ལྕེ་བཙུན་སྙིང་ཏིག་གི་ཚོགས་མཆོད་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །ལྕེ་བཙུན་སྙིང་ཏིག་གི་ཚོགས་མཆོད་བཞུགས་སོ། [1]

།བླ་མ་ལ་ཕྱག་འཚལ་ལོ། །འདིར་ལྕེ་བཙུན་སྙིང་ཏིག་གི་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལས་གཉིས་པ་གསང་བ་དོན་གྱི་ཕྲིན་ལས་སུ་སྤྲོས་མེད་ཚོགས་མཆོད་ཁྱད་པར་ཅན་བཞུགས་མོད་ཀྱང་། དང་པོའི་ལས་ཅན་རྣམས་ཀྱི་ཆེད་དུ་ཅུང་ཟད་སྤྲོས་པ་ནི། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་བཤམས་ནས། བདག་མདུན་བསྐྱེད་བཟླས་གསོལ་ཀ་སོགས་སྔོན་དུ་འགྲོ་བས་སྐབས་སུ་བབ་པ་ན། རུ་ཟུང་བཞིའི་བསྐང་བཤགས་སམ་བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱངས་ཏེ། བྱིན་གྱིས་བརླབ་པ་ནི། ཨ༔ ཀ་དག་སྤྲོས་བྲལ་དབྱིངས་ཀྱི་ཚོགས་གཞོང་དུ། །འགག་མེད་ལྷུན་གྲུབ་སྣང་ཆར་ཐབས་ཤེས་རྫས། །གཟུང་འཛིན་རང་གྲོལ་འདོད་ལྔའི་ལོངས་སྤྱོད་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ། སྤྱན་འདྲེན་པ་ནི། ཨ། སྐུ་གསུམ་ཞིང་ཁམས་རབ་འབྱམས་དཀྱིལ་འཁོར་ནས། །དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སརྦ་བཛྲ་ས་མ་ཡ་ཛཿཛཿ ཚོགས་ཕུད་འབུལ་བ་ནི། ཨ། མྱང་རེག་གྲོལ་བ་གསང་ཆེན་དམ་ཚིག་རྫས། །ག་ཎ་བདུད་རྩིའི་མཆོད་པ་དམ་པ་ཡིས། །ལྷ་ཚོགས་ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐངས། །གཉིས་འཛིན་འཁྲུལ་རྟོག་འོད་གསལ་དབྱིངས་གྲོལ་ཤོག །ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཨ། ཀ་དག་ཕྱོགས་ཡན་ཁྱབ་བརྡལ་ཆེན་པོ་ལ། །མ་རིག་དབང་གིས་གུད་དུ་བཅད་པ་སོགས། །ལྟ་སྒོམ་སྤྱོད་པའི་འགལ་འཁྲུལ་ནོངས་པ་ཀུན། །དམ་རྫས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ཐ་མ་ལ་འགུག་གཞུག་བྱས་ཤིང་བསྒྲལ་བསྟབ་ནི། ཨ། བདག་འཛིན་རུ་དྲའི་དུག་ལྔའི་ཕུང་པོ་ཁམས། །བདག་མེད་ཡེ་ཤེས་ལྔ་ཡི་མཚོན་ཆས་བསྒྲལ། །དབྱིངས་ཡེ་གཉིས་མེད་རང་བྱུང་རང་སྣང་ལྷ། །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་ཞལ་དུ་སྦྱོར། །རུ་དྲ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི། བར་འདིར་བསྐང་བ་རྒྱས་བསྡུས་སྐབས་བསྟུན་བྱ། ཐབས་ཤེས་ཀྱི་རྫས་ལས་སློབ་ཀྱིས་བཏེགས་ཏེ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་ཕུལ། འདུས་པ་ཀུན་གྱིས་ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔ གདོད་ནས་དག་པའི་དཀྱིལ་འཁོར་པ༔ ཆོས་ཉིད་གསལ་ཁྱབ་ཆེན་པོའི་ངང་༔ ཟག་མེད་བདེ་བའི་ཕྱག་རྒྱས་རོལ༔ ཨ་ལ་ལ་ཧོ༔ ཞེས་ཕྱི་ནང་གསང་བའི་ཚོགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་དྲན་བཞིན་སྤང་བླང་མེད་པར་རོལ། སྤྲོ་ན་མར་མེའི་སྨོན་ལམ་དང་རྡོ་རྗེའི་གླུ་གར་བྱ། སྨོན་ལམ་བཟང་པོའང་གདབ། ལྷག་མ་བསྡུས་ལ་ཞལ་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་མཁའ་ལྡིང་གི་རྒྱས་བཏེགས་ཏེ། ཨ༔ སེམས་བྱུང་ལྟར་སྣང་ལྷག་སྡུད་ཚོགས༔ སེམས་ཉིད་སྐྱེ་མེད་ཚོགས་ལྷག་བཞེས༔ གཟུང་འཛིན་གློ་བུར་བར་ཆད་དང་༔ འཁྲུལ་སྣང་ཞི་བའི་ཕྲིན་ལས་མཛོད༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཕྱི་རོལ་དུ་གཙང་སར་སྤུངས་ལ་བཞག༔ ཐུགས་དམ་བསྐུལ་བ་ནི། རོལ་མོ་བཅས་དབྱངས་སྙན་པོས། ཨ། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ནས། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་མཁའ་འགྲོའི་ཚོགས། །ཐུགས་དམ་གཉན་པོ་རྗེས་སུ་དགོངས་མཛོད་ལ། །འགྲོ་རྣམས་ཡང་དག་ལམ་ལ་བསྒྲལ་མཛད་གསོལ། །སྣང་བཞི་མཐར་ཕྱིན་སྐུ་ལྔ་ལྷུན་གྱིས་གྲུབ། །འཕོ་ཆེན་སྐུར་བཞེངས་བི་མ་མི་ཏྲ་དང་། །གདོད་མའི་མགོན་པོ་སིཾ་ཧེ་ཤྭ་ར་སོགས། །རིག་འཛིན་བླ་མའི་ཐུགས་དམ་དུས་ལ་བབས། །བློས་བྱས་ཡིད་དཔྱོད་མུན་སྤྲུལ་དུ་མ་ཡིས། །འོད་གསལ་སྙིང་པོའི་བསྟན་པ་གཟིམས་ཉེའི་དུས། །ཐུགས་དམ་མ་གཡེལ་རྣམ་བཞིའི་ཕྲིན་ལས་ཀྱིས། །ལམ་བཟང་ཡེ་ཤེས་སྣང་བ་རྒྱས་པར་མཛོད། །འབྲས་བུ་ཕྱི་དུས་ཡིད་སྨོན་མ་ཡིན་པར། །ལམ་དང་བླ་མར་ཡིད་ཆེས་དད་པ་ཡིས། །བསྒྲུབ་ལ་བརྩོན་འདོད་སྐལ་བཟང་བདག་ཅག་ལ། །མངོན་སུམ་དོན་གྱི་དབང་མཆོག་སྐུར་ཐོབ་མཛོད། །ས་མ་ཡ་ཧོ། ཆད་ཐོ་བསྒྲག་པ་ནི། གཏོར་མ་གསེར་སྐྱེམས་ལ་དགུག་གཞུག་དང་རོལ་མོའི་སྒྲས་བསྐུལ་ཏེ། ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཨེ་ཀ་ཛ་ཊཱི་རལ་གཅིག་མ༔ འོད་གསལ་རིག་པ་ཟང་ཐལ་སྐུ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔ རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ༔ ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་པ༔ འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔ དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔ རྒྱལ་བ་རིག་འཛིན་རྣལ་འབྱོར་དབང་༔ ཇི་སྙེད་འདུས་པའི་ཚོགས་ཆེན་དང་༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ དཔལ་ཆེན་སིཾ་ཧེ་ཤྭ་ར་དང་༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ ཁམས་ལྔ་དག་པའི་སྨན་ཕུད་དང་༔ འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔ དུག་ལྔ་བསྒྲལ་པའི་དམར་ཆེན་པོ༔ དཔལ་གྱི་ཕམ་ཕབ་ཆེན་པོར་བཞེས༔ ཐེག་མཆོག་ལམ་དུ་ཞུགས་པ་ལ༔ གློ་བུར་བདུད་བཞིའི་བར་ཆད་ཟློག༔ འཁོར་འདས་རུ་ཤན་དབྱེ་བའི་ཚེ༔ གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔ རིག་པ་ཀ་དག་བལྟ་བ་ལ༔ ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔ རིག་རྩལ་མངོན་སུམ་སྣང་བའི་ཚེ༔ རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔ མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང་༔ གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོ༔ བསྟན་མ་སྐྱོང་བ་ནི། གཏོར་མ་བཤལ་ཆུ་འབྲུ་གསུམ་གྱིས་བརླབས། ཨ་ཀ་རོས་བསྔོས་ལ། ཨ། ཀ་དག་དབྱིངས་ལས་རིག་པའི་རྩལ། །སྨན་བདུད་གནོད་སྦྱིན་མོ་ཡི་ཚུལ། །བསྟན་མ་བཅུ་གཉིས་གཏོར་མ་ལོངས། །ལས་བཅོལ་ཕྲིན་ལས་མ་གཡེལ་སྒྲུབས། །གཞན་ཡང་ཕྲིན་ལས་བཅོལ་ཞིང་གཏོར་མ་མཆོད། གཏོར་གཞོང་ཁ་སྦུབ་ལ། ཨ། རྣམ་ཐར་གསུམ་ལྡན་རྡོ་རྗེའི་ཨེ་ཀློང་དུ། །འཁྲུལ་རྟོག་ལོག་འདྲེན་འབྱུང་པོ་དམ་སྲི་ཀུན། །མནན་ནོ་ཡེ་གྲོལ་དོན་གྱིས་རྒྱས་བཏབ་པས། །ནམ་ཡང་ལྡང་བའི་སྐབས་མེད་སཏྭམྦྷ་ཡ་ནན། །མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱ། དངོས་གྲུབ་བླང་བ་ནི། ཨ༔ མངོན་སུམ་ཡེ་ཤེས་ལས་བྱུང་བའི༔ ཉམས་སྣང་གོང་འཕེལ་ཕོ་བྲང་ནས༔ ཚད་ཕེབས་དོན་གྱི་ལྷ་ཚོགས་ཀྱིས༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ། བཤགས་པ་ནི། ཨ༔ གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ རང་བཞིན་སྐྱེ་མེད་ངང་ཉིད་དུ༔ འཁོར་གསུམ་མཚན་མ་བྲལ་བར་བཤགས༔ ཡི་གེ་བརྒྱ་པ་བརྗོད། བསྡུ་ལྡང་ནི། ཨ༔ གཞི་སྣང་ཕྱག་རྒྱའི་དཀྱིལ་འཁོར་ལྷ༔ གཞི་དབྱིངས་གདོད་མའི་ཀློང་དུ་ཐིམ༔ སླར་ཡང་ཕྱིར་གསལ་གཟུགས་ཀྱི་སྐུ༔ དུས་གསུམ་དུས་མེད་རྟག་ཏུ་ཤར༔ ཨ་ཨ་ཨ༔ བསྔོ་བ་དང་སྨོན་ལམ་ནི། ལྷུན་གྱིས་གྲུབ་པའི་དགེ་ཚོགས་ཀུན༔ ཀ་དག་གཞོན་ནུ་བུམ་སྐུར་བསྔོ༔ ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གྱི༔ ཡེ་ཤེས་ཆེན་པོར་རོ་གཅིག་ཤོག༔ བཀྲ་ཤིས་ནི། ཧོ༔ ལྟ་བ་ངང་བཞག་བློ་ལས་འདས༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔ སྤྲུལ་པའི་སྐུ་ཡིྎ འབྲས་བུ་གཞི་སྣང་ཐིག་ལེ་ཆེར༔ དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་ཚོགས་མཆོད་ཀྱི་རིམ་པ་མདོར་བསྡུས་འདི་ནི། གཏེར་གཞུང་རྡོ་རྗེའི་ཚིག་རྣམས་སོར་བཞག་ལ་ཁ་སྐོང་དགོས་རིགས་གསར་དུ་བསྣན་ཏེ། སྔར་བྲིས་པ་ལ་ཡང་བསྐྱར་ཚིག་ཕྲི་བསྣན་བཅས་སྙིང་པོའི་བསྟན་འཛིན་ཡོངས་ཀྱི་འབངས་ཐ་དུས་ཞབས་ཀྱི་སྔགས་མིང་ཙམ་པོ་བ་རིག་འཛིན་སྣ་ཚོགས་རང་གྲོལ་བས་བགྱིས་པའི་དགེ་བས་འགྲོ་ཀུན་ཚོགས་གཉིས་རྫོགས་ཤིང་ཡེ་ཤེས་བླ་མའི་ས་མཆོག་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

View PDF Chetsun 10

Notes

  1. Sechen