ཟུག་གིས་ཚེའི་དུས་བྱེད་པའོ༔ དེ་ཡང་ས་ས་ལ་ཐིམ་པའི་དུས་ན༔ ལུས་ལྕི་ཞིང་ལྡང་མི་ནུས༔ ཆུ་ཆུ་ལ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་བོར་བ་གཅིག་ཕྱིར་ཐོན་ནས་དེ་ནས་སྐམ༔ མེ་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་བ་བཞི་རྐང་ལག་བཞིན་དྲོད་འཆོར་ཏེ༔ དེའི་དུས་སུ་ལུས་ཀྱི་བཀྲག་དང་གཟི་མདངས་ཀྱང་འཆོར་རོ༔ དེ་ནས་རླུང་རླུང་ལ་ཐིམ་པའི་དུས་སུ་དབུགས་བརྩེགས་མ་འབྱུང་ཞིང་ལུས་ཀྱི་སྟོབས་འཆོར་རོ༔ འདིའི་དུས་སུ་གདམས་ངག་གསལ་གདབ་པ་ནི༔ རང་ལ་ཆོས་ཉིད་བར་དོ་ལ་སྣང་བ་འདི་ལྟ་བུ་འཆར་བས༔ འདིའི་དུས་ན་རང་གི་སྣང་བ་ཡིན་པར་ངོ་ཤེས་པར་བྱའོ༔ སྙམ་པའི་དྲན་པ་བརྟེན་ན་དེས་ཆོག༔ དེ་ལྟར་མི་གསལ་ན་རང་གི་བླ་མ་ཡོད་ན་བཟང་སྟེ༔ ཚོགས་བསགས་པའི་ཡན་ལག་ཅི་རིགས་པ་ཞིག་བྱས་ཏེ༔ དེ་ནས་བླ་མས་ནད་པ་དེའི་རྣ་བུག་གཡོན་པ་ནས་སྨྱུག་མའི་སྦུབས་སམ་ཤོག་གུའི་དབྱིབས་ཀྱི་ནང་ནས་མར་ལན་གསུམ་བཏབ་པས་ཆོས་ཉིད་བར་དོ་ལ་མི་ཐེབས་པ་མི་སྲིད་དོ༔ དཔེར་ན་མི་བརྟན་པོ་གཅིག་ལ་ཐན་བརྡ་བས་ཡུལ་རྟ་འགོ་གང་དུ་སོང་ཡང་ངེས་པར་ཐན་འཇལ་བ་དང་འདྲ་སྟེ་ཆོས་ཉིད་བར་དོ་ལ་ངེས་པར་རྙེད་པར་འགྱུར་རོ༔ གལ་ཏེ་བླ་མ་མི་བཞུགས་ན་རང་གི་རྡོ་རྗེ་སྤུན་སྲིང་དམ་ཚིག་ལ་སི་མེད་པ་ལྟ་སྤྱོད་མཐུན་པ་ཞིག་གིས་གདབ་བོ༔ གལ་ཏེ་ནང་པ་དེ་བརྟེན་པ་ཉམས་པས་དབུགས་ཆད་ན་ནི་རླུང་སྦྱང་བྱ་ཞིང་ལུས་ངག་གསོ་བའི་གནད་འདི་ལྟར་བྱ་སྟེ༔ ནད་པ་དང་རང་གི་སྒོ་གསུམ་སྤྲད་དེ༔ རང་གི་རླུང་ཕྱི་ནས་ཕུལ་ཏེ༔ དེ་ལ་བསྟིམས་པས་འཕངས་ལན་གསུམ་བྱའོ༔ དེ་ལྟར་བྱས་པས་ཁོའི་ལུས་ཚ་མེར་གྱི་དྲོས་ཏེ་ཧཱུྃ་ཞེས་པས་རང་ཁའི་ནང་ན་དྲོང༔ ཨོཾ་ཞེས་པས་སྣ་བུག་གཡས་སུ་དྲོང༔ ཨ་ཞེས་པས་སྣ་བུག་གཡོན་དུ་དྲོང་༔ དེ་ལྟར་བྱས་པས༔ མིག་རྩ་ཧྲིག་ཡོང་སྟེ༔ དེ་ལྟར་བྱུང་ཙ་ན་སྔར་བཞིན་གདམས་ངག་བཏབ་པས་ཐེབ་ངེས་སོ༔ དེ་ནས་རླུང་རྣམ་ཤེས་ལ་ཐིམ་པས་ཤེས་པ་བུན་གྱིས་འགྲོ་ཏེ༔ ནང་དབུགས་ཆད་རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ལུས་སེམས་གཉིས་ཀྱི་འབྲེལ་ཐག་ཆད་དེ༔ དབུགས་བར་སྣང་ལ་བུན་གྱི་ཡལ་ལུས་གདོས་པ་ཅན་བེམ་པོར་ལིངས་ཀྱིས་སོང་༔ རིག་པ་མེ་སྟག་ཡལ་བའི་རྣམ་པ་ལྟར་ཆོས་ཉིད་བར་དོ་ལ་སོང་བའི་གནས་སྐབས་ན༔ ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ ཕྱི་ས་རྡོ་རི་བྲག་གི་རྣམ་པ་ནི་འགགས༔ ནང་འོད་གསལ་ཆོས་ཉིད་ཀྱི་སྣང་བ་ནི་ཤར་ནས༔ སྣང་བ་ཐམས་ཅད་འོད་ཁ་དོག་ལྔའི་སྣང་བ་མནན་ན་ནེམ་པ་སྙམ་པ༔ བཏེག་ན་འཕང་བ་སྙམ་པའི་སྣང་བ་འཆར་ཏེ༔ འདི་དུས་ཀྱི་གནད་དེ་འཇུག་པ་ཞེས་བྱ་བའི་གནད་དང་༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ༔ འཇུག་པ་ཤེས་པའི་གནད་ལ་གཉིས་ཏེ༔ འོད་རིག་པ་ལ་འཇུག་པ་དང་༔ རིག་པ་འོད་ལ་འཇུག་པའོ༔ འོད་རིག་པ་ལ་འཇུག་པ་ནི༔ འོད་སྣང་དེ་དག་སྐུ་ལྔ་ལྔའི་སྣང་བ་སྟེ༔ དེ་དག་གི་ཐུགས་ཀ་ནས་འོད་ཤིན་ཏུ་ཕྲ་བ་ཟེར་ཐག་སྒྲིལ་བ་ལྟ་བུ་རེ་རེ་རང་གི་སྙིང་ཁར་ཟུག་པ་རྣམས་འཆར་ཏེ༔ འདིའི་དུས་སུ་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱུར་ཏོ༔ གྲོལ་བའི་ལུགས་ནི༔ འདིའི་དུས་ན་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་དེངས་པས་ལུས་འོད༔ སྐུར་གྲོལ་བས་ཆོས་ཉིད་སང་ངེ་ལ་གནས་པས་འབྱུང་བ་ཕྲ་རགས་ཀྱིས་གདོས་བཅས་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ་ལོ༔ ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་ཉིད་མ་ལ་བུ་ཐིམ་དུ་གྲོལ་ལོ༔ མཐར་ཕྱིན་པའི་དུས་ན༔ ཡིད་ཆེས་པའི་གནད་གསུམ་སྐྱེ་སྟེ༔ ཡིད་ཆེས་པ་མ་དུ་བུ་འཇུག་པ་ལྟ་བུ་དྲན་པས༔ སྡང་འདྲིས་པའི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ༔ སྒྲོ་འདོགས་ཆོད་པ་ལྟ་བུར་རང་སྣང་དུ་ངོ་ཤེས་པའོ༔ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པ་སྟེ༔ དཔེར་ན་མི་གཅིག་ལ་སྙིང་རླུང་ཞུགས་པ་ན་སྨན་པ་མཁས་པས་ཐུར་མང་གིས་ལམ་དུ་འདྲེན་པ་ལྟར་ཆོས་ཉིད་རྣམ་དག་གི་ལམ་འགྱུར་མེད་དུ་ཡིད་ཆེས་པས་ཏིང་ངེ་འཛིན་སྐྱེའོ༔ དེ་ཡང་འདིའི་དུས་ན་ཡེ་ཤེས་བཞི་སྦྱོར་རང་གི་སྙིང་ཁར་འཆར་བ་ནི༔ སྔོན་དུ་འོད་དཀར་པོའི་སྣམ་བུ་དཀར་པོའི་དེའི་སྟེང་དུ་སེར་པོ༔ དེའི་སྟེང་དུ་དམར་པོ༔ དེའི་སྟེང་དུ་མཐིང་ཀ༔ དེའི་སྟེང་དུ་ཐིག་ལེ་མེ་ལོང་ཁ་སྦུབས་པ་ལྟ་བུ་དགུ་བརྩེགས་སམ་ལྔ་བརྩེགས་སུ་འཆར་རོ༔ འདི་ནི་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱའོ༔ དེ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་དྲན་པ་ནི༔ མདའ་དེ་ཉིད་དྲག་པོའི་ཤུགས་དང་བཅས་པས་དངོས་པོ་ཐམས་ཅད་ལ་འབིག་པར་ལྟར༔ རིག་པ་ཉིད་ལྷུན་གྲུབ་རིན་པོ་ཆེའི་ལུས་ལ་ཐིམ་པའི་ཚེ༔ སྐད་ཅིག་མ་དང་པོ་ལ་མངོན་པར་ཤེས་པ་དྲུག་ཕྲག་དྲུག་འཆར་རོ༔ གཉིས་པ་ལ་ཐད་དཀར་རིགས་ལྔའི་གཙོ་འཁོར་ཚོམ་བུར་གསལ་བ་ལ༔ མར་འགྲོ་བ་རིགས་དྲུག་གི་སྐྱེ་གནས་དང་ལས་དང་སྡུག་བསྔལ་དང་ཚེ་ཚད་ལ་སོགས་གསལ༔ ཡར་མང་པོའི་འདུག་ཚུལ་གསལ་ཏེ༔ རྗེས་སུ་དྲན་པ་དྲུག་ལས་འབྱུང་བའོ༔ སྐད་ཅིག་མ་གསུམ་པ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་སྟེ༔ རང་སྣང་དུ་ངོ་ཤེས་པས་ལྷུན་གྲུབ་རིན་པོ་ཆེ་ལ་ངེས་པ་རྙེད་དེ༔ ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བའོ༔ དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ༔ དཔེར་ན་ཉི་མ་རྒས་པའི་དུས་ན་ཟེར་འདུས་པ་ལྟར༔ རིགས་དྲུག་གི་སྣང་ཆ་རང་ལ་འདུས་པས༔ མ་དག་པ་འཁྲུལ་བའི་མིང་མེད་དེ་གཟུགས་སྣང་ལས་འདས་པའོ༔ འོད་ལ་འོད་ཐིམ་པ་ནི༔ ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་ཁ་དོག་མཚན་མའི་རིས་མེད་དེ་སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག༔ སྐུ་ལ་སྐུ་ཐིམ་པ་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བ༔ མཚན་མ་ཞལ་ཕྱག་གི་རིགས་ཅན་དུ་མེད་པར་རང་སྣང་རྣམ་པར་དག༔ ཡེ་ཤེས་ལ་ཡེ་ཤེས་ཐིམ་པ་མ་པང་དུ་བུ་ཞུགས་པ་ལྟ་བུ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ་གཉིས་ཉམས་སུ་འདྲེས་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་ཆུ་ཆུ་ལ་ཐིམ་པ་ལྟར་ངོ་བོ་མཉམ་པ་རིས་མེད་དུ་གྱུར་པའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་སྟོང་པ་སྣང་བའི་ཡུལ་མེད་པའོ༔ དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པ་སེང་གེས་གངས་ཟིན་པ་ལྟ་བུ་ཉམ་དཔག་ཚ་དང་བྲལ་བའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་«སྦྲ»འི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ཏུ་འདུས་པའོ༔ འདི་དུས་ན་སངས་རྒྱས་ཀྱི་ཡོན་ཏན་དང་འཕྲིན་ལས་དཔག་ཏུ་མེད་པ་འབྱུང་ཞིང་འཆར་བ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ནས་བཤད་པའོ༔ འདིའི་བརྩོན་འགྲུས་ཐ་མ་གཅིག་གིས་དབང་པོའི་ཁ་འཆལ་ནས་སྲིད་པ་བར་དོའི་ཆ་ཙམ་དུ་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་བྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ༔ ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ནས་ཆོས་ཉིད་བར་དོ་མེད་པར་ཡང་དག་པར་རྫོགས་པར་སངས་རྒྱའོ༔ དེ་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ རྡོ་རྗེའི་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ༔ རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར༔ ནུབ་པདྨ་བརྩེགས་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སྤྲུལ་པ་འོད་དཔག་མེད་ཀྱིས་ལུང་སྟོན༔ བྱང་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལས་ཀྱི་རིགས་ཀྱི་སྤྲུལ་པ་དོན་གྲུབ་ཀྱིས་ལས་དང་བག་ཆགས་ཀྱི་མཐའ་ཟད་པར་བྱས་པས༔ དེ་ཉིད་དུ་གྲོལ་ནས་སངས་རྒྱའོ༔ ཆོས་འདི་ཉིད་ཀྱི་སྒོ་མ་མཐོང་བའི་འགྲོ་བ་ཕལ་པ་རྣམས་ནི་དེ་ལས་སྲིད་པ་ལས་ཀྱིས་ཁ་འཆལ་ཏེ༔ སྲིད་པའི་བར་དོ་ལས་མཐའ་བོར་ནས༔ དེ་ཡིད་ཀྱི་ལུས་ཅན་དབང་པོ་ཀུན་ཚང་བ་ལ༔ གང་ལ་ཡང་ཐོགས་པ་མེད་པའི་ལུས་དང་ལྡན་པས༔ ནམ་མཁའ་ལ་བྱ་སྒྲོ་རླུང་གིས་དེད་པ་ལྟར་ཕྱད་ཕྱོད་ཡལ་ཡོལ་དུ་ཀུན་ལ་རྟོག་ཅིང་འཇུག་པར་བྱེད༔ འདི་ཡི་དུས་ན་རང་གིས་གཟུགས་མི་མཐོང་སྟེ༔ དཔེར་ན་རྨི་ལམ་གྱི་ལུས་ལྟ་བུའོ༔ གཟུགས་ཀྱིས་གཟུགས་མི་མཐོང་སྟེ༔ དཔེར་ན་སྐར་ཁུང་གི་ཉི་ཟེར་གྱི་རྡུལ་ལྟར་སྣང་ངོ་༔ འདིར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུ་བག་ཆགས་ཀྱི་མཚམས་སྦྱོར་བ་ནི༔ ལས་བཟང་པོ་བསགས་པ་རྣམས་ནི་གནས་མཐོ་བར་སྐྱེ་ལ༔ ངན་པ་རྣམས་ནི་ངན་སོང་གསུམ་ལ་སོགས་པའི་ལུས་ལེན་ནོ༔ དེ་ལྟ་བུའི་བར་དོ་དེ་ལ་དོན་ཉི་ཤུས་སྟོན་པ་ལ༔ དང་པོ་གཟུགས་ཀྱི་ཁྱད་པར་ནི༔ བར་དོར་ཇི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་ལ༔ ཕྱེད་ཕྱི་མའི་གཟུགས་ཏེ༔ དེ་ཡང་ཤ་ཁྲག་གདོས་པ་མེད་དེ་རྨི་ལམ་འདྲའོ༔ གཉིས་པ་སྐྱེ་མཆེད་ནི༔ ཡིད་ཀྱིས་ལུས་གཟུང་བར་དཀའ་བ་གང་ཡང་ཐོགས་པ་མེད་པའོ༔ གསུམ་པ་འོད་ཀྱི་ཁྱད་པར་ནི༔ ལས་དག་པ་རྣམས་དཀར་པོ་དཔག་ཚད་གཅིག་ཏུ་གསལ་ལ༔ མ་དག་པ་རྣམས་ལ་འོད་མོག་མོག་པོ་འདམ་གང་དུ་གསལ་ལོ༔ བཞི་པ་སྐྱེ་གནས་ཀྱི་ཁྱད་པར་ནི༔ སྐྱེ་གནས་བཞི་ལས་བརྫུས་སྐྱེས་སོ༔ ལྔ་པ་མགོ་ལྟ་ཕྱོགས་ཀྱི་ཁྱད་པར་ནི༔ ལྷ་མི་གཉིས་གྱེན་ལ་ཡོད་པ་སྙམ་བྱེད༔ ལྷ་མིན་བྱོལ་སོང་ཕྲེད་ལ༔ དམྱལ་བ་ཡི་དྭགས་ཐུར་ལའོ༔ དྲུག་པ་ཚེ་ཚད་ནི༔ ཞག་བདུན་གྱི་སྐད་ཅིག་མ་དང་ཤི་ནས་གཉིས་པ་ལ་སྐྱེ་སྟེ༔ བདུན་ཕྲག་བདུན་དུ་དེ་ལྟར་བྱེད་དོ༔ བདུན་པ་མངོན་ཤེས་ཀྱི་ཁྱད་པར་ནི༔ སྐད་ཅིག་ཙམ་ལ་སྟོང་གསུམ་གཅིག་གམ་གཉིས་ལ་སོགས་པ་མཐོང་སྟེ༔ ཟག་བཅས་ཀྱི་མངོན་ཤེས་དེ་བག་ཆགས་ཚན་ཆེ་བའི་སྟོབས་ཀྱིས་དེ་ནས་ནུབ་བོ༔ བརྒྱད་པ་ལུས་ཚད་ནི་བྱིས་པ་ལོ་བརྒྱད་དམ་བཅུ་དྲུག་པའི་ཚད་ཀུན་ལ་ལྟ་ཞིང་འཇུག་སྙིང་འདོད་པའོ༔ དགུ་པ་སྤྱོད་ལམ་ནི༔ སྔར་གྱི་ཆོས་ཉིད་བདེན་པའི་སྟོབས་ནུབ་ནས༔ སྔ་མའི་བག་ཆགས་ལངས་པས་སྔར་གང་ལ་ཞེན་པ་དེ་གཙོར་བྱེད་དོ༔ བཅུ་པ་མིང་གི་ཁྱད་པར་ནི༔ འབྱུང་བ་བཞིའི་ས་བོན་གྱི་བག་ཆགས་ལས༔ སྔོན་གཟུགས་སྲིད་པའི་ཤ་གཟུགས་ཅན་དུ་འབྱུང་བའོ༔ བཅུ་གཅིག་པ་རྫུ་འཕྲུལ་གྱི་ཁྱད་པར་ནི༔ དབང་པོ་མཆོག་ཏུ་གསལ་བ་དང་༔ ཡན་ལག་ཚང་ཞིང་རགས་པ་དང་༔ ཤེས་པ་གང་དུ་གཏད་སར་ཚུགས་པ་དང་༔ ཀུན་ལ་ཐོགས་ཆགས་མེད་དེ་གང་དུ་བསམ་སར་བརྟོལ་བའོ༔ བཅུ་གཉིས་པ་ལས་སོགས་མི་སོགས་ཀྱི་ཁྱད་པར་ནི༔ སྔར་གྱི་ལས་དཀར་ནག་གི་ཚན་ཆེ་ཆུང་གིས་འདིར་ཡང་ཕྱི་མ་ལས་ཐམས་ཅད་དེ་ལྟར་སོགས་པའོ༔ བཅུ་གསུམ་པ་ཁ་དོག་གི་ཁྱད་པར་ནི༔ ལྷ་མིར་སྐྱེས་ན་དཀར་པོ་དང་༔ ལྷ་མིན་བྱོལ་སོང་སེར་པོ་དང་༔ ཡི་དྭགས་དམྱལ་བ་ནག་པོ་འོ༔ བཅུ་བཞི་པ་ངེས་ཚིག་ནི༔ སྔར་ལོངས་སྐུའི་སྣང་བ་དང་རིགས་དྲུག་གི་བར་ཡིན་པས་བར་ཞེས་བྱ༔ མ་ནི་གང་ཉིད་ཀྱི་བདེན་པའི་སྟོབས་མ་ཤེས་པས༔ དེའི་ངང་ནས་ཕྱིས་སྲིད་པ་ཆགས་པས་སོ༔ དོ་ཞེས་པ་དེ་གཉིས་ཀྱི་བར་དུ་མ་རིག་པ་གནས་པས་སོ༔ བཅོ་ལྔ་པ་དགེ་སྡིག་གི་ཁྱད་པར་སྔར་དགེ་བ་བྱས་པའི་ཤེས་པ་ནི་གསལ༔ མི་དགེ་བ་བྱས་པ་ནི་མི་གསལ་རྨུགས་པར་གནས་པའོ༔ བཅུ་དྲུག་པ་ཁམས་གསུམ་ལས་གང་དུ་གཏོགས་ན༔ གཟུགས་མེད་ཁམས་སུ་གཏོགས་པའོ༔ བཅུ་བདུན་པ་ཕྱི་མའི་ལུས་དང་འབྲེལ་བ་ནི༔ བར་དོའི་ལས་རྫོགས་པའི་དུས་ན༔ མངལ་གྱི་སྐྱེ་གནས་སུ་འཇུག་ཏེ༔ །ཚུད་པའི་རྟགས་ནི༔ ལྷ་ཁང་གི་ཡང་སྟེང་ངམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད་ན་ལྷ་རུའོ༔ མགལ་མེའི་འཁོར་ལོ་བསྐོར་བ་ལྟར་འདུག་ན་ལྷ་མིན་དུའོ༔ གྲོང་པ་སྙམ་བྱེད་ན་མི་ལུས་ཙམ་པོའོ༔ ནམ་རྨུགས་པའི་ནང་དུ་འདུག་ན་མི་ལུས་གཙང་མའོ༔ སྐྱེ་བོ་མང་པོའི་ནང་དུ་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་ནང་དུ་ཚུད་པའོ༔ བྱ་སྐྱིབས་སམ་ན་བུན་ལང་ལིང་གི་གསེབ་ན་འདུག་པ་སྙམ་བྱེད་ན་བྱོལ་སོང་༔ གྲོག་པོ་ཕུགས་རྡུག་ལ་སོགས་པའི་ནང་དུ་འདུག་པ་སྙམ་བྱེད་ན་ཡི་དྭགས་སོ༔ དམྱལ་བ་ནི་སྲིད་པ་བར་དོར་མི་གནས་སོ༔ བཅོ་བརྒྱད་པ་ཕྱི་མའི་ལུས་དང་ཉོན་མོངས་ཀྱི་འབྲེལ་པ་བསྟན་པ་ནི༔ འདིར་ཞེ་སྡང་སྐྱེས་པའི་རྐྱེན་གྱིས་གཟུགས་ཁམས་སུ་སྐྱེའོ༔ འདོད་ཆགས་ཀྱིས་འདོད་ཁམས་སུ་སྐྱེའོ༔ གཏི་མུག་གིས་གཟུགས་མེད་ཁམས་སུ་སྐྱེའོ༔ བཅུ་དགུ་པ་འཁོར་ཚུལ་ནི༔ འགྲོ་བ་རིགས་དྲུག་གཅིག་ཏུ་བརྒྱུད་པ་ཤིང་རྟའི་འཕང་ལོ་འམ་ཟོ་ཆུའི་འཁོར་མོ་དང་འདྲའོ༔ ཉི་ཤུ་དཔེ་ཉེ་བར་མཚོན་པ་ནི༔ དཔེ་ནི་ལས་འཕེན་པ་གཞུ་མོའི་སྲད་བུ་དང་འདྲ༔ ལེན་པ་རྡོ་ཁབ་ལེན་དང་འདྲ༔ དེར་བག་ཆགས་ཀྱི་དབང་གིས་མངལ་གྱིས་ཡིད་འཛིན་པའོ༔ དེ་ནས་ལས་ཀྱི་དབང་གིས་དགའ་ལྡན་དང་༔ རྩོད་ལྡན་དང་༔ ཆ་མཉམ་དང་༔ མྱོས་ལྡན་དང་༔ བྲོས་ལྡན་དང་༔ སྡུག་བསྔལ་ཆེན་པོ་དང་ལྡན་པའི་གནས་སུ་སྐྱེའོ༔ སྲིད་པ་བར་དོའི་ལུས་དེ་ཡང་ཡི་དམ་ལྷའི་སྒྱུ་ལུས་བཟུང་བའོ༔ གདམས་ངག་གནད་རབ་ཏུ་ཆེའོ༔ དེ་དག་གིས་བར་དོའི་མཚན་ཉིད་འཕྲོས་པ་དང་བཅས་པ་བསྟན་པའོ༔ ༈ ད་ནི་ཚིག་དོན་བཅུ་གཅིག་པ་གྲོལ་ས་ཆེན་པོ་གང་ཡིན་པ་བསྟན་པ་ནི༔ དེ་ལྟར་བར་དོའམ་དེ་ཉིད་ལས་གྲོལ་བའི་དུས་ན་གྲོལ་ལུགས་ཇི་ལྟར་གྲོལ༔ ཡང་དག་པར་སངས་རྒྱ་བའི་དུས་ན་ཇི་ལྟར་འགྱུར༔ སྔ་རབས་འདས་པའི་སངས་རྒྱས་དང་༔ ཕྱིས་སངས་རྒྱ་བ་གཉིས་ལ་ཁྱད་པར་ཅི་ཡོད༔ སྙམ་ན༔ དེ་དག་རྣམས་ནི་གཉིས་མེད་རིས་དང་བྲལ་བས་ངོ་མཉམ་པ་རང་རྫོགས་ཆེན་པོར་བཞུགས་ཏེ༔ ཁྱད་པར་གང་ཡང་མེད་པས་འཛིན་མེད་ཕྱོགས་བྲལ་དུ་བཞུགས་སོ༔ དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ དེ་ཡང་དཔེར་ན་བུམ་པའི་ནང་གི་ནམ་མཁའ་ལྟར་ཁྱབ་བྱེད་སེམས་ལ་རང་བཞིན་གྱིས་གནས༔ བར་གྱི་འབྲེལ་ཐག་ནི་ནམ་མཁའ་ལྟ་བུར་སྒྲོན་མ་བཞིའི་མཚམས་སྦྱར་ཕྱི་རོལ་གྱི་ནམ་མཁའ་ལྟ་བུར་ཆོས་ཀྱི་དབྱིངས་སྟོང་ཉིད་སྤྲོས་དང་བྲལ་བའོ༔ དེ་ཡང་བུམ་པ་ཆག་པས་ནམ་མཁའི་ཕྱི་ནང་བར་གསུམ་ལ་དབྱེ་བ་མེད་པ་བཞིན་དུ༔ རིག་པ་ཕྱི་ནང་མེད་པར་འདྲེས་ཤིང་རྫོགས་པའོ༔ དེ་ཡང་འབྲས་བུ་རེ་ཞིག་ཚིག་ཏུ་བརྗོད་ན་བློ་འདས་ངོ་བོ་ཉིད་ཀྱི་ཆོས་སུ་གནས་པས་ཆོས་སྐུ་ཞེས་བྱ༔ ཟག་མེད་ཀྱི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པས་ལོངས་སྐུ༔ གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུ་ཞེས་བྱ༔ དེ་ཡང་ངོ་བོ་ཐ་དད་མེད་པས་སྐུ་གསུམ་རོ་གཅིག་ཏུ་གནས་པའོ༔ དེ་དག་སྟོང་པ་ངོས་གཟུང་མེད་པས་མཐའ་དང་བྲལ་བའི་ཆོས་ཉིད་ཅེས་བྱ༔ འདི་ཡིན་དང་འདི་མིན་གྱི་རིས་མེད་པས་དབྱེར་མེད་ཡོངས་སུ་རྫོགས་པ་ཞེས་བྱ༔ ཆོས་ཉིད་རྣམ་པ་དང་ཡུལ་ལས་འདས་པ་གཟུང་འཛིན་མཐའ་སྟོང་སྟེ༔ མཐའ་བྲལ་ཡོངས་རྫོགས་ཀྱི་སྐུ་ཞེས་བྱ༔ དེ་ཡང་བྱས་པ་དང་བྱུང་བ་མེད་པའི་ཆོས་ཉིད་ཡིན་ལ་ལྟོས་པ་དང་བྲལ་བས༔ རིས་མེད་མཉམ་པའི་བདག་ཉིད་ཆེན་པོ་ཞེས་ཀྱང་བྱའོ༔ དེ་ལྟ་བུའི་སངས་རྒྱས་དེ་ལ་ཆོས་ཀྱི་སྐུའི་གནས་སྐབས་ན་ཡེ་ཤེས་གསུམ་གཞི་ལ་ཚང་བ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས༔ རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས༔ དེ་ཡང་དེ་དག་མཚན་ཉིད་རིས་ཅན་དུ་མ་ཡིན་ནོ༔ ལོངས་སྐུའི་གནས་སྐབས་ན་སོ་སོའི་མཚན་ཉིད་འཛིན་པ་ཡེ་ཤེས་ལྔ་སོ་སོར་གསལ་ཏེ༔ དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ མེ་ལོང་ལྟ་བུའི་ཡེ་ཤེས༔ མཉམ་པ་ཉིད་ཀྱི་ཡེ་ཤེས༔ སོ་སོར་རྟོགས་པའི་ཡེ་ཤེས༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་དག་ཀྱང་ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ནོ༔ སྤྲུལ་སྐུའི་དུས་ན་མཁྱེན་པའི་ཡེ་ཤེས་གཉིས་སུ་གནས་ཏེ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་༔ ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སོ༔ དེ་དག་ཀྱང་བྱ་བ་དང་བྱེད་པ་དང་བཅས་པ་ནི་མ་ཡིན་ནོ༔ དེ་ལྟ་བུ་སྐུ་ལྔ་པོ་དེ་ལ་སྟོབས་བཅུ་དང་༔ མི་འཇིགས་པ་བཞི་དང་༔ ཚད་མ་མེད་པ་དང་༔ དྲན་པ་དང་ཉེ་བར་གཞག་པ་ལ་སོགས་པ་ཡོན་ཏན་གྱི་རྣམ་གྲངས་དཔག་ཏུ་མེད་ཅིང་བརྗོད་ལས་འདས་པའོ༔ གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་ཉི་མ་སྣང་བྱེད་ལས༔ རིན་པོ་ཆེ་ཟངས་ཀྱི་ཡི་གེ་ཅན་གྱི་ཕྱི་མོ༔ མན་ངག་གི་རྒྱལ་པོ་ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ་རྫོགས་སོ༔ འདི་བཀོད་དགེ་བ་གང་བསགས་དེས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ རང་སྣང་དག་པའི་ཡེ་ཤེས་ལ༔ ཆོས་ཉིད་བདེན་པ་མཐོང་བར་ཤོག༔ མཁས་པ་བི་མ་ལ་ཡི་ཐུགས་བཅུད༔ ས་མ་ཡཱ༔ གྷུ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་བྱར་མེད་ཀློང་ཡངས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བྲིས་པ་འདིས༔ སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ཅིག༔ མངྒ་ལཾ༔ «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༤༽ཚིག་དོན་བཅུ་གཅིག་པ།

»-PAGE 64--PAGE 63--PAGE 62-