རུ་ཟུང་བཞིའི་སྐོང་བཤགས་མདོར་བསྡུས་བྱ་ཚུལ་ཡེ་ཤེས་རབ་སྣང་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །རུ་ཟུང་བཞིའི་སྐོང་བཤགས་མདོར་བསྡུས་བྱ་ཚུལ་ཡེ་ཤེས་རབ་སྣང་བཞུགས་སོ། །[1]

ན་མོ་གུ་རུ་བཛྲ་སཏྭ་ཡེ། བླ་མ་མཆོག་དང་བཅོམ་ལྡན་རྡོ་རྗེ་སེམས། །ཐ་དད་མ་ཡིན་ཨེ་ཝཾ་བདེ་ཆེན་ཀློང་། །དུས་གསུམ་དུས་མེད་འཕོ་བྲལ་རིག་པའི་སྐུར། །བྱ་བྱེད་སྤྲོས་དང་བྲལ་བས་ཕྱག་བགྱིའོ། ཆོས་ཀུན་གདོད་ནས་ཉི་ལྟར་དག །སྒྲིབ་གཉིས་གློ་བུར་ཆུ་འཛིན་དྲི། །བསལ་ཏེ་རབ་ཏུ་སྣང་བའི་ཐབས། །བཤགས་པའི་རིམ་པ་འདིར་གསལ་བྱ། དེ་ལ་འདིར་སྔ་འགྱུར་རང་ལུགས་ཀྱི་རུ་ཟུང་བཞིའི་སྐོང་བཤགས་སུ་གྲགས་པ་འདི་ལ་ཕྱག་བཞེས་མི་འདྲ་བ་གསུམ་ཙམ་དང་བཀའ་གཏེར་སོ་སོར་ཡིག་ཚོགས་མང་དུ་བཞུགས་མོད་ཀྱང་། དགོས་པའི་དབང་གིས་དོན་བསྡུས་སྙིང་པོར་དྲིལ་བའི་ཚུལ་དུ་དགོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཚོགས་བྱིན་རླབས་དང་། སྤྱན་འདྲེན་བཅས་སོང་ནས། གཉིས་པ་དངོས་གཞི་ལ་གཉིས། བཤགས་པ་དང་སྐོང་བའོ། །དང་པོ་ལའང་བཞི་ལས། དང་པོ་ལུས་ཀྱིས་བརྐྱང་ཕྱག་འཚལ་ཏེ་བཤགས་པ་ནི། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རཀ་སྦྱང་ཕྱིར་ཕྱག་མཆོད་བཞེས། །ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ། །ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་སྒྲ་སྒྲོག་པདྨ་གསུང་ལ་ཕྱག་འཚལ་ལོ། །ཡང་དག་དོན་ལྡན་བཛྲ་ཐུགས་ལ་ཕྱག་འཚལ་ལོ། །དུག་ལྔ་ནད་སེལ་བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །འབྱུང་བ་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །བསྟན་པ་སྲུང་མཛད་དམ་ཅན་རྣམས་ལ་ཕྱག་འཚལ་ལོ། །དགྲ་བགེགས་འདུལ་མཛད་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ། །གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ཞིང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །གཉིས་པ་ངག་གིས་སྔགས་བཟླས་ཏེ་བཤགས་པ་ནི། རྡོ་རྗེ་སེམས་དཔའི་གསང་སྔགས་དངོས། །ལས་སྒྲིབ་ཉམས་སྒྲིབ་སྦྱོང་བྱེད་པའི། །འཁོར་བ་དོང་སྤྲུགས་ཡང་སྙིང་བཟླ། །ཞེས་སྐྱོན་དྲུག་སྤངས་པའི་སྒོ་ནས། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བདུན་ནམ་ཉེར་གཅིག་སོགས་སྐབས་བསྟུན་བརྗོད། གསུམ་པ་ཡིད་ཀྱིས་འགྱོད་སྡོམ་ངག་གིས་བཤགས་ཚིག་ལུས་ཀྱིས་རྡོ་རྗེ་རྩེ་གཅིག་པའི་ཐལ་མོ་སྙིང་གར་སྦྱར། ཧོ། བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློབ་དཔོན་སྨད། །རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངག་ཏུ་སྨྲས། །བརྡེག་བཙོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །ཛཔ྄་བཟླས་མ་དག་ཟུར་ཆག་ཉམས། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲགས་ཤིང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །སྤྱད་པར་བྱ་བའི་དམ་ཚིག་ལྔ། །ཤེས་བྱ་ལྔ་དང་སྒྲུབ་བྱ་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་། །ཉ་སྟོང་དུས་དྲུག་དུས་མཆོད་ཆག །ལེ་ལོ་བསོག་འཇོག་ཚོགས་སྤྱང་བྱས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གིས། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །ཞེས་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པའི་ངེས་ཤེས་བསྐྱེད་ཅིང་ཐག་བཅད་པ་ནི་གལ་ཆེའོ། །བཞི་པ་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཏེ་འཁོར་གསུམ་གྱི་རྟོག་ཚོགས་ཀ་དག་གི་དབྱིངས་སུ་ལ་བཟླ་བའི་ཚུལ་གྱིས། ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བ་རྟོགས། །མིན་པ་མེད་པའི་སྒོམ་ཉམས་ལོན། །ཡིན་མིན་མེད་པའི་སྤྱོད་པ་རྟོགས། །རེ་དོགས་མེད་པའི་བྱང་ཆུབ་སེམས། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆག་ཉམས་མ་བྱུང་མ་སྐྱེས་པ། །བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ། །ཞེས་དང་། ཨ༔ འཁོར་འདས་བྱེད་པོ་བྱང་ཆུབ་སེམས༔ གཞི་མེད་རྩ་བྲལ་རྫོགས་ཆེན་དོན༔ བརྗོད་བྲལ་བློ་འདས་ཆེན་པོ་ལ༔ ཉམས་དང་བཤགས་པའི་མཁན་པོ་མེད༔ ཡེ་བསྲུངས་ཐིག་ལེ་ཉག་གཅིག་པུ༔ སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ༔ རང་ཤར་ལྷུན་གྲུབ་ཆོས་ཀྱི་སྐུ༔ དེ་ལྟར་རྟོགས་ན་བཤགས་པའི་རྒྱལ༔ ཞེས་འཁོར་གསུམ་མི་དམིགས་པའི་ངང་དུ་བཞག་གོ །དེ་ནས་ཚོགས་ཕུད་འབུལ་བ་དང་བར་པ་བཤགས་པ་སོང་ནས། གཉིས་པ་ལའང་སྨན་རཀ་གཏོར་མ་མར་མའི་སྐོང་བ་སྟེ་བཞི་ལས། དང་པོ། ཧཱུྃ༔ རྩ་གསུམ་རིག་འཛིན་དཀྱིལ་འཁོར་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ རྒྱུ་གཉིས་རྐྱེན་བཞི་མཉམ་པར་སྦྱར༔ ཡེ་ཤེས་འགུགས་པའི་ལྕགས་ཀྱུ་དང་༔ བདེ་ཆེན་སྟོབས་རྫོགས་སྒྲོན་མ་ལྔ༔ སྣང་སྲིད་རྣམ་དག་ཨ་མྲྀ་ཏ༔ དམ་ཚིག་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་པ་དང་༔ ཉམས་དང་འདྲེས་ཤིང་བསྐངས་པ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲགས་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐངས༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ གཉིས་པ། ཧཱུྃ༔ རྩ་གསུམ་རིག་འཛིན་དཀྱིལ་འཁོར་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཁམས་གསུམ་གདུག་ཅན་རུ་དྲའི་ཚོགས༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བསྒྲལ༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ གྷིརྟིས་གསང་བའི་ཁྲག་ཆེན་འབེབས༔ ཆགས་བྲལ་སོར་རྟོགས་ཡེ་ཤེས་དངོས༔ གཟི་བརྗིད་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་སོགས་གོང་ལྟར་འགྲེ། མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ། ཧཱུྃ༔ རྩ་གསུམ་རིག་འཛིན་རྒྱ་མཚོ་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ རོ་དྲུག་ནུས་པ་བརྒྱད་ལྡན་པའི༔ བཟའ་བཅའ་བཏུང་བ་ཇི་སྙེད་ཀུན༔ དཔལ་གྱི་བཤོས་བུ་ལྷུན་པོར་སྤུངས༔ ཁ་དོག་དྲི་དང་ནུས་བཅུད་ལྡན༔ གང་བཞེད་ཅིར་ཡང་འཆར་བ་ཡི༔ འདོད་ཡོན་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་པ་དང་༔ ཉམས་དང་འདྲེས་ཤིང་བསྐོངས་པ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲགས་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐངས༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཞི་པ། ཧཱུྃ༔ རྩ་གསུམ་རིག་འཛིན་དཀྱིལ་འཁོར་ལ༔ སྣང་གསལ་མཆོད་པ་འབུལ་བ་ནི༔ རིན་ཆེན་གཟི་ལྡན་ཀོང་བུ་རུ༔ ཡེ་ཤེས་སྲོག་གི་སྡོང་བུ་བཙུགས༔ བྱང་སེམས་ཐིག་ལེའི་ཞུན་མར་བསྐྱིལ༔ བདེ་གསལ་མི་རྟོག་མར་མེ་སྦར༔ ཁམས་གསུམ་འཁོར་བའི་མུན་པ་སེལ༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་པ་དང་༔ ཉམས་དང་འདྲེས་ཤིང་བསྐངས་པ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲགས་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐང་༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་དང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་དཱི་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ བསྒྲལ་བསྟབ་བྱ། བརྒྱུད་སྐོང་སོགས་སྤྲོ་ན་འདིར་བྱ། དེ་ནས་ཚོགས་ལ་རོལ། གསུམ་པ་རྗེས་མར་མེའི་སྨོན་ལམ་བྱ་བ་ནི། འདུས་པ་ཀུན་ལུ་གུ་རྒྱུད་དུ་སྦྲེལ་ལ། མར་མེ་ཐོགས་ཏེ། ཧོ༔ དུར་ཁྲོད་གསང་མཆོག་རིག་འཛིན། ཡི་དམ། མཁའ་འགྲོ་སོགས་ཁ་བསྒྱུར། དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་ཚོགས་རྣམས་ཀྱིས༔ འོད་གསལ་མར་མེའི་མཆོད་སྤྲིན་འདི་ཕུལ་བས༔ སྐུ་དང་ཡེ་ཤེས་དབྱེར་མེད་འགྲུབ་པར་ཤོག༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང་༔ ཚོམ་བུ་གཅིག་ཏུ་འདུས་པའི་མཆེད་ལྕམ་རྣམས༔ དམ་ཚིག་ཉམས་ཆག་ཉེས་པ་ཀུན་བྱང་ནས༔ བྱང་ཆུབ་བར་དུ་མི་འབྲལ་འགྲོགས་པར་ཤོག༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ འཆི་ཁ་བར་དོའི་འཁྲུལ་སྣང་མུན་པ་ཀུན༔ ཡེ་ཤེས་སྒྲོན་མེའི་སྣང་བས་རབ་བསལ་ནས༔ རང་རིག་འོད་གསལ་རང་ངོ་འཕྲོད་པར་ཤོག༔ ཞེ་སྡང་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ ཚ་གྲང་དམྱལ་བའི་མུན་པ་འཆར་སྲིད་ན༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རྡོ་རྗེ་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ འདོད་ཆག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བཀྲེས་སྐོམ་ཡི་དྭགས་མུན་པ་འཆར་སྲིད་ན༔ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ པདྨའི་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ གཏི་མུག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བླུན་རྨོངས་དུད་འགྲོའི་མུན་པ་འཆར་སྲིད་ན༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ བདེ་གཤེགས་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཕྲག་དོག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཐབ་རྩོད་ལྷ་མིན་མུན་པ་འཆར་སྲིད་ན༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ ལས་ཀྱི་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ང་རྒྱལ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཕོ་ལྟུང་ལྷ་ཡི་མུན་པ་འཆར་སྲིད་ན༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རིན་ཆེན་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཐེ་ཚོམ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བྲེལ་ཕོངས་མི་ཡི་མུན་པ་འཆར་སྲིད་ན༔ བདེ་ཆེན་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ དབྱེར་མེད་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཁམས་གསུམ་འཁོར་བའི་མུན་པ་འཆར་སྲིད་ན༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ འབྲེལ་ཚད་རྡོ་རྗེའི་མཆེད་དང་ལྕམ་དྲལ་རྣམས༔ བླ་མ་ཡི་དམ་དྷཱ་ཀིའི་བྱིན་རླབས་ཀྱིས༔ སྟོང་ཉིད་མཁའ་འགྲོའི་ཚོགས་ཀྱིས་མདུན་ནས་བསུས༔ བདེ་ཆེན་དཔའ་བོའི་ཚོགས་ཀྱིས་མཐའ་རྟེན་ཏེ༔ ཡིད་འཕྲོག་སྙན་པའི་གླུ་དང་མཆོད་སྤྲིན་བཅས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་དབྱུང་ཞིག༔ དེར་ནི་རྗེ་བཙུན་བླ་མའི་ཞལ་མཐོང་ཞིང་༔ རྣལ་འབྱོར་དབང་ཕྱུག་ཚོགས་དང་ལྷན་ཅིག་ཏུ༔ རིག་འཛིན་རྣམ་བཞིའི་གོ་འཕང་ལ་བརྟེན་ནས༔ བདེ་ཆེན་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཅེས་སྤྲུལ་པའི་གཏེར་ཆེན་རིན་པོ་ཆེའི་ཞལ་སྔ་ནས། ལྕེ་བཙུན་སྙིང་ཐིག་གི་ཆ་ལག་ཏུ་རུ་ཟུང་བཞིའི་བཤགས་བསྐང་ཞིག་དགོས་ཞེས་སོ་སོར་ངོས་འཛིན་འདྲ་མིན་ཡོད་ཚུལ་སོགས་བསླབ་སྟོན་རྒྱས་པར་གནང་སྟེ། དེ་ལྟར་བྲིས་ཤིག་ཅེས་བཀའ་བསྩལ་ཀྱང་། ཁོ་བོ་ལྟ་བུའི་སོ་སྐྱེས་ཚིག་འབྱམས་ལ་དགོས་པ་ཆུང་བས་ཉིད་ཀྱིས་གནང་ཐུབ་ཞུས་ཚེ་འོང་ཞེས་ཞལ་གྱིས་བཞེས་རུང་བསྟན་འགྲོ་སྤྱི་དང་ཁྱད་པར་རང་སྐལ་དམན་པའི་དབང་གིས་མཛད་པ་འཕྲོ་ཅན་དུ་སོང་། ཕྱིས་བཀའ་བཅག་ཉེས་པ་མི་འབྱུང་ཙམ་དུ་ཟབ་ཆོས་འདི་ཉིད་ཀྱི་གཞུང་དང་དབང་ཁྲིད་སོགས་ཆ་ལག་བཀའ་བསྡུ་སྐབས། བཤགས་པ་ཞི་ཁྲོའི་བཤགས་ཆུང་ལ་ས་མཚམས་དབྱེས། བསྐང་བ་དང་མར་མེའི་སྨོན་ལམ་བཅས་གཏེར་ཆེན་ཉིད་ཀྱི་ཡང་གཏེར་དུ་བཞེས་པའི་མཁའ་འགྲོ་གསང་བ་ཀུན་འདུས་ཉིད་ཉམས་ཆག་སྐོང་བ་ལ་ཆེ་ཐང་དུ་བསྔགས་པས་དེ་ཉིད་ལས་ཁོལ་དུ་ཕྱུངས་ནས་ལྷའི་མཚན་ཚིག་ཕྲད་ཁ་བསྒྱུར་མཁའ་འགྲོའི་སྐབས་ཀྱི་ཚིག་རྣམས་དོར་ནས་སྐབས་བབ་ཕྲན་བུའི་ཁ་བསྐངས་ཏེ་བཀོད་པའོ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་གྱི། །རྗེས་སུ་འབྲངས་ཏེ་རང་གཞན་ཉམས་ཆག་ལས། །ལྡང་བའི་ཕྱིར་དང་རྒྱུན་དུ་ཁྱེར་བདེའི་ཕྱིར། །བསམ་པ་བཟང་པོས་ཡི་གེར་འདུ་བྱས་སོ། །སྐལ་ལྡན་ལམ་བཟང་ཐེག་རྩེ་ལས། །འཇུག་ཅིང་གྲུབ་གཉིས་ཐོབ་འདོད་ན། དམ་ཚིག་བཤགས་སྐོང་རྣལ་འབྱོར་ལ། །ལམ་གྱི་སྙིང་པོར་ཟུངས་ཤིག་གུ །དེ་ལྟར་ལེགས་བྱས་བསོད་ནམས་ཉི་འོད་ཀྱིས། །མ་རིག་གཏི་མུག་གིས་བསྐྱེད་སྡིག་ལྟུང་མུན། །རབ་བསལ་རིག་འཛིན་བཞི་ཡི་གསང་ལམ་ནས། །ཡེ་ཤེས་བླ་མའི་ས་ལ་དབུགས་དབྱུང་ཤོག །ཅེས་འོད་གསལ་སྤྲུལ་པའི་རྡོ་རྗེ་སོགས་དམ་པ་དུ་མས་རྗེས་སུ་བཟུང་བ་ཡོངས་ཀྱི་འབང་ཐ་ལྷོད་པོ་རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་སྦྱར་བ་འདིས་ཀྱང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

View PDF Chetsun 7

Notes

  1. Sechen