སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་བསྟན་བཅོས་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་བསྟན་བཅོས་བཞུགས་སོ། །[1]

རྒྱལ་དབང་མཁྱེན་པའི་ཆུ་གཏེར་གྱིས་སྤྲོས་པའི། །སྙིང་རྗེའི་ནམ་མཁར་ཀུན་ཏུ་བཟང་པོའི་འོད། །ཀུན་ཏུ་འཕྲོ་བའི་ཉི་མ་འཇམ་པའི་དབྱངས། །སྙིང་གི་མུན་པའི་གཤེད་མ་དེར་ཕྱག་འཚལ། །སྟོན་པ་བསྟན་དང་དེ་འཛིན་ཐམས་ཅད་ཀྱང་། །སྐྱོན་མེད་ཡོན་ཏན་མངའ་བ་འབའ་ཞིག་གིས། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་པ། །ཟས་གཙང་སྲས་ཀྱི་རིང་ལུགས་དེ་ལ་འདུད། །ཐུབ་པ་དེ་ཡི་གཞུང་གི་ཆུ་གཏེར་དུ། །བསླབ་གཞིའི་རིན་ཆེན་ཅི་ཡང་བསྐྲུན་པ་རྣམས། །མཁས་གྲུབ་ཀླུ་དབང་བྱེ་བས་ཡོངས་གཟུང་བ། །རིས་མེད་འགྲོ་ལ་བགོ་བཤར་བདག་གིས་བྱ། །སོ་སོ་ཐར་དང་དེ་བཞིན་སེམས་བསྐྱེད་དང་། །རིག་པ་འཛིན་པ་ཞེས་བྱའི་སྡོམ་པ་གསུམ། །རིམ་པ་བཞིན་དུ་ཉན་ཐོས་བྱང་སེམས་དང་། །དེ་བཞིན་གཤེགས་པའི་འདུལ་བ་ཡིན་པར་བསྒྲགས། །ལུས་ངག་ཉེས་པ་ཙམ་ཞིག་སྤོང་བྱེད་པའི། །ཚུལ་ཁྲིམས་སོ་སོ་ཐར་ཡིན་དབྱེ་བ་གང་། །བརྒྱད་བཞི་གཉིས་ཏེ་ལེན་པའི་ཆོ་ག་ལ། །སྔོན་དང་ད་ལྟར་གཉིས་སུ་གནང་བ་ཡིན། །སྐྱབས་སུ་འགྲོ་བ་རྩོམ་པས་དགེ་བསྙེན་དུ། །ཁས་བླངས་དེ་ལ་བསླབ་པའི་གཞི་ལྔ་སྦྱིན། །ཞུ་དང་མཁན་པོར་གསོལ་དང་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་བསླབ་པ་བརྗོད། །སངས་རྒྱས་ཆོས་དང་དགེ་སློང་དགེ་འདུན་ལ། །ཁ་སྐོང་ཆོས་ལྡན་མི་མཐུན་གཉིས་དང་བྲལ། །དབུས་སུ་བཅུ་དང་མཐའ་ཁོབ་ལྔ་ལས་ནི། །ཉུང་བར་མི་རུང་སློབ་དཔོན་བཞི་ལས་འདིར། །གསང་སྟོན་ལས་བྱེད་གཉིས་སོ་དང་པོར་བྱ། །ལོ་བཅུ་ལོན་དང་ལྷན་ཅིག་སྦྱར་ལྡན་པའི། །མཁན་པོ་ཆོས་གོས་གསུམ་དང་ལྷུང་བཟེད་སྦྱིན། །སྐྱེ་གནས་ཁྱད་པར་མཛེས་པའི་བར་ཆད་མེད། །སྤྲོ་བྱ་གསོལ་དང་གསང་སྟོན་ཞུ་བ་དང་། །གསོལ་དང་གསོལ་བ་དྲི་འདོད་གསོལ་བ་དང་། །ལས་དང་གཞལ་དང་དུས་ལྔ་གོ་བྱེད་དང་། །ཡིན་མིན་ཕན་ཡོན་གནས་དང་ལྟུང་བ་དང་། །དགེ་སྦྱོང་མཆོག་འདོད་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་གུས་པ་དང་། །བསྒྲུབ་པར་བྱ་བརྗོད་དག་ཏུ་བསྡུས་པ་ཡིན། །བུད་མེད་ལ་ནི་དགེ་སློབ་མ་ཞེས་པའི། །ཚིགས་གཞན་དགེ་སློང་མ་དྲུག་བཅུ་གཉིས་དབུས། །དང་པོ་མཁན་མོ་བསླབ་པའི་སྡོམ་པ་གསོལ། །གསོལ་བ་གཉིས་ཀྱི་ལས་དང་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་སྤྱད་དུས་ལོ་གཉིས་སོ། །དང་པོར་བྱ་དང་མཁན་མོ་ཆོས་གོས་ལྔ། །ལྷུང་བཟེད་སྤྲོ་བྱ་གསོལ་དང་གསང་སྟོན་དང་། །ཞུ་གསོལ་གསོལ་བ་དྲི་དང་གསོལ་བ་དང་། །གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ཉེར་གནས་བྱིན། །གཉིས་ཀའི་དགེ་འདུན་ནང་དུ་གསོལ་དུ་གཞུག །གསོལ་བ་དྲི་དང་གསོལ་བ་ལས་ཀྱིས་སོ། །དུས་ཚོད་བརྗོད་དང་གནས་དང་ལྷུང་བ་དང་། །ལྕི་ཆོས་དགེ་སྦྱོང་འདོད་དང་མཆོག་འདོད་དང་། །མཉམ་དང་ཚུལ་འབྲེལ་དུལ་དང་དགོས་པ་དང་། །མ་བརྗོད་གུས་དང་བསྒྲུབ་བྱས་བསྡུས་པར་བཤད། །སྔ་མ་མ་སོང་བསྙེན་པར་རྫོགས་པ་དེས། །གཞན་གཉིས་ཞར་གྱིས་ཐོབ་པ་མདོ་སྡེར་སྣང་། དེས་དུས་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཐེག་ཆེན་སོ་སོ་ཐར་པར་མཁས་རྣམས་བཞེད། །བཞི་མིན་གནས་པས་གནས་ལ་མ་ཞུས་མིན། །དེས་ཀྱང་གདམ་ངག་སོགས་ཀྱིས་ཕན་གདགས་བྱ། །མི་ཚངས་སྤྱོད་དང་བརྐུ་དང་མི་གསོད་དང་། །བླ་མའི་བརྫུན་བཞི་ཕས་ཕམ་ལྟུང་བའི་སྡེ། །ཤིན་ཏུ་ལྕི་ཕྱིར་འདི་དག་གང་འབྱུང་ཀྱང་། །དགེ་སློང་རྣམ་པར་ཉམས་པར་འགྱུར་བ་ཡིན། །འཇིགས་དང་ངོ་ཚ་མེད་དང་ཆགས་པ་ཡིས། །ཆ་ཀུན་གཟུང་བཟོད་སྦྱོར་རུང་ལམ་མ་ཉམས། །ཁ་ཤུན་སོ་པགས་ལས་ཕར་ནད་མེད་ཀྱི། །ནོར་བུ་ལས་རུང་དྲུད་བདེ་མྱོང་བ་ནའོ། །སེམས་སྐྱེས་ཡིད་ཡིན་ཁ་ལ་རེག་པའི་བར། །སྦྱོར་ལྟུང་མཚམས་ལས་འདས་ན་དངོས་གཞིར་འགྱུར། །འཁྲིག་ལ་འདུ་ཤེས་གཙོ་མིན་བཟློག་པ་ལ། །མི་སྐྲག་ལྕི་བ་མི་ཉན་རབ་ལྕི་དང་། །གཞན་ལ་ཁྲེལ་ཡོད་ཡང་དང་རང་ཉིད་ལ། །ངོ་ཚ་ཤིན་ཏུ་ཡང་བའོ་དེ་དག་ནི། །ཕས་ཕམ་གྱིས་བླང་སྦོམ་པོ་བཞིར་བཤད་དོ། །རྐུ་སེམས་མིར་རྫས་འདུ་ཤེས་མི་གཞན་ནོར། །ཡུལ་དུས་རིན་ཐང་ཚང་བ་མིས་བཟུང་བསམས། །དེ་ཉིད་སྦྱོར་གཅིག་བདག་དོན་མ་བྱིན་པར། །བརྐུས་སམ་རྐུར་བཅུག་རྩད་ལའོ་དད་པས་མིན། །བརྐུ་ལ་སེམས་གཙོ་དེ་བྲལ་ཉེས་མེད་ཡིན། །ཡན་ལག་ལྷག་མ་ཉམས་པ་སྦོམ་པོར་འགྱུར། །མཚམས་ལས་མ་བརྒལ་སྦྱོར་བའི་ལྟུང་བ་དང་། །བརྒལ་བ་མཐར་འགྱུར་དུར་ཁྲོད་མི་དབང་ཟས། །ཤོ་གམ་ཡུལ་ཆོས་ཆད་པ་མི་འཇལ་སོགས། །སྦོམ་པོར་གསུངས་ལ་ལྕི་ཡང་གོང་བཞིན་སྦྱར། །གང་དུ་མ་ཤཱ་ཀ་ནི་ཉི་ཤུ་ལ། །ཀརྴ་པ་ན་ཡིན་ན་མ་ཤ་ཀ །ལྔ་ལ་ཚང་ཞིང་བཅུ་དྲུག་ལ་བཞི་དང་། །བཅུ་གཉིས་ལ་གསུམ་བཞི་བཅུ་ལ་བཅུ་སྟེ། །ཀུན་ཀྱང་པ་ནའི་བཞི་ཆར་གཅིག་པ་ཡིན། །མང་པོའི་སྐལ་བ་བརྐུས་ཚེ་རེ་རེའི་སྐལ། །རིན་ཐང་ལོངས་ན་མཐའ་ཡིན་མང་པོས་བརྐུས། །དེ་ཚེ་རང་སྐལ་རིན་ཐང་བརྩི་བར་གསུངས། །མི་ཉིད་གཞན་བསམས་དེར་འདུ་ཤེས་པ་དང་། །འཁྲུལ་མེད་སྦྱོར་བྱས་ཤི་ནའོ་ཡན་ལག་གཅིག །མ་ཚང་ན་ཡང་སྦོམ་པོ་ཉིད་དུ་འགྱུར། །སེམས་འཁྲུགས་ཚོར་བས་གཟིར་ལ་ལྟུང་བ་མེད། །གསོད་དུ་འཇུག་དང་མཚོན་སྦྱིན་ཐབས་གཞན་དང་། །ལུས་ངག་ཡི་རང་འཆིར་བསྔགས་རྐྱེན་བྱས་མཐའ། །ལག་པ་གཅོད་དང་ནང་པར་འཆི་སེམས་ཀྱི། །རྗེས་མཐུན་བསྒྲུབ་སོགས་ཆུང་ངུར་ཤེས་པར་བྱ། །བླ་མ་བརྗོད་བློས་བསམ་གཏན་ལ་སོགས་དང་། །མངོན་ཤེས་འབྲས་བཅས་ཡོན་ཏན་རྣམ་མང་འདིར། །མི་ཆོས་བླ་མ་ཞེས་བྱ་དེ་བདག་ལ། །ཡོད་ཅེས་མི་ལ་བརྫུན་སྨྲས་གཞན་གྱིས་ནི། །གོ་ལའི་མངོན་པའི་ང་རྒྱལ་མ་གཏོགས་སོ། །ལུས་ཀྱིས་གོ་བྱེད་ངག་གིས་མ་སྨྲས་ན། །ཉེས་བྱས་ཙམ་སྟེ་བརྫུན་གྱི་ལྟུང་བའི་རྟེན། །ཚིག་ཡིན་འབྲས་བུ་ལ་རྟོན་དངོས་སུ་དང་། །དེ་ཆོས་ཐོབ་ལས་ཡོངས་སུ་ཉམས་བརྗོད་མཐའ། །འདྲེ་མཐོང་ཞི་གནས་གཞན་ལ་སྙད་བཏགས་དང་། །དོན་མཐུན་ཟུར་གྱིས་གླེང་དང་ཕྱི་མ་དག །མ་སྨྲ་དང་དུ་ལེན་ན་སྦོམ་པོ་ཡིན། །ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བ། །ལྷག་མའི་སྡེ་ཡིན་ཀུན་ཏུ་དགེ་འདུན་གྱིས། །དག་བྱ་ལྷག་མའི་ལྟུང་བ་ཉིད་ཕྱིར་རོ། །བསམས་བཞིན་སེམས་ཅན་བགྲང་རུང་ཡན་ལག་ལ། །རེག་དང་རྩོལ་བས་ཁུ་བ་ཕྱུང་བ་ནའོ། །ལས་ལམ་མ་རྫོགས་སྦྱོར་བ་རྫོགས་ན་དངོས། །ཤེས་བཞིན་འབྱིན་པ་གཞན་ནི་སྦོམ་པོ་དང་། །ཆུ་བཏི་མཐོང་ནས་ཆགས་གཏོང་ཉེས་བྱས་ཏེ། །ནད་སོགས་རང་བཞིན་འཛག་པ་ཉེས་མེད་ཡིན། །ཆགས་པས་བུད་མེད་རུང་ལ་མ་ཆོད་རེག །བདེ་མྱོང་ན་ཡིན་ཚུར་ལ་རེག་པས་ཀྱང་། །གཞན་ནི་ན་སྨད་སྐྱབས་དང་སེམས་དག་པ། །ཉེས་མེད་དུད་འགྲོ་མོ་སོགས་ཉེས་བྱས་སོ། །འཁྲིག་དོན་བུད་མེད་མདུན་དུ་འཁྲིག་ཚིག་སྨྲས། །བརྡ་འཕྲོད་ནའོ་དངོས་སྒྲ་མི་བརྗོད་ན། །སྦོམ་པོའོ་ཚུར་སྨྲ་དང་དུ་བླང་བའང་མཚུངས། །རྟེན་རུང་བུད་མེད་འདུན་པ་བདག་ཉིད་དང་། །འཁྲིག་བརྗོད་བསྔགས་གོ་བསྔགས་ལ་ཡི་རང་ལའོ། །དངོས་མིན་རིས་འདྲ་བརྗོད་པ་སྦོམ་པོ་དང་། །བརྟེན་མི་བཟོད་ལ་ཉེས་བྱས་ཡིན་ཞེས་བྱོས། །སྤྲད་བྱ་མ་འཁྲུལ་སྤྲད་འདོད་རང་གཞན་དང་། །ཕྲིན་གྱིས་བུད་མེད་སྐྱེས་སྤྲད་ཕྲད་ནའོ། །ཆུང་མ་བདུན་ལ་འཐབ་ཚིགས་བདུན་རིམ་བཞིན། །དང་པོ་གསུམ་ལ་དང་གསུམ་བསྡུམས་ཉེས་བྱས། །བར་གསུམ་ན་སྨད་ལྷག་མ་དངོས་གཞི་ཡིན། །མཛའ་ན་མོ་བཅུ་ཆུང་མའི་དང་པོ་གསུམ། །མ་གཏོགས་ཀུན་ལ་འཐབ་ཚིགས་བདུན་ཐམས་ཅད། །དངོས་གཞིར་འགྱུར་ཞིང་ན་སྨད་འགྱུར་བ་མེད། །བདག་ཡོད་མ་གསོལ་མ་བསྟན་གཞི་དང་ནི། །བརྩམ་དུ་མི་རུང་རྩོད་པ་དང་བཅས་པར། །ཚད་ལས་ལྷག་པའི་རང་གི་ཁང་བྱས་ལའོ། །ཡན་ལག་ལྔ་ཚང་སྦོམ་པོ་གཞན་ན་སྨད། །སྲིད་དུ་བཅུ་གཉིས་ཞེང་དུ་བདུན་གྱི་གྲངས། །བདེ་གཤེགས་མཐོ་སྟེ་དེ་ཚད་ཁྲུ་གཅིག་དང་། །ཕྱེད་ཡིན་དེར་ནི་སྤྱོད་ལམ་བཞི་སྤྱད་རུང་། །བདག་མེད་མ་གསོལ་མ་བསྟན་གཞི་དང་ནི། །བརྩམ་དུ་མི་རུང་རྩོད་བཅས་ས་ལ་ནི། །ཚོགས་ཀྱི་དོན་དུ་གཙུག་ལག་ཁང་བྱས་ལའོ། །ཡན་ལག་གཅིག་དམན་སྦོམ་པོ་གཞན་ན་སྨད། །རྒྱུ་མཚན་མེད་པར་གཞན་ནི་སྨད་འདོད་པས། །ཕམ་པའི་སྐུར་ཚིག་སྨྲས་པའོ་ཉམས་ལ་ཡང་། །དེ་བཞིན་སྙད་ཀ་ཅུང་ཟད་ཡོད་པ་ལ། །བརྟེན་ནས་སྨྲ་བ་བག་ཙམ་ཡིན་པར་གྲགས། །མཐུན་པ་དབྱེ་སླད་རྩོད་པ་བླངས་ནས་གཟུང་། །བཞམས་དང་གསོལ་བཞིས་ལན་གསུམ་བསྒོམས་མི་ཉན། །ཚོགས་སུ་ལོངས་པ་ཕྱེ་ཞིང་བྱེ་བ་ནའོ། །བཞམས་ཏེ་བསྒོ་བས་མི་བཟློག་ཉེས་བྱས་དང་། །གསོལ་བཞི་གཅིག་གི་སྦོམ་པོ་བསྐྱར་བ་ཡང་། །གསུམ་པས་མ་བཟློག་ལྷག་མའོ་རིམ་པ་འདི། །འོག་མ་གསུམ་ལའང་སྦྱར་བར་བྱ་བ་ཡིན། །གང་ཡང་དེར་རྗེས་འབྲང་བའི་སྡིག་ལྟ་ཅན། །བཞམས་དང་གསོལ་བཞིས་བཟློག་བྱས་མ་བཟློག་ནའོ། །འགྲོགས་དང་ལོངས་སྤྱོད་ཀྱིས་སུན་འབྱིན་པ་དག །མཐོང་ཐོས་ཤེས་པ་བསྐྲད་ན་དགེ་འདུན་ལ། །སྐུར་འདེབས་བཞམས་བསྒོ་གསོལ་བརྗོད་ཀྱིས་མི་གཏོང་། །གླེང་བ་ཉིད་ན་བདག་ཉིད་དགེ་སློང་དག །བརྗོད་པར་མི་བྱ་བ་ཉིད་བྱེད་པ་ཡང་། །སྤང་ལྟུང་འབའ་ཞིག་པ་གཉིས་ལྟུང་བའི་སྡེ། །འདི་སྤྱད་ངན་འགྲོར་ལྟུང་བར་བྱེད་པའི་ཕྱིར། །འཆང་བྲལ་ཟླ་དང་འཁྲུར་འཇུག་ལེན་པ་དང་། །སློང་དང་སློང་བར་རིགས་པ་དཔགས་པ་སློང་། །སོ་སོ་བསྐུར་བ་སྲིན་བལ་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་རྨེལ་བ་དང་། །གསེར་དངུལ་མངོན་མཚན་ཅན་དང་ཉོ་ཚོང་དང་། འཆང་ཚོལ་འཐག་འཇུག་སྐྱེད་དང་བྱིན་འཕྲོག་དང་། །བརྟད་པ་ལས་བྱུང་དགོན་པ་རས་ཆེན་དང་། །བསྔོས་དང་གསོག་འཇོག་སྤང་བའི་ལྟུང་བར་གསུངས། །རུང་གོས་ལྷག་པོ་ཚད་ལོངས་མ་འབྲེལ་ཞིང་། །འབྲེལ་ཀྱང་ཤན་ཞུགས་འཆང་འདོད་ཞག་བཅུ་ལས། །ལྷག་བཅངས་འཆང་བའི་སྤང་ལྟུང་མ་བཏིང་ལའོ། །ལྷུང་བཟེད་དྲ་བ་ཕོར་བུ་མཚུངས་པ་ཡིན། །རང་རྫས་རང་གིར་ཤེས་ལའོ་གཞན་རྫས་ལ། །རང་གིའམ་སོམ་ཉི་ཉེས་བྱས་གཞན་ཉིད་ཀྱིར། །རང་གིར་གཞན་ཤེས་ལ་གཉིས་ཉེས་པ་མེད། །གཞན་བགྲོད་གནང་བ་མ་ཐོབ་བྱིན་རླབས་མིན། །སྲ་བརྐྱང་བཏིང་མིན་ཆོས་གོས་ནུབ་གཅིག་བྲལ། །འབྲལ་སྤང་གྱིས་གོས་མེད་པ་དག་ལ་མིན། །མ་བཏིངས་གང་རུང་མེད་ཅིང་རྒྱུ་ཡི་གོས། །མི་ལྡང་ཁ་སྣོན་རེ་བཅས་འབྲེལ་མིན་འབྲེལ། །ཤན་ཞུགས་འཆང་འདོད་སུམ་ཅུ་ལས་ལྷག་པའི། །སྐྱ་རེངས་ཤར་བཅངས་འཇོག་པའང་ཟླ་སྤང་ངོ་། །ཉེ་མིན་རབ་བྱུང་མ་ལ་འབྲེལ་བའི་གོས། །རྙིང་པ་འཁྲུར་བཅུག་ལའོ་སོམ་ཉི་ཉེས། །ཉེ་མིན་དགེ་སློང་མར་བསམས་ཆོས་གོས་བླངས། །ལོན་ནའོ་བརྗེ་ཆོས་དབུལ་པོར་ཉེས་པ་མེད། །ཁྱིམ་པ་ཉེ་དུ་མིན་ལ་ཆོས་གོས་ཚད། །ཕྲོགས་རླག་ཚིག་ཁྱེར་མིན་པས་བླངས་ལོན་ལའོ། །མེད་པས་སྟོད་གཡོགས་སྨད་གཡོགས་ཚད་ལྡན་པ། །ཟུང་ལྷག་བླངས་པ་ཐོབ་ལའོ་རྗེས་གནང་མིན། །ཉེ་མིན་ཁྱིམ་གཅིག་བརྟག་རུང་དྲན་བརྗོད་གོས། །རིན་མདངས་ཁྲུ་ཚད་ཀྱིས་སློང་ཐོབ་ན་ཡིན། །ཉེ་མིན་ཁྱིམ་པ་མང་པོར་བརྟག་དྲན་བརྗོད། །བསླངས་པ་སྦྱོར་བ་གཅིག་པས་ཐོབ་པ་ལའོ། །ཕྲོགས་པ་སོགས་ལ་གཉིས་ཀ་ཉེས་མེད་ཡིན། །གསུམ་ཆར་ཁྱིམ་པ་མི་ཡིན་མི་རུང་སྤངས། །དྲི་བསྟན་བསྒོས་ཤིང་སྨྲས་པ་བྱུང་བའི་མཐར། །རྗེས་བརྗོད་བསྐུལ་བ་དྲུག་རྫོགས་གོས་ཐོབ་ལའོ། །མཐར་སྟེར་སྤང་བརྗོད་སྦྱིན་པོར་རིན་ལོང་སྨྲ། །མ་གོ་བསྐུལ་མིན་གུས་ན་ལེན་ཉེས་མེད། །དཀོན་པའི་སྲིན་བལ་གསར་སྟན་བྱེད་དང་འདོད། །བྱེད་འཇུག་བཀྲམ་པ་ཉིད་ལའོ་འདྲེས་པ་ལ། །ན་སྨད་རྙིང་སྤྱོད་བྱས་ཟིན་ལྟུང་མེད་དོ། །དེ་བཞིན་ལུག་བལ་གསར་པ་ནག་པོ་ཡང་། །བལ་གསར་དཀར་འཁོབ་ཕྱེད་ལས་ནག་པོ་ཉིད། །ལྷག་ལའོ་བསམས་དང་གནང་བ་མ་ཐོབ་དང་། །ཡོད་བཞིན་ལོ་དྲུག་ནང་དུ་སྟན་བྱས་ལའོ། །གདིང་བ་གསར་པར་བདེ་གཤེགས་མཐོ་གང་ཙམ། །རྙིང་པ་སྣོན་ལས་དབྲི་ན་ཡོད་ནུས་ལའོ། །གྲོང་འགྲོ་རྒྱང་གྲགས་དགོན་ནས་དགོན་དཔག་ཚད། །གཞན་མེད་གསུམ་ཚུན་འདས་བལ་ཁུར་ལས་སོ། །ཞྭ་སོགས་ཆེད་དུ་ཉུང་ཁྱེར་ཉེས་པ་མེད། །ཉེ་མིན་དགེ་སློང་མ་བལ་རྨེལ་བཅུག་ལའོ། །རུང་བ་མ་བྱས་གསེར་སོགས་རིན་ཆེན་ལ། །རེག་གམ་རེག་འཇུག་ལེན་འདོད་ལོན་པ་ལའོ། །སྣོད་སོགས་སྙད་བཏགས་ལ་མིན་ཆོས་གོས་དང་། །ལམ་རྒྱགས་སྨན་གྱི་རྒྱུ་ནི་རུང་བར་གསུངས། །མེ་དང་ཆུ་དོན་ཤེལ་འཆང་ལྷུང་བཟེད་ནི། །ལྕགས་དང་ས་ལས་བྱས་མིན་བདག་གིར་མིན། །དེ་མེད་སྤྱད་དགོས་བྱུང་ལ་སྨན་ཕོར་གསུངས། །རྙེད་འདོད་སྦྱོར་བ་ལས་གཅིག་སྐྱེད་བྱུང་ནའོ། །རང་དོན་ཁེ་སྤོགས་འདོད་ཚོད་གྲུབ་པ་ལའོ། །གཉིས་པོ་དཀོན་མཆོག་དོན་ལ་ཉེས་པ་མེད། །རུང་བའི་ལྷུང་བཟེད་འབྲེལ་མིན་ཞག་བཅུ་ལས། །ལྷག་པ་རང་དོན་བཅངས་ལའོ་ཤན་ཞུགས་ཀྱང་། །ལྷན་པ་ལྔ་མེད་སྤྱད་བཟོད་ཡོད་བཞིན་དུ། །ལྷུང་བཟེད་གསར་པ་གཞན་ཚོལ་གྲུབ་པ་ནའོ། །འབྲེལ་མེད་བྲིམས་པ་བཅངས་ལ་ཉེས་པ་མེད། །ཉེ་མིན་གླ་རྔན་མེད་པར་འཐག་བཅུག་ལའོ། །སྦྱིན་པོས་བསྒོས་ལས་རང་གི་བསྐྱེད་གྲུབ་ལའོ། །དགེ་སློང་ལ་སྦྱིན་དུས་གཞན་ཁྲོ་བ་ཡིས། །ལུས་ངག་གིས་ཕྲོགས་དེ་ལུས་དེ་བྲལ་ལའོ། །བརྟད་པ་ལྔ་ལ་བདག་གིར་བྱ་སྔས་དང་། །བགོ་སྔས་ཕྱིས་ལའོ་སྦྱིན་པའི་ཚིག་ཉེས་མེད། །བཏིངས་མིན་དགོན་པ་བ་ནི་འཇིགས་བཅས་ཀྱི། །རང་དང་མཚམས་གཅིག་ཆོས་གོས་གནས་ལས་གྲོང་། །གཞན་དུ་ཞག་བདུན་སྐྱ་རེངས་ཤར་བ་ལའོ། །ཁྱིམ་པ་ཉེ་དུ་མིན་ལ་སོས་ཀའི་ཟླ། །ཕྱི་མ་ལས་སྔར་འདོད་བླངས་ཐོབ་པ་དང་། །དགག་དབྱེ་ཟིན་ནས་ཟླ་ཕྱེད་ལྷག་བཅངས་ལའོ། །དགེ་འདུན་བསྔོས་ནོར་ཤེས་བཞིན་བདག་གིར་འདོད། །རང་ལ་བསྒྱུར་བརྩོན་དབང་བར་གྱུར་བ་ནའོ། །ཁང་གཉིས་གསོ་སྦྱོང་ཐ་དད་རྙེད་ཐུན་གསུངས། །སྨན་བཞི་བཟའ་ཆེད་བྱིན་རླབས་བྱིན་ལེན་བྱས། །རང་ཆེད་འདོད་པས་བརྩམས་ཤིང་དུས་ཡོལ་ལའོ། །བརྫུན་སྐྱོན་ཕྲ་མ་སྐྱོ་སྔོགས་སྟོན་དང་འདོན། །གནས་ངན་མི་ཆོས་སྐུར་འདེབས་ཁྱད་དུ་གསོད། །ས་བོན་འཕྱ་བསྒོ་གནས་འདིང་བསྐྲོད་ཕྱིས་གནོན། །རྩ་དབྱུང་འདེབས་པ་རིམ་པ་གཉིས་སུ་བརྩིག །མ་བསྐོས་ཉི་ནུབ་ཟས་དང་གོས་བྱེད་དང་། །གོས་བྱིན་དོན་མཐུན་གྲུར་འཇུག་གཅིག་འདུག་འགྲེང་། །སྦྱོར་བཅུག་ཡང་ཡང་འདུག་གནས་ལྷག་པར་ལེན། །གཅིག་སྟོབས་འདུས་དང་དུས་མིན་གསོག་འཇོག་དང་། །བྱིན་ལེན་མ་བྱས་བསོད་པ་སྲོག་ཆགས་བཅས། །འདུག་འགྲེང་གཅེར་བུ་དམག་བལྟ་ནང་དུ་གནས། །མྱོང་དང་བརྡེག་གཟས་འཆབ་དང་གཅོད་དུ་འཇུག །མེ་རེག་འདུན་པ་མ་རྫོགས་ལྟ་མི་གཏོང་། །རྗེས་ཕྱོགས་བསྙིལ་སྡུད་ཁ་མ་བསྒྱུར་བ་དང་། །ལོངས་པའི་གཞིར་གཏོགས་ཁྲུས་དང་དུད་འགྲོ་འགྱོད། །ག་ག་རྩེ་དང་ལྷན་ཅིག་སྤངས་བྱེད་སྦེད། །ཕྱིན་པས་སྐུར་འདེབས་བུད་མེད་རྐུན་མ་དང་། །ཉི་ཤུ་མ་ལོན་བསྐོ་དང་མགྲོན་དུ་གཉེར། །བསླབ་དང་ཉན་རྣ་མི་སྨྲ་མ་གུས་ཚུལ། །ཆང་འཐུང་དུས་མིན་གྲོང་རྒྱུ་ནུབ་མོ་དང་། །བསླབ་གཞི་ཁྱད་གསོད་ཁབ་རལ་ཁྲི་རྐང་དང་། །ཤིང་བལ་གདིང་གཡན་རས་ཆེན་བདེ་གཤེགས་གོས། །ལྟུང་བྱེད་འབའ་ཞིག་པ་སྟེ་དགུ་བཅུར་གསུངས། །ཤེས་བཞིན་བཞི་མིན་བརྫུན་སྨྲས་གོ་ལས་སོ། །མཐུན་ལ་སྐྱོན་བདུན་རུང་མིན་སྨྲས་སོ་འདོད། །དགེ་སློང་འབྱེད་ཚིག་གོ་ནའོ་རྩོད་པ་བཞི། །ཞི་བྱེད་ཆོག་རྫོགས་སྐྱོ་སྔོགས་བཞི་མིན་ལའོ། །གྲོགས་མེད་བུད་མེད་ལ་ལྔ་དྲུག་བརྩམས་ལྷ། །སྟོན་ན་དྲུག་མིན་པ་ལའོ་ཉན་སློབ་མིན། །མ་རྫོགས་ཅིག་ཅར་འདོད་སྟོན་མ་གནང་བར། །གནས་ངན་ལེན་ལྟུང་མ་རྫོགས་པར་བརྗོད་དོ། །འཕགས་མིན་མ་རྫོགས་པ་ལ་བདེན་ཉིད་ཀྱི། །མི་ཆོས་བླ་མ་བརྗོད་པའོ་རྫུ་འཕྲུལ་ཡང་། །རུང་བར་བྱས་ལ་ཤེས་ངོར་དགེ་འདུན་རྫས། །གང་ཟག་ལ་སྦྱིན་ཟེར་ནའོ་འདོད་པས་བསླབ། །ཕྲ་བ་ཁྱད་གསོད་འདུལ་ལའོ་ཉམས་བྱེད་བློས། །ས་བོན་ལྔ་སྐྱེས་མི་གཏོང་འཇོམས་པ་ལའོ། །བཅུ་གཉིས་གང་ཟག་ལ་འཕྱ་ཞོགས་འཕྱ་བྱེད། །བགྲངས་ལའོ་བསྒོ་བ་རྣ་ལ་གཟོན་པ་ཡི། །གྲངས་སུ་བཅུག་ལའོ་མི་སྨྲ་གཟོན་ཉེས་བྱས། །དགེ་འདུན་གནས་མལ་མ་བཅོལ་གྱི་ནར་བོར། །ཕན་ཕུན་གྱུར་འདས་ལའོ་གཡར་བསྲུང་དང་། །བརཏལ་དང་གུས་པ་རིམ་བཞིན་ཉེས་དམིགས་སར། །བཏིང་རྩྭ་མ་བསྡུས་མ་བཅོལ་ཕན་ཕུན་འདས། །སྡང་བས་ཁང་སྐྲོད་ཐོན་ནའོ་བཅོལ་འཇུག་ཀྱང་། །སྔར་ཞུགས་ཤེས་བཞིན་མཐོ་འཚམ་ཕྱིས་མནན་ནའོ། །གཙུག་ལག་ཁང་ཐོག་རྙི་བར་ཁྲི་རྐང་ནོ། །འདོད་པས་གཙུགས་པ་ཐལ་བྱུང་སོང་བ་ནའོ། །སྲོག་ཆགས་བཅས་ཆུ་སྤྱད་དོན་ཕྱིར་འདེབས་ལའོ། །མི་བརྟན་མ་གཏོད་ཁང་བརྩིག་རིམ་ཉིན་ལྷག །གསུམ་མིན་ནའོ་མ་བསྐོས་དགེ་སློང་མར། །ཆོས་སྟོན་པ་ལའོ་ཤེས་བཞིན་ཉི་ནུབ་ཡང་། །འདོད་སྲེད་མིན་ལ་ཟས་ངོར་སྟོན་སྨྲས་སོ། །ཉེ་མིན་དགེ་སློང་མ་ཡི་གོས་བཟོས་དང་། །གོས་སྦྱིན་ཡང་ངོ་འདི་ལ་བཞི་ཉེས་མེད། །དགེ་སློང་མ་དང་གཅིག་ལམ་གྲུར་འཇུག་ཀྱང་། །འཇིགས་བཅས་ཉེས་མེད་ཞར་ལ་སྦྱིན་ལེན་གནང་། །དབེན་པར་བུད་མེད་དང་བཅས་གཅིག་བུར་འདུག །འགྲེང་ཡང་ཉེ་མིན་མ་གཉེར་དགེ་སློང་མས། །སྦྱོར་བཅུག་ཟོས་ལའོ་དུས་ཡོན་ཉེས་པ་མེད། །གནང་མིན་ཉེ་མིན་ཁྱིམ་ལས་ཟས་གཉིས་ཟོས། །ཁྱིམ་གཞན་མུ་སྟེགས་ཀྱིར་གཏོགས་ཞག་གཅིག་ལས། །ལྷག་གནས་ཟོས་ནའོ་ཅི་བདེར་མིན་ཉེ་དུ། །མིན་ལ་རབ་དོ་བླངས་པའོ་ཟོས་ཟིན་སྤངས། །ལྷག་པོར་མ་བྱས་བཅའ་བཟའ་འཆའ་འམ་ཟོས། །ངན་སེམས་ཀྱིས་བརྫུན་བསྟབས་ན་དེས་ཟོས་ཚེའོ། །གནང་མིན་མཚམས་ནང་ལས་ལོགས་འདུས་ཟོས་སོ། །རང་གནས་ཕྱེད་ཡོལ་སྐྱ་རེངས་མ་ཤར་བར། །དུས་རུང་ཟས་ཟོས་པ་ལའོ་གནང་ལ་མིན། །ཆོ་ག་གཅིག་སྨན་བཞི་གསོག་འཇོག་བྱས་ཟོས་ལའོ། །ལག་ཉ་མཚམས་བཙོས་ཞག་ལོན་ཞར་ལས་ཡིན། །རུང་མིན་བྱིན་ལེན་ལྔས་མིན་ཞིག་ཤེས་ཟོས། །ཉེ་མིན་ཁྱིམ་པར་བསོད་པའི་ཟས་བླངས་ཟོས། །རུང་བ་ལྔ་མིན་ཆུ་ལ་སྤྱད་པ་གཉིས། །གང་རུང་སྤྱད་ལའོ་བལྟར་ཡོད་ཤི་དེ་སྙེད། །ཁྲོན་པ་ཆུ་ཚགས་ལྔ་དང་དགེ་སློང་དང་། དགེ་འདུན་ཡིད་ཆེས་དེ་ཡི་རུང་བ་ལྔའོ། །བརྣག་པས་ཉལ་པོ་བཤོམ་ཁྱིམ་འདུག་པ་དང་། །འགྲེང་བའོ་འཇིགས་དང་མ་ཚོར་ཐ་དད་མིན། །འདི་མེད་བལྟོས་མིན་བཏང་མིན་དེ་ལ་ནི། །རུང་ཟས་རང་གིས་བྱིན་ནམ་འཇུག་པ་ལའོ། །གཡུལ་ལ་བལྟ་དང་ནང་གནས་རེག་བཤམས་པ། །དཀྲུག་དང་བལྟ་ཆེད་མཚམས་ལས་འདས་པ་ལའོ། །གསུམ་ཀར་རྐྱེན་དབང་ཉེས་མེད་སྡང་བས་བརྡེག །འཕོག་ནའོ་དེ་སྙེད་ལྟུང་འབྱུང་བརྡེག་པར་གཟས། །ཚོར་ནའོ་དབང་མིན་གྲོགས་ལྟུང་ཉིན་མཚན་མཐར། །འཆབ་ནའོ་ཆེད་དུ་སྦྱིན་པོ་ཟན་གཅོད་བཅུག །དུས་མིན་མེ་ལ་རེག་དང་དགེ་འདུན་གྱི། །ལས་ལ་འདུན་པ་ཕུལ་བ་ཕྱིར་སློག་སྨྲས། །མ་གནང་མ་རྫོགས་ལྷན་ཅིག་གནས་བཞིར་ཞག །གསུམ་པའི་སྐྱ་རེངས་ཤར་ཚུན་ཉལ་བ་ལའོ། །ཆོས་འགར་སྡིག་ལྟ་སྐྱེས་བསྒོ་སྨད་པ་ནའོ། །དགེ་སློང་གནས་དབྱུང་བར་སྨྲ་ཡང་དག་དང་། །གནས་ལོངས་གཅིག་བྱེད་དགེ་ཚུལ་བསྙིལ་ལ་ཡང་། །མ་བསྒྱུར་གོས་གྱོན་པ་ལའོ་དགོས་པའི་ཕྱིར། །རུང་གྱུར་རིན་ཆེན་གཡུལ་དང་རོལ་མོའི་ཆས། །སྐུད་རྒྱན་རག་གམ་འཇུག་གླུ་གར་བྱེད་ལའོ། །ཆོས་ལྡན་གཞན་གྱིར་བསྔོར་རུང་ཉེས་པ་མེད། །རྙེད་ན་བདག་པོར་དེ་མེད་དགེ་འདུན་རྫས། །གནང་མིན་འཇུག་ངོགས་རུང་མིན་རིལ་པོར་བཀྲུས། །དུད་འགྲོ་གསོད་དམ་གསོད་བཅུག་ཤི་བ་ནའོ། །རྫོགས་ལ་དགེ་སློང་མིན་དོན་འགྱོད་སྐྱེས་ལའོ། །གཡའ་བར་བྱ་སེམས་ག་ག་ཚིལ་བྱེད་ལའོ། །དགའ་བས་ཆུ་ལ་རྩེད་འཇོ་མིན་ལ་ཡང་། །མ་བསྲུང་བུད་མེད་ལན་ཅིག་ཉལ་མཚན་མཐར། །སྔངས་འདོད་འཇིགས་རྒྱུས་གོ་ནའོ་འདི་པ་དབང་། །འཚོ་བའི་ཡོ་བྱད་སྦེད་དམ་འཇུག་ཕན་མིན། །བྱིན་པ་སླར་སྤྱད་གཞི་དེས་དགའ་མིན་ལའོ། །འདོད་པས་ལྷག་མའི་སྐུར་བརྗོད་བག་ཙམ་ཀྱང་། །འདོད་པས་བུད་མེད་ལྷན་ཅིག་ལམ་འགྲོ་བ། །ཕན་ཕྱིར་མིན་ལའོ་རྐུན་མ་ཡང་དེ་བཞིན། །མ་ལོན་རྫོགས་ནའོ་མ་གནང་ས་བརྐོས་པའོ། །བོས་པ་བཞི་མིན་གཉེར་མིན་བླངས་ཟོས་ནའོ། །བསླབ་བསྐུལ་མི་ཤེས་ཉིད་བརྗོད་གོ་བ་ནའོ། །རྩོད་ཕྱིར་གྲོས་ལ་ཉན་རྣ་བྱས་གོ་ན། །ཞི་འདོད་མ་གཏོགས་ཆོས་ལྡན་ལས་ལ་འདུས། །མ་སྨྲས་འགྲོ་ན་ཉེན་ཀོར་འདས་པ་ནའོ། །དགེ་འདུན་གྱིས་བསྒོ་ཤད་སྦྱང་མེད་སློག་ལའོ། །འབྲུ་འམ་བཅོས་མའི་ཆང་ནི་མྱོས་འགྱུར་འཐུང་། །རྐྱེན་མིན་ཕྱི་དྲོ་གྲོང་འགྲོ་འདས་པ་ལའོ། །བོས་དེར་མ་སླེབ་མ་བསྒོ་འདོད་པས་གྲོང་། །སྔ་དྲོ་གསུམ་དང་ཕྱི་དྲོ་བཞིར་རྒྱུས་ལའོ། །ནམ་ལ་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ནའོ། །འདོན་པ་འདི་ཡོད་ད་གཟོད་ཤེས་སྨྲ་ན། །རྨོངས་མིན་ནའོ་རིན་ཆེའི་ཁབ་རལ་བཟོས། །དགེ་འདུན་མལ་ཁྲི་རྐང་ཚད་ལྷག་བྱས་དང་། དེ་མལ་བལ་བདལ་གདིང་བ་གཡན་པ་དགབ། །རས་ཆེན་ཆོས་གོས་ཚད་ལས་ལྷག་བྱེད་རྣམས། །དགེ་སློང་མ་གྲལ་བསླབ་པ་ནགས་བརྟག་པ། །སོར་བཤགས་སྡེ་ཡིན་སོ་སོར་བཤགས་བྱའི་ཕྱིར། །ཉེ་མིན་དགེ་སློང་མ་ལ་གྲོང་དུ་ཟས། །བླངས་པ་གཉིས་ཆར་གནས་ཟོས་གང་ཉེ་དུས། །གཉེར་མིན་ཁྱིམ་དུ་དགེ་སློང་མས་བསྒོ་བཤམས། །མ་བཟློག་ཟོས་སོ་ཤེས་གཙོ་བསླབ་པའི་སྡོམ། །སྦྱིན་ལས་རུང་མིན་བླངས་ཟོས་འཇིགས་བཅས་སུ། །མ་བསྙིལ་ཕྱི་རོལ་དགོན་པར་བླངས་ཟོས་ལའོ། །གོས་བགོ་བཅུ་དང་སྤྱོད་ཡུལ་འགྲོ་ཉི་ཤུ། །འདུག་དགུ་ཟས་བླང་བརྒྱད་དང་ཟ་ཉེར་གཅིག །ལྷུང་བཟེད་བཅུ་བཞི་ཆོས་བསྟན་ཉེར་དྲུག་དང་། །བསྒྲུབ་པའི་ཚུལ་གསུམ་རྒྱུ་གཅིག་ཉེས་བྱས་སྡེ། །འདི་སྤྱད་ཉེས་བྱས་ཉིད་ཕྱིར་བཟློག་སྟེ་བསླབ། །ཤམ་ཐབས་ཅི་ནས་ཟླུམ་མིན་བརྩེངས་དང་འཇོལ། །གླང་སྣ་ལྟེབས་དང་ཕུར་མ་གདེངས་ཀ་འདྲ། །སྟོད་གཡོགས་ཟླུམ་མིན་བརྩེངས་འཇོལ་ཁྱིམ་འགྲོ་ན། །མ་བསྡམས་བགོས་བསྐྱུངས་མིག་གཡེང་གང་ཙམ་མིན། །མགོ་གཡོགས་བརྫེས་གཟར་གཉའ་གོང་ལྟག་པར་བསྣོལ། །མཆོང་བརྐྱང་ཙོག་བུ་བྲང་བ་དཀུར་བརྟེན་དང་། །ལུས་བསྒྱུར་ལག་སྐྱོག་མགོ་བསྒྱུར་ཕྲག་སྤྲད་སྦྲེལ། །སྟན་ལ་མ་བསྒོ་མ་བརྟགས་ལྕིད་ཕབ་དང་། །རྐང་པ་བརླ་བསྣོལ་ལོང་བུ་ལོང་བུར་བཞག །རྐང་དགུག་གདངས་དང་འདོམས་སྣང་འགྲམ་སྟན་ཐབས། །ལེགས་པར་མ་བླངས་མུ་ད་ཁ་ཆ་མཉམ། །མཐར་ཆགས་མིན་དང་ལྟ་མིན་མ་འོངས་བཟེད། །ལྷག་པོར་འདོད་དགབ་སྟེང་དུ་སྣོད་གཟུང་དང་། །འགལ་ཟོས་ཁམ་ཆུང་ཆེ་དང་རན་པར་མིན། །ཁ་གདངས་བཀང་སྟེ་སྨྲ་བ་ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནན་ཐ་དད་འཕྱས་གདགས་མགུར་བ་སྤོ། །རྐན་ཏོག་ཁམ་འཕྲོ་བཅད་དང་ལག་པ་བལྡག །འབྱོང་དང་ལག་སྤྲུག་སྣོད་བསྐྱོམ་འདྲ་བྱས་གཞོམ། །འཕྱས་གདགས་ཕྱིར་བལྟ་འབགས་པས་ཆུ་སྣོད་འཛིན། །འབགས་ཆུ་གཞན་གཏོར་མ་དྲིས་ཁྱིམ་དུ་དབོ། །ལྷག་བླུགས་གཞི་མེད་གད་གཡང་གཟར་པོར་བཞག །འགྲེང་གང་གཡང་གཟར་རྒྱུན་འབབ་དྲག་པོར་བཀྲུས། །འགྲེང་ཉལ་དམའ་བར་འདུག་དང་ཕྱི་ནས་འོང་། །ལམ་གྱི་འགྲམ་སོགས་དོ་ཀེར་ཞྭ་ཅོད་པན། །ཕྲེང་དང་དཀྲིས་དང་གླང་པོ་རྟ་དང་བཞོན། །མཆིལ་ལྷམ་འཁར་གདུགས་མཚོན་ཆ་རལ་གྲི་དང་། །དགྲ་ཆ་གོ་ཆ་གྱོན་པ་རྣམས་ལ་བཤད། །འགྲེང་ཆུ་སྔོ་བཅས་ས་ལ་བཤང་གཅི་དོར། །ཤིང་ལ་མི་གང་མཐོར་འཛེག་གནང་ལ་མིན། །མི་ཚངས་སྤྱོད་ལེན་གསོད་སྨྲ་རེག་པ་དང་། །ལུས་བཀན་འཆབ་དང་བཟློག་པ་ཕམ་པ་བརྒྱད། །སྨྱན་བྱེད་གཞི་མེད་བག་ཙམ་ཆ་བཅས་ལེན། །ལེན་འཇུག་མཚན་འབྲལ་ཉིན་འབྲལ་ལམ་ལ་འཇུག །ཆུ་བརྒལ་རབ་འབྱིན་ཤི་ནོར་བཟོད་བྱེད་དང་། །སྤོང་དང་འཐབ་ཀྲོལ་བརྟེན་པ་བརྟེན་དུ་འཇུག །དགེ་འདུན་དབྱེན་དང་དེར་ཕྱོགས་ཁྱིམ་སུན་འབྱིན། །བཀའ་བློ་མི་བདེ་ཉི་ཤུ་ལྷག་མ་ཡིན། །སྤང་ལྟུང་སོ་གསུམ་ལྟུང་བྱེད་བརྒྱ་བརྒྱད་ཅུ། །སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་བཅུ་གཉིས། །རྩ་བ་དྲུག་དང་རྗེས་མཐུན་ཆོས་དྲུག་པོ། །དགེ་སློབ་མ་ལ་ལྷག་པོའོ་དགེ་ཚུལ་ནི། །གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་མའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་སྟེ། །གནང་བ་ཉེས་མེད་བཅུ་གསུམ་མ་གཏོགས་པ། །འདིར་བསྟན་བླངས་པའི་ཕྱོགས་མཐུན་ཤེས་པར་བྱོས། །རྩ་བཞི་ཆང་དང་ལྔ་སྤོང་དགེ་བསྙེན་ལ། །ཚུལ་ཁྲིམས་བག་ཡོད་བརཏལ་ཞུགས་ཡན་ལག་བརྒྱད། །མི་དགེ་ལྷག་དྲུག་གཉིས་གའི་ཕྱོགས་མཐུན་ཡིན། །རྣམ་དག་ལ་གསུངས་བསླབ་པ་བྱིན་པར་འདྲ། །དེར་ལྟོས་མ་རྫོགས་ཉམས་དང་མ་ཆགས་སྦྱོར། །ཉེས་བྱས་ཚིགས་གཞན་བླངས་འདས་ཕྱོགས་མཐུན་ཡང་། །གཞན་གྱི་རྣམ་རྟེན་ལ་སྐྱེད་འདུ་ཤེས་དགོས། །ཚིགས་ལྔར་སྦྱོར་བྱས་ཕྱི་མར་ན་སྨད་ཉིད། །དཀོན་པའི་རྫས་བཀག་བཟང་དང་རིན་འདྲ་མཚུངས། །མཚན་གྱུར་དེ་ཡི་ཞིང་ཡིན་ཆེ་ལས་ཆུང་། །མེད་ལས་ཡོད་མིན་ཡོད་ལས་མེད་འགྱུར་བརྩི། །གཞི་གཅིག་དུར་བཅས་དེ་ཉིད་ཀུན་སློང་གི །དེ་ཆ་དེར་གཏོགས་ཆུང་མིན་ཐ་དད་འབྲས། །ལྟུང་མིན་ཁ་ན་མ་ཐོ་སྨད་པ་དེའི། །ལྟུང་བའང་ན་སྨད་རྨི་ལམ་ཉེས་མེད་ཡིན། །ཁྱིམ་བབས་ཕུལ་བ་སླར་རྫོགས་བཏང་ལ་མིན། །ཅི་རིགས་ཐུན་མོང་བསྟན་པས་སྤྱིར་བསྟན་གསུངས། །སྤོང་བའི་ཞལ་ཏ་བསྐོ་ཞིང་སྤོང་ཁང་བརྩིག །བསྡུ་ཕྱིར་གཎྜྻི་བརྡུང་ཞིང་བརྡུང་བ་ལྔ། །གསོ་སྦྱོང་གི་ནི་གནས་ལ་བློ་མཐུན་བྱ། །དཔག་ཚད་ཕྱེད་གསུམ་མཚམས་ཆེན་ཕྱོགས་བཞི་རུ། །མཚན་མ་བརྟན་གཟུགས་དྲིས་ཙིག་དགེ་འདུན་ལ། །བསྒོ་ནས་ཐམས་ཅད་འདུག་ཅིང་མཐུན་གྱུར་ཚེ། །བཙུགས་པ་གོ་བྱས་གཅིག་གིས་གསལ་བ་དང་། །ལས་ཀྱི་མཚམས་ཆེན་བཅད་ལ་ཆོས་གོས་དང་། །མི་འབྲལ་གནང་བ་སྦྱིན་ནོ་མི་མཁོ་ན། །མཚམས་ཆེན་བཀྲོལ་ལ་འཚམས་བུ་ཆུང་བཅད་ཅིང་། །འདོད་ན་ཆོས་གོས་མི་འབྲལ་གནང་བའང་སྦྱིན། །ཆུང་ངུ་བཅིངས་དེར་མཚམས་ཆེན་སླར་བཅད་གནང་། །གཉིས་ཀར་དགེ་འདུན་བཀོད་དེ་ལས་བྱེད་པའི། །ཚིག་གིས་མཚམས་གཉིས་ཅིག་ཅར་དགྲོལ་བ་དང་། །བཅད་ནས་གནང་བ་སྦྱིན་བཞི་ཡང་ན་བ། །མེད་ཕུལ་གྱུར་དང་སྐྱ་རེངས་ལས་ཀྱིས་འཇིག །མ་བཅད་ལས་ལ་བརྩིག་པ་མཚམས་ཡིན་ལ། །མ་བསྐོར་ཝ་ཀ་ཆུ་འཛག་གང་འབབ་ཚུན། །གྲོང་ལ་ཉེན་ཀོར་དགོན་པར་རྒྱང་གྲགས་མཐའ། །མཚམས་དེར་གཏོགས་པའི་དཀྱིལ་འཁོར་པ་ཐམས་ཅད། །ལས་ལ་འདུ་བྱ་མི་མཐུན་བྱེད་འགལ་ཚབས། །དེ་ནང་ཆོས་གོས་མེད་པས་འགྱོད་མི་བྱ། །འདུ་བར་མི་ནུས་པ་ལ་ཡོངས་དག་འདུན། །རིམ་པའམ་ཅིག་ཅར་བླང་ངོ་རྒྱལ་པོས་གཟུང་། །མཚམས་ནང་འདུག་ན་ཕོ་ཉ་ལས་ཐ་དད། །བརྩམས་ལ་ཕན་ཚུན་ཕུལ་བས་མཐུན་པ་འགྲུབ། །གློ་བུར་འོངས་འབོད་མྱོས་ལ་གནང་བ་སྦྱིན། །ལྟུང་བ་ཅན་རྣམས་ལས་ལ་འཇུག་པའི་སྔོན། བཤགས་བསྡམ་བྱིན་བརླབ་དགེ་འདུན་ལྟུང་བ་མཐུན། །ཡིད་གཉིས་རྩོད་དང་དེས་ཉིད་མ་ཡིན་ན། །གྲུབ་ནའོ་མིན་ན་གསོལ་བ་འབའ་ཞིག་པས། །བྱིན་བརླབ་ལས་ཞུགས་དྲན་དང་ཡིད་གཉིས་ཟ། །གཞན་གྱི་དྲུང་ན་མོ་དང་ལས་བྱེད་ཡིད། །ཞི་གནས་མཐུན་པའི་གསོ་སྦྱོང་ཕྱི་མར་ལྔ། །ར་བ་ཐ་ཆུང་འབྲིང་གཉིས་གནམ་སྟོང་ནི། །ཞག་མི་ཐུབ་པས་གསོ་སྦྱོང་བཅུ་བཞི་པ། །ལྷག་མ་བཅོ་ལྔ་པར་བཞག་ཟླ་བའི་ཤོལ། །རྒྱལ་པོ་རྒྱུ་སྐར་མཁན་རྗེས་ཚེས་གྲངས་ནི། །སྤོ་བས་བགྲང་ཞིང་མ་འཆམ་གར་མང་བཙན། །དུས་བཟང་ཀུན་ལ་རྒྱུད་ཆགས་གསུམ་པ་དང་། །ཟླ་ཕྱེད་སེང་གེའི་ཁྲིར་འཁོད་གནས་བརྟན་གྱིས། །སོ་ཐར་མདོ་ཡི་དང་པོར་བྱ་སྟོན་ནས། །གསོལ་བ་འཛིན་འཇུག་འདོན་པ་ལྔ་ལས་གང་། །བརྩམས་པ་སྡེ་ཚན་རྫོགས་པ་མ་འཁྲུལ་འདོན། །འཇིགས་ལམ་སྡོད་དུ་མི་བཏུབ་འགྲོ་བཞིན་ཀློག །མ་ཚང་གསོ་སྦྱོང་བྱིན་བརླབས་བྱ་བར་གསུངས། །ཟླ་ཕྱེད་སྦྱིན་བདག་ཞལ་ཏ་སྤྱོད་ཡུལ་གྲོང་། །བསོད་སྙོམས་ནད་གཡོག་གནས་ཀྱི་བླ་མ་ཡོད། །འཐབ་ཀྲོལ་ཅན་མེད་མི་འབྱུང་དེར་གནས་ཁང་། །བྱི་དོར་གནས་མལ་ཁྲིའུ་ཆོལ་ཟངས་བྱས། །སྟོབས་སྤྲོ་གཅིག་གམ་དུ་མ་བསྐོས་ནས་དབྱར། །འབྲིང་པོའི་ཉ་ཉིན་ཁྲིམས་སུ་བྱ་བ་བརྗོད། །ལས་བྱེད་པས་གསོལ་བྲིམས་པ་གོ་བར་བྱ། །གནས་མལ་རིམ་པ་བཞིན་བསྟབས་བསྒོ་བ་དང་། །བརྗོད་ནས་ཕྱི་དེ་ཉིན་ལ་རང་གི་གནས། །གཡོགས་པར་གནས་པར་ཁས་བླངས་དགེ་སློང་མདུན། །ཕྱི་མ་སྔགས་ཀྱི་བྱེ་བྲག་དགོས་པའི་ཆེད། །ཞག་བདུན་བཞི་བཅུའི་གནང་བ་སྦྱིན་པར་བྱ། །མི་ནུས་དགག་དབྱེ་འདུན་བླངས་མཐུན་སོགས་བཞི། །བྱིན་བརླབ་དགག་དབྱེ་བྱེད་བསྐོ་གསོལ་ནས་སུ། རྩྭ་བྲིམས་གཉིས་ཀས་གཟུང་མནན་དགག་དབྱེ་ནི། །གསུམ་གྱིའོ་རྐྱེན་གྱིས་གཉིས་གཅིག་རང་ཉིད་གཞན། །གོ་བྱ་རྫས་བླང་ཚིག་གི་རྫས་ཀྱི་བྱ། །དམིགས་བསལ་ཚོགས་དང་གཉིས་ཐལ་གཞན་བྱས་སོ། །མ་ལོངས་བྱིན་གྱིས་བརླབས་པོ་སྡེ་ལྔས་སོ། །སྲ་བརྐྱང་བགྱི་དང་བསྐོ་བྱ་སྟོན་འབྲིང་གི །བཅུ་དྲུག་ཉིན་པར་རུང་བ་ལས་ཀྱི་གཏད། །གོ་རིམ་ཇི་བཞིན་འདིང་བཟླས་རེ་རེའི་མདུན། །བཏིང་ངོ་ཞེས་པས་གོ་བྱ་གཞན་གྱིས་ལེན། །དུས་སུ་གསེང་བྲད་སྤྲུག་གོ་ཁྱིམ་སོགས་མིན། །མ་ཞིག་དཔྱིད་རའི་ཉར་དབྱུང་ལྷགས་དུས་ཉིད། །ཕན་ཡོན་རྙེད་པ་བཅུ་དང་ལྔས་ཐོབ་མིན། །རྒྱུ་བདུན་གོས་དྲུག་ལ་ནི་ཆོས་གོས་གཉིས། །སྣམ་སྦྱར་དགུ་དང་བླ་གོས་གསུམ་མཐང་གོས། །གཉིས་ཏེ་ཚད་ལྡན་རུང་བའི་ཚོན་གྱིས་བསྒྱུར། །མ་རྙེད་ཕོངས་ལ་འཁོར་གསུམ་ཁེབས་ཙམ་གནང་། །རྔུལ་གཟན་ཤམ་ཐབས་གཉིས་གཉིས་གཡན་པ་དགབ། །གདིང་བ་རས་ཆེན་སྐྲ་གཟེད་གདོང་རྣག་གཟན། །དྲས་པ་གསུམ་སྟེ་བཅུ་གསུམ་འཚོ་བ་དང་། །ལྷག་དང་མཁོ་དང་ཕྲན་ཚེགས་ཡོ་བྱད་བཞི། །བསྒྱུར་དྲུབ་འཚོ་དང་མཁོ་བ་ལྷག་པ་ཡིས། །ཡོ་བྱད་རུང་བ་བྱིན་བརླབ་མི་རུང་བ། །གཞན་གྱིར་བསྔོས་ལ་བརྟག་འོས་ཡིད་བརྟན་བྱ། །བརྙན་པོ་རེ་ཞིག་པར་བྱ་བསྒོ་བ་ལྔ། །མཐའ་མིན་ཕྱོགས་སོང་མི་དབང་ཤི་བའི་རྫས། །ཡོ་བྱད་དྲུག་ནི་ནད་གཡོག་དབང་དེ་ཡང་། །ལྷག་ཚེ་འབྲིང་ཐོབ་བུད་མེད་ཁྱིམ་པར་མིན། །མང་ཚེ་ཕྱི་མའོ་ལྷག་པོ་བྱིན་བརླབས་ནས། །དགེ་འདུན་ལའོ་ཤམ་ཐབས་གྱོན་པས་ནི། །མཐའ་དག་བྱེད་རུང་བླ་གོས་གཙང་མའི་སར། །སྣམ་སྦྱར་དགེ་འདུན་འདུས་དང་ཟས་དང་ཕྱག །གྲོང་སོགས་འཇུག་ཚེ་བསྒོ་བྱ་གཞན་དུ་མིན། །མ་གཡོགས་གནས་མལ་མི་རུང་གཞན་མེད་ན། །བླ་གོས་བཞི་བལྟབ་འདིང་ངོ་མ་ཁྱེར་བས། །གནས་ན་གཞན་གྱི་དཀར་པོ་མ་དྲས་རྒྱུར། །བྱིན་རླབས་ཟས་མིན་གོས་གཅིག་བཀག་དེ་བཞིན། །གོས་མེད་ཁྲུས་སོ་མང་པོ་བླང་གོས་གཅིག །མ་གནང་གཅིག་པུས་བདག་གིར་བྱར་རུང་མིན། །སྐ་རགས་བེའུ་རས་སོགས་རྗེས་གནང་སྤྱད། །དག་ཕྱིར་བཙོ་བླག་མཁན་མིན་རང་གིས་བཀྲུ། །ཡུལ་དབུས་མལ་སྟན་མ་གནང་སྟན་ཙམ་གྱི། །མཐའ་ཁོབ་མལ་སྟན་གཉིས་ཀ་ཀོ་པགས་ལྷམ། །གནང་ངོ་མིག་ཕན་དོམ་ལྤགས་བཅང་བའང་གསུངས། །ནས་ཆན་སྣུམ་མཁུར་འབྲས་ཆན་ཉ་ཤ་བཟའ། །སྡོང་བུ་འབྲས་བུ་ཨུཏྤལ་ལ་སོགས་བཅའ། །དེ་དག་དུས་རུང་ཆུ་ཤིང་སོགས་བརྒྱད་འབྲས། །བཏུང་བ་ཚགས་བཙགས་རུང་ཆུས་བསླད་པ་དང་། །དར་བ་ཁུར་ཆུ་རྩབ་མོ་ལྔ་དུས་མིན། །བུར་ཆུ་ཐུན་ཚོད་རུང་དང་ཞག་བདུན་པ། །བུ་རམ་འབྲུ་མར་སྦྲང་རྩི་མར་ཁ་ར། །ཧྭགས་དང་ཞག་ལྔ་ཡིན་ནོ་འཚོ་བའི་སྨན། །རྩ་བ་སྡོང་བུ་ལོ་མ་མེ་ཏོག་འབྲས། །སྨན་གྱི་དོན་དུ་གསལ་ལོ་ཁ་ཟས་མིན། །བསྲེས་ན་དུས་རུང་གཞན་གསུམ་བྱིན་བརླབ་བྱ། །རུང་བའི་ཁང་བགྱིས་དྲན་པ་ཉེར་བཞག་ནས། །ལག་བསྙལ་བསོད་སྙོམས་བླངས་ནད་སྨན་ཤེས་ཟ། །དགེ་འདུན་དོན་དུ་གྲོང་ཞིང་སོགས་ལེན་གནང་། །གསོལ་བ་གསོལ་གཉིས་གསོལ་བཞི་ཉེར་བཞི་དང་། །ཞེ་བདུན་སུམ་ཅུ་མངོན་སུམ་རྗེས་བསྒྲག་འདུ། །དགེ་འདུན་ཚང་དང་ལས་བརྗོད་ལས་བྱེད་པ། །ཆོ་ག་བཞིན་བགྱིད་ལས་ཀྱི་གཞི་རུ་གསུངས། །ཕམ་པ་འཆབ་བཅས་རྒྱུད་དེ་གསོར་མི་རུང་། །འཆབ་མེད་དགེ་འདུན་ལ་ནི་ཇི་སྲིད་འཚོར། །བསླབ་པ་ནོས་སྤྱད་བསླབ་པའང་དམན་སྤྱོད་རྣམས། །ལེན་དང་ཁྱད་སྤྱོད་རྣམས་སྤོང་མཚམས་ནང་དུ། །ཀུན་ལ་ལྕི་བཤགས་ཡང་བ་ཕྱི་རོལ་བཞིར། །བཅབས་ལྷག་སྤོ་བ་ནོད་སྤྱད་དབྱུང་སྤོ་བཞིན། །གཉིས་བྱུང་གཞི་ནས་ཡང་བྱུང་ལང་གཞི་ནས། །བཞི་བྱུང་ནན་ཏུར་འཆབ་མེད་མགུ་བའང་སྦྱར། །སྤོ་བཞིན་འཆབ་མེད་གཅིག་བྱུང་མགུ་སྤྱོད་བཟློག །ཉི་ཤུས་ཕྱིར་ལྔ་ལྕི་དང་ཡང་ནང་གཅིག །གླེང་བས་མི་འཆོས་སྡིགས་སྨད་བསྐྲད་དང་འགྱེད། །གནས་དབྱུང་ཅི་རིགས་པར་སྦྱར་བཟོད་ནས་མཐོལ། །བྱུང་རྫས་སྤང་ལོན་བཤགས་བྱ་གཞན་རྣམས་ལ། །མིང་དང་སྡེ་སྨོས་སྔགས་ཀྱི་གཅིག་མདུན་དུའོ། །དགེ་ཚུལ་དགེ་སློང་མདུན་བཤགས་འཆབ་བཅས་ན། །བསླབ་སྦྱིན་སྡིག་ལྟ་འཛིན་ན་བསྙིལ་བར་བྱ། །མ་གསུམ་ཁྱད་ཆོས་ཅུང་ཟད་བསྒྱུར་བ་ཙམ། །བསླབ་པ་ཕུལ་དང་ཤི་འཕོས་རྩ་བ་ཆད། །ལན་གསུམ་མཚན་གྱུར་ཤེས་དང་མཚན་མོ་འདས། །གཏོང་རྒྱུ་ཡིན་ནོ་རྩོད་པ་ཞི་བྱའི་ཆོས། །ཁ་སྦུབ་ངོ་བོ་ཉིད་ཚོལ་གསོ་སྦྱོང་དང་། །དགག་དབྱེ་བཞག་པ་དང་ནི་གཏོང་དང་ལེན། །བྱེ་ལ་བཟོད་པ་གསོལ་དང་མཐུན་པ་དང་། །གསོ་སྦྱོང་གསོལ་བ་ལེན་གཞུག་གཟུགས་ལ་སྦེད། །བྲིམ་དྲན་མ་སྨྱོས་མདུན་བཤགས་ཕྱིར་བཅོས་ཡིན། །གཙུག་ལག་ཁང་བྱས་བཅུ་གཉིས་གང་ཟག་བསྐོ། །རྒས་ན་འཁར་བ་དྲྭ་བའི་གནང་བ་སྦྱིན། །ཀློག་དང་ཀློག་འཇུག་རྗེས་སུ་འཇུག་པས་གནས། །ཐེག་ཆེན་ལ་ནི་ཇི་བཞིན་རང་དོན་དུ། །གཞན་དོན་འགྱུར་བ་ཐམས་ཅད་དེ་ལས་གནང་། །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས་ཉན་ཐོས་ཀྱི་འདུལ་བ་རྣམ་པར་བཤད་པ་སྟེ་ལེའུ་དང་པོའོ།། །། སྒོ་གསུམ་ཉེས་པ་མ་ལུས་སྤོང་བྱེད་པའི། །ཚུལ་ཁྲིམས་བྱང་སྡོམ་ཤིང་རྟ་ཆེན་པོའི་སྲོལ། །རྣམ་གཉིས་དབྱེ་བ་རིགས་སད་སོ་ཐར་གྱི། །སྡོམ་ལྡན་གྱིས་ལེན་བཅུ་གཉིས་སྐྱེ་བའི་རྒྱུ། །སྨོན་ལམ་བཏབ་པས་ཆོས་མཐུན་མཁས་པ་དང་། །ངག་རྣམས་རིག་བྱེད་དོན་འཛིན་གོ་ནུས་ལ། །སྔོན་བཏང་སྟོན་པར་འདུ་ཤེས་གསོལ་བ་བཏབ། །སྐྱབས་འགྲོ་དམིགས་ལ་ཕྱག་བྱ་ཅི་འབྱོར་མཆོད། །མདུན་དུ་ཙོག་པུའམ་པུས་བཙུགས་སྨོན་པ་བླང་། །སྤྲོ་བ་བསླབ་དང་ཕན་ཡོན་བརྗོད་པས་བསྡུས། །ཕྱག་བྱས་རྐང་པར་གཏུགས་ནས་གསོལ་བ་བཏབ། །དྲི་དང་ཚོགས་གསོག་སྟོན་པའི་འདུ་ཤེས་ཀྱིས། །ཕྱག་བྱ་བསྐུལ་ནས་དྲི་ལན་དང་བ་བསྐྱེད། །གོ་བྱ་དྲི་དང་ཁས་ལེན་གྱུར་ན་བྱིན། །མཁྱེན་པར་གསོལ་དང་གཟིགས་འཇུག་གྱ་ཚོམ་མིན། །བསླབ་གཞི་ཕན་ཡོན་འཇུག་པའི་ཆོ་ག་ཡིན། །མེད་ན་སྐུ་གཟུགས་སྤྱན་སྔར་རང་གིས་ལེན། །སེམས་ཅན་མི་བཏང་ཕན་ཡོན་དྲན་པར་བྱ། །ཚོགས་གཉིས་བསག་དང་ཡང་ཡང་སེམས་སྦྱང་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །བླ་མ་མཆོད་འོས་བསླུ་དང་གཞན་འགྱོད་པའི། །གནས་མ་ཡིན་ལ་འགྱོད་སྐྱེད་བྱང་སེམས་ལ། །སྡང་བའི་ཚིག་སྨྲ་ཀུན་ལ་གཡོ་སྒྱུ་སྤྱོད། །ནག་པོའི་ཆོས་སོ་མི་ཉམས་བྱེད་པའི་ཆོས། །སྲོག་གི་ཕྱིར་ཡང་བརྫུན་དུ་མི་སྨྲ་དང་། །འགྲོ་ལ་ལྷག་བསམ་དག་པས་གནས་པ་དང་། །སེམས་བསྐྱེད་སྟོན་པར་འདུ་ཤེས་ཡོན་ཏན་བསྒྲག །དགེ་ལ་གཞན་འགོད་དེ་ཡང་བླ་མེད་དུའོ། །འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་པར་བསླབ། །ཡང་དག་བླངས་པ་རིས་བདུན་སྡོམ་པ་དང་། །ཆོས་བསྒྲུབ་བསྲུང་དང་རྣམ་སྤེལ་དགེ་ཆོས་དང་། །བཅུ་གཅིག་སེམས་ཅན་དོན་བྱེད་རྣམ་གསུམ་དུ། །ཚུལ་ཁྲིམས་རྣམ་གཞག་གཞན་རྣམས་འདུས་པ་ཡིན། །འདས་འདོད་མི་ལྟ་མ་འོངས་ལ་མི་དགའ། །ད་ལྟ་བྱུང་ལ་ཞེན་མེད་དབེན་པར་དགའ། །ངག་རྟོག་ཡོངས་དག་བདག་ཉིད་ཁྱད་མི་གསོད། །དེས་བཟོད་བག་ཡོད་ཆོ་ག་འཚོ་བ་དག །རྣམ་བཅུས་དང་པོ་ལེགས་བསྡམས་འགྱུར་བ་ཡིན། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཉེར་གནས་ལྔ། །ཤེས་རབ་ལྔ་སྟེ་བཅུས་ནི་དགེ་ཆོས་དང་། །སེམས་ཅན་བཅུ་གཅིག་པོ་ལ་བཅུ་གཅིག་གིས། །འཚམ་པའི་དོན་བྱེད་ལྷག་མའི་ལེགས་བྱེད་ཡིན། །རྙེད་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ནོར་དང་ཆོས་མི་སྟེར། ཁྲོ་བས་གཞན་འཚེ་ཤད་སྦྱངས་ཀྱིས་མི་ཟློག །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །ཀུན་དཀྲིས་ཆེན་པོས་སྡོམ་པ་འཇིག་བྱེད་པ། །ཕམ་པ་ཉིད་གསུང་ཆུང་དང་འབྲིང་ལ་མིན། །རྒྱུན་མི་ཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །ལྟ་བ་དེ་ལ་ཀུན་དཀྲིས་ཆེན་པོ་ཟེར། །མི་མཆོད་འདོད་པ་དང་ལེན་རྒན་སོགས་ལ། །མི་གུས་དྲི་ལན་མི་བརློན་འགྲོན་གཉེར་བར། །མི་འགྲོ་གསེར་སོགས་བསྟབས་པ་མི་ལེན་དང་། །ཆོས་འདོད་མི་སྦྱིན་ཚུལ་འཆལ་སོགས་འདོར་དང་། །དད་ཕྱིར་མི་སློབ་སྙིང་ལས་ཆུང་ངུར་གནས། །སྙིང་རྗེས་མི་བགྱིད་ལོག་འཚོ་བདག་གིར་སྤྱོད། །རྒོད་དང་མྱ་ངན་འདས་ལ་རྒྱབ་ཕྱོགས་སྨྲ། །ཚིག་མི་བཙུན་དང་དོན་འགྱུར་བྱེད་པ་སྤོང་། །གཤེ་ལན་གཤེ་དང་ཁྲོས་འདོར་ཁྲོ་བ་ལེན། །འདོད་ཕྱིར་འཁོར་སྡུད་ལེ་ལོ་མི་སེལ་དང་། །འདུ་འཛིའི་གཏམ་ཆགས་གདམ་ངག་མི་ནོད་དང་། །སྒྲིབ་པ་དང་ལེན་བསམ་གཏན་རོ་ལ་བལྟ། །ཉན་ཐོས་ཐེག་སྤོང་དེ་དང་མུ་སྟེགས་ལ། །རང་ཚུལ་དོར་བརྩོན་ཕྱི་མ་ལ་དགའ་དང་། །ཐེག་ཆེན་སྐུར་འདེབས་བདག་བསྟོད་གཞན་སྨོད་དང་། །ཆོས་དོན་མི་འགྲོ་ཆོས་སྨྲ་ཁྱད་གསོད་དང་། །ཡི་གེ་རྟོན་སྨྲ་སེམས་ཅན་བྱ་གྲོགས་མིན། །ནད་པར་རིམ་གྲོ་བྲལ་དང་སྡུག་མི་སེལ། །བག་མེད་པ་ལ་རིགས་པ་མི་སྟོན་དང་། །ཕན་ལན་མི་འཇལ་མྱ་ངན་མི་བསང་དང་། །འདོད་པ་མི་སྟེར་འཁོར་གྱི་དོན་མི་བྱེད། །གཞན་བློ་མི་བསྟུན་དེ་བསྔགས་མི་བརྗོད་དང་། །འོས་པ་ཚར་མི་གཅོད་དང་རྫུ་འཕྲུལ་གྱིས། །སྐྲག་པར་མི་བྱེད་ཞེ་དྲུག་ང་རྒྱལ་དང་། །ཀུན་ནས་མནར་སེམས་ཀྱིས་སྤྱད་ཉོན་མོངས་ཅན། །སྙོམས་སེམས་བག་མེད་ཀྱིས་བྱས་ཉོན་མོངས་མིན། །བརྩེ་དང་ཕན་འདོད་དགོས་དབང་ཚོར་བས་གཟིར། །སེམས་འཁྲུགས་ཉེས་མེད་ངོ་བོ་ཉིད་དང་ནི། །བྱེད་ལས་བསམ་པ་གཞི་ལས་བསགས་པ་ལྔ། །ཆུང་འབྲིང་ཆེར་དབྱེ་ཕལ་ཆེར་ཞེ་སྡང་གིའོ། །ཕམ་པས་གཏོང་ཕྱིར་སླར་བླང་འབྲིང་ནི་གསུམ། །ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། །མཐུན་པས་གང་ཟག་མེད་ན་ཡིད་ཀྱིས་བསྡམ། །ཕུལ་དང་སྨོན་པ་བཏང་དང་ལོག་ལྟས་གཏོང་། །གཞན་དུ་ཚེ་འཕོས་ནས་ཀྱང་རྗེས་སུ་འབྲང་། །རྣམ་དག་ཕན་ཡོན་འཕགས་པ་ཐོགས་མེད་ལུགས། །རབ་དད་སེམས་བརྟན་དགེ་བའི་བཤེས་མདུན་དུ། །ཡན་ལག་བདུན་མཐར་དམ་བཅའ་ཚིག་བརྗོད་པས། །སྨོན་འཇུག་ཅིག་ཅར་བླང་ཞིང་དགའ་བ་བསྒོམ། །མེད་ན་རང་གིས་སྐུ་གཟུགས་སོགས་ལས་བླང་། །གང་གིས་རིགས་དང་མི་རིགས་མ་བརྟགས་པར། །རྩོམ་མམ་བཟློག་གམ་བཏང་སྙོམས་འཇོག་པ་དང་། །འོས་ལས་འདས་བྱེད་ཐམས་ཅད་ལྟུང་བའི་སྡེ། །དོན་ཆེན་བསྒྲུབ་ལ་ཆུང་བཏང་གཟུགས་བརྙན་དང་། །ནུས་པའི་ཡུལ་མིན་ཐམས་ཅད་ལྟུང་མེད་དེ། །མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། གསུམ་གྱི་དཀོར་འཕྲོག་དང་པོ་ཆོས་སྤོང་གཉིས། །ཚུལ་ལྡན་ཚུལ་འཆལ་འཕྲོག་བསྣུན་བཙོན་རར་གཞུག །སྲོག་འབྲལ་བསླབ་པ་འབེབས་པ་གསུམ་པ་སྟེ། །མཚམས་མེད་ལས་བྱེད་བཞི་དང་ལོག་ལྟ་ལྔ། །རྒྱལ་པོ་ལ་ཡིན་གྲོང་ལྗོངས་གྲོང་ཁྱེར་དང་། །གྲོང་བརྡལ་ཡུལ་འཁོར་འཇོམས་ལྔ་བློན་པོ་དང་། །སྟོང་པ་ཉིད་བརྗོད་ཕྱིར་ལོག་ཉན་ཐོས་སྨོན། །རྫོགས་པའི་བྱང་ཆུབ་ཕྱིར་ལྡོག་སྨྲ་བྱེད་དང་། །སོ་སོ་ཐར་སྤངས་ཐེག་ཆེན་སྦྱོར་བ་དང་། །ཉན་ཐོས་ཐེག་སྤངས་འདིར་སྦྱོང་ཉན་བླངས་དང་། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨད་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། །དགེ་སློང་ཆད་པས་སྤྱོད་འཇུག་སུག་འབུལ་དང་། །ཞི་གནས་འདོར་ཞིང་སྤོང་བའི་ལོངས་སྤྱོད་དག །ཁ་ཏོན་བྱེད་པར་སྦྱིན་བརྒྱད་ཕམ་པ་ལ། །གཙོ་བོར་འབྱུང་ཉེས་བཞག་གིས་ཀུན་ལ་ཀུན། །རྩ་ལྟུང་ཉིད་འགྱུར་མིང་དུ་བཅོ་བརྒྱད་དང་། །རྫས་སུ་བཅུ་བཞི་དེ་སྟེང་བྱང་སེམས་བཏང་། །བྱང་སའི་ཕམ་བཞི་བསྣན་པ་ཐུན་འདས་ནའོ། །གསོལ་གདབ་རྨི་ལམ་འཕགས་པ་ནམ་སྙིང་གི །མདུན་དུ་འདུག་སྟེ་བཤགས་སམ་ཉིན་དང་མཚན། །ལན་གསུམ་ཕུང་པོ་གསུམ་པའི་མདོ་འདོན་ཅིང་། །རྒྱལ་བ་སྲས་བཅས་ལ་བརྟེན་ཞི་བར་བྱ། །བྱང་སེམས་བཏང་ན་སྡོམ་པ་བསྐྱར་ནས་ལེན། །གང་གིས་ལྟུང་བར་མི་འགྱུར་གནས་ཏེ་འདིར། །གཏོང་དང་བསྲུང་དང་དག་པ་སྤེལ་བ་བཞིར། །བསྡུས་ནས་ལུས་དང་ལོངས་སྤྱོད་དགེ་བ་ཡི། །དབྱེ་བས་རྣམ་པ་བཞི་ཡང་གསུམ་གསུམ་འགྱུར། །སེམས་ཅན་ཀུན་ལ་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྟེར་བ་གཏོང་བ་ཡིན། །བཤེས་གཉེན་བསྟེན་དང་ཆོས་འཛིན་གནོད་གྱུར་སྤོང་། །མི་མཐུན་བདུད་ཀྱི་ལས་དང་མི་དགེའི་བཤེས། །བྱང་སེམས་བརྗེད་དང་འཁྲུལ་དང་མི་མོས་དང་། །ཞལ་ཏ་བྱེད་པའི་གནོད་པ་རྩ་ལྟུང་དང་། །རབ་བྱུང་བར་ཆད་བྱེད་དང་མི་དགེའི་ལམ། །དགེ་རྩ་བྱེད་པའི་བར་གཅོད་རྒྱལ་སྲས་ལ། །ཕྲག་དོག་དེ་ལ་ཁོང་ཁྲོ་སྒྲིབ་པ་དང་། །བྱང་སེམས་བརྙས་དང་ཆོས་སྤོང་ཆོས་སྨྲ་བ། །ཁྱད་དུ་གསོད་པ་དེ་ཡི་གནོད་པ་ཡིན། །དྲན་པ་བཅུ་གཉིས་བརྟེན་ལས་གུས་པ་འབྱུང་། །དེ་ལས་ཞི་བ་དེ་ལས་ཡང་དག་པ། །ཇི་བཞིན་ཤེས་སྐྱེ་དེ་ཕྱིར་ཏིང་ངེ་འཛིན། །དོན་གཉེར་དྲན་ཤེས་དང་ཚུལ་ཅན་དུ་བྱ། །ཚུལ་ཁྲིམས་ཏིང་འཛིན་གཅིག་གིས་གཅིག་འཕེལ་བ། །འདི་གཉིས་ཀྱིས་ནི་སེམས་ཡོངས་སྦྱོང་བ་འགྲུབ། །བྱང་ཆུབ་སེམས་དཔའི་བསླབ་པ་འདིར་ཟད་ཅིང་། །འདི་ནི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །གང་གིས་རང་ཉིད་མཐོང་བའི་དེ་མ་ཐག །དགའ་དང་རངས་པར་འགྱུར་བ་ལུས་ཀྱིས་སྤྱད། །འཇམ་རན་སྙན་པར་སྨྲ་བ་ངག་གིས་དང་། །ང་ཡིར་མེད་པའི་ཞི་བ་སེམས་ཀྱིས་གཟུང་། །གཏན་དུ་བ་དང་ན་བའི་རྐྱེན་སྨན་དང་། །གོས་ལ་སྲེད་པ་ཉོན་མོངས་ཅན་ལྟུང་ཕྱིར། །གནས་གསུམ་དྲན་པ་ཉེར་བཞག་དེ་ལོངས་སྤྱད། །འདི་རྣམས་ལུས་བསྲུང་ལེགས་སྤྱད་ཚོད་རིགས་པ། །ལོངས་སྤྱོད་བསྲུང་ཡིན་རང་དོན་རྣམ་སྨིན་ལ། །སྲེད་སྤངས་འགྱོད་པར་མི་བྱ་བསྒྲགས་པ་མིན། །ཐོབ་དང་བཀུར་སྟིར་འཇིགས་བྱ་ཁེངས་པ་སྤོངས། །ཆོས་ལ་སོམ་ཉི་དོར་བ་དགེ་བསྲུང་ངོ་། །སྟོབས་བཞི་སྡིག་སྤྱོད་བཟོད་བྱ་ཐོས་པ་བཙལ། །ནགས་གནས་མཉམ་པར་བཞག་བྱ་མི་སྡུག་དང་། །བྱམས་དང་རྟེན་འབྲེལ་དྲན་པ་ཉེར་བཞག་བསྒོམ། །སྟོང་ཉིད་འཇུག་པ་ཉོན་མོངས་སྦྱོང་པ་སྟེ། །ལུས་དང་ཡང་དག་འཚོ་སྤྱད་ལོངས་སྤྱོད་དང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སྤྱོད། །དགེ་བ་དེ་དག་དག་པ་གསུམ་དུ་བཞག །སྟོབས་སྐྱེད་ལེ་ལོ་མེད་པ་ལུས་སྤེལ་དང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སྦྱིན། །ལོངས་སྤྱོད་སྤེལ་དང་དང་པོར་བརྩོན་པ་དང་། །བསམ་པ་གཏན་པར་ནན་ཏན་བྱས་ནས་སུ། །སྙིང་རྗེ་མདུན་བཞག་དགེ་བ་སྤེལ་བ་ནི། །བཟང་པོ་སྤྱོད་པའི་ཆོ་ག་སོགས་བཞིན་བྱ། །དད་སོགས་བསྒོམ་ཞིང་བྱམས་དང་དཀོན་མཆོག་གསུམ། །རྗེས་དྲན་ཀུན་ཏུ་སེམས་ཅན་དོན་བྱ་དང་། །ཆོས་སྦྱིན་བྱང་སེམས་དགེ་བ་སྤེལ་བའི་རྒྱུ། །ཡང་དག་སྤོང་དང་བག་ཡོད་དྲན་ཤེས་བཞི། །ཀུན་ལ་འཇུག་པའི་དོན་བསྡུ་འདི་དག་ནི། །བསླབ་བཏུས་ལས་གསུངས་ཀླུ་སྒྲུབ་རིང་ལུགས་སོ། །ཚུལ་གཉིས་ཤིང་རྟ་གང་གིས་བཞོན་པ་དེ། །རྫོགས་པའི་སངས་རྒྱས་བགྲོད་ལ་དཀའ་བ་ཅི། །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས་བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་པར་བཤད་པ་སྟེ་ལེའུ་གཉིས་པའོ།། །། ལུས་ངག་ཡིད་གསུམ་ཐབས་ཤེས་ཀྱིས་ཟིན་པར། །བསྡམས་པའི་ཚུལ་ཁྲིམས་སྔགས་སྡོམ་དབྱེ་བ་ནི། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་གསུངས་པའི། །ཕྱི་མ་དབང་བསྐུར་དབྱེ་བས་རྣམ་བཞིར་བཤད། །བྱ་བ་མེད་པར་མཉམ་བཞག་མི་ནུས་པ། །རིག་གཏད་རྗེས་སུ་གནང་དང་དབང་བསྐུར་བ། །གང་རུང་ལས་ནོད་འདི་ཡི་དབང་བསྐུར་ནི། །ཆུ་དབང་ཕྱག་རྒྱ་སྤྱི་བོར་གཏུག་པ་དང་། །བརྒྱུད་འཛིན་རྗེས་གནང་ཙམ་སྟེ་རྩ་རྒྱུད་ལས། །དབང་ལྔ་གསུངས་པ་ཆུ་དབང་ལན་ལྔ་རུ། །བསྐུར་ན་དགོས་པས་རྒྱུད་བསྟན་དེར་ཟད་ཅིང་། །དཀྱིལ་ཆོག་འགའ་ལས་རྣལ་འབྱོར་རྒྱུད་བཞིན་བསྒྲགས། །དེ་ཚེ་དམ་ཚིག་དག་ཀྱང་དེ་དང་མཚུངས། །དཀོན་མཆོག་གསུམ་ལ་དད་པ་རབ་བསྐྱེད་དང་། །གསང་སྔགས་རིགས་སྔགས་གཟུངས་སྔགས་ཚོགས་ལ་དད། །ཐེག་པ་ཆེ་ལ་ཁྱད་པར་མོས་པར་བྱ། །བླ་མ་དམ་ཚིག་ཅན་དང་མཛའ་བོར་གུས། །ལྷ་ལ་དུས་མཚམས་དག་ཏུ་མཆོད་པ་དང་། །གློ་བུར་བ་མཆོད་བསོད་ནམས་བསག་ལ་འབད། །བཟླས་བརྗོད་ལ་སོགས་གསང་སྔགས་སྤྱོད་ལ་བརྩོན། །རང་རིགས་དམ་ཚིག་དག་ནི་ལྷག་པར་བརྟེན། །རྒྱུད་བསྲུང་རྟོགས་བྱ་སྒོ་གསུམ་ཉེར་ཞིར་བྱ། །ཁྲུས་དང་གཙང་སྦྲ་བཅུ་གཉིས་བསྒྲུབ་པའོ། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་ཀྱེད་ཀླད་ཀོར་ཚེག་དྲག་ཉམས་པར་མིན། །གང་དང་གང་དུ་གཡེངས་བཞིན་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་སུ། །གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར། །རྩེ་གཅིག་སེམས་ལས་བཟླས་བརྗོད་ཐོགས་མེད་འགྲུབ། །གསང་སྔགས་ལྷ་དང་ཟློས་ལ་སྡང་མི་བྱ། །གཞན་གཞུང་མི་མཆོད་གསང་སྔགས་རང་བཟོར་མིན། །མ་གནང་མི་ལེན་གདོན་སོགས་ལས་མི་བྱ། །གཞན་དུ་མི་སྤྱོད་དམ་ཚིག་མེད་མི་སྦྱིན། །ཕྱག་རྒྱ་བཞོན་པ་མཚན་མ་མི་འགོང་ཞིང་། །ཟས་དང་སྤྱོད་ལ་སྒོ་གསུམ་མ་བསྡམས་མིན། །མ་གནང་མི་ཟ་བྱམས་པ་གཏང་མི་བྱ། །ཟློས་ནས་མ་ཟིན་བར་དུ་སྨྲ་བ་མིན། །ཁྲོས་ནས་དྲག་ཤུལ་མི་སྤྱོད་བདག་མི་བརྙས། །གཞན་སུན་མི་འབྱིན་གནས་ངན་ལེན་རྣམས་སྤོང་། །ལྟད་མོ་མི་བལྟ་སེར་སྣ་རྒྱགས་ཁེངས་བསྐྱུངས། །བཤང་གཅི་ཆུའམ་དེ་དང་ཉེར་མི་དོར། །བཅོ་བརྒྱད་འདི་དག་དགག་པའི་དམ་ཚིག་གོ །ཤ་ཆང་ཀེའུ་སྒོག་གཙོང་འབྲུ་མར་དང་། །ཏིལ་དང་ལ་ཕུག་འབྱུང་པོའི་ཁ་ཟས་དང་། །ལྷ་བཤོས་གཏོར་མ་ལ་སོགས་མ་གནང་ཟས། །ཆད་ལྟ་དཀོན་མཆོག་གསུམ་སྤོང་བྱང་སེམས་སྤོང་། །དབང་བསྐུར་སྤོང་དང་བླ་མར་འཁུ་བ་ལྔ། །འཇམ་དཔལ་རྩ་རྒྱུད་ལས་གསུངས་དཔུང་བཟང་གིས། །ཞུས་ལས་མཚམས་མེད་ལྔ་དང་ཉེ་བ་ལྔ། །སྙིང་ནས་དཀོན་མཆོག་གནོད་བྱེད་བཅུ་གཅིག་གོ །སྤྱི་རྒྱུད་གསུམ་ལས་གསུངས་པའི་བརཏལ་ཞུགས་ཀྱི། །རྣམ་པར་དབྱེ་བ་ཐམས་ཅད་དེར་འདུས་སོ། །གལ་ཏེ་ཉམས་ན་རང་རིགས་སྙིང་པོའི་སྔགས། །འབུམ་དུ་བཟླས་བརྗོད་མེས་རྨོངས་བྱེད་པའི་གཟུངས། །སྟོང་དམ་ཡང་ན་ཞི་བའི་སྦྱིན་བསྲེག་གམ། །ཡང་ན་དཀྱིལ་འཁོར་འཇུག་པས་དག་པར་བྱ། །དེ་དག་བྱ་བའི་རྒྱུད་ཀྱི་འཇུག་པ་སྟེ། །དེ་ཡི་སྦྱོར་བ་ཁྲུས་བྱས་སྟན་གནས་པས། །སྤྱན་དྲངས་མཆོད་ནས་མདུན་དུ་རང་རིགས་དང་། །བསྟུན་པའི་སྐྱིལ་ཀྲུང་གིས་འདུག་བྱང་སེམས་དང་། །སྒྲ་དང་ཡི་གེ་གཟུགས་དང་ཕྱག་རྒྱ་དང་། །མཚན་མའི་ལྷ་ཞེས་དྲུག་ནི་རིམ་བཞིན་བསྒོམ། །མདུན་དང་རང་སྙིང་ཡི་གེ་སྒྲར་དམིགས་བཟླས། །འདི་ནི་ཏིང་འཛིན་རྣམ་བཅས་སྦྱོར་བ་སྟེ། །གསང་སྔགས་མེར་གནས་དངོས་གྲུབ་སྟེར་དང་གཞན། །སྒྲ་གནས་རྣལ་འབྱོར་སྟེར་བ་དྲན་དང་ནི། །སྒྲ་མཐར་ཐར་པ་སྟེར་བ་རྣམ་གསུམ་པོ། །དོན་དམ་རང་བཞིན་གཉིས་སུ་མེད་སྦྱོར་ཤེས། །ལུས་རྫས་ལོངས་སྤྱོད་འགྲུབ་དང་དེ་གསུམ་གྱིས། །གཞན་དོན་བྱེད་པ་གྲུབ་པའི་སྤྱོད་པར་བཤད།། །། བྱ་བ་མང་མིན་ཁོ་ན་ཉིད་མོས་པ། །སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ། །ལས་དང་བྱ་སྤངས་ཕྱག་རྒྱའི་དབང་བསྐུར་དང་། དེ་གཉིས་བྲིས་པར་ལས་དང་བྱ་བས་དང་། །གསང་བའི་དཀྱིལ་འཁོར་ཡིད་ཀྱིས་བསྐུར་བ་གསུམ། །རིམ་པར་ནོད་ལ་རྒྱུད་འདིར་དངོས་བསྟན་དབང་། །ཆུ་དབང་ཐུར་མ་མེ་ལོང་ཆོས་བཤད་བཞི། །དམ་ཚིག་གསུམ་གནས་བསྲུང་བྱའི་རྩ་ལྟུང་ནི། །གནས་ངན་ལེན་བཅུ་དམ་ཆོས་སྤོང་བ་དང་། །བྱང་སེམས་གཏོང་དང་སེར་སྣ་གནོད་པ་བྱེད། །བཅུ་བཞི་རབ་བྱུང་ལ་འབྱུང་ཁྱིམ་པ་ལ། །སྲོག་གཅོད་མ་བྱིན་ལེན་དང་འདོད་གཡེམ་དང་། །བརྫུན་སྨྲ་ལོག་ལྟ་ལྟུང་བའི་རྩ་བ་བཞི། །དགུར་གསུངས་སྤོང་དང་བསྒྱུར་བ་བྱང་སྡོམ་དང་། །འདིར་གསུངས་ཁྱད་པར་ཕྱིར་བཅོས་གོང་དང་འདྲ། །ཡི་གེ་དང་པོ་བྱང་སེམས་སྟོང་ཉིད་བསྒོམ། །ཡི་གེ་གཉིས་པ་སྔགས་དང་སྒྲར་ལྡང་ཞིང་། །གཞི་དང་རང་ལུས་སངས་རྒྱས་སྐུར་བསྐྱེད་པ། །སྔགས་དང་ཕྱག་རྒྱ་སོགས་ཀྱིས་བྱིན་གྱིས་བརླབ། །གཞི་གཉིས་མདུན་དུ་སངས་རྒྱས་སྐུ་བསྐྱེད་ནས། །ཐུགས་ཀར་ཟླ་བ་སྔགས་ཕྲེང་བཀོད་ཏིང་འཛིན། །བརྟན་བྱེད་མཚན་བཅས་མཚན་མ་མེད་པ་ནི། །ལུས་སེམས་རྣམ་ཤེས་སྒྱུ་མ་ལྟར་དྲན་པས། །བྱང་ཆུབ་སེམས་བསྒོམ་ཆོས་ཀུན་ངོ་བོ་ཉིད། །མེད་པར་རྟོགས་པའི་ཏིང་འཛིན་བརྟན་བྱེད་པའོ། །འདི་དག་སྤྱོད་པའི་རྒྱུད་ཀྱི་འཇུག་པ་ཡིན། །ཕྱི་ནང་མཚན་མེད་བཟླས་བརྗོད་སྦྱོར་བ་སྟེ། །འབར་བའི་རྫས་བླང་ཕྱི་དང་ས་ཐོབ་ནང་། །གཉིས་པོ་གྲུབ་པའི་སྤྱོད་པ་ཡིན་པར་གསུངས།། །། བྱ་བ་གཡེངས་ཤེས་ཁོ་ན་ཉིད་མོས་པ། །ཉོན་མོངས་ཆ་མཉམ་ཤས་ཆེར་སྤྱོད་པ་ཡང་། །རིགས་མཐུན་དཀྱིལ་འཁོར་རྒྱས་དང་ཕྱག་རྒྱ་བཞི། །ཕྱག་རྒྱ་གཅིག་པ་གང་རུང་སྒོར་ཞུགས་ནས། །སློབ་མའི་དབང་ལྔ་སློབ་དཔོན་དབང་ནོད་བྱ། །གསུམ་ལ་སྐྱབས་འགྲོ་རྣམ་པར་སྣང་མཛད་དང་། །རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་གཟུང་བ་བཞི། །རྡོ་རྗེའི་རིགས་སོ་ཆོས་དང་ཟང་ཟིང་དང་། །མི་འཇིགས་བྱམས་པ་སྦྱིན་བཞི་རིན་ཆེན་དང་། །ཕྱི་ནང་གསང་བ་ཐེག་གསུམ་འཛིན་པ་གསུམ། །པདྨའི་རིགས་དང་སྡོམ་འཛིན་མཆོད་པ་གཉིས། །ལས་ཀྱི་རིགས་སོ་དེ་བཟློག་ཕས་ཕམ་ཡིན། །སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་དང་། །བརྫུན་སྨྲ་ཆང་དང་བྱ་མིན་བྱ་བ་དང་། །དམ་པ་མི་བརྟེན་མི་མཆོད་སྒོ་གསུམ་དགེ །མི་བྱེད་ལྷ་བརྙས་ཕྱག་རྒྱ་བཞོན་པ་སོགས། །འགོད་པར་མི་བྱ་རྗེས་མཐུན་བསྲུང་བྱའོ། །སྐུ་གསུང་ཐུགས་ཀྱི་གསང་བ་རྡོར་སེམས་དང་། །འདོད་ཆགས་སྙོམས་ཞུགས་དེ་བཞིན་གཤེགས་པའི་རིགས། །དེ་བཞིན་ཁྲོ་བོ་ཆེར་སྟོན་རྡོ་རྗེ་དང་། །རང་བཞིན་དག་ཤེས་དགོས་པ་དེ་དང་དེ། །བྱེད་པ་པདྨ་རིན་ཆེན་ལ་འདོད་སྦྱིན། །ཉམས་ལེན་དམ་ཚིག་ཉམས་ན་བཟླས་པ་དང་། །ཞི་བའི་སྦྱིན་བསྲེག་དབང་ནོད་སོགས་ཀྱིས་འཆོས། །འཇུག་པའི་སྒོ་ཡིན་དང་པོར་སྦྱོར་བ་དང་། །དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་རྣམ་པ་གསུམ། །མི་ནུས་རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཐམས་ཅད་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་ལྔ། །སློབ་དཔོན་དབང་བྱས་རྣལ་འབྱོར་ཆེ་ཡང་སྟེ། །ལྷ་བསང་ཆོ་ག་རབ་དང་དམན་པ་ལ། །ཚིག་དང་རྡོར་བཟླས་བསྣན་པ་ཐབས་སུ་གསུངས། །རྫོགས་པའི་བྱང་ཆུབ་དེ་ཡི་འབྲས་བུ་ཡིན།། །། ཨུཏྤལ་པད་གཉིས་ཙན་དན་རིན་ཆེན་ནམ། །དོན་གཉེར་གཉིས་སམ་ལས་དང་སྦྱངས་པ་ཅན། །གང་རུང་སློབ་མས་བླ་མ་ལེགས་བརྟགས་ནས། །སློབ་དཔོན་སྨིན་པའི་ལས་ཀྱིས་སློབ་མ་རྣམས། །དཀྱིལ་འཁོར་བཞི་ལ་རིམ་བཅུག་སློབ་དཔོན་བཞི། །རིམ་པར་བསྙེན་ནས་དབང་བཞི་རིམ་པས་བླང་། །བུམ་པ་གསང་བ་ཤེས་རབ་བཞི་པའི་དབང་། །རྣལ་འབྱོར་ཆེན་པོའི་རྒྱུད་འདིར་གྲགས་པ་ཡིན། །དྲི་མ་བཞི་དག་ནུས་པ་བཞི་སྨིན་ལ། །ཡོངས་སུ་སྨིན་པར་བཞག་པས་གང་གི་དེ། །བྱེད་ནུས་ཐབས་ལ་རྒྱལ་བས་དབང་བསྐུར་གསུངས། །དེ་ཕྱིར་དབང་བསྐུར་དེ་མེད་དངོས་གྲུབ་མེད། །གལ་ཏེ་ཆོ་གའི་གོ་རིམ་འདི་ཁོ་ནས། །སྨིན་བྱེད་གཞན་ལ་དེ་ཡི་ནུས་མེད་ན། །རྒྱལ་བས་ཆོ་ག་མི་མཐུན་ཅི་སྟེ་གསུངས། །བསམ་པ་མཁྱེན་པས་སྨིན་བྱེད་སྣ་ཚོགས་བསྟན། །དེ་བས་མུ་བཞི་དབང་ལ་འཐད་བཞིན་དུ། །བརྩིས་པར་སྐྱོན་སྨྲེ་མཁས་པའི་བསྙོན་དོར་ཡིན། །བུམ་དབང་དཀྱིལ་འཁོར་རྡུལ་ཚོན་ལས་གཞན་པ། །དཔལ་ལྡན་དུས་ཀྱི་འཁོར་ལོར་གསུངས་བཞིན་དུ། །སྨིན་བྱེད་རྡུལ་ཚོན་ཉིད་དུ་བསྐུར་དགོས་པའི། །སྒྲུབ་བྱེད་གླེང་བ་རི་བོང་ཅལ་དང་མཚུངས། །འགའ་ཞིག་སྔགས་ལ་སྔོན་ཆོག་ད་ཆོག་འབྱེད། །རྒྱུད་དང་འཕགས་ཡུལ་གཞུང་ལས་དེ་མ་བཤད། །རྣལ་འབྱོར་རྒྱུད་དང་བླ་མེད་སྡོམ་པ་ལ། ཁྱད་པར་མེད་སྨྲ་རང་སྡོམ་རང་ཉིད་ཀྱི། །ཉམས་ལེན་དངོས་གཞི་ཡིན་པ་མ་ཤེས་གཏམ། །བུམ་དབང་དུས་རྫོགས་སྨྲ་བ་དེ་དང་མཚུངས། །ལ་ལ་སྡོམ་གཟུང་དུས་སུ་འདི་རྫོགས་ཟེར། །རིགས་སུ་མ་སྐྱེས་དེ་ཡི་བརཏལ་ཞུགས་ཅི། །དབང་མེད་སྔགས་འདིའི་རྩ་ལྟུང་འབྱུང་བས་གནོད། །སློབ་དཔོན་བརྙས་དང་བཀའ་འདས་སྤུན་ལ་ཁྲོ། །བྱམས་བཏང་བྱང་སེམས་སྤོང་དང་ཆོས་ལ་སྨོད། །གསང་སྒྲོགས་ཕུང་པོ་བརྙས་དང་སོམ་ཉི་ཟ། །གདུག་ལ་བྱམས་ལྡན་དེར་རྟོག་སེམས་སུན་འབྱིན། །མི་བརྟེན་བུད་མེད་སྨོད་རྣམས་རྩ་ལྟུང་ཡིན། །སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་། །བརྙས་དང་ཐུགས་དཀྲུགས་གང་ཡང་རུང་བས་སོ། །དེ་གསུངས་རྒྱས་བས་བསྟན་པ་བླང་དོར་གནས། །གོ་ཞིང་ཁྱད་བསད་མི་མཐུན་སྤྱོད་དང་འབྲེལ། །འཆད་པ་ལ་ཡིན་སྤྱི་རིང་ཉེ་བ་དང་། །ནང་འདྲེས་སྤུན་ལ་ཁྲོས་སམ་འཁོན་དུ་འཛིན། །ཕྲག་དོག་བརྙས་པ་བྱས་དང་སུན་འབྱིན་ཡང་། །སེམས་ཅན་ཀུན་ལ་བརྩེ་བ་སྙིང་ནས་བཏང་། །དམ་བཅས་ལས་ཉམས་སེམས་བསྐྱེད་གཏོང་བར་གོ །སྐབས་མིན་ཆགས་པས་བསམས་བཞིན་ཁུ་བ་ཕྱུང་། །ལམ་ཚོལ་ལམ་ཞུགས་ལམ་ཆེན་གྲུབ་མཐའ་སྨོད། །སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་བྱ་བསྟན། །ཕུང་པོ་ལྔ་ལ་སྡང་དང་བརྙས་པ་དང་། །སྨོད་དང་གདུང་བས་ཡིད་མི་བདེ་སྐྱེད་པ། །གང་གི་རང་བཞིན་དག་པར་བཀྲི་བའི་ཆོས། །གཞི་ལམ་འབྲས་བུའི་ཚུལ་ལ་ཐེ་ཚོམ་ཟ། །མངོན་སྤྱོད་བྱ་འོས་ཡུལ་ལ་མཛའ་བའམ། །ཡན་ལག་ཚང་བ་ནུས་བཞིན་མ་བསྒྲལ་བ། །མིང་སོགས་བྲལ་ལ་ཇི་བཞིན་མི་འཇུག་པར། །དངོས་སམ་དངོས་མེད་དུ་རྟོག་རྒྱལ་བའི་ཆོས། །རྟོག་གེ་ངན་པས་རང་དབང་འཇལ་བ་ཡང་། །དད་གསུམ་ལྡན་ལ་ཉམས་དང་དོན་མི་བྱེད། །སེམས་མི་བསྲུང་དང་ཆེད་དུ་བསླུ་བ་ཡིན། །སྐབས་བབ་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །བརྟེན་དུ་ཡོད་བཞིན་བསམས་ནས་མི་བརྟེན་པ། །སྤྱི་དང་བྱེ་བྲག་ལ་ལྟོས་ཤེས་རབ་མ། །ངོས་དང་ལྐོག་ཏུ་སྙིང་ཚིམ་སྨད་གོ་ལའོ། །ཡུལ་བསམ་སྦྱོར་བ་དུས་དང་ཉེས་པ་དང་། །ལན་གྲངས་དྲུག་གིས་དེ་བསྒྱུར་བརྒྱད་ཅུ་བཞི། །ལྕི་འབྲིང་ཡང་བ་གསུམ་གྱིས་སླར་བསྒྱུར་བ། །ཉིས་བརྒྱ་ལྔ་བཅུ་རྩ་གཉིས་རྩ་ལྟུང་སྡེ། །ཡུལ་བསམ་སྦྱོར་བ་དུས་ཀྱི་ཤན་འདྲ་རྣམས། །དེ་ཆ་དེར་གཏོགས་ཕམ་ལྟུང་ལྕི་སྦོམ་དང་། །ཡན་ལག་ཉེས་བྱས་ཕྲ་མོའི་བརྩི་བས་ཤེས། །ན་དང་དབང་ཉམས་བྱ་བ་གཞན་གྱིས་དང་། །དོན་ཆེན་སྐྱེ་མེད་བརྟན་དང་དགོས་ལྡན་དང་། །ནུས་རྙེད་གནང་དང་བཀའ་བསྒོ་བར་ཆད་ལས། །ཐམས་ཅད་ཉེས་པ་མེད་པར་གསུངས་པ་ཡིན། །རིག་མ་བརྟེན་དགའ་ཚོགས་རྩོད་བདུད་རྩི་ལེན། །གཞན་ལ་མི་སྟོན་དད་ལ་གཞན་གཏམ་བྱེད། །ཉན་ཐོས་ནང་འདུག་སྔགས་པ་ཡིན་ཟེར་དང་། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །མ་སྦྱངས་བདག་གིར་མི་བྱེད་རིག་མ་བསྟེན། །དེར་འཕྱ་བ་ཡང་ཚོགས་ཀྱི་ནང་དུ་རྩོད། །ཆོ་ག་མི་ལྡན་རིག་མའི་བདུད་རྩི་ལེན། །གསང་ཆོས་ཤེས་ཀྱང་བསམ་ངན་གྱིས་མི་སྟོན། །དད་ལྡན་ཆོས་དྲི་བ་ལ་གཞན་སྟོན་དང་། །ཉན་ཐོས་སོགས་ནང་ཞག་བདུན་འདས་པ་དང་། །གསང་སྔགས་དེ་ཉིད་མི་ཤེས་སྔགས་པར་སྨྲ། །བསྙེན་སོགས་དག་པར་མ་བྱས་སྟོན་པ་དང་། །ཕྱི་ཆོས་ལ་མོས་དེ་ལ་གསང་བ་སྟོན། །གསང་རྫས་ཕྱག་རྒྱ་འཆིང་བ་མི་སྦེད་པའོ། །རང་ལྷ་དོར་དང་དུས་འདས་ལྷ་གཞན་དགའ། །རིག་བྱེད་ལ་ཞེན་མ་རྫོགས་རྫོགས་བྱེད་དང་། །འཇིག་རྟེན་ཆོས་ཆེད་ཁྱད་གསོད་གོང་མིན་ཚུལ། །ཕྲིན་ལས་མ་གཏོགས་དོན་མེད་གནས་བྱམས་གཏོང་། །དམན་སྤྱོད་ཟང་ཟིང་རྟོག་པ་ཡོངས་མི་འཛིན། །རང་སྤྱོད་དོར་བ་བཅོ་ལྔའོ་དམ་པ་བསྟེན། །སྣོད་བརྟག་འདོད་ཕྱིར་གནོད་སྤངས་དཀོན་མཆོག་ནོར། །མི་ལེན་གཞན་དོན་མི་འདོར་བྱང་ཆུབ་དང་། །མི་མཐུན་དགེ་ལ་འཇུག་མིན་འཕོ་བ་ཤེས། །དེ་བཟློག་བདུན་ནོ་སྔགས་ལ་ཐེ་ཚོམ་ཟ། །ཐེག་པ་གསུམ་སྤངས་གཅིག་ཏུ་སྦྱོར་བ་དང་། །དེ་ཉིད་བཅུ་ལ་མི་གནས་དབང་བསྐུར་དང་། །བདུད་བརྟག་མི་མཁས་སེམས་པ་དུས་ལ་འདས། །ཕྲ་མོ་མི་བཤགས་དྲུག་སྟེ་ཉེར་བརྒྱད་བསྡེབས། །སློང་མོས་རྒྱུ་དང་རྣལ་འབྱོར་སྤང་བ་དང་། །རྒྱུན་དུ་མི་འདའ་དམ་ཚིག་སོགས་མི་བསྟེན། །བཞི་རྣམས་ཡན་ལག་ལྟུང་བ་དག་ཏུ་གསུངས། །འདོད་པའི་རྡོ་རྗེ་རྡོར་དྲིལ་ཕྱག་རྒྱ་དང་། །བླ་མ་གཟུང་བགྱི་རིན་ཆེན་ལ་སྦྱིན་པ། །འཁོར་ལོར་རྒྱལ་མཆོག་དམ་ཚིག་བསྐྱང་བ་དང་། །རལ་གྲི་མཆོད་བགྱི་ཆུ་སྐྱེས་རིགས་ལ་སྡོམ། །རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་སེམས། །སྲོག་གཅོད་མི་བདེན་གཞན་ནོར་བུད་མེད་འཕྲོག །ལྔ་སོགས་བརྟེན་དང་པདྨར་མི་སྨད་པ། །རིམ་བཞིན་རྡོ་རྗེ་རལ་གྲི་རིན་ཆེན་དང་། །པདྨ་འཁོར་ལོ་གྲི་གུག་རིགས་ལ་གསུངས། །ཡོ་བྱད་ལོངས་སྤྱོད་མཉམ་བཞག་རྗེས་སྤྱོད་བཞིར། །བསྡུས་ནས་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དྲུག །ཁ་ཊྶཱཾ་ཅང་ཏེའུ་པདྨའི་སྣོད་བགྲང་འཕྲེང་། །བྲིས་སྐུ་གླེགས་བམ་མཆོད་ཕྱིར་ཐོགས་དང་གཞན། །གླང་ཆེན་ལྤགས་སོགས་ཡོ་བྱད་དམ་ཚིག་ཡིན། །འདོད་པ་ལྔ་དང་ཤ་ལྔ་བདུད་རྩི་ལྔ། །བཏུང་བ་ལྔ་དང་ཕྱག་རྒྱ་ལྔ་ལོངས་སྤྱོད། །བདུན་ཅུ་རྩ་གཉིས་ཤ་ཡང་མཆོད་དུས་བརྟེན། །སྲོག་ཆགས་གསོད་དང་བརྫུན་གྱི་ཚིག་སྨྲ་དང་། །མ་བྱིན་པར་ལེན་གཞན་གྱི་བུད་མེད་བརྟེན། །རང་གི་ལུས་ལ་སྲོག་བཀག་སྲོག་གཅོད་དེ། །ཕུང་སོགས་ཆོས་རྣམས་འོད་གསལ་གཞུག་ལ་དགོངས། །ཅིག་ཅར་སེམས་ཅན་ཀུན་གྱི་སྐད་སོ་སོར། །ཆོས་སྟོན་གཞོམ་མེད་སྒྲ་ནི་བརྫུན་སྨྲ་ཞེས། །རྟེན་འབྱུང་བདེན་མེད་སྟོན་པའི་ཕྱིར་གྱིས་གསུངས། །ལུས་ཀྱི་ཐིག་ལེ་བཞི་རྣམས་གསང་གནས་སུ། །བྱང་ཆུབ་སེམས་གཟུགས་གཅིག་གྱུར་དེ་ཉིད་ཀྱི། །ཤ་ཆེན་བཟའ་བ་འདུ་བྱེད་ཕུང་པོ་ནི། །སྒྲིབ་བྲལ་བྱེད་པ་སྐུ་དང་གསུང་ལ་ནི། །ངག་གི་ཐིག་བཞི་ལྟེ་བར་གཅིག་གྱུར་པས། །བཤང་གཅི་བཟའ་བ་གཟུགས་ཕུང་སྒྲིབ་བྲལ་དང་། །ཐུགས་ཀྱི་ཐིག་བཞི་སྙིང་ཀར་གཅིག་གྱུར་པས། །ཁུ་ཁྲག་བཟའ་བ་ཚོར་འདུ་སྒྲིབ་བྲལ་དུ། །བྱེད་པ་ཐུགས་ཀྱི་དམ་ཚིག་འདུས་པར་གསུངས། །དེ་སྟེང་ཡེ་ཤེས་ཐིག་བཞི་མགྲིན་པར་གཅིག །གོ་ཀུ་ད་ཧ་ན་བཟའ་མིག་སོགས་ལྔ། །ཁམས་དང་སྐྱེ་མཆེད་ཆོས་ཀུན་སྒྲིབ་བྲལ་དུ། །དག་པ་ཡེ་ཤེས་དམ་ཚིག་དུས་འཁོར་དུའོ། །སངས་རྒྱས་ཡེ་ཤེས་རང་སྟོབས་ཀྱིས་ལེན་ཕྱིར། །དེ་དག་མ་བྱིན་ལེན་དུ་བཞག་པ་ཡིན། །དངོས་གྲུབ་རྒྱུ་དང་དམ་ཚིག་རྣམས་བསྐྱེད་དང་། །རིགས་གཞན་ཕོ་ཉར་མི་བགྲོད་གཉིས་མེད་དང་། །དམ་ཚིག་རྣམ་སྤྱོད་ཐོགས་པ་མེད་པ་དང་། །མི་མོའི་སྤྱོད་བསྲུབ་ཚངས་པར་སྤྱོད་པའི་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་རྣམ་པ་བརྒྱད། །བདེ་མཆོག་ལས་གསུངས་དེས་དོན་དེ་དབྱེ་ཡིན། །རྣམ་ཀུན་སྟོང་ཉིད་རྡོར་སེམས་བུད་མེད་དེ། །མི་འགྱུར་བདེ་བ་རྙེད་པ་དེ་ལ་སྦྱོར། །གཞན་གྱི་བུད་མེད་རྟེན་གསུངས་དགོངས་པའི་དོན། །སྟོང་ཉིད་དང་ནི་འགྱུར་མེད་བདེ་བ་ཡི། །དམ་ཚིག་གཉིས་སམ་ཟུང་འཇུག་དམ་ཚིག་ཏུ། །སྔགས་ཀྱི་དམ་ཚིག་སྡོམ་པ་ཐམས་ཅད་བསྡུས། །སངས་རྒྱས་ས་ཡང་དམ་ཚིག་ཆེན་པོར་གསུངས། །སྟོང་ཉིད་དམ་ཚིག་ཀུན་རྫོབ་དབང་བྱས་དང་། །དོན་དམ་འགྱུར་མེད་ཟུང་འཇུག་དོན་གཅིག་ཏུ། །ཤེས་པས་མ་ཡེངས་ལམ་གྱིས་དེ་བསྒྲུབ་པ། །སྔགས་ཀྱི་དམ་ཚིག་ཀུན་གྱི་རྩ་བ་ཡིན། །དེ་ཕྱིར་རང་སེམས་འདུལ་བ་རྒྱལ་བས་ཀྱང་། །འདུལ་བའི་ཆོས་ཀྱི་ཉིང་ཁུ་ཡིན་པར་གསུངས། །མཉམ་པར་བཞག་པའི་དམ་ཚིག་དེར་ཤེས་བྱ། །འཚེ་དང་མི་བདེན་གཞན་ནོར་གཞན་བུད་མེད། །མྱོས་པར་ཆང་འཐུང་ལྔ་དང་ཆོ་ལོ་རྩེ། །ཁ་ན་མ་ཐོའི་ཟས་ཟ་ཚིག་ངན་དང་། །འབྱུང་པོ་དང་ནི་ལྷ་མིན་ཆོས་ཀློག་དང་། །བ་གླང་བྱིས་པ་བུད་མེད་སྐྱེས་པ་དང་། །ལྷ་མིའི་བླ་མ་གསོད་ལྔ་གྲོགས་དང་རྗེ། །སངས་རྒྱས་དགེ་འདུན་ཡིད་བརྟན་བླ་མར་འཁུ། །ལྔ་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔར། །ཆགས་རྣམས་མི་བྱེད་བརཏལ་ཞུགས་ཉེར་ལྔ་ཡིན། །རྒྱུན་གྱི་བྱ་དང་མཆོད་པའི་དེ་ཉིད་དང་། །གསང་སྦ་རིག་པའི་ཕོ་ཉ་སྔགས་བཟླ་དང་། །ཞིང་ལ་གུས་དང་སྤྱོད་པའི་བརཏལ་ཞུགས་དང་། །ཐོས་བསམ་དང་ནི་སྒྲུབ་པོ་བྱིན་བརླབ་དགུ །མངོན་སྤྱོད་བླ་མར་རྒྱས་གསུངས་གུར་ལས་ཀྱང་། །དཀོན་མཆོག་མི་སྤང་དམ་ཚིག་རྟག་ཏུ་སྤྱད། །རྡོར་དྲིལ་གཙུག་ཏོར་བཅད་དང་སྦྱིན་བསྲེག་དང་། །དཀྱིལ་འཁོར་བཞེང་དང་རབ་གནས་གཏོར་མ་སྟེར། །སྔགས་བཟླ་བརཏལ་ཞུགས་དམ་ཚིག་སེམས་ཅན་སྐྱོང་། །སངས་རྒྱས་མཆོད་དང་ཛམ་ལར་ཆུ་སྦྱིན་དང་། །དགེ་ལས་ཚ་ཚ་འདེབས་པ་བཅུ་བཞིར་གསུངས། །གཞན་ཡང་དམ་ཚིག་འབུམ་སྡེ་རྒྱུད་ལས་གསུངས། །དེའི་ཕྱིར་རྒྱུད་གཞུང་བལྟ་ལ་ནན་ཏན་བྱ། །དབང་བདུན་གནས་ལ་རྩ་བའི་ལྟུང་བ་བྱུང་། །དེ་ཚེ་ལྷ་གྲངས་རེ་རེར་བཟླས་པ་ནི། །སུམ་ཁྲི་དྲུག་སྟོང་བྱས་ཕྱིས་བསྡམས་པས་འདག །བུམ་གསང་གནས་པ་སྔོན་དུ་ཆད་ལས་སྤྱད། །ཕྱིས་ནས་དཀྱིལ་འཁོར་ཞུགས་ནས་བཀའ་ནོད་བྱ། །དེ་ཚེའང་ཐུ་བོའི་མིང་ནི་ཆུང་ངུར་འགྱུར། །གོང་མ་གཉིས་གནས་བསོད་ནམས་ཚུལ་ཁྲིམས་ཀྱི། །ཚོགས་བསགས་སྡིག་བཤགས་རང་རྒྱུད་བྱིན་རླབས་ཀྱིས། །དག་བྱ་གཞན་གྱི་རྐྱེན་གྱིས་འདག་མི་ནུས། །ཚུལ་འདི་དང་པོའི་སངས་རྒྱས་རྒྱུད་ཆེན་དུའོ། །ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱ་དང་། །བཀྲུ་བའི་རིམ་པ་གཏུམ་མོས་བསྲེག་པ་དང་། །མི་དམིགས་བསྒོམ་དང་དབང་བཞི་བླང་བ་དང་། །ཚོགས་སུ་ཞུ་དང་རྟེན་ལ་སྨེ་བ་དང་། །མཎྜྻལ་འབུལ་དང་མཆོད་རྟེན་བྱ་བ་དང་། །མེ་ལ་སྦྱངས་དང་གཏོར་མ་བཏང་བ་དང་། །གསང་སྔགས་བཟླ་དང་ཟབ་མོའི་བསམ་གཏན་དང་། །སྲོག་སྐྱབ་བཀའ་ཀློག་བླ་མ་བསྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླས། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། །ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་སྟེ། །ཕྱིར་བཅོས་ཉེར་ལྔ་སྙིང་པོའི་རྒྱན་ལས་གསུངས། །རིམ་པ་གཉིས་ནི་གྲོལ་བྱེད་ལམ་ཡིན་ལ། །སྤྱོད་པ་བཞི་ནི་དེ་ཡི་བོགས་འདོན་ཡིན། །དམ་ཚིག་སྐྱོན་མེད་བསྲུང་དེ་འདི་ཉིད་དམ། །བར་དོ་སྐྱེ་བ་གསུམ་པའི་བདུན་པ་དང་། །བཅུ་དྲུག་པ་ལ་ངེས་པར་འཚང་རྒྱ་གསུངས། །མཁའ་ལ་སྐར་མ་ཟླ་ཉི་འདུག་པ་ལྟར། །བླངས་པ་རིགས་གསུམ་རྒྱུད་ལ་དེ་ལྟར་གནས། །དེ་འོད་གཅིག་ཟིལ་གཅིག་གིས་གནོན་པའི་དཔེས། །དགག་བསྒྲུབ་གོང་མ་གཙོ་བོའི་བླང་དོར་བསྟན། །སྟོན་པའི་གཞུང་གི་ཆུ་གཏེར་ལ་ཞུགས་པས། །བརྗོད་ཚིག་ཀླུ་དབང་གཙུག་གི་ཡིད་བཞིན་ནོར། །ཐོབ་ནས་གཞན་ཕན་ཆེད་དུ་མཆོད་པ་འདི། །སྐལ་བཟང་དེད་དཔོན་པདྨ་དཀར་པོས་བྱས། །ཐར་ལམ་དོན་དུ་གཉེར་བས་སྐོམ་རྣམས་ལ། །ལེགས་བཤད་འདི་ནི་བདུད་རྩིའི་ཆུ་གཏེར་ཏེ། །མཁས་དབང་སྙིང་ལ་ཀུན་དགའི་གཟུགས་བརྙན་ནི། །ཅི་ཡང་བྲི་བའི་རི་མོ་མཁན་དུའང་མཐོང་། །དགོས་དོན་རི་བོང་གཟུགས་ཀྱིས་རྣམ་མཛེས་པ། །ཚིག་དོན་འོད་དཀར་བྱེ་བས་ལེགས་བསྐོར་ནས། །བསྡུས་དོན་ཤར་རིའི་རྩེར་བཀོད་ཟླ་བ་འདི། །ཐུབ་བསྟན་ཀུ་མུད་གཉེན་དུ་གནས་གྱུར་ཅིག །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས་དེ་བཞིན་གཤེགས་པའི་འདུལ་བ་རྣམ་པར་བཤད་པའི་ལེའུ་གསུམ་པ་སྟེ་རྫོགས་སོ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net