ཤེར་ཕྱིན་གྱི་ལུང་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Revision as of 22:17, 3 March 2013 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །ཤེར་ཕྱིན་གྱི་ལུང་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །འོ་སྐོལ་སྟོན་པའི་རྒྱལ་ཚབ་རྗེ་བཙུན་གྱིས། །ཐོགས་མེད་བསྟན་བཅོས་སྦྱར་བཀོད་དེ་ཡི་ལུང་། །ཀུན་ཏུ་དྲིལ་སྒྲོག་མཛད་རྣམས་སློབ་དཔོན་ཞེས། །བསྟོད་ནས་ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །ལུང་གི་སྣང་བ་མཆོག་གྱུར་སྤེལ་ལ་ཉེ། །བྱང་རྗེ་མེས་དབོན་བརྩོན་པའི་ཕྱོགས་འཁྲིད་པ། །ལོ་པཎ་དཔྱིད་ཀྱི་ཕོ་ཉ་དང་པོ་ནས། །བློ་ལྡན་དབྱར་ཀའི་རིམ་འོངས་ཉིན་མོའི་མཐུས། །བདག་སྙིང་པདྨའི་མཚོ་ཡི་དཔལ། །འཇམ་དབྱངས་ཞུགས་པའི་དྲི་བཟང་གཏེར། །ཚིག་དཀར་འདབ་བརྒྱའི་སྦུབས་གནས་པ། །བསྡུས་དོན་གེ་སར་འཛུམ་གྱིས་འདོན། །འདིར་གང་བཤད་ན་གཞུང་ཤེར་ཕྱིན། གང་གིས་འཆད་ན་རྗེ་བཙུན་གྱིས་མདོ་སྡེར་བཀྲལ་བ་མངོན་རྟོགས་རྒྱན། སུས་བཤད་ན༑ སློབ་དཔོན་ཧ་རི་བྷ་དྲ་སྨྲ་བའི་ལྗགས་བརྐྱང་བས། སུ་ལ་བཤད་ན། བསྟན་པའི་སྙིང་པོར་སློབ་པར་བཟོད་པ་རྣམས་ལ། གང་དུ་བཤད་ན་འགྲེལ་པ་དོན་གསལ་དུ། ཇི་ལྟར་བཤད་པ་དེ་ལ་འཇུག་པ་བདེ་བའི་ཕྱིར་འདི་བསྟན་ནོ། །དེ་ཡང་སྟོན་པའི་ལུང་ཕལ་མོ་ཆེ་མཐའ་དྲུག་གིས་བཅིངས་པ་ཡིན་ལ། དེ་ཁ་ནག་ཁྲིད་པ། ཡི་གེར་རྟོན་པ་ཞེས་བྱ་བ་དྲང་བའི་དོན་ནམ་ཐ་སྙད་རྣམ་པར་བཞག་པའོ། །དེའི་ཚེ་ངེས་དོན་བཏང་སྙོམས་སུ་བཞག་དགོས་ཏེ། ལས་དང་པོ་པས་དེ་བློར་མི་ཆུན་པའི་ཕྱིར་རོ། །མི་ཆུན་བཞིན་དུ་བསྟན་ན་དེ་མོས་པ་མི་སྐྱེ། དེས་དེ་ཉམས་པར་འགྱུར། ཉམས་ན་དམ་པའི་ཆོས་ཀྱི་སྣོད་མ་ཡིན་པར་འགྱུར་རོ༑ །དེའི་ཚེ་དེ་ཁ་འཐད་པ། དེ་ཁ་ཡིན་པར་ཁས་ལེན། དེས་ལུང་ནང་མི་མཐུན་པས་ཐེག་པ་སྣ་ཚོགས། ལྟ་གྲུབ་ཐ་དད་པའོ། །རྨོངས་པ་ཞི། ཚིག་ལ་མཁས་པར་གྱུར་ན། ད་དེ་ཁར་མི་འཇོག །མཐའ་དྲུག་ཕྱེ་ནས་བཤད་པ། དོན་ལ་སྟོན་པ་ཞེས་བྱ། ངེས་དོན་ནམ་ཡིན་ལུགས། དེའི་ཚེ་གསུང་རབ་ནང་མི་འགལ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པ་ཐམས་ཅད་སྟོང་པ་ཉིད་སྟོན་པ་ལ་སྦྱོར་བ་གཅིག་པ་ཆུ་ཀླུང་ཐམས་ཅད་རྒྱ་མཚོར་འབབ་པ་བཞིན། ཐེག་པ་འོག་མ་ཐམས་ཅད་གོང་མར་འཛེག་པའི་ཐེམ་སྐས་སུ་མཐོང་། དེའི་ཕྱིར་ཐེག་པ་གཅིག་ཏུ་འགྲུབ་པ་ཡིན་ནོ། །དེ་ཡང་རྗེ་བཙུན་གྱིས། ཇི་ལྟར་མནམས་ན་རབ་བཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་པས་སོ། །རྗོད་བྱེད་ཚིག་གིས་བརྗོད་བྱ་སྟོན་ཚུལ་ལ། དངོས་སུ་ཟིན་པ་དངོས་བསྟན། མི་གསལ་ལ་ཁོངས་སུ་གནས་པ། མན་ངག་གིས་སྟོན་དགོས་པ་སྦས་དོན། རིམ་པ་བཞིན། ཤེར་ཕྱིན་ཉིད་ཀླུ་སྒྲུབ་དང་རྗེ་བཙུན་གྱིས་བཀྲལ་བ་ལྟ་བུ། འདིའི་དངོས་བསྟན་ཤེས་རབ་ཡིན་པས་དང་པོས་ལུང་མངོན་པར་བཀྲལ། ཕྱི་མས་བསྒོམ་བྱ་ཏིང་ངེ་འཛིན་གཙོ་བོར་བསྟན་པས་མདོ་སྡེར། བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་འདིར་འདུ་བས་འདུལ་བར་ཡང་འོས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ། །འདིར་ཉན་ཐོས་ཀྱི་ཀུན་ཤེས་བཤད་པས་རང་རྒྱས་གྱི་ཀུན་ཤེས་གོ་དགོས་པ་ལྟ་བུའི་ཀྱང་དང་ཡང་དང་འང་སོགས་ཀྱི་ཤུགས་ལས་ཤེས་དགོས་པ་ཤུགས་བསྟན༑ དབང་པོ་རཏལ་དང་རྣོན་པོ་དག་སོགས་ཀྱིས་བྱང་སེམས་ཀྱི་དགེ་འདུན་བཤད་པ་ཡིན་ཀྱང་ཕྱི་རབས་པས་ཉན་ཐོས་ཀྱི་དགེ་འདུན་དེའི་མཚོན་བྱེད་དུ་བཀོད་པ་ལྟ་བུ་ཞར་ལ་བསྟན་པ། ཕྱི་མ་བརྗོད་པའི་ཚིག་རང་གིའང་ཞར་ལ་བསྟན་པ་ཡོད་པས་སོ་སོར་ཕྱེ་ནས་ཁས་བླངས་དགོས་ཀྱི། བསྟན་བྱ་ལ་དངོས་ཤུགས་ཀྱིས་ཁྱབ་པར་བྱེད་པ་ནི་བསྟན་བཅོས་ལ་གྲགས་པའི་ཐ་སྙད་རྡོག་སུབ་བྱེད་པ་ཡིན་ནོ། །དེ་བཞིན་རྩོད་པ་ལ། ལུགས་ནས་བཞག་པའི་བརྡའ་ཆད་མི་འགོང་ཏེ། སངས་རྒྱས་དང་དེའི་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་བཞག་པའི་ཕྱིར་རོ། །མ་འགོངས་པའི་འབེལ་བའི་གཏམ་གྱིས་བརྒལ་བ་དང་ལན་ནི་དོགས་པ་གཅོད་པ་སྟེ་བསྟན་པའི་གད་བརྡར། དེང་སང་གི་བསྡུས་པའི་རིག་པ་དབང་བཙན་པར་བྱས་ནས་དེ་བསྲུང་བའི་ཕྱིར་ལུགས་གསར་དུ་འགོད་པ་ནི་བདུད་ཀྱི་སྒྱུ། བསྟན་པ་བཤིག་པའི་ཏོག་རྩེ་ངོ་མའོ། །རྩོམ་ན་ཡང་། །དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱར། བརྒལ་ལན་མཁས་པ་སྔ་མ་དང་། མཐུན་པ་སྐབས་སུ་གང་བབ་བྱེད། རང་གིས་མ་ཤེས་ན་ཕར་ཞོག །ཤེས་བཞིན་དུ་ལུང་གི་ཚིག་མི་བསླད། ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར། གཞུང་ལུགས་མུན་པར་གྱུར་པས་བློ་གསལ་གར་འཁྱམས་མེད་པ་ནི་སྡེ་སྣོད་ཀྱི་ལྷུ་འཇིག་པའི་ལྟས་ངན་ཡིན་པས་བཟློག་པར་བྱའོ། །དེས་ན་བདག་ལེགས་པར་འདོད་པ་དག་གིས་དམ་པའི་ཆོས་ལ་ཆོས་བཞིན་དུ་བཤད་དམ༑ མ་བཤད། ཆོས་བཞིན་དུ་བྱས་སམ་མ་བྱས་བརྟག་པར་བྱའོ། །ཞེས་གདམས་ནས་སྐབས་ཀྱི་དོན་ལ་དང་པོར་ཐ་སྙད་རྣམ་པར་གཞག །དེ་ནས་ངེས་དོན་ཡིན་ལུགས་སྟོན་ནོ། །དེ་ཡང་༑ ཉན་རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་དགོས་པར་གསུངས་པའི་ཤེར་ཕྱིན་དེ་ངོས་འཛིན་པ་ལ། ཉན་ཐོས་ཞི་བ་ཚོལ་རྣམས་སོགས་མཆོད་བརྗོད་མཛད་ལ། ཤེར་ཕྱིན་དེས་སྲས་འཕགས་པ་བཞི་པོ་བསྐྱེད་པས་ཡུམ་སྟེ། དེའི་ཕྱིར་མཆོད་ཡུམ། དེའི་མཚན་ཉིད་ནི། མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན། དབྱེ་བ་ཉན་རང་གི་ཡུམ། བྱང་ཆུབ་སེམས་དཔའི་ཡུམ། སངས་རྒྱས་ཀྱི་ཡུམ་མོ། །དེ་དག་རིམ་པ་བཞིན་ཐམས་ཅད་ཤེས་པ་དང་། ལམ་ཤེས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་གསུངས་པས་སོ། །དང་པོ་གནོད་འཇོམས་སུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་བྱ་བས་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་བསྒོམས་པའི་རྒྱུ་ལས་བྱུང་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ་ཞེས་འབྱུང་། འགྲེལ་པས་གཞི་ཀུན་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་བསྟན། །རྔོག་ལོ་ཆེན་པོས། དེ་ལས་གཞི་ཤེས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་ནི། རྟོག་པར་བྱ་བའི་དོན་གྱི་གཞི་ཙམ་མཐའ་དག་ཤེས་པ། དེ་ཡང་རྟགས་དང་ཐ་སྙད་ལ་མ་བལྟོས་པར་མངོན་སུམ་དུ་ཤེས་པ། དེའང་སྤྱིའི་མཚན་ཉིད་ཀྱི་ཤེས་པ་ཡིན་ནོ། །དེས་ཀྱང་དངོས་པོ་ཁྱད་པར་ཅན་ལ་དམིགས་པའི་དབང་པོའི་བློ་དང་༑ རྟགས་དང་སྒྲ་ལ་བརྟེན་ནས་ཕྱིར་གཞི་མཐའ་དག་རྟོགས་པའི་རྣམ་པར་རྟོག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཤེས་པ་རྣམས་བསལ་ལོ། །ལམ་ཤེས་པ་ལ་ཡང་ཐལ་བར་མི་འགྱུར་ཏེ། གཞི་ཙམ་གྱི་སྒྲས་རྣམ་པར་བཅད་པའི་ཕྱིར་རོ་ཞེས་གསུངས་པས་འདིའི་མཚན་ཉིད། གཞི་ཙམ་ཀུན་མངོན་སུམ་དུ་སྤྱིའི་མཚན་ཉིད་ཀྱིས་ཤེས་པའི་ཕར་ཕྱིན། རྣམ་གྲངས་བདེན་པའི་དེ་ཉིད་ཀྱི་ཚུལ། དབྱེ་ན་ཉན་ཐོས་ཀྱི་གཞི་ཤེས། རང་རྒྱལ་གྱི་གཞི་ཤེས་སམ། ཉན་ཐོས་ཀྱི་འཕགས་ལམ། རང་རྒྱལ་གྱི་འཕགས་ལམ་མོ། །གཞི་ཤེས་འདིས་ཉན་རང་གི་རིགས་ནས་ཆོས་མཆོག་གི་བར་རྒྱུར། ཞི་བ་མྱང་འདས་འབྲས་བུར་བསྡུས་པས་ཐེག་པ་དམན་འབྲིང་མཐའ་དག་བསྡུས་པར་སོང་ལ། མཁྱེན་པ་དེ་རང་གི་ངོ་ཏི་ལམ་བདེན་ཡིན་ཏེ། ཚེ་དང་ལྡན་པ་ཀོའུ་དི་ནྱ་གིས་བདེན་པ་མཐོང་། དེའི་ཚེ་སྟོན་པས་དེ་ལ་ཀུན་ཤེས་སམ་དྲིས། དེས་འཚལ་ལོ་ཞེས་ལན་གསོལ་བས་དེ་ནས་དེ་ལ་ཀུན་ཤེས་ཀོའུ་དིནྱ་ཞེས་གྲགས་པས་རྟོགས་སོ། །དེའི་ཕྱིར་མཁྱེན་པ་འདི་རྒྱུད་ལྡན་ལ་འཕགས་པ་རྒྱུན་ཞུགས། ཕྱིར་འོང་ཕྱིར་མི་འོང་། དགྲ་བཅོམ་སྟེ་བཞིའམ། རེ་རེ་ལ་ཞུགས་འབྲས་གཉིས་གཉིས་ཕྱེ་བས་བརྒྱད་དེ་འཕགས་པའི་གང་ཟག་ཟུང་བཞི་ཡ་བརྒྱད་ཅེས་བྱ་བ་དང་། རང་རྒྱལ་སློབ་པ་དང་མི་སློབ་པ་རྣམས་ཡིན་པས། ཉན་རང་རང་རྒྱུད་པ་གཟུང་། སྤྲུལ་པའི་ཉན་ཐོས་དང་གྲུབ་མཐའ་ཁས་ལེན་གྱི་ཉན་ཐོས་མ་གཟུང་བས་མཆོད་བརྗོད་གླེང་གཞི་དང་མི་སྦྱོར་བའི་རྒྱུ་མཚན་ཐོན་ནོ། །རང་རྒྱལ་སློབ་པ་ཡོད་མེད་ལ་ཁས་ལེན་སྣ་ཚོགས་ཀྱང་། ཉན་ཐོས་ཀྱི་ལུང་ལས་སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ་ཞེས་སྐད་ཅིག་སུམ་ཅུ་རྩ་གསུམ་དེའི་སློབ་ལམ་དུ་བཤད་པར་རིགས་ལ། འདིར་ནི་ལམ་ལྔ་གསུམ་བཅོ་ལྔར་འཆད་དགོས་པ་འོས་མོད། གཉིས་པ་ལམ་ཤེས་ནི། གནོད་འཇོམས་སུ༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །དང་། འགྲེལ་པར་ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་ངོ་བོ་ཉིད་ཅེས་བྱུང་། ལོ་ཆེན་གྱིས་ལམ་ཤེས་པའིམཚན་ཉིད་ཀྱང་འདི་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདིར་ལམ་ཙམ་ཞེས་བྱ་བས། གཞི་རྟོགས་པ། བཅད་པར་ནི་མི་ཐལ་ཏེ། ལམ་ཤེས་པ་ནི་གཞི་ཤེས་པའི་ཁྱད་པར་ཅན་ཡིན་པས་ཁྱད་པར་ཅན་གྱི་ཁྱད་པར་གཟུང་བས་ཁྱད་པར་མི་གཅོད་པའི་ཕྱིར་རོ། །དབྱིག་ཐོགས་ཉིད་ཅེས་བྱ་བས་དབྱིག་པ་མི་གཅོད་པ་བཞིན་ཏེ། དེར་ཡང་ཟླ་བོ་རྣམས་གཅོད་པ། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ༑ །དེ་ལྟར་གྲགས་དང་ནུས་པ་དང་། །སྒྲ་ནི་རྗོད་འདོད་རྗེས་འབྲང་ཕྱིར། །ཞེས་བྱ་བའི་ཚུལ་གྱིས་སོ། །ཞེས་གསུངས་པས། ལམ་ཙམ་མངོན་སུམ་དུ་རང་བཞིན་མེད་པར་རྟོགས་པའི་ཕར་ཕྱིན་མཚན་ཉིད། དབྱེ་བ་ས་བཅུའམ། བྱང་སེམས་ཀྱི་མཐོང་སྒོམ། མིང་། བྱང་འཕགས་ཀྱི་ལམ། ཐེག་ཆེན་གྱི་སློབ་ལམ་དང་རྣམ་གྲངས། བྱང་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ༑ འདིས་བྱང་ཆུབ་སེམས་ཀྱི་རིགས་དང་། སོ་སྐྱེའི་ལམ་ཐམས་ཅད་རྒྱུར་བསྡུས། འདི་རྒྱུད་ལྡན་བྱང་སེམས་འཕགས་པ་ཁོ་ནའོ། །སྤྱིར་བྱང་སེམས་ལ་དབྱེ་བ། སོ་སྐྱེ། ལྷག་བསམ་དག་པ། རྩོལ་བ་དང་བཅས་པ། མཚན་མ་མེད་པར་གནས་པ། མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་གནས་པ། སྤྱོད་པ་ལ་ངེས་པར་ཞུགས་པ༑ སྐྱེ་བ་གཅིག་གིས་ཐོགས་པའོ། །གསུམ་པ་རྣམ་མཁྱེན་ནི། གནོད་འཇོམས་སུ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དང་། འགྲེལ་པར་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་ཞེས་དང་། ལོ་ཆེན་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཀྱང་། ཀུན་རྫོབ་དང་དོན་དམ་པའི་སྤྱི་དང་རང་གི་མཚན་ཉིད་ཀྱི་རྣམ་པ་མཐའ་དག་ཇི་ལྟ་བ་བཞིན་མངོན་སུམ་ཤེས་པ་ཡིན་ནོ་ཞེས་གསུངས་པས། འདིའི་མཚན་ཉིད་ཁྱད་པར་གསུམ་ལྡན་གྱི་ཕར་ཕྱིན་ནམ་སྲིད་ཞི་ལ་མི་གནས་པ་མཐར་ཐུག་པའི་མཁྱེན་པ་ཞེས་བཞག་ཀྱང་ལེགས་པར་འོང་། ཁྱད་པར་གསུམ་ཡང་༑ གནོད་འཇོམས་ལས། དེ་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྣམ་པར་མི་རྟོག་པ། དམིགས་པ་དང་དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པར་འཇུག་པ་ནི་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ་ཞེས་གསུངས་པ་དེའོ། །འདིས་བླ་ན་མེད་པར་བྱང་ཆུབ་པ་བསྟན་ལ། དེའི་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། དང་པོ་སེམས་བསྐྱེད་པའི་དུས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས། གཞན་དེ་ལ་འགོད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་ཞེས་དམ་བཅས་ལ། དམ་བཅས་པ་ལྟར་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་ཆོས་ཀྱི་གྲགས་པས། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་གསུངས་སོ། །ཆོས་ཀྱི་འཁོར་ལོ་ཡང་ལུང་རྟོགས་གཉིས། སྔ་མར་ཆོས་འཁོར་རིམ་པ་གསུམ་སྟེ། བདེན་པའི་དེ་ཉིད་ཀྱི་ཚུལ། ཕ་རོལ་ཏུ་ཕྱིན་པའི་ཚུལ། སྔགས་ཀྱི་ཚུལ་དེ་དག་ལས་ཕྱི་མ་བཏང་སྙོམས་སུ་བཞག་ནས། བར་མ་ལ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཉིས་ཕྱེ་བའི་འཁོར་ལོ་གསུམ་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར་གསུངས་ལ། དབུ་མ་པས་བསོད་ནམས་མིན་པ་ཟློག་པ༑ བདག་ཟློག་པ། ལྟ་བ་ཀུན་ཟློག་པ་ཅེས་བཞག་པ་དོན་གཅིག །དེ་དག་ལ་བཀའ་དང་པོ། བར་པ། ཕྱི་མ་གསུམ་དུ་བཞག་སྟེ་བཤད་དོ། །ལུང་གི་ཆོས་འཁོར་དེའི་བརྗོད་པར་བྱ་བའི་དོན་ནི་རྟོགས་པའི་ཆོས་འཁོར། མངོན་རྟོགས་བསླབ་པ་གསུམ། དེའི་དབང་གིས་རྗོད་བྱེད་ལུང་ཡང་སྡེ་སྣོད་གསུམ་དུ་འགྱུར་རོ། །ཁ་ཆེ་བ་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་ལ་དབྱིག་གཉེན་གྱིས་འཕགས་ལམ་མཐའ་དག་དེར་གསུངས་པ་ནི་ཐེག་དམན་གྱི་ལུགས། འདིར་སོ་སྐྱེ་ནས་སངས་རྒྱས་ཀྱི་བར་གྱི་བསླབ་པ་གསུམ་ཀ་ཆོས་འཁོར་དུ་འཇོག་ལ། སྤངས་པ་ནི། དེ་དག་གི་རྣམ་པར་གྲོལ་བ་ཡིན་ཞིང་དེ་ལས་ཡེ་ཤེས་མཐོང་བའི་ཕུང་པོ་རྙེད་པའི་ཕྱིར་རྟོགས་པ་ལས་ལོགས་སུ་མི་འབྱེད་དེས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ༑ །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་སོ། །མཁྱེན་པ་གསུམ་པ་འདིས། ཐེག་ཆེན་གྱི་མི་སློབ་ལམ་དང་འབྲས་བུ་མི་གནས་པའི་མྱང་འདས་གཉིས་བསྡུས་སོ། །དེ་ལྟར་གསུམ་ཀ །པཱ་རཾ་ཕ་རོལ། ཨི་ཏ་ཕྱིན་པ་སྟེ། ཕ་རོལ་ནི་དེ་བཞིན་ཉིད་དེ། དེ་ཆོས་ཐམས་ཅད་ཀྱི་མཐར་ཐུག་པར་གནས་པའི་ཕྱིར། དེ་ཐོབ་པ་ཕྱིན་པ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ༑ །དེ་ཡང་གནོད་འཇོམས་སུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐམས་ཅད་དེ་བཞིན་ཉིད་གཅིག་མོད་ཀྱི། དེའི་གཞི་དང་འཇུག་པ་དང་། ཐ་དད་པས་རྣམ་པ་གསུམ་དུ་བཞག་སྟེ། ལམ་གྱི་རྣམ་པ་ཤེས་པའི་ས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་པའོ། །ཞེས་གསུངས་པའི་རྩ་བའི་དེ་བཞིན་ཉིད་ལ་རང་བཞིན་ཤེར་ཕྱིན། དེ་སྟེང་ནས་དབྱེ་རུ་མེད་ཀྱང་། གཞི་བསྒོམ་དུས་ཀྱི་དམིགས་པ། ལམ་འཇུག་དུས་ཀྱི་དམིགས་ཁྱེར། འབྲས་བུ་རྟོགས་པ་པོའི་བློའི་ཁྱད་ཀྱིས་གསུམ་དུ་གྱུར་ལ། དེ་ལས་མཆོག་དམན་གྱི་རྣམ་པར་ཡང་གྱུར་ཏོ། །དེ་དག་རྗོད་པར་བྱེད་པ་ནི་གཞུང་ཤེར་ཕྱིན། ཉན་རང་བྱང་འཕགས་མཐའ་དག་གི་རྒྱུད་དང་འབྲེལ་པའི་ཟག་པ་མེད་པའི་ཤེས་པ་འཁོར་དང་བཅས་པ་ཐམས་ཅད་ནི་ལམ་ཤེར་ཕྱིན། རྣམ་པ་ཐམས་ཅད་མཁྱེན་པ་ནི་འབྲས་བུ་ཤེར་ཕྱིན་ནོ། །ཕྱི་མ་གཉིས་ལས་དངོས་པོ་བརྒྱད་དབྱེ་སྟེ། རྣམ་མཁྱེན་ཀྱི་དངོས་པོ། ལམ་ཤེས་ཀྱི། གཞི་ཤེས་ཀྱི། རྣམ་ཀུན་མངོན་པར་རྫོགས་པའི། རྩེ་མོའི། མཐར་གྱིས་པའི། །སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི། ཆོས་ཀྱི་སྐུའི་དངོས་པོའོ། །འདིར་ནི་དངོས་པོ་དང་མངོན་རྟོགས་སྒྲ་རྣམ་གྲངས་པ་ཡིན། དེ་ལས་རྣམ་མཁྱེན་གྱི་དངོས་པོ་ལ། ལོ་ཙཱ་བ་ཆེན་པོས། དེ་ལྟར་དང་པོ་རྩོམ་པ་སེམས་བསྐྱེད་པ་དང་། ཐ་མ་ངེས་པར་འབྱུང་བའི་སྒྲུབ་པའི་བར་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུ་ཉེ་བར་བཀོད་པ་ཡིན་ལ། རྒྱུ་དེ་ལས་ཐོབ་པར་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་གསུངས་པས། དངོས་པོ་དང་པོའི་མཚན་ཉིད། རྣམ་མཁྱེན་ཐོབ་བྱེད་ཀྱི་རྒྱུ་ངོ་མའོ། །དབྱེ་བ་ནི་སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་པར་འབྱེད་པའི་ཡན་ལག །སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། ཆེད་དུ་བྱ་བ། གོ་ཆ། འཇུག་པ། ཚོགས། ངེས་པར་འབྱུང་བ་བཅུའོ། །དངོས་པོ་གཉིས་པ་ནི། ལོ་ཆེན་གྱིས། དངོས་པོ་བཅུ་གཅིག་གི་ཡུལ་ཉེ་བར་བཀོད་པ་ཡུལ་ཅན་དོན་གྱི་འཕེན་ནོ་ཞེས་གསུངས་ལ། ལམ་ཤེས་པའི་ཡེ་ཤེས་མི་རྟོག་པ་ཡན་ལག་དང་བཅས་པ། མཚན་ཉིད། དབྱེ་བ་བཅུ་གཅིག་སྟེ། ལམ་ཤེས་སྐྱེ་བའི་རྟེན། སློབ་མ་ཉན་ཐོས་ཀྱི་ལམ། བསེ་རུ་ལྟ་བུའི་ལམ། ཚེ་འདི་དང་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེ་བ་མཐོང་ལམ། སྒོམ་ལམ་གྱི་བྱེད་པ། སྒོམ་ལམ་མོས་པ་ཡིད་བྱེད། བསྟོད་སྐུར་བསྔགས་པ་ཡིད་བྱེད། བསྔོ་བ་ཡིད་བྱེད། རྗེས་སུ་ཡི་རང་ཡིད་བྱེད། སྒྲུབ་པ་སྒོམ་ལམ༑ རྣམ་དག་སྒོམ་ལམ་མོ། །དངོས་པོ་གསུམ་པ་ནི་ལོ་ཆེན་གྱིས། གཞི་ཤེས་ནི་རང་གི་ངོ་བོས་གཙོ་བོར་བསྟན་པ་ཞེས་གསུངས་པས། གཞི་ཤེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡན་ལག་དང་བཅས་པ་མཚན་ཉིད། དབྱེ་བ་དགུ་སྟེ། །སྲིད་ཞི་ལ་མི་གནས་པའི་གཞི་ཤེས། ལྡོག་པས་ཉན་རང་གི་གཞི་ཤེས། ཐབས་མ་ཡིན་པ་རྒྱལ་བའི་ཡུམ་རིང་བའི། ཐབས་ཀྱི་རྒྱལ་བའི་ཡུམ་ལ་ཉེ་བའི་མི་མཐུན་པའི་ཕྱོགས། གཉེན་པོའི་ཕྱོགས། དེ་སྒོམ་པའི་སྦྱོར་བ། སྦྱོར་བ་དེའི་མཉམ་ཉིད། ཉན་ཐོས་ལ་སོགས་པ་གསུམ་གྱི་མཐོང་ལམ་མོ། །དངོས་པོ་བཞི་པ་ནི༑ ལོ་ཆེན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་ལེགས་པར་རྟོགས་ནས་རང་གི་རྒྱུད་ལ་ཐོབ་པར་བྱེད་པའི་རྣལ་འབྱོར་ཉམས་སུ་ལེན་པ་ནི་སྦྱོར་བ་ཡིན་ནོ༑ །དེ་ལ་ཡང་བཞི་ཡོད་པ་ལས་རྟེན་དུ་གྱུར་པའི་སྦྱོར་བ་དང་པོ་ཉིད་ཐོབ་པ་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་དང་པོའོ་ཞེས་གསུངས་པས། མཁྱེན་གསུམ་ཐོབ་བྱེད་རྣལ་འབྱོར་གྱི་རྟེན་དུ་གྱུར་པའི་སྦྱོར་བ་མཚན་ཉིད། དབྱེ་བ་བཅུ་གཅིག་སྟེ། རྣམ་པ་དང་། སྦྱོར་བ་དང་བཅས་པ་རྣམས་དང་། ཡོན་ཏན་དང་། སྐྱོན་དང་། འབྲས་བུ་མཚན་ཉིད་དང་བཅས་པ། ཐར་པ་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་མི་སློབ་པའི་དགེ་འདུན་སྲིད་ཞི་མཉམ་ཉིད་དུ་སྒོམ་པ་དང་༑ ཞིང་དག་བླ་ན་མེད་པར་སྒྲུབ་པ་དང་། ཐབས་ལ་མཁས་པ་དང་བཅས་པའོ། །དངོས་པོ་ལྔ་པ་ནི། ལོ་ཆེན་གྱིས། རྣམ་པ་ཀུན་མངོན་པར་རྫོགས་པ་བསྒོམ་པ་ལ་བརྟེན་ནས་ཐོབ་པ༑ རྣམ་པ་ལ་སློབ་པ་ལས་གཞན་གྱི་མཚན་ཉིད་ཅན། སྦྱོར་བ་སྔ་མའི་འབྲས་བུར་གྱུར་པ་ཞེས་གསུངས་པས། མཁྱེན་གསུམ་ཐོབ་བྱེད་ཀྱི་སྦྱོར་བ་དང་པོའི་འབྲས་བུར་གྱུར་པའི་སྦྱོར་བ་ནི་མཚན་ཉིད་དབྱེ་བ་བརྒྱད་དེ། རྩེ་མོའི་སྦྱོར་བ་དེའི་དྲོད་ཀྱི་རྟགས། རྩེ་མོའི་འཕེལ་བ། བཟོད་པའི་བརྟན་པ། ཆོས་མཆོག་གི་སེམས་གནས་པ། རྣམ་རྟོག་བཞིའི་གཉེན་པོ་ཤུགས་ཀྱིས་རྙེད་པ་མཐོང་ལམ། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། ལོག་པར་སྒྲུབ་པའི་བརྒལ་ལན་དང་བཅས་པའོ། །དངོས་པོ་དྲུག་པ་ནི་ལོ་ཆེན་གྱིས་གཞིའི་སྦྱོར་བ་དང་། དེ་ལ་བརྟེན་པའི་སྦྱོར་བ་གཉིས་བཤད་ནས། དེ་གཉིས་འདིས་མཐར་ཐུག་པར་བྱེད་པའི་ཐབས་སུ་གདོན་མི་ཟ་བར་མཐར་གྱིས་བསླབ་པར་བྱ་བ་ཉིད་ཀྱི་ཡུལ་ལ་མཐར་གྱིས་སློབ་པ་མངོན་པར་རྟོགས་པ་གསུམ་པ་ཞེས་གསུངས་པས། མཁྱེན་གསུམ་ཐོབ་བྱེད་རྣལ་འབྱོར་ཀྱི་སྦྱོར་བ་དང་པོ་གཉིས་མཐར་ཐུག་པར་བྱེད་པའི་ཐབས་ཀྱི་ཡུལ་ལ་རིམ་གྱིས་སློབ་པའི་སྦྱོར་བ་མཚན་ཉིད། དབྱེ་བ་བཅུ་གསུམ་སྟེ་ཕར་ཕྱིན་དྲུག་དང་། རྗེས་དྲན་དྲུག །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སློབ་པའོ། །དངོས་པོ་བདུན་པ་ནི། ལོ་ཆེན་གྱིས། སྦྱོར་བ་སྔ་མ་རྣམས་ཀྱི་ཕུལ་དུ་ཕྱིན་པ་ཐོབ་པའི་གནས་སྐབས་ཞེས་པས་རྣམ་མཁྱེན་ཐོབ་བྱེད་རྣལ་འབྱོར་གྱི་སྦྱོར་བ་གསུམ་གྱི་ཕུལ་དུ་བྱུང་བ་ཐོབ་པའི་སྦྱོར་བ། མཚན་ཉིད། དབྱེ་བ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། རྣམ་པར་སྨིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་༑ །མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་། །གཉིས་སུ་མེད་པའི་ཆོས་ཐམས་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའོ། །དངོས་པོ་བརྒྱད་པ་ནི་ལོ་ཆེན་གྱིས། སྤྱིའི་མཚན་ཉིད་ནི། དེ་བཞིན་ཉིད་དྲི་མ་མེད་པའི་གནས་སྐབས་ཀྱི་ཆོས་ཀུན་རྫོབ་པ་དང་དོན་དམ་པ་རང་ལ་སྣང་བ་དང་མི་སྣང་བ་མཐའ་དག་གོ །ཞེས་གསུངས་པས། སྦྱོར་བཞི་སྒོམ་པ་མཐར་ཐུག་པའི་འབྲས་བུ་མཚན་ཉིད། དབྱེ་བ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ། མཛད་པ་ཞེས་བཞིར་ཕལ་མོ་ཆེ་འཆད༑ ཇོ་བོའི་བླ་མ་གསེར་གླིང་པ། ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་མཛད་པ་དང་བཅས་པར་འཆད་པས་ཕྱི་མའི་རྗེས་སུ་འབྲངས་སོ། །དེ་ལྟར་ལུས་དོན་བདུན་ཅུར་དབྱེ་བ། ཡན་ལག་རྒྱས་བཤད་ཀྱིས་དེ་རེ་རེ་ནས་ཞིབ་མོར་བཤད་པའི་རྣམ་མཁྱེན་གྱི་མངོན་པར་རྟོགས་པའི་དབྱེ་བ་དང་པོ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད། མཚན་ཉིད་དུ་མཛད་པས། འདིར་བསྟན་ཐེག་ཆེན་གྱི་སེམས་བསྐྱེད་ཁོ་ནར་རིགས་སོ། །དེ་ཡང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་ཡིད་ཀྱི་རྣམ་ཤེས་སུ་བཞག་པ་ནི། སེམས་བསྐྱེད་པ་དེ་ལ་ཡང་དག་པར་བླངས་པས་ཐོབ་པ་དང་། ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཡོད་པ་དང་པོའི་དབང་དུ་བྱས་པའི་ཕྱིར༑ འདིས་གཙོ་བོར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་བསྟན་ལ་སྦས་དོན་ཀྱིས་ཕྱི་མའང་བསྟན་ནོ། ཀུན་རྫོབ་སེམས་བསྐྱེད་དེ་ལའང་འཕགས་པ་ཐོགས་མེད་ཀྱིས་ཁྱད་པར་ཅན་མ་ཡིན་པ་དང་༑ ཁྱད་པར་དུ་འཕགས་པ་གཉིས་སུ་གསུངས་པ་རིམ་པ་བཞིན་སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་ཡིན་ལ། དང་པོ་ནི་བདག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་དམ་བཅས་པ་ཡིན་ལ། དེ་འགྲུབ་པར་བྱེད་པའི་ཐབས་ཀྱིས་མ་ཟིན་པ་སྨོན་རྐྱང་། དེའང་ཚོགས་ལམ་ཆུང་དུ་ཁོ་ནར་རིགས་ཀྱི། དེ་ནས་ངེས་པར་འཇུག་པ་ཐོབ་ལ། དེ་ཕྱིན་ནས་དེ་ཡང་འཇུག་པའི་ཆར་གཏོགས་པས་སྨོན་འཇུག་ཡ་མི་འབྲལ། འཇུག་པ་སེམས་བསྐྱེད་དེ་ཁ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཡིན་ནོ། །དེས་ན་བླ་ན་མེད་པའི་འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད། ཕྱི་མ་ལ་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉེར་གཉིས་སོ། །རྣམ་པར་དཔྱད་ན། ཚིག་ཏུ་འདོད་པ་ཞེས་སྨོས་ལ་དེ་མཚུངས་ལྡན་ཙམ་ཡིན་པ་དངོས་སུ་མ་ཐོན་པས། དོན་དུ་གཉེར་བའི་འདུན་པ་ཙམ་ནི་སྐྱབས་སུ་འགྲོ་བའི་རང་བཞིན་ཡིན་པས་དེ་ཙམ་སེམས་བསྐྱེད་པ་མིན་ཞེས་བརྒལ་བ༑ ལོ་ཆེན་གྱིས་འདུན་པ་ཙམ་སྐྱབས་སུ་འགྲོ་བ་ཙམ་གྱི་མཚན་ཉིད་ཡིན་པ་བདེན་ཡང་། སེམས་བསྐྱེད་པ་ནི་སྐྱབས་སུ་འགྲོ་བ་ལ་མི་འཁྲུལ་པས་ན་སེམས་བསྐྱེད་པའི་ཚེ་སྐྱབས་སུ་འགྲོ་བ་ཡང་གདོན་མི་ཟ་བར་ཉེ་བར་གནས་པ་ཡིན་ནོ། །དེས་ན་སེམས་བསྐྱེད་པའི་མཚན་ཉིད་ལ་སྐྱབས་འགྲོའི་མཚན་ཉིད་ཉེ་བར་བཏགས་པ་ཡིན་ཏེ་མི་འཁྲུལ་པ་ཉིད་བསྟན་པའི་ཕྱིར་རོ། ཞེས་གསུངས། །སེམས་བསྐྱེད་པ་དེ་ཐམས་ཅད་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས། མདོ་སྡེ་རྒྱན་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། །རྣམ་པར་ངེས་པ་ཤེས་པར་བྱ། །ཞེས་གསུངས། གཞན་ས་མཚམས་འགྲེལ་པ་བཞིན་ལ། སྒྲ་སྙན་ཆུ་བོ་སྤྲིན་གསུམ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ཡིན་པས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ༑ །སྤྲིན་དང་འདྲ་བར་བསྟན་པ་ཡིན། །དང་། རྒྱ་ཆེ་རོལ་པ་ལ་སོགས་པའི་མདོར། སྲོད་ལ་བདུད་བརཏལ་ནམ་གུང་ལ་མཉམ་པར་བཞག་པའི་འཕགས་པའི་གང་ཟག་དེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁ་མར་བཤད་པ་གནད་གཅིག །ལུང་དེ་ལྟར་དུ་འདིར་ཁས་མི་ལེན་ན་གཞན་མི་ལེན་པའི་སྐབས་མེད་པའི་ཕྱིར་དེ་སྐད་གསུངས་རྐྱང་དུ་ཟད་པར་འགྱུར་རོ། །དེས་ན་འདི་ཁར༑ མར་མེའི་སྙིང་པོའི་དཔེ་གཟུང་ནས། སེམས་བསྐྱེད་པ་དང་པོས་འཚང་མི་རྒྱ། ཐ་མས་སངས་མི་རྒྱ། དེ་གཉིས་ལ་མ་བརྟེན་པར་ཡང་། སངས་མི་རྒྱ་ཞེས་གསུངས་པའི་སེམས་བསྐྱེད་པ་ཐ་མའང་སྤྲིན་ལྟ་བུའི་སེམས་བསྐྱེད་དེས་ན་སེམས་བསྐྱེད་འདི་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་རྒྱུད་ཀྱིས་བསྡུས་སོ་ཞེས་རེ་ཞིག་ཁས་བླང་བར་བྱའོ། །གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད་སྦྱོར་རྗེས་ཀུན་རྫོབ་སེམས་བསྐྱེད་དུ་བཞག་གོ །གཉིས་པ་གདམས་ངག་ནི། ཐེག་ཆེན་དུ་སེམས་བསྐྱེད་པ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བར་ཉེ་བར་འདོམས་པ་མཚན་ཉིད་སྟེ། དཔེར་ན་དགེ་སློང་གི་གདམས་ངག་བསླབ་པ་བརྗོད་པ་ལྟ་བུའོ། །དབྱེ་བ། སྒྲུབ་པ་ལ་གདམས་པ། བདེན་པ་ལ། དཀོན་མཆོག་ལ། མ་ཞེན་པ་ལ། མི་ངལ་བ་ལ། ལམ་ཡོངས་སུ་འཛིན་པ་ལ། སྤྱན་ལྔ་ལ། མངོན་ཤེས་དྲུག་ལ། མཐོང་ལམ་ལ། སྒོམ་ལམ་ལ་གདམས་པ་སྟེ་བཅུའོ། དཀོན་མཆོག་གསུམ་ལ་གདམས་པའི་དགེ་འདུན༑ ཁྱད་པར་དུ་བཤད་པ་ལ། དབང་པོ་རཏལ་དང་རྣོན་པོ་དང་། །སོགས་ཉི་ཤུར་གསུངས་པ་ནི། ལུང་ལས་མང་པོར་གསུངས་པ་གཟུང་བདེ་བ་དང་། འདི་ལྟར་བཞག་པའང་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་བྱུང་བ་དང་། འདི་ན་སེམས་ཅན་དམན་ལ་མོས་རིགས་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་པས་སེམས་ཅན་དམན་པ་ལ་མོས་པ་དྲང་བའི་ཕྱིར་དང་། ཆ་ཤས་ཙམ་འདྲ་བས་ཡིན་པས། འདིར་བསྟན་གྱི་དགེ་འདུན་བྱང་སེམས་འཕགས་པ་ཁོ་ན༑ དེ་ཡང་། འཕགས་པ་རྣམ་གྲོལ་སྡེའི་རྗེས་སུ་འབྲངས་ན་གཞུང་ཚིག་དང་མཐུན། ཉན་ཐོས་བཞིན་སྤངས་པ་ལ་ཁྱད་ཞུགས་པ་མ་ཡིན་པས་སློབ་དཔོན་སོགས་འཆད་པ་པོ་རྣམས་ནང་མ་མཐུན་ཀྱང་འགལ་བ་མེད་དེ། ས་དང་པོའི་རྗེ་ཐོབ་མཐོང་ལམ་དུ་བསྡུ་བ་དང་། སྒོམ་ལམ་དུ་བསྡུ་བ་ལྟ་བུའོ། །དེ་ལ་འཕགས་པས་ཇི་ལྟར་བགྲངས་ན། དབང་པོ་རཏལ་པོ་དད་པའི་རྗེས་སུ་འབྲང་བ་དང་། རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེ་དང་། ལྷའི་རིགས་ནས་རིགས་སྐྱེ་དང་༑ ཕྱིར་འོང་ཚེ་གཅིག་པ་བར་ཆད་གཅིག་པ་དང་། ཕྱིར་མི་འོང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེ་གནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་དང་༑ མངོན་པར་འདུ་བྱེད་མ་ཡིན་པ་དང་། འོག་མིན་འགྲོ་འཕར་བ་དང་། འོག་མིན་འགྲོ་ཕྱེད་འཕར་དང་། འོག་མིན་འགྲོ་ཐམས་ཅད་དུ་འགྲོ་བ་དང་། སྲིད་རྩེ་མཐར་ཐུག་འགྲོ་དང་༑ གཟུགས་ཀྱི་ཆགས་བཅོམ་གཟུགས་མེད་ཉེར་འགྲོ་དང་། མཐོང་བའི་ཆོས་ལ་ཞི་བ་དང་། ལུས་མངོན་བྱེད་དང་། མངོན་སུམ་དུ་བྱེད་པ་ཞེས་པའི་ཚིག་གིས་ཐོན་པ་དགྲ་བཅོམ་པ་ཞུགས་པ་དང་། བསེ་རུ་ལྟ་བུ་སྟེ་ཉི་ཤུའོ། །དེ་ལྟར་ཡང་ལོ་ཆེན་གྱིས། འདིར་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱ་བའི་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་མཚན་ཉིད་པ་ནི་བྱང་ཆུབ་སེམས་དཔའི་མ་ཡིན་གྱི། འོན་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་དང་ཚུལ་འདྲ་བ་ཙམ་ལ་བརྟེན་ནས་སངས་རྒྱས་པའི་ལུགས་རྣམ་པར་གཞག་པ་ཙམ་དུ་ཟད། དེ་ལྟར་བསྟན་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་འཇུག་པའི་ཕྱིར་རོ། །དེ་དང་ཚུལ་འདྲ་བ་ཙམ་གྱིས་ཡོན་ཏན་རང་གིས་མངོན་དུ་བྱས་པས་ནི་གཞན་དག་ཀྱང་དེ་ལ་འཇོག་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་གསུངས་ལ། དགེ་འདུན་དེ་དག་ཀྱང་ས་བཅུ་པོ་ལ་གནས་པ་དག་གོ །འདིར་རྣམ་པར་དཔྱད་པ་ལོ་ཆེན་གྱིས། གདམས་ངག་བཅུ་པོ་འདི་དག་ཀྱང་གདམས་པར་བྱ་བའི་དོན་སྒྲུབ་པའི་རང་བཞིན་ཁ་ན་མ་ཐོ་བ་མེད་ཅིང་། ཕུན་སུམ་ཚོགས་པ་སྟོན་པས་ན་གདམས་ངག་གཅིག་ཉིད་ཡིན་ཏེ། དེ་ཡང་མཚན་ཉིད་ཀྱི་སྒོ་ནས་བཅུར་དབྱེ་བར་ཟད་དེ། མཚན་ཉིད་བཅུ་དང་ལྡན་པའི་གདམས་ངག་དེ་ཡང་མཚན་ཉིད་བཅུ་དང་ལྡན་པའི་དངོས་པོ་གཅིག་ཡིན་གྱི་བཅུ་མ་ཡིན་ཀྱང་། གནས་སྐབས་ཐ་དད་པ་དུ་མར་འགྱུར་ཏེ། དང་པོ་ཁོ་ནར། ས་རབ་ཏུ་དགའ་བ་ཐོབ་པའི་དོན་དུ་ཚོགས་ལམ་ཆེན་པོར་མཚན་ཉིད་བཅུ་དང་ལྡན་པའི་གདམས་ངག་ཐོབ་པ་དང་། དེ་བཞིན་དུ་ས་བཅུ་པ་ལ་འཇུག་པའི་དོན་དུ་མཚན་ཉིད་བཅུ་དང་ལྡན་པའི་གདམས་ངག་ཐོབ་པ་རྣམས་ཐ་དད་པ་བཞིན་ནོ། །ཞེས་དང་། ཡང་འོ་ན་གདམས་ངག་གི་སྐབས་ཀྱི་བསྒྲུབ་པ་དང་གོ་ཆ་ལ་སོགས་པ་དང་འཆད་པར་འགྱུར་བའི་བསྒྲུབ་པ་བཞི་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། བསྒྲུབ་པ་ཉིད་གཅིག་ཏུ་ཆུག་ཀྱང་འདིར་ནི་དེ་བརྗོད་བྱ་ཡིན་པས་གདམས་ངག་གི་ཁྱད་པར་དུ་བཤད་པ་ཡིན་ལ། འཆད་པར་འགྱུར་བའི་སྐབས་སུ་ནི་བསྒྲུབ་པའི་མཚན་ཉིད་གཏན་ལ་དབབ་ཕྱིར་བཤད་པས་ན་ཟློས་པའི་ཉེས་པ་མེད་དོ། །ཡང་ན་གོ་ཆ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་རབ་ཏུ་སྦྱར་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་བསྒྲུབ་པ་ཡིན་ལ། འདིར་ནི་སེམས་བསྐྱེད་པ་ལ་སོགས་པ་རྒྱུའི་གནས་སྐབས་ཀྱི་ཡོན་ཏན་མི་ཉམས་པ་དང་སྔ་ན་མེད་པ་སྐྱེ་བར་འདོད་པས་རབ་ཏུ་སྦྱར་བའི་ཕྱིར་རྒྱུའི་ཡོན་ཏན་གྱི་བསྒྲུབ་པ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་ནི་ཀུན་མཁྱེན་གསུམ་གྱི་ཡུལ་ཅན་དུ་ཉེ་བར་བཀོད་པ་ཡིན་ཏེ། དེས་ན་སྔར་བཤད་པ་བཞིན་དུ་སྤྱི་དང་ཁྱད་པར་གྱི་སྒོ་ནས་ཐ་དད་པས་ཟློས་པ་མེད་དོ། །ཞེས་གསུངས་པ་བསྒྲུབ་པ་གཅིག །ལན་མང་དུ་བཤད་པ་ལྟ་བུ་བཟློས་པར་དོགས་པ་བསལ་ལོ། །མདོར་བསྡུ་ན་ཁྱད་པར་བཅུ་པོ་ཀུན། ཁྱད་པར་ཅན་མཉམ་པར་ཤེས་པའི་ཡེ་ཤེས་ཀྱིས་རང་བཞིན་དུ་བསྒྲུབ་པར་གདམས་པར་གཅིག་གོ །གསུམ་པ་བྱང་ཆུབ་སེམས་དཔའི་ངེས་འབྱེད་ཡན་ལག་ལ། མཚན་ཉིད་ནི༑ བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁྱད་པར་དུ་བྱེད་པའི་ཆོས་སོ། །དབྱེ་བ་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི། དེ་རེ་རེའང་ཆུང་འབྲིང་ཆེན་པོར་དབྱེ་བས་བཅུ་གཉིས་སོ། །འདིར་དཔྱད་པ། མདོ་སྡེ་རྒྱན་དུ། བསོད་ནམས་ཚོགས་ནི་ཡང་དག་རྫོགས། །དེ་ནས་བློ་ལྡན་བསམ་པ་བརྟན། །དད་སོགས་དགེ་བའི་ཆོས་རྣམས་ཀྱིས། །རྒྱུད་ནི་ཡོངས་སུ་བགོས་གྱུར་པ། །བསྐལ་པ་གྲངས་མེད་ངེས་འབྱུང་པས། །ཡེ་ཤེས་ཚོགས་ནི་བསྒྲུབ་བྱའི་ཕྱིར། །མངོན་ཤེས་གདམས་ངག་བསྟན་པ་ཡི། །སྤྱོད་པའི་ས་ལ་རབ་ཏུ་འཇུག །ཞེས་གསུངས་པ། ཚོགས་ལམ་དད་པའི་སར་ཐོས་བསམ་མཐར་ཕྱིན་འཇིག་རྟེན་པའི་སྒོམ་བྱུང་ཤར། དེར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་འགོ་བརྩམས། དེའི་དབང་གིས་སྤྲུལ་པའི་སྐུ་དངོས་སུ་མཇལ། གདམས་ངག་ལེགས་པར་ཐོབ། དེ་བསྒོམས་པ་ན། དོན་ཐ་དད་པར་གྱུར་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བ༑ དོན་ཐམས་ཅད་ཡིད་ཀྱི་བརྗོད་པ་ཙམ་དུ་མཐོང་བ་ནི་དྲོད་དེ། རྣམ་པར་མི་རྟོག་པའི་ཚོགས་ཡེ་ཤེས་ཀྱི་མེའི་སྔ་ལྟས་སོ། དེ་ལ་ཆོས་ལ་ངེས་པར་རྟོན་པའི་བཟོད་པའི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཐོབ་པ་ནས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་ལ། སྔར་མ་ཐོབ་པ་སྒྲུབ་པ་ལ་བརྩོན་པ་ལྷག་པར་ཡང་འགྱུར། དགེ་བ་སྟོབས་ཆེ་སྡིག་ཏོ་མི་དགེ་བས་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར། གྲངས་མེད་ཀྱི་མཚམས་དེ་ནས་འཛིན་དེའང་ལྷག་པར་བརྩོན་པ་དག་གིས་དབང་དུ་བྱས་པ་དེ་ནས་བསྐལ་ཆེན་གྲངས་མེད་པའི་གནས་གཞན་གཅིག་གིས་ཐོབ་པར་འགྱུར་བ་ཡིན་ནོ༑ །དྲོད་དུ་ཐོབ་པའི་ཆོས་ཀྱི་སྣང་བ་དེ་ཉིད་འཕེལ་བར་བྱ་བའི་ཕྱིར་རྣམ་པ་ལ་བརྩོན་འགྲུས་རྩོམ་པའི་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་གསལ་བར་འགྱུར་པ་རྩེ་མོ་སྟེ། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རོ། །དེ་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་སེམས་ཙམ་ལ་གནས་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཤིན་ཏུ་གསལ་བར་ཤེས་པའི་སྣང་བ་སྐྱེས་པ་བཟོད་པ་སྟེ། ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་རོ། །དེའི་ཚེ་དོན་དུ་སྣང་བ་ཐམས་ཅད་ནི་སེམས་ཁོ་ནར་ཟད་ཀྱི། དོན་སེམས་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་སྟེ། དེས་གཟུང་བའི་རྣམ་པར་གཡེང་བ་ནི་སྤངས། འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་པས། དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །དེ་ནས་གང་གི་ཚེ་དོན་ལ་འཛིན་པར་བྱེད་པའི་རྣམ་པར་གཡེང་བར་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་འགྱུར་བ་ཆོས་མཆོག་སྟེ། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རམ། འཇིག་རྟེན་པའང་ཡིན་ལ་ཟག་པ་མེད་པའི་ཆོས་རྣམས་ཐོབ་པར་བྱེད་པའི་མཆོག་ཀྱང་ཡིན་པས་སོ། །འདིས་གཞན་སྟོང་པའི་ལྟ་བ་རྟོགས། རྣམ་རྫུན་པའི་གྲུབ་མཐའ་སྙོགས་པ་ཡིན་ནོ། །དེའི་སྒོམ་པ་རབ་ཀྱི་མཐའ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་མ་ཐག་ཏུ་ཐོབ་པར་འགྱུར་བའི་སྐབས། དེ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། གནས་སྐབས་དེ་དག་ཐམས་ཅད་ནི་ལྷག་པར་མོས་པ་བརྟན་པ་ཡིན་པས་མོས་པས་སྤྱོད་པའི་ས་ཞེས་བྱ། འདི་ནི་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་། གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་ལྡན་པས་སོ་སྐྱེའི་ས་ལས་ནི་འདས་ལ། ས་རབ་ཏུ་དགའ་བ་ནི་མ་ཐོབ་པ་འཁོར་ལོས་བསྒྱུར་བའི་མདོག་དཔེར་བྱས་ནས་མདོ་སྡེ་དཀོན་མཆོག་སྤྲིན་ལས་གསུངས་སོ། །དེ་ལྟ་བུའི་ལམ་གྱི་དམིགས་པ་རྣམ་པ། རྟོག་པ་མཚུངས་ལྡན། ཡོངས་སུ་འཛིན་པའི་ཁྱད་པར་ནི་སྐབས་འདིའི་བསྟན་བྱ་ཡིན་ལ། དེའི་དམིགས་རྣམས་ནི། ཀུན་རྫོབ་དང་དོན་དམ་གཉིས་ལས། ཀུན་རྫོབ་ལ་རྒྱུ་དང་། འབྲས་བུ་དང་། ངོ་བོ་ཉིད་དང་། དེས་ཁྱད་པར་བཞི་རྣམ་པར་བྱེད་པ་ཡིན་ལ། དོན་དམ་པ་ལ་ནི་ཆོས་ཉིད་ཀྱི་རྣམ་པ་ཁོ་ནར་ཟད་དོ། །དེ་ཡང་ཁ་ཅིག་ཏུ་རྒྱུའི་སྒོ་ནས་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ལ། ཞེས་གསུངས་པ་ལ་ལོ་ཆེན་གྱིས། རྒྱུ་ནི་འབྲས་བུ་བསྐྱེད་པའི་ནུས་པ་ཡིན་པས། དེ་རྣམ་པར་བྱེད་པ་ནི་བཟོད་པ་འབྲིང་སྟེ། སྐྱེ་བ་དང་ངེས་པར་འབྱུང་བ་མེད་པ་འདི་ནི་རྟོགས་པས་ལུས་དང་ངག་ཡིད་དང་ཞིང་དང་མཚན་ཡོངས་སུ་དག་པའི་རྒྱུ་ཡིན་ནོ་ཞེས་འཛིན་པའི་ཕྱིར་རོ། །ཁ་ཅིག་ཏུ་འབྲས་བུའི་སྒོ་ནས་ཞེས་བྱ་བ་ནི་ཆོས་མཆོག་ཆུང་དུ་སྟེ། དཔའ་བར་འགྲོ་བ་སོགས་པའི་ཏིང་ངེ་འཛིན་འདི་ནི་སེམས་ཅན་ལ་ཕན་པའི་འབྲས་བུ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པའི་ཕྱིར་རོ། སྔ་མར་ནི་འབྲས་བུ་ཉིད། དངོས་སུ་མ་རྟོགས་པར་དེ་བསྐྱེད་པའི་ནུས་པ་རྣམ་པར་བྱེད་པ་ཡིན་ལ། འདི་ནི་འབྲས་བུ་ཉིད་དམིགས་པ་དེ་ལ་དངོས་སུ་ཡོད་པར་རྟོགས་ནས་རྣམ་པར་བྱེད་པ་ཡིན་ནོ། །ཁ་ཅིག་ཏུ་ནི་ངོ་བོའི་སྒོ་ནས་ཞེས་བྱ་བ་ནི་བཟོད་པ་ཆུང་ངུ་སྟེ། དོན་དམ་པར་ངོ་བོ་མེད་པ་འདི་ཉིད་ཀུན་རྫོབ་ཏུ་ངོ་བོ་ཡོད་པ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་རོ། །ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་ཞེས་བྱ་བ་ནི་ལྷག་མ་དགུ་པོ་སྟེ་དོན་དམ་པ་རྣམ་པར་བྱེད་པའི་ཕྱིར་རོ། །རྣམ་པ་གཞན་གྱིས་ཀྱང་ཞེས་བྱ་བ་ནི༑ མི་རྟག་པ་ཉིད་ལ་སོགས་པ་ངོ་བོ་ཉིད་ཀྱི་ཁྱད་པར་རྣམ་པར་བྱེད་པའོ་ཞེས་གསུངས་པ་དམིགས་མ་བསལ་བའི་སྦྱོར་ལམ་དགུས། དོན་དམ་པ་དང་། ངོ་བོ་ཉིད་ཀྱི་ཁྱད་པར་རྣམ་པར་བྱེད་པ་ཡིན་ནོ། །དྲོད་ཆུང་ངུར་བདེན་པ་བཞིར་རྣམ་པར་གཞག་ནས་དམིགས་རྣམ་གསུངས་ལ། ལྷག་མ་ལ་དེ་ལྟར་མ་བཞག་པར་ཕུང་པོ་ལ་སོགས་པ་སྤྱི་ཉེ་བར་གཟུང་ནས་གསུངས། དེ་ལྟ་བུའི་དམིགས་པ་དང་རྣམ་པ་འདི་དག་ཀྱང་སྦྱོར་བ་དང་རྗེས་ཐོབ་ཀྱིས་བསྡུས་པ་ཡིན་ལ། མཉམ་པར་བཞག་པའི་ཚེ་ནི་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་ཅན་ཉིད་དོ༑ །དེ་དག་ཏུ་སྤང་བྱ་རྣམ་པར་རྟོག་པ་བཞི་དང་ལྡན་པ་ནི། ལོ་ཆེན་གྱིས། གཟུང་བ་ནི་བཏགས་པའམ་རྫས་སུ་ཡོད་པའི་བདག་གིས་སྤྱད་པར་བྱ་བ་སྟེ་བཟའ་བའོ། །འཛིན་པ་ནི་དེ་ལ་སྤྱོད་པར་བྱེད་པ་སྟེ། ཟ་བ་པོ། དང་པོ་ལ་གཉིས་ཏེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟེ་སྤང་བར་བྱ་བ་དང་། བླང་བར་བྱ་བས་བདག་གི་བར་གྱུར་པའོ། །ཕྱི་མ་ལ་གཉིས་ཏེ༑ རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པའོ། །དེ་བཞིའང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཉིད་ཡིན་ནོ། །ཞེས་བརྗོད་པ་ཡིན་ཏེ། དེ་བཞི་ལས་ལངས་པ་ན་རྗེས་ཐོབ་ཀྱི་སེམས་རྣམས་འཇིག་རྟེན་པའི་མཉམ་པར་བཞག་པ་བཞིའི་སྟོབས་ཀྱིས། དེ་ལྟ་བུའི་ཡིད་ལ་བྱེད་པ་མངོན་དུ་རྒྱུ་བཞིས་མང་དུ་གནས་པའི་ཕྱིར་རོ། །དེ་ལ་རྟོག་པ་དང་པོའི་ཡུལ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། དེའང་སྤྱིའི་མཚན་ཉིད་དང་ཁྱད་པར་གྱི་མཚན་ཉིད་རྣམ་པ་དགུའོ། །ཞེས་དང་དེ་ལྟར་ཡུལ་ཀུན་ནས་ཉོན་མོངས་པ་དགུ་ཡོད་པས་ཡུལ་ཅན་གྱི་རྟོག་པ་དགུ་སྟེ་དེ་དག་ལ་བཟའ་བར་བྱ་བའི་མཚན་ཉིད་དུ་ཞེན་པའོ། །རྣམ་པར་རྟོག་པ་གཉིས་པའི་ཡུལ་ནི་རྣམ་པར་བྱང་བ་ཡིན་ལ་དེའང་དགུ་ཡོད་པས། དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པའང་དགུའོ། །དེ་ཡང་གཟུང་བའི་རྟོག་པ་དང་པོ་ནི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་བྱང་བ་ཐ་དད་པར་བསྒོམས་པའི་སྟོབས་ཀྱིས་སམ་ངེས་པར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ངེས་པར་དཔྱོད་པ་ན་རྣམ་པར་བྱང་བ་ཡང་དོན་གྱིས་དེར་འདུས་པ་ལ་རྟོག་པས་ཀུན་ནས་ཉོན་མོངས་པ་དམིགས་པ་ཞེས་ཀྱང་བརྗོད་ལ། དེ་ཉིད་ཀྱིས་ན་དངོས་པོ་ཙམ་ལ་དམིགས་པ་ཞེས་བྱའོ། །གཉིས་པས་ནི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་བྱང་བ་ཐ་དད་པར་ངེས་པས་རྣམ་པར་བྱང་བ་ལ་དམིགས་པ་ཞེས་བརྗོད་དོ། །དེ་དག་གི་རབ་ཏུ་དབྱེ་བ་དགུ་བརྗོད་པའང་། །རྣམ་རྟོག་ཉིད་ཀྱི་གྲངས་དགུར་ཐ་སྙད་མི་བྱེད་ཀྱང་དེའི་ཡུལ་མཚན་ཉིད་ལ་དགུར་གནས་པས་བསྟན་བཅོས་བྱེད་པས་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས་དགུར་ཕྱེའོ། །ཡང་ན་རྣམ་རྟོག་ཉིད་ཀྱིས་ཀྱང་མཚན་ཉིད་དགུ་རྟོགས་པ་ཉིད་ཡིན་ཏེ། རྗེས་ཀྱི་སེམས་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུལ་ངེས་པར་སྤྱོད་པ་ནི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འོག་མ་དགུ་ཚན་གཉིས་ལའང་དེ་བཞིན་ནོ། །ཞེས་གསུངས་པས། འཛིན་རྟོག་དང་པོ་རང་དབང་ཅན་གྱི་བདག་ལ་སོགས་པ་ཡུལ་དགུ་བཀག་པའི་ཆོས་དང་འབྲེལ་བར་རྟོགས་པའོ། །གཉིས་པའང་ཡུལ་དགུའི་སྒོ་ནས་དེར་ཕུང་པོ་ཙམ་སོགས་ཡུལ་དགུ་ལ་བཏགས་པའི་བདག་ཏུ་ཡོད་པའི་མཚན་མར་ཞེན་པའི་ཕྱིར་རམ་ཕུང་པོ་ལ་སོགས་པ་ཉིད་ལ་བཏགས་པའི་མཚན་མར་གཟུང་ནས་བདག་ཉིད་བཏགས་པར་རྟོག་པའི་ཕྱིར་རོ། །དེ་དག་ཏུ་ཡོངས་སུ་འཛིན་པའི་ཁྱད་པར་ནི་གཉིས་ཏེ། ཐབས་མཁས་པ་དགེ་བའི་བཤེས་གཉེན། དེ་ལས་བཟློག་པའི་ཆོས་དང་གཏན་བྲལ་བའོ། །ཐབས་ལ་མཁས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པ་ནས་ཞི་བ་དང་དབེན་པར་མི་དམིགས་པའི་ཚུལ་གྱིས་རང་ཉིད་སོ་སོར་རྟོག་པ་དང་། དེ་ལྟར་དེ་དག་ཉིད་མི་རྟག་པ་ལ་སོགས་པར་གཞན་ལ་སྟོན་པ་དང་། མཆོག་ཏུ་མི་འཛིན་པ་དང་། དེ་ལྟར་བཟོད་ཅིང་འདོད་པ་དང་། དེ་ལྟ་བུའི་ཡིད་ལ་བྱེད་པ་མི་འདོར་བ་དང་། ཐེག་པ་གཞན་དང་མ་འདྲེས་པ་དང་༑ སྟོང་པ་ཉིད་ཀྱི་ཆོས་མི་འཇིག་གི་ཆོས་རྣམས་དང་སྟོང་པ་ཉིད་རང་བཞིན་གཅིག་པར་ཤེས་པ་རྣམས་ནི་རིམ་པ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་པར་གསུངས་པས་བརྗོད་ལ། མི་མཐུན་པའི་ཕྱོགས་དང་བྲལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་བྲལ་བའི་དམིགས་པར་ལྟ་བ་ལ་སོགས་པའི་རྒྱུ་གསུངས་པས་བསྟན་ནོ། །དགེ་བའི་བཤེས་གཉེན་ནི་གཟུགས་ནས་མ་འདྲེས་པའི་བར་རྣམས་མི་དམིགས་པར་སྟོན་ཞིང་། དེའི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོར་འཇུག་པ་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙན་ངག་ཡིན་པར་བརྗོད་པ་དང་། བདུད་ཀྱི་ལས་དང་ཉན་ཐོས་ལ་སོགས་པའི་མདོ་དང་བསླུ་བ་ཉེ་བར་སྟོན་པ་རྣམས་ལ་འདི་དག་བདུད་ཀྱི་ལས་ཡིན་པར་མི་སྟོན་པ་དེའི་མི་མཐུན་པའི་ཕྱོགས་ཡིན་པར་གསུངས་པས་བསྟན་ནོ༑ །བཞི་པ་རིགས་ཀྱི་ཁྱད་པར་ལ། འདིར་བསྟན་ཐེག་ཆེན་གྱི་རིགས་ཁོ་ན་ཡིན་ཀྱང་། ཞར་བྱུང་སྤྱི་བཤད་པས་རྩོད་སྤོང་ངེས་བླ་བས་འཕགས་ཆོས་བསྐྱེད་པའི་དབྱིངས་ནུས་རིགས་ཀྱི་མཚན་ཉིད། དེ་ཡང་རང་བཞིན་དུ་གནས་པ་དང་། རྒྱས་འགྱུར་གཉིས་ཏེ། ཆོས་ཉིད་ཀྱིས་ཐོབ་པ་དང་རྐྱེན་གྱི་ཁྱད་པར་དུ་བྱས་པའོ། །དེ་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཞེས་དང་། གཉིས་པ་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་དེ་ཞེས་པས། དང་པོ་རྟེན་དང་ཕྱི་མ་བརྟེན་པའི་ངོ་བོ་ཉིད་རྒྱུའི་དངོས་པོར་ཡོད་ལ་སངས་རྒྱས་ཀྱི་ངོ་བོར་མེད་པའོ། །ཉན་ཐོས་དག་རིགས་ནི། ཐར་པའི་རིགས་མ་ཆགས་པའི་དགེ་བར་འདོད་དེ། མ་ཆགས་འཕགས་རིགས་ཞེས་འདོན་པས་སོ། སྤྱིར་རིགས་ངེས་པ་གསུམ། མ་ངེས་པ། རིགས་མེད་ལྔར་བཤད་ལ་མ་ངེས་པ་ནི། གསུམ་དུ་མ་ངེས་པ་ཙམ་གྱིས་ཡིན་ལ། རིགས་མེད་པ་ནི་རེ་ཞིག་བྱང་ཆུབ་ཀྱི་སྐལ་བ་མེད་པའོ། །དེས་ན་ཉན་རང་དུ་ངེས་པའི་རིགས་ཀྱང་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ལ། རྒྱས་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་ཁོ་ན་དེ་ཡང་སྦྱོར་བའི་ལམ་ནས་མཚམས་འཛིན་ཏེ། དེ་ནས་བྱང་ཆུབ་ཆེན་པོ་ཐོབ་པ་ལས་བཟློག་པའི་སྐབས་མི་སྲིད་པ་དང་། ཡོན་ཏན་གོང་མ་སྒྲུབ་པའི་སྟོབས་རྒྱས་པས་སོ། །རང་བཞིན་གནས་རིགས་ནི། གནས་གྱུར་པ་ན་ཆོས་ཀྱི་སྐུར་འགྱུར་རུང་མཚན་ཉིད། ཉན་ཐོས་དགྲ་བཅོམ་པ་དག་ཀྱང་ཆོས་ཀྱི་སྐུ་མཐོང་བར་འདོད་པས་སོ། །དབྱེ་བ་ཉན་ཐོས་ཀྱི། རང་སངས་རྒྱས། སངས་རྒྱས་ཀྱི་རིགས། མ་ངེས་པའི་རིགས་བཞི། ཕྱི་མ་ནི། གནས་གྱུར་པ་ན་གཟུགས་སྐུ་གཉིས་སུ་གྱུར་རུང་མཚན་ཉིད༑ དབྱེ་བ་བཅུ་གསུམ་སྟེ། རྟོགས་པ་ཡི་ནི་ཆོས་དྲུག་དང་སོགས་ཀྱིས་བསྟན་པས་སོ། །དེས་ན། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །འགལ་བ་སྡེབས་ནས་བརྒལ་བ་དེའི་ལན་རྟེན་ཆོས་ཉིད་དུ་གནས་པ་ལ་རང་གི་ངོ་བོས་དབྱེ་བ་མེད་པ་བདེན་ཡང་༑ དེ་ལ་བརྟེན་པ་བསྒྲུབས་པ་ལས་བྱུང་བའི་རིགས་ཐ་དད་པས་རྟེན་ཐ་དད་དུ་འཇོག་ཏེ། བུམ་པ་རང་བཞིན་འདྲ་བ་རྣམས་བརྟེན་པ་ཐ་དད་པས་མི་འདྲ་བར་བརྗོད་པ་བཞིན་ནོ། །ལྔ་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་ལ། མཚན་ཉིད། བྱང་སེམས་ཀྱིས་སྔར་མ་རྟོགས་པའི་ཆོས་རྟོགས་པའི་གཞི། མི་མཐུན་པ་དང་གཉེན་པོ་གཉིས་ཀྱི་ཐུན་མོང་གི་ཡུལ་ལོ། །དབྱེ་བ་བཅུ་གཅིག་སྟེ། དགེ་བ་ལ་སོགས་པ་གསུམ། འཇིག་རྟེན་པ་ལ་སོགས་བཞི་འདུས་བྱས་འདུས་མ་བྱས་གཉིས། ཐུན་མོང་གི་ཡོན་ཏན་ཅན་དང་། ཐུན་མོང་མ་ཡིན་པའི་ཡོན་ཏན་ཅན་གཉིས་སོ༑ དེ་ཙམ་གྱིས་བྱིས་པ་རྣམས་ཀྱིས་རྟོག་པའི་ཕྱིན་ཅི་ལོག་བཞི་དང་། ཉན་ཐོས་རྣམས་ཀྱིས་ཆོས་ཀྱི་སྡོམ་བཞིར་རྟོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་ལས་འདས་པ་རྟོགས་པའི་གཉེན་པོའི་ཡུལ་རྫོགས་པའོ། །དྲུག་པ་ཆེད་དུ་བྱ་བ་ནི་རྣམ་པ་གསུམ་སྟེ། གཞན་གྱི་དོན་སྙིང་རྗེ་དང་། རང་གི་དོན་སྤངས་པ་དང་། ཡེ་ཤེས་ཆེན་པོའོ༑ །ལོ་ཆེན་གྱིས༑ ཆེད་དུ་བྱ་བ་འདི་གསུམ་ནི་བསྒྲུབ་པའི་ཁྱད་པར་དུ་བསྟན་པ་ཡིན་གྱི། བསྒྲུབ་པའི་ངོ་བོར་བསྟན་པ་ནི་མ་ཡིན་པས་ན་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་བཀོད་དོ། །ཞེས་གསུངས་པས། དེ་གསུམ་འདིར་སྟོན་པ་ནི། ཚུལ་ཁྲིམས་བསྲུང་བ་ནི་ངེས་པར་འབྱུང་བའི་ཆེད་དུ་ཡིན་པས་ངེས་འབྱུང་གི་ཚུལ་ཁྲིམས་ཞེས་སྦྱར་བ་ལྟ་བུའོ། །བདུན་པ་གོ་ཆའི་བསྒྲུབ་པ་ལ་མཚན་ཉིད། འཇུག་པའི་དོན་གྱི་སྦྱོར་བ་ཕར་ཕྱིན་དྲུག་ཡན་ལག་ཏུ་བསྒོམ་པར་བྱ་བའོ། །དབྱེ་བ་ཕ་རོལ་དུ་ཕྱིན་པ་དྲུག་རེ་རེར་དྲུག་དྲུག་ཕྱེ་ནས་སློབ་པའོ། །བརྒྱད་པ་འཇུག་པའི་བསྒྲུབ་པ་ལ༑ མཚན་ཉིད་རྣམ་མཁྱེན་ཐོབ་བྱེད་ཀྱི་བྱ་བའོ། །དབྱེ་བ་ནི་འཇུག་པའི་ཡུལ་དགུ་ཡོད་པས་ཡུལ་ཅན་གྱི་བྱ་བ་འཇུག་བསྒྲུབ་དགུ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ལྡང་བའི་འཇུག་པ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་དྲུག་གི་འཇུག་པ་དང་། འཕགས་པའི་ལམ་གྱི་འཇུག་པ་དང་། བྱམས་པ་ལ་སོགས་པ་ཚད་མེད་པའི་འཇུག་པ་དང་༑ དམིགས་པ་མེད་པ་དང་ལྡན་པའི་འཇུག་པ་དང་། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་། མངོན་ཤེས་དྲུག་གི་འཇུག་པ་དང་། རྣམ་པ་ཀུན་མཁྱེན་པའི་ཡུལ་ལ་འཇུག་པའོ། །ལོ་ཆེན་གྱིས་འདིར་མི་སློབ་པའི་ལམ་ནི་ལམ་གྱི་དབྱེ་བ་ཙམ་དུ་བཀོད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པར་མ་འདུས་པ་ཐེག་པ་ཆེན་པོ་མི་སློབ་པའི་ལམ་ནི་མེད་དོ༑ །རྣམ་པ་ཐམས་ཅད་མཁྱེན་པ་ལ་འཇུག་པའི་ལམ་ནི་དེ་ཐོབ་པའི་གནས་སྐབས་ན་དེ་ཐོབ་པར་བྱེད་པའི་བྱ་བ་ཡིན་གྱི། དེ་ཐོབ་ཟིན་ནས་ནི་བསྒྲུབ་པ་རྒྱུན་ཆད་པས་འཇུག་པའི་བྱ་བ་མེད་པ་ཉིད་དོ༑ །གཞན་ལ་ནི་མི་ཉམས་པ་དང་ཁྱད་པར་དུ་འགྲོ་བའི་དོན་དུ་ཞུགས་ནས་ཀྱང་བྱ་བ་ཡོད་པ་ཉིད་དོ། །དགུ་པ་ཚོགས་ཀྱི་བསྒྲུབ་པ་ལ། མཚན་ཉིད་ཐེག་ཆེན་ལ་ཞུགས་པ་མཐར་ཐུག་པར་བྱ་བའི་བྱ་བ། དབྱེ་བ། སྙིང་བརྩེ་བ་ཆེན་པོའི་ཚོགས་དང་། སྦྱིན་པའི། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི། ཞི་གནས་ཀྱི༑ ལྷག་མཐོང་གི །ཟུང་དུ་འབྲེལ་བའི། ཐབས་ལ་མཁས་པའི། ཡེ་ཤེས་ཀྱི། བསོད་ནམས་ཀྱི། ལམ་གྱི། གཟུངས་ཀྱི། ས་བཅུའི་གཉེན་པོའི་ཚོགས་ཏེ་བཅུ་བདུན་ནོ། སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། ས་དང་པོ་རབ་ཏུ་དགའ་བ་ལ་ཡོངས་སྦྱོང་བཅུ། གཉིས་པ་དྲི་མ་མེད་པར་བདུན། གསུམ་པ་འོད་བྱེད་པར་ལྔ༑ བཞི་པ་འོད་འཕྲོ་བར་བཅུ། ལྔ་པ་སྦྱང་དཀའ་བར་བཅུ། དྲུག་པ་མངོན་དུ་གྱུར་པར་བཅུ་གཉིས། བདུན་པ་རིང་དུ་སོང་བར་སྤང་བྱ་ཉི་ཤུ་དང་བྲལ་བ་དང་། དེའི་གཉེན་པོ་ཉི་ཤུ༑ བརྒྱད་པ་མི་གཡོ་བར་བརྒྱད། དགུ་པ་ལེགས་པའི་བློ་གྲོས་ལ་ཡོངས་སུ་སྦྱོང་བ་བཅུ་གཉིས་བཤད་ལ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ཡོངས་སྦྱོང་མ་བཤད་དེ། འབྲས་བུའི་ས་ཉིད་ཀྱི་རྒྱུའི་ས་རྣམས་ལས་རིགས་མི་འདྲ་བར་གྲུབ་པས་སྦྱོང་བྱེད་ཐ་དད་པས་ཐ་དད་པར་བཞག་མི་དགོས་པའི་ཕྱིར་རོ། བཅུ་པ་ངེས་པར་འབྱུང་བའི་བསྒྲུབ་པ་ལ་མཚན་ཉིད། མཐར་ཐུག་པའི་བསྒྲུབ་པ༑ དབྱེ་བ། ཆེད་དུ་བྱ་པའི་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་སེམས་ཅན་གྱི་དོན་གྱི་འབད་པའམ་ལྷུན་གྱིས་གྲུབ་པའི། མཐའ་ལས་འདས་པའི། ཐོབ་པའི་མཚན་ཉིད་ཀྱི། རྣམ་པ་ཀུན་མཁྱེན་པར། ལམ་གྱི་ཡུལ་ཅན་གྱི་ངེས་པར་འབྱུང་བ་བརྒྱད། གང་ནས་ངེས་པར་འབྱུང་ན་ཁམས་གསུམ་ནས། གང་ངེས་པར་འབྱུང་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བར་རོ༑ །འདིར་དེ་ནས་དེར་ངེས་པར་འབྱུང་བྱེད་ཙམ་བཀོད་པས་བསྒྲུབ་པའོ། །དེས་ན་ལོ་ཆེན་གྱིས། གོ་ཆ་ནི་རྒྱུད་པའི་སྦྱོར་བ་སྟེ་ཚོགས་ལམ་ཉིད་དོ། །འཇུག་པ་ནི་དངོས་ཀྱི་སྦྱོར་བ་སྟེ་སྦྱོར་བའི་ལམ་ཡིན་ནོ། ཚོགས་ལ་གཟུངས་ཀྱི་ཚོགས་ཡན་ལག་བཅོ་ལྔ་ནི་ཆོས་མཆོག་ཆེན་པོའོ། །སའི་ཚོགས་ལས་རབ་ཏུ་དགའ་བ་ནི་མཐོང་ལམ་མོ། །གཞན་དགུ་ནི་སྒོམ་ལམ་མོ། །གཉེན་པོ་ནི་མཐོང་ལམ་དང་སྒོམ་ལམ་མོ། །ངེས་པར་འབྱུང་བ་ལྷུན་གྱིས་གྲུབ་པ་ནི་ཁྱད་པར་གྱི་ལམ་སྟེ། དང་པོ་ཐོབ་པའི་ས་མཚམས་སོ་ཞེས་གསུངས་ལ། དེ་ལྟར་རྒྱས་པར་བསྟན་པའི་ཆོས་བཅུ་པོ་དེ་ཡང་དོན་བཞིར་འདུ་སྟེ། བསྒྲུབ་པ་པོའི་གང་ཟག་དང་། བསྒྲུབ་པའི་དམིགས་པ་དང་། བསྒྲུབ་པའི་ཆེད་དུ་བྱ་བ་དང་། བསྒྲུབ་པའི་རང་བཞིན་ནོ། །གང་ཟག་ནི་ཆོས་བཞིས་ཁྱད་པར་དུ་བྱས་པ་སྟེ། བསམ་པ་དང་། གདམས་ངག་དང་། སྦྱོར་བ་དང་། རིགས་ཀྱི་ཁྱད་པར་བཞིས་ཁྱད་པར་དུ་བྱས་པའོ། །དེ་དག་ཀྱང་རིམ་པ་བཞིན། སེམས་བསྐྱེད་པ་དང་༑ གདམས་ངག་དང་། ངེས་པར་འབྱེད་པའི་ཡན་ལག་དང་། རྟེན་རྣམས་ཡིན་ནོ། བསྒྲུབ་པའི་རང་བཞིན་ནི་གོ་ཆ་དང་། འཇུག་པ་དང་། ཚོགས་དང་ངེས་པར་འབྱུང་བ་སྟེ། ཐེག་པ་ཆེན་པོ་ལ་འཇུག་པའི་ལྡོག་པ་དང་། འཇུག་པའི་བྱ་བ་དང་། ཞུགས་ནས་མཐར་ཐུག་པར་བྱེད་པའི་ལྡོག་པ་དང་། མཐར་ཐུག་པའི་རང་བཞིན་ནོ།། །།དངོས་པོ་གཉིས་པ་ལམ་ཤེས་ཀྱི་མངོན་རྟོགས་ཀྱི་དབྱེ་བ་དང་པོ་ལམ་ཤེས་སྐྱེ་བའི་རྟེན་ལ། རྟེན་གྱི་ངོ་བོ་ཉིད་གེགས་དང་བྲལ་བ། བདག་པོའི་རྐྱེན་སེམས་བསྐྱེད་པ། རྒྱུའི་རྐྱེན་རིགས་དང་ལྡན་པ། འཁོར་བ་མི་འདོར་བའི་རང་བཞིན་ཅན། དེ་གཞན་ལ་ཕན་པ་མི་སྒྲུབ་པའི་ལས་ཅན་ཁྱད་པར་བཞི་དང་ལྡན་པ་སྟེ་ལྔས་བསྟན་པར་སློབ་དཔོན་སེང་གེ་བཟང་པོ་བཞེད་པ་སྟེ་འདིར་འོས་ཏེ། རྒྱུའི་དུས་སུ་རིགས་ངེས་པ་གསུམ། ལམ་གྱི་དུས་སུ་ལ་ལ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ལ་ལ་ནི་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །ལ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་འབྱུང་ལ། དེས་བགྲོད་བྱ་ལམ་གྱི་ཤེར་ཕྱིན་གསུམ། འབྲས་བུ་བྱང་ཆུབ་རྣམ་པ་གསུམ་དུ་ངེས་པར་བཞག་པས་སོ། །ཐེག་པ་གཅིག་ཏུ་བསྟན་པའི་ལུང་མ་ངེས་པའི་རིགས་ཅན་དག་གི་དབང་དུ་མཛད་པ་ཡིན་ཏེ་དེ་ཡང་། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་ཡང་ཀུན་ཏུ་གཟུང་བའི་ཕྱིར༑ །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་པས་སོ། །གཉིས་པ་སློབ་མ་ཉན་ཐོས་ཀྱི་ལམ་ནི། ལམ་གྱི་ངོ་བོ་དང་། དེ་བསྐྱེད་པའི་སྦྱོར་བས་ཏེ། དང་པོས་ནི་དེའི་འཕགས་ལམ་བསྟན། གཉིས་པས་སྦྱོར་ལམ་དང་། དེའི་སྔོན་གྱི་ཚོགས་ལམ་གཟུང་ངོ་། །དེ་ལ་དང་པོ་ནི་ངོ་བོ་མི་དམིགས་པའི་ཁྱད་པར་ཅན་གྱི་རྣམ་པ་བཅུ་དྲུག་མཐོང་བའོ། །རྣམ་པ་ཡང་སྐྱེ་བ་དང་འཇིག་པས་ནི་མི་རྟག་པའོ་ཞེས་ནས་མངོན་པར་འདུ་བྱེད་པ་མེད་པའི་བར་རྩ་དྲུག །ཉན་ཐོས་རང་གཞུང་གིས་རྣམ་པ་བཅུ་དྲུག་བསྟན་པ་དང་མིང་མི་འདྲ་ཡང་དོན་གཅིག །གཉིས་པ་དེ་བསྐྱེད་བའི་སྦྱོར་བ་ནི། ཉན་ཐོས་ཀྱིས་ངེས་འབྱེད་ཡན་ལག་བཞི། དེའི་མངོན་དུ་འགྲོ་བས་ཚོགས་ལམ་ཡང་ཤུགས་ཀྱིས་བསྟན་ནོ། །དཔྱད་ན་སྤྱིར་ལམ་ལྔའི་མཚན་ཉིད་རིམ་པ་བཞིན་ཐར་པའི་ཆ་དང་མཐུན་པའི་མངོན་རྟོགས་ཚོགས་ལམ་གྱི་མཚན་ཉིད། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མངོན་རྟོགས་སྦྱོར་ལམ་གྱི། བདེན་པ་གསར་དུ་མཐོང་བའི་མངོན་རྟོགས་མཐོང་ལམ་གྱི། རྗེས་ལ་མངོན་རྟོགས་སྒོམ་ལམ་གྱི། མཐར་ཐུག་པའི་ལམ་མི་སློབ་ལམ་གྱིའོ། །དེ་ལས་ཐར་པའི་ཆ་དང་མཐུན་པའི་ཉན་ཐོས་ཀྱི་མངོན་རྟོགས། ཉན་ཐོས་ཀྱི་ཚོགས་ལམ་དུ་བཞག་པ་བཞིན་གྱི་ལམ་ལྔ་གསུམ་བཅོ་ལྔ་ཀུན་ཤེས་པར་བྱའོ། །དཔེར་ན་ལམ་གྱི་རྒྱུད་ཤེས་པ་དང་། ལམ་དེ་རང་ལ་ཞུགས་ནས་འགྲོ་བའི་ཁྱད་བཞིན། བྱང་ཆུབ་སེམས་དཔའ་ནི། ཉན་ཐོས་ཀྱི་དེ། གཞན་དེ་ལ་འགོད་པའི་ཕྱིར་ཤེས་པར་བྱ་བ་ཡིན་ལ་རང་ཉིད་དེ་ལས་ངེས་པར་འབྱུང་བའི་ཕྱིར་མི་བསྒོམ་པས༑ སྔ་མ་རང་རྒྱུད་པས། དེ་དག་གི་ལམ་གཞུང་མ་དང་། ཕྱི་མ་ཤེས་པར་བྱ་བའི་ལམ་མོ། །དེས་ཤེས་བྱའི་ལམ་དང་། མངོན་དུ་བྱ་བའི་ལམ་བརྡའ་ཆད་ཀྱི་སོ་སོར་ངེས་པར་བསྟན་ནོ༑ །འདིའི་སྦྱོར་བ་ལོ་ཆེན་གྱིས། དེ་བསྐྱེད་པའི་སྦྱོར་བ་ནི་ས་བརྒྱད་པ་ལ་སོགས་པར་ཉན་ཐོས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་འཇིག་རྟེན་པའི་ཤེས་པ་ཡིད་ལ་བྱེད་པས་དྲོད་ལ་སོགས་པ་དང་འདྲ་བས་དྲོད་ལ་སོགས་པ་ཡིན་པར་བརྗོད་དོ་ཞེས་གསུངས་པས། བྱང་སེམས་ཀྱི་འཇིག་རྟེན་པའི་སེམས་ལ་དྲོད་ལ་སོགས་པར་བཏགས་པར་ཟད་དོ། །ཉན་ཐོས་དེ་དག་ཚུལ་ཁྲིམས་ལ་བརྟེན་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་ཏེ་ལུང་རིགས་ཀྱིས་བདེན་བཞིའི་རྣམ་པ་བཅུ་དྲུག་ཤེས་པར་བྱས་ནས། དྲན་པ་ཉེར་བཞག་བཞི་བསྒོམ། སྦྱོར་ལམ་བཞིར་ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་བཞི། དབང་པོ་ལྔ་སྟོབས་ལྔ་རིམ་པ་བཞིན། དྲོད་རྩེ་བཟོད་པ་ཆུང་དུ་གསུམ་དུ་ཁམས་གསུམ་གྱི་བདེན་པ་བཞི་རྣམ་པ་མི་རྟག་སོགས་བཅུ་དྲུག་མཚུངས་པར་བསྒོམ༑ འབྲིང་ནས་དང་པོར་ལམ་གྱི་བཞི་དོར་ནས་བཅུ་གཉིས་བསྒོམ། དེ་ནས་འགོག་པའི་བཞི་དོར། དེ་ནས་ཀུན་འབྱུང་གི་བཞི་དོར། དེ་ནས་དུཿཁའི་གཅིག་དོར། གཉིས་དོར་ནས་གཉིས་བསྒོམ། དེ་ལ་སྲེད་པ་ཤས་ཆེ་ན་ལེ་ལོ་དང་ང་རྒྱལ་གྱི་གཉེན་པོར་མི་རྟག་དུཿཁ་གཉིས། ལྟ་བ་ཤས་ཆེ་ན་བདག་དང་བདག་གིར་ལྟ་བ། གཉེན་པོ་བདག་མེད་དང་། སྟོང་པ་བསྒོམ་མོ༑ །དེ་ནས་བཟོད་ཆེན་དང་། ཆོས་མཆོག་འདོད་ཁམས་ཀྱི་སྡུག་བསྔལ་ཕུང་པོ་ལྔ་ལ་དམིགས་པ་སྐད་ཅིག་མ་རེ་རེའོ། །མཐོང་ལམ་ནི་ཆོས་མཆོག་གི་རྗེས་སུ་འདོད་ཁམས་ཀྱི་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པ་བར་ཆད་མེད་ལམ་གྱིས་བསྡུས་པའི་ཆོས་བཟོད་དེ་ཉིད་རྣམ་གྲོལ་ལམ་གྱི་བསྡུས་པ་ཆོས་ཤེས། དེའི་རྗེས་སུ་ཁམས་གོང་གི་སྡུག་བསྔལ་རྟོགས་པའི་བར་ཆད་མེད་ལམ་རྗེས་བཟོད་དེའི་རྣམ་གྲོལ་ལམ་ནི་རྗེས་ཤེས་ཏེ། དེ་བཞིན་དུ་བདེན་པ་གཞན་གསུམ་ལའང་སྦྱར་བས་སེམས་ཀྱི་སྐད་ཅིག་བཅུ་དྲུག །དེ་ཡང་བཟོད་པ་རེ་ཤེས་པ་རེ་སྤེལ་བས་བཟོད་དང་ཤེས་པ་གོ་རིམ་བཞིན་བར་ཆད་མེད་དང་རྣམ་གྲོལ་ལམ་ཞེས་མཛོད་ལས་གསུངས། དེའི་སྐད་ཅིག་བཅོ་ལྔ་ཚུན་མཐོང་ལམ་ཡིན་ལ་ཐམས་ཅད་ཀྱང་ཆོས་མཆོག་དང་ས་གཅིག་གོ །སྒོམ་ལམ་ནི་འདོད་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་དེ་ས་དགུ་པོ་རེ་རེ་ལ་སྒོམ་སྤངས་ཀྱི་ཉོན་མོངས་པ་དགུ་དགུ་སྟེ་གྱ་གཅིག་གི་གཉེན་པོར་འགྱུར་བའོ། །ཅིག་ཅར་བ་ལ་ནི་ཁམས་གསུམ་གྱི་ཉོན་མོངས་བསྒྲིལ་ནས་སྤོང་བས་དགུར་སྐྱེའོ། །མཐོང་སྒོམ་གཉིས་ནི་བྱང་ཆུབ་ཡན་ལག་བདུན་དང་། འཕགས་ལམ་ཡན་ལག་བརྒྱད་ཡིན་ནོ། །མི་སློབ་ལམ་ནི་སྲིད་རྩེའི་ཉོན་མོངས་དགུ་ཟད་པ་ཐོབ་ཅིང་ཤེས་པ་ཡིན་ནོ། །དེ་ལྟ་བུའི་ཟག་པ་མེད་པའི་ལམ་ལ་དགེ་སྦྱོང་གི་ཚུལ་ཞེས་བྱ། དེ་ཡང་མཐོང་སྒོམ་ཟག་པ་མེད་པ་ལ་བརྟེན་པ་འབྲས་བུ་བཞི༑ འབྲས་བུའི་ངོ་བོ་ནི་ལམ་བདེན། རྣམ་གྲོལ་ལམ། དེས་ཐོབ་པའི་འགོག་བདེན་སྤངས་བ་གཉིས། དེས་འབྲས་བུ་འདུས་བྱས་འདུས་མ་བྱས། དེ་ཡང་མཐོང་སྤངས་སྤངས་པའི་རྣམ་གྲོལ་ལམ་བརྒྱད་དང་། སྒོམ་སྤངས་ལས་གྲོལ་བའི་སྒོམ་ལམ་གྱ་གཅིག་སྟེ་བརྒྱད་ཅུ་རྩ་དགུ། དེ་དག་དང་གྲངས་མཐུན་པའི་སྤངས་པ་བརྒྱད་ཅུ་རྩ་དགུའོ། གསུམ་པ་བསེ་རུ་ལྟ་བུའི་ལམ་ལ། ངོ་བོ་དང་སྦྱོར་བ་གཉིས། དང་པོ་ལ་འབྲས་བུའི་ཁྱད་པར། རང་བཞིན་གྱི། རྟེན་གྱི་ཁྱད་པར་གསུམ། དང་པོ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །ཞེས་པ་འདིས་བདག་ཉིད་ལ་གཞན་གྱིས་བསྟན་མི་དགོས་པར་བྱང་ཆུབ་ཐོབ་པ་དང་། ཡང་གི་སྒྲས་རང་གིས་མ་བརྗོད་པར་གཞན་གྱིས་རྟོགས་པར་བྱེད་པ་བསྟན༑ དང་པོ་ནི་མཉམ་བཞག་གི་ཡེ་ཤེས། ཕྱི་མ་རྗེས་ཐོབ་ཀྱི་ཡེ་ཤེས་ཏེ་དེ་གཉིས་ལ་ཟབ་པར་བརྗོད་དོ། །རང་རྒྱལ་རང་གི་རྒྱུད་ཉིད་ལ་འབྲས་བུ་དེ་བསྐྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་ཐབས་ཤེས་པས་གཞན་ལ་བསྟན་པས་གཞན་གྱི་རྒྱུད་ལ་འབྲས་བུ་དེ་ཐོབ་པར་བྱེད་པའོ། །རང་བཞིན་གྱི་ཁྱད་ནི། དེ་ནི་ཉན་ཐོས་ལས་རྟོགས་པ་ལྷག་ལ། སངས་རྒྱས་ལས་དམན་པ་སྟེ་གང་གི་ཞེ་ན། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་ཞེས་པས་སོ། །རྟེན་གྱི་ཁྱད་པར་ནི། ལམ་ཐོབ་པར་བྱ་བའི་དོན་དུ་སྒོམ་པ་པོ་རང་རྒྱལ་གྱི་རིགས་ཅན། རྗེས་སུ་བྱེད་པའི་ལམ་གྱི་རྟེན་བྱང་སེམས་སོ། །གཉིས་པ་སྦྱོར་བ་ངེས་འབྱེད་ཆ་མཐུན་བཞི་པོ་དམིགས་པ་ལ་སོགས་པ་དྲུག་གིས་ཁྱད་པར་དུ་འཕགས་པ་ཉིད་རང་སངས་རྒྱས་ཀྱི་ལམ་བསྐྱེད་པའི་ཐབས་ཀྱི་ཁྱད་པར་གྱིས་ཟིན་པ་དང་པོའི་སྦྱོར་བ་ཡིན་ལ། ཕྱི་མ་ནི་ས་བརྒྱད་བར་དེའི་ངེས་འབྱེད་ཀྱི་རྗེས་སུ་བྱེད་པས་སོ། རང་རྒྱལ་དེ་ཡང་དབང་པོ་རྣོ་འབྲིང་རཏལ་བས་བསེ་རུ་ལྟ་བུ་དང་། སྤྱོད་པ་དང་ཚོགས་སུ་དབྱེ་པ་ཤཱིནྟ་པའི་ཐེག་གསུམ་རྣམ་འབྱེད་ལས་གསལ་བར་བྱུང་ལ། བསེ་རུ་བསྐལ་པ་བརྒྱའི་རྒྱུས་ཞེས་པ་བསྐལ་པ་བརྒྱའི་བར་དུ་ངེས་འབྱུང་གི་ཚུལ་ཁྲིམས་བསྲུང་། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས། ཐར་པ་ཆ་མཐུན་རྫོགས། ད་དུང་སྐྱེ་བ་ལེན་པར་ཤེས་ནས་དེར་རང་བྱུང་ཐོབ་པར་བྱ་བའི་ཕྱིར། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་སྦྱངས་ཏེ་འཆི་ཁར་སངས་རྒྱས་དང་། ཉན་ཐོས་མེད་པའི་ཞིང་སྟོང་དུ་སྐྱེ་བར་གྱུར་ཅིག །དེས་ཀྱང་གཞན་ལ་མ་བལྟོས་པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པར་གྱུར་ཅིག །བྱང་ཆུབ་ཐོབ་པ་ན་གདུལ་བྱ་ལ་ལུས་ཀྱིས་སྙིང་བརྩེ་བར་བྱེད་ཅིང་ངག་གིས་སྙིང་བརྩེ་བ་བྱེད་པར་མ་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ། ཚོགས་གསོག་པ་དང་། བསྐལ་པ་བརྒྱའི་གསུམ་གཉིས་ཙམ་དུ་ཚོགས་བསགས་པས་བཟོད་པ་འབྲིང་མན་ཆད་སྐྱེས་ནས་མཁས་པར་བྱེད་ཅིང་སྨོན་ལམ་འདེབས་པ་དང་། བསྐལ་པ་བརྒྱའི་གསུམ་ཆ་ཙམ་དུ་བསགས་ནས་བཟོད་ཆེན་གྱི་བར་ཐོབ་ནས་མཁས་པ་དང་། སྨོན་ལམ་སྦྱངས་ཏེ་ལམ་ལྷག་མ་བགྲོད་དགོས་སོ། །ལམ་བགྲོད་པའི་ཁྱད་པར་ནི་དེ་ནས་ཤི་འཕོས་ཏེ་ཞིང་སྟོང་གླིང་གསུམ་གྱི་སྐྱེས་པ་དམངས་རིགས་མིན་པ་ཞིག་ཏུ་སྐྱེས་ནས་ཁྱིམ་ནས་ཁྱིམ་མེད་པར་རང་བྱུང་གིས་བསྙེན་པར་རྫོགས། མི་སྡུག་པའི་ཡིད་ལ་བྱེད་པས་མ་རིག་པ་ནས་རྒ་ཤིའི་བར་ལུགས་འབྱུང་ལུགས་ཟློག་རྟོགས་པའི་དོན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་བསྒོམས་པས་སྦྱོར་ལམ་ལྷག་མ་མཐོང་སྒོམ་མི་སློབ་ལམ་རྣམས་སྟན་གཅིག་ལ་མངོན་དུ་བྱེད་དོ། །མཐོང་སྤངས་ཀྱི་སྒྲིབ་པ་དང་། ཤེས་སྒྲིབ་གཟུང་རྟོག་སྤོང་༑ སྒོམ་སྤངས་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་། ཁམས་གོང་གི་ཉོན་སྒྲིབ་དགུར་དྲིལ་ཏེ་སྤོང་ང་ོ། །འདོད་ཁམས་ཀྱི་ཉོན་མོངས་ནི་འཇིག་རྟེན་པའི་ལམ་གྱིས་སྤངས་ཏེ་བསམ་གཏན་བཞི་པ་ཐོབ་པ་མ་ཉམས་པས་སོ། །འདིར་བསྐལ་པ་བརྒྱ་ཅེས་བཞག་པ་ཡང་བསྐལ་ཆེན་གྲངས་མེད་གཅིག་ལ་དེ་སྐད་བཏགས་པར་སློབ་དཔོན་རྣམས་འཆད་དོ། །བཞི་པ་བྱང་ཆུབ་སེམས་དཔའི་མཐོང་ལམ་ལ། ངོ་བོ་དང་ཡོན་ཏན་གྱི་ཁྱད་པར་ཏེ། དང་པོ། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ཀྱི་བསྟན་ཏེ། སྦྱོར་ལམ་ཆོས་མཆོག་མཐའ་མའི་རྗེས་ཐོགས་དེ་ཁར་སྡུག་བསྔལ་གྱི་བདེན་པ་དང་ལྷན་ཅིག་སོ་སོ་རང་ཉིད་སྡུག་བསྔལ་གྱི་བདེན་པ་ལ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་གིས་སྡུག་བསྔལ་མཐོང་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་དང་། ཤེས་པ་གང་གིས་བཟོད་པའི་རྗེས་ཐོགས་ལ་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། དེའི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ༑ །ཞེས་སོ་སོ་རང་གི་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་ཡིན་པའི་སྐད་ཅིག་མ་རྣམ་པ་བཞི། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ། དེའི་རྗེས་སུ་ཤེས་པའི་བཟོད་པ། དེའི་རྗེས་སུ་ཤེས་པ་བཞི། འགོག་པ་ལ་ཆོས་ཤེས་པའི་བཟོད་པ། དེའི་ཆོས་ཤེས། དེའི་རྗེས་སུ་ཤེས་པའི་བཟོད་པ། དེའི་རྗེས་སུ་ཤེས་པའི་ཤེས་པ་བཞི། ལམ་ལ་ཆོས་ཤེས་པའི་བཟོད་པ། ལམ་ལ་ཆོས་ཤེས་པ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ། ལམ་ལ་རྗེས་སུ་ཤེས་པ་སྟེ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གིས་མཐོང་ལམ་ཐོབ་པ་ཡིན་ནོ། །འདིར་སྐད་ཅིག་མ་ཞེས་པའང་འགྲེལ་ཆེན་ལས། སེམས་ཀྱི་སྐད་ཅིག་ཀྱང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་རྫོགས་པ་ཡིན་པར་གཟུང་ངོ་། །ཞེས་བྱ་རྫོགས་ལ་བཞག་གོ །གཉིས་པ་ཡོན་ཏན་དེ་བཞིན་ཉིད་དང་སངས་རྒྱས་དག་སོགས་ཀྱིས་བསྟན་པ་དག་གོ །ལྔ་པ་སྒོམ་ལམ་གྱི་བྱེད་པ་ནི། མཐོང་ལམ་ཐོབ་པ་དེ་ལ་གོམས་པར་བྱེད་པས་སྒོམ་ལམ། དེ་ཡང་རྟོགས་པ་ན་འཕར་རྒྱུ་ཡོད་པ་རྗེས་ལ་མངོན་རྟོགས་ཞེས་ཀྱང་བྱའོ། །དེའི་བྱེད་པ་ནི་དྲུག་སྟེ། ཞི་བའི་བྱེད་པ་དང་། འདུད་པར། ཉོན་མོངས་ལས་རྒྱལ་བར། གནོད་པས་མི་བརྫི་བར། བྱང་ཆུབ་པར་མཆོད་པའི་ཞིང་དུ་བྱེད་པའོ། །དེ་ལ་དང་པོ་ནི་ཟག་པ་དང་བཅས་པའི་བྱེད་པ་ཡིན་ཏེ། མངོན་དུ་རྒྱུ་ཉེ་བར་གནས་པའི་ཕྱིར་རོ། །གཉིས་པ་ནི་བསྒྲུབ་པའི་བྱེད་པ་ཡིན་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཕན་ཡོན་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཤིན་ཏུ་རྣམ་པར་དག་པའི་བྱེད་པ་ཡིན་ཏེ། རྣམ་པར་རྟོག་པ་སྤངས་པ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་གསུམ་ནི་གསུམ་པོ་ཐུན་མོང་གི་ཕན་ཡོན་དུ་བལྟའོ། །དྲུག་པ་སྒོམ་ལམ་མོས་པ་ཡིད་བྱེད་ནི། ཟག་པ་མེད་པའི་སྒོམ་པའི་ལམ་གྱི་ཉེར་བསྡོགས་ཏེ། ཟག་མེད་རྣམས་སྒོམ་པ་ལ་འཇུག་པའི་ཚེ་དེ་དག་གི་ཡོན་ཏན་ཚད་མའི་སྟོབས་ཀྱིས་ངེས་པར་འཛིན་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པ་ཡིན། །དེས་མཚན་ཉིད་ཟག་མེད་སྒོམ་ལམ་གྱི་ཉེར་བསྡོགས་སོ། །དེའི་ཕྱིར་འདི་ཟག་མེད་ཀྱི་འབྲས་བུ་དངོས་སུ་མི་སྐྱེ། ཟག་མེད་དེ་ལ་མོས་པ་འཇུག་པས་འབྲས་བུ་བསྐྱེད་པའི་ནུས་པ་ངེས་པར་འཛིན་པས་དེའི་རྟེན་ཡིན་ནོ། །དབྱེ་བ་ནི་ལོ་ཆེན་གྱིས། ཤེས་ཕྱིན་རང་གི་ངོ་བོ་ལ་མི་དངང་བ་ལ་སོགས་པས་ཡིད་ཆེས་པ། དེ་ལ་བརྟེན་པའི་ཡོན་ཏན་ལ་ཡིད་ཆེས་པ། དེ་འདྲ་བ་ཡོན་ཏན་ཅན་དེ་ཐོབ་པར་རུང་བ་ཉིད་དུ་ངེས་པ་སྟེ། དེ་ཡང་དང་པོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ཐོབ་པའི་གནས་སྐབས་ན་ནི་རང་དོན་ཏེ། རང་ཉིད་ཀྱི་དོན་ཆེས་ཆེར་འཛིན་པས་སོ། །མ་དག་ས་བདུན་ན་ནི། རང་གཞན་གཉིས་ཀྱི་དོན་ཏེ་རང་དང་གཞན་མཉམ་པར་རྟོགས་པར་རང་ཉིད་གཙོ་བོར་མི་བྱེད་པས་སོ། །དག་པ་ས་གསུམ་ལ་ནི། གཞན་གྱིས་དོན་དེ་བདག་འཛིན་ཉེ་བར་ཞི་བས་གཞན་འབའ་ཞིག་གི་དོན་ལས་རང་གི་དོན་ཐ་དད་མེད་པའོ། །ཞེས་གསུངས་པ་དེས་ན་རང་དོན༑ གཉིས་ཀའི་དོན། གཞན་ཁོ་ནའི་དོན་དུ་བར་ཆད་མེད་པར་སྦྱོར་བ་གསུམ། རེ་རེའང་ཆུང་འབྲིང་ཆེན་པོར་བྱེད་པས་དགུ། སླར་ཆུང་ངུའི་ཆུང་ངུ་སོགས་སུ་དབྱེ་བས་དགུ་ཚན་དེ་ཡང་རྣམ་པ་གསུམ་དུ་འགྱུར་པས་ཉི་ཤུ་རྩ་བདུན་ནོ། །བདུན་པ་བསྟོད་བཀུར་བསྔགས་པ་ཡིད་བྱེད་ནི། དེ་སྒོམ་པར་བྱེད་པ་ལ་སྤྲོ་བ་སྐྱེད་པ་སྟེ། ཡང་སྔ་མ་བཞིན་ཉེར་བདུན། བརྒྱད་པ་བསྔོ་བ་ཡིད་བྱེད་ནི་ལོ་ཆེན་གྱིས་གང་གི་དོན་དུ་གང་ཞིག་བྱེད་པ་པོ་གང་གིས་བསྔོ་བའི་བསྔོ་བ་ཅི་འདྲ་བ་ལས་འབྲས་བུ་གང་འཛིན་པ་ལ་བལྟོས་ཏེ་མཚན་ཉིད་བཅུ་གཉིས་སོ་ཞེས་གསུངས་པས། གང་གི་དོན་དུ་ན། དོན་དུ་གཉེར་བའི་ཁྱད་པར་ཏེ་བྱང་ཆུབ་ཆེན་པོའི་ཆེད་དུའོ། །གང་ཞིག་བསྔོ་ན་འདས་པ་དུས་གསུམ་གྱི་དགེ་བའི་རྩ་བ་ཡིན་ལ། དེ་ཡང་བསྔོ་བར་བྱ་བ་དམིགས་པ་དང་༑ མཚན་མའི་རང་བཞིན་དང་བྲལ་བ་ནི་བསྔོ་བར་བྱ་བའི་ཁྱད་པར། ཕྱིན་ཅི་ལོག་གི་འཛིན་པ་མེད་པའི་སེམས་དབེན་པར་རྟོགས་པའི་ཤེས་རབ་དང་ལྡན་པ་ནི། གང་གི་བསྔོ་བར་བྱེད་པའི་ཁྱད་པར་ཆེད་དུ་བྱ་བ་དེ་དོན་དུ་གཉེར་བས་རང་བཞིན་མེད་པའི་དགེ་བ་དེ་སེམས་དེ་འདྲ་བས་བསྔོ་བར་བྱེད་པ་ན། ཆེད་དུ་བྱ་བ་དེ་དང་། ཡུལ་དེ་དང་། བྱེད་པ་པོ། དེའི་ཁྱད་པར་ཅན་བསྔོ་བའི་བྱེད་པ་གང་ཞིག་བྱེད་པ་པོའི་སེམས་ཀྱི་ཆོས་སུ་གྱུར་པ་བསྔོ་བ་སྟེ། དེ་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་ནི་རྣམ་པ་ལྔ་སྟེ། ཇི་ལྟར་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དུ་བསྔོ་བའི་ཆེད་དུ་བྱ་བ་དང་། ཡུལ་དང་བྱེད་པ་པོ་དང་། བྱེད་པ་དེ་ཉིད་ཀྱང་མྱ་ངན་ལས་འདས་པར་དྲན་པར་བྱ་བ་ཉིད་དུ་རྟོགས་པ་དང་། སྦྱིན་པ་ལ་སོགས་པ་ཐབས་དང་བཅས་པ་དང་། མཚན་མའི་དུག་གིས་མ་ཟིན་པ་དང་། སངས་རྒྱས་ཀྱིས་ཅི་འདྲ་བ་མཁྱེན་པ་དང་། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་ལྷག་པར་མོས་པ་དང་། ཁམས་གསུམ་པའི་འབྲས་བུ་མི་འཛིན་པ་དང་ཁམས་གསུམ་པར་མ་གཏོགས་པའི་མཚན་ཉིད་ལྔས་ཁྱད་པར་དུ་འཕགས་པའོ། །བསོད་ནམས་ཇི་ཙམ་འཛིན་པའི་དབང་དུ་བྱས་པ་ནི་ནུས་པ་སྟེ། དེའི་ཁྱད་པར་ནི་གསུམ༑ འཇིག་རྟེན་པའི་དགེ་བ་བཅུ་ནས་ལྔའི་བར་ལ་བཀོད་པ་དང་། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་ལ་བཀོད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་སྟོང་གསུམ་གང་བ་ལ་མཆོད་པའི་བསོད་ནམས་པས་བསོད་ནམས་ཆུང་དུ་དང་འབྲིང་དང་ཆེན་པོ་ཡོངས་སུ་འཛིན་པར་བྱེད་ནུས་པའོ། །དེ་ཡང་། ཆུང་ངུའི་ཆུང་ངུ་སོགས་ཉེར་བདུན་དུ་འབྱེད་པ་སྔར་བཞིན་ནོ། །དགུ་པ་རྗེས་སུ་ཡིད་རང་བ་ཡིད་ལ་བྱེད་པ་ནི། ཀུན་རྫོབ་དང་དོན་དམ་པའི་ཡུལ་ཅན་རང་དང་གཞན་གྱི་དགེ་བ་དུས་གསུམ་པ་ལ་རྗེས་སུ་ཡི་རང་རོ་མྱང་བ་དང་། མངོན་པར་དགའ་བ་ཉིད་དུ་བྱེད་པ་སྟེ། སྔར་བཞིན་ཉེར་བདུན་དུ་འབྱེད་དོ། །བཅུ་པ་བསྒྲུབ་པ་སྒོམ་ལམ་ནི། ལོ་ཆེན་གྱིས། ཟག་པ་མེད་པའི་སྒོམ་ལམ་ལ་གཉིས་ཏེ༑ གཞན་དབང་མངོན་དུ་བྱེད་པས་སྒྱུ་མ་ལྟ་བུར་རྟོགས་པ་དང་། ཡོངས་སུ་གྲུབ་པ་མངོན་དུ་བྱེད་པས་ནམ་མཁའ་ལྟ་བུར་རྟོགས་པའོ། །དང་པོ་ནི་ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་ཡིན་ལ༑ གཉིས་པ་ནི་ཉེས་པ་རྣམ་པར་སེལ་པའི་ལམ་ཡིན་ནོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ནས། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བའི་ཆོས་ཀྱི་དབྱིངས་ལ་འདི་བློ་བཞག །དྲན་རྒྱུད་རྟོག་པ་ཙམ་ཤེས་བསྟན་པ་རྣམས། །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་བྱ་བས་དག་པ་འཇིག་རྟེན་པའི་ཤེས་པའི་བྱེད་པ་གསུངས་པ་དང་། བློ་དང་ལྡན་པའི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་པའི་ས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་བྱ་བས་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་བྱེད་པ་གསུངས་པ་དང་། ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པ། སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི༑ །ཡེ་ཤེས་འབྲས་བུ་ཡིན་པར་བརྗོད། །ཅེས་བྱ་བ་དང་། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་སྤྱོད་པ་དང་། །ཆོས་ཀྱི་སྐུ་ནི་རྫོགས་པའོ༑ །ཞེས་གསུངས་པས། དང་པོའི་མཚན་ཉིད། གཞན་དབང་མངོན་དུ་བྱེད་པས་སྒྱུ་མ་ལྟ་བུར་རྟོགས་པའི་སྒོམ་ལམ། སྒོམ་ལམ་རྗེས་ཐོབ་ཡེ་ཤེས། དག་པ་འཇིག་རྟེན་པའི་ཤེས་པའི་བྱེད་པ་རྣམ་གྲངས་དབྱེ་བ། ལོ་ཆེན་གྱིས། དེ་ལ་བསྒྲུབ་པ་ནི་ལྔ་སྟེ། གང་གིས་བསྒྲུབ་པར་བྱེད་པའི་རང་བཞིན་ནི་གཞན་གྱི་དབང་ལ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱེད་པའི་ཐབས་དམ་པ་ཉིད་མཆོག་ཉིད་དང་། དངོས་པོ་ཐམས་ཅད་ལ་ཡང་དག་པར་ཡོད་པར་ཞེན་པའི་མངོན་པར་འདུ་བྱེད་པ་མི་བསྐྱེད་པ་དང་སེལ་བར་བྱེད་པས་མངོན་པར་འདུ་མི་བྱེད་པ་ཉིད་དོ། །གང་བསྒྲུབ་པར་བྱ་བ་ལ་བལྟོས་པའི་ནུས་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཡོད་པའི་ཡོན་ཏན་གྱི་ཆོས་རྣམས་མི་དམིགས་པར་ཤེས་པས་དེ་དག་ལ་གནོད་པ་བྱེད་ནུས་པ་དང་། དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པར་བྱེད་ནུས་པའོ། །བཅུ་གཅིག་པ་རྣམ་པར་དག་པའི་སྒོམ་ལམ་གྱི་མཚན་ཉིད་ནི། ཡོངས་སུ་གྲུབ་པ་མངོན་དུ་བྱེད་པ་ནམ་མཁའ་ལྟ་བུར་རྟོགས་པའི་སྒོམ་ལམ། སྒོམ་ལམ་མཉམ་བཞག་ཡེ་ཤེས་སྒོམ་ལམ། འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་བྱེད་པ་དོན་གཅིག །དབྱེ་བ་ལོ་ཆེན་གྱིས། ཤིན་ཏུ་རྣམ་པར་དག་པ་ལ་བཞི་ཏེ། རྒྱུ་དང་། ཡུལ་དང་། འབྲས་བུ་དང་། ངོ་བོ་ཉིད་ཀྱི་ཁྱད་པར་རོ། །རྒྱུའི་ཁྱད་པར་ནི་གཉིས་ཏེ། རྗེས་སུ་མཐུན་པའི་ཆོས་བརྟེན་པ་ནི། སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང་། དོན་དམ་པར་མི་དམིགས་པ་དང་མ་བྲལ་བར་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་དང་། འཕེལ་བ་དང་འགྲིབ་པ་མི་མཐོང་ཡང་༑ ཆོས་གང་ཡང་མི་སྤོང་བར་སངས་རྒྱས་དང་མི་འབྲལ་བ་དང་། དེ་ལ་མཆོད་པ་ལ་སོགས་པའི་རྒྱུའི་དགེ་བ་རྣམས་སེམས་བསྐྱེད་པ་ཙམ་གྱིས་འགྲུབ་པ་དང་། ཉོན་མོངས་པ་ཅན་དང་ཐེག་དམན་དང་མ་འདྲེས་པའི་སེམས་ཀྱིས་སེམས་ཅན་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་སྤོང་བར་བྱེད་པའི་ཐབས་མི་མཁས་པ་སྒོམ་པ་བྱེད་པའོ། །བར་དུ་གཅོད་པའི་ཆོས་སྤོང་བ་ལ་བཞི་སྟེ། དགེ་བ་སྔོན་མ་བསགས་པས་བདུད་ཀྱིས་གནོད་པར་བྱས་པ་དང་། རིགས་མེད་པས་ཆོས་ཟབ་མོ་ལ་མི་མོས་པ་དང་། བློ་གྲོས་མ་སྦྱངས་པས་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། གྲོགས་ངན་པ་སྡིག་པའི་གྲོགས་པོས་ཟིན་པ་དག་སྟེ་དེ་དང་བྲལ་བའོ། །ཡུལ་ནི་དྲི་མ་དང་བཅས་པ་དང་༑ དྲི་མ་མེད་པའི་གནས་སྐབས་གཉིས་ཀ་ལ་ཁྱབ་པར་བྱེད་པའི་ཆོས་ཉིད་དེ། སྤྱིའི་མཚན་ཉིད་དུ་རྣམ་པར་བཞག་པ་རང་བཞིན་གྱི་རྣམ་པར་དག་པའོ། །འབྲས་བུ་ནི་དྲི་མ་མེད་པའི་རྣམ་པར་དག་པའི་འཕགས་པའི་གནས་སྐབས་ཉིད་ལས་གཞན་ན་མེད་པ་ཁྱད་པར་གྱི་མཚན་ཉིད་དུ་རྣམ་པར་བཞག་པའོ། རང་གི་ངོ་བོ་ཉིད་ནི་གཉིས་ཏེ་དབྱེ་བ་དང་། མཚན་ཉིད་དོ། །དབྱེ་བ་ནི༑ ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་ཞེས་བྱ་བའོ། །མཚན་ཉིད་ནི། དེ་ལ་ཀླན་ཀ་སྤངས་པ་ཡི་སོགས་ཀྱིས་སོ་ཞེས་སོགས་གསུང་པའོ། །ལམ་ཤེས་ཀྱི་དངོས་པོ་བཅུ་གཅིག་པོ་དེའང་དོན་ལྔར་གནས་ཏེ། ལམ་སྒོམ་པ་པོའི་གང་ཟག་དང་། དེས་ཤེས་པར་བྱ་བ་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། མངོན་དུ་བྱ་བའི་བྱང་ཆུབ་སེམས་དཔའི་མཐོང་ལམ་དང་། སྒོམ་ལམ་མོ། །ཕྱི་མ་ལ་སྒོམ་ལམ་གྱི་བྱེད་པ་དང་། ཟག་པ་དང་བཅས་པའི་སྒོམ་ལམ་དང་། ཟག་པ་མེད་པའི་སྒོམ་ལམ་གསུམ། ཟག་པ་མེད་པའི་སྒོམ་ལམ་ལ༑ བསྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་ཞེས་ཤེས་པར་བྱའོ།། །།དངོས་པོ་གསུམ་པ་གཞི་ཤེས་ཀྱི་མངོན་རྟོགས་ལ། གནོད་འཇོམས་ལས། དེའི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་རྫོགས་པར་བྱ་འདོད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་བསྟན་དེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤེས་པ་ཉིད་མངོན་སུམ་དུ་མི་མཛད་དུ་ཟིན་ཀྱང་སེམས་ཅན་གྱི་དོན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་དང་། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱེད་པའི་རྒྱུ་མཁྱེན་ནས་སེམས་ཅན་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོགས་པ་ལ་སོ་སོར་འགོད་དེ༑ དེ་བས་ན་ཐམས་ཅད་ཤེས་པ་ཉིད་ཀྱང་། དེས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ཀྱི་རྐྱེན་མ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དེ་ཙམ་གྱིས་རྟོགས་པར་འགྱུར་བས་དགོས་པ་མེད་པའི་ཕྱིར་རོ། །ཞེས་པས། ཀུན་ཤེས་རང་ཉན་རང་གི་བྱ་བ་དང་། བྱང་སེམས་ཀྱི་རྣམས་དེ་དང་རྗེས་སུ་མཐུན་པ་ཙམ་དུ་བཤད་པས་མངོན་རྟོགས་འདིར་དེ་གཉིས་ཀྱི་ཁྱད་པར་བསྟན་པའོ། །དེ་ལ་དང་པོ་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱིས་སྲིད་པའི་ཉེས་པ་མི་རྟག་པ་ལ་སོགས་པ་རྟོགས་པས་འཁོར་བར་མི་གནས་པ་ནི་ཉན་རང་ལ་ཡོད་ཀྱང་། སྙིང་རྗེ་ཆེན་པོ་མྱ་ངན་ལས་འདས་པ་ལ་མི་གནས་པ་འདི་ལ་ཡོད། དེ་དག་ལ་མེད་པས་འདི་ཁྱད་པར་འཕགས་སོ༑ །དེ་བས་ལམ་མཐར་མི་གནས་པ་ནི་མཐའ་གཉིས་ཐོབ་པར་མི་བྱེད་པའི་དོན་ནོ། །གཉིས་པ་ལྡོག་པས་ཉན་རང་གི་གཞི་ཤེས་ནི། དེའི་ལྡོག་པས་ཐོན་ནོ། །གསུམ་པ་ཐབས་མ་ཡིན་པས་རྒྱལ་བའི་ཡུམ་རིང་བའི་གཞི་ཤེས་ནི་ཉན་རང་གི་སྟེ། གཞན་དབང་གི་དོན་མི་རྟག་པ་ལ་སོགས་པ་རྟོགས་པ་ཉན་ཐོས་ལ་ཡོད་ཀྱང་ཡོངས་སུ་གྲུབ་པ་ནམ་མཁའ་ལྟ་བུར་རྟོག་པ་མེད་པ་དེ་ནི་མཚན་མར་དམིགས་སྒོ་སོགས་ཀྱི་ཡིན་ལ། བྱང་ཆུབ་སེམས་དཔའ་ལ་ཡོད་པས་དེ་ལས་རྟོགས་པ་ཁྱད་པར་དུ་འཕགས་སོ། །གསུམ་པ་ཐབས་ཀྱི་ཡུམ་ལ་ཉེ་བའི་གཞི་ཤེས་ནི། ཐབས་མ་ཡིན་པ་ནི་ཡོངས་སུ་གྲུབ་པ་མངོན་དུ་བྱེད་པའི་མིང་དང་མཚན་མའི་རང་བཞིན་ཀུན་བརྟགས་པ་དང་། གཉིས་སུ་སྣང་བ་ལ་བདེན་པར་མངོན་པར་ཞེན་པ་མེད་པའོ། །ཐབས་མཁས་པ་ནི། ཡོངས་སུ་གྲུབ་པ་མངོན་དུ་བྱེད་པའི་ཐབས་མིང་དང་མཚན་མ་ཇི་ལྟར་བར་དེ་ཁོ་ནར་མེད་པ་ལ་མི་སྐྲག་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཉེ་བ་ཡིན༑ ཉན་ཐོས་ལ་དེ་མེད་པས་རིང་བ་སྟེ། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་གསུངས། ལྔ་པ་མི་མཐུན་པའི་ཕྱོགས་ཀྱི་གཞི་ཤེས་ནི། ཤེས་བྱའི་མཚན་མར་འཛིན་པ། སྤྱོད་པའི་མཚན་མར་འཛིན་པ། འབྲས་བུའི་མཚན་མར་འཛིན་པ་གསུམ། དྲུག་པ་དེའི་གཉེན་པོའི་ཕྱོགས་ལ་བཞི་སྟེ། ཤེས་བྱ་ལ་ཆགས་པ་འགོག་པ་དང་། སྤྱོད་པ་ལ་རློམ་པ་མེད་པ་དང་། ཆོས་རྣམས་རང་བཞིན་གཅིག་པར་ཤེས་པ་དང་། དེ་ཟབ་པ་བསྟན་པའོ། །བདུན་པ་དེའི་སྦྱོར་བའི་ཁྱད་པར་ལ་གཉིས་ཏེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ། །རང་གི་མཚན་ཉིད་ནི་འདིར་བསྟན་པ་དེ་ཡང་། སྦྱོར་བ་ཉིད་ཀྱི་ཆོས་ཀྱི་ཁྱད་པར་མི་འདྲ་བ་རྣམ་པ་བཅུའོ། །དེ་དག་ཀྱང་ཡུལ་གྱི་སྒོ་ནས་བཞི་སྟེ། ཀུན་རྫོབ་ཀྱི་དང་། ངོ་བོ་ཉིད་དང་། ཇི་ལྟ་བའི་ཁྱད་པར་དང་། ཇི་སྙེད་པའི་ཁྱད་པར་ཡུལ་དུ་བྱས་པ་སྟེ་རིམ་པ་བཞིན་གཟུགས་ལ་སོགས་པ་དང་། དེའི་མི་རྟག་པ་ལ་དང་། དེའི་མ་རྫོགས་པ་དང་རྫོགས་པ་ལ་སྤྱོད་པའི་འདུ་ཤེས་བཀག་པས་སྦྱོར་བ་གསུམ་མོ། །ཆགས་པ་མེད་པའི་སྦྱོར་བ་ནི་དོན་དམ་པར་ཆགས་པ་ཐམས་ཅད་རྣམ་པར་ཞི་བ་ཆགས་པ་དང་། མ་ཆགས་པ་ཉིད་དང་བྲལ་བ་སྤྱོད་པ་བཀག་པ་བཞིའོ། །སྦྱོར་བའི་ངོ་བོ་ཉིད་ཀྱི་སྒོ་ནས་རྣམ་པ་གསུམ་སྟེ། ལས་ཀྱི་རང་བཞིན་མ་ཡིན་པ་དང་། བྱེད་པ་པོའི་རང་བཞིན་མ་ཡིན་པ་དང་། བྱ་བའི་འབྲས་བུ་མ་ཡིན་པའི་མཚན་ཉིད་ཅན་ཏེ། མི་འགྱུར་བ་དང་། བྱེད་པ་པོ་མ་ཡིན་པ་དང་། བྱ་དཀའ་བ་རྣམ་པ་གསུམ་རིམ་པས་སོ། །ཕྱི་མའང་། །ཆེད་དུ་བྱ་བ་ཉིད་བྱ་བར་དཀའ་བ། སྦྱོར་བ་བྱ་བར་དཀའ་བ༑ ལས་བྱ་དཀའ་བའོ། །བྱ་བ་བྱེད་པའི་སྒོ་ནས་གཉིས་སུ་དབྱེ་སྟེ། འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་དང་། ཕན་ཡོན་ཡོངས་སུ་འཛིན་པའི་བྱ་བ་བྱེད་པའོ། །རྟོགས་བྱ་དཔེའི་སྒོ་ནས་གཅིག་ཏེ། རྨི་ལམ་ལ་སོགས་པ་དཔེ་བདུན་དང་འདྲ་བར་ཆོས་ཐམས་ཅད་རྟོགས་པར་བྱེད་པའོ། །བརྒྱད་པ་སྦྱོར་བ་དེའི་མཉམ་ཉིད་ནི། སྔར་བཤད་པའི་སྤྱིའི་མཚན་ཉིད་ཏེ། སྦྱོར་བའི་ཁྱད་པར་ཐམས་ཅད་ལ་ཐུན་མོང་དུ་ཡོད་པ་མཉམ་པ་བཞིར་རྟོགས་པ་སྟེ། དཔེས་མཚོན་པའི་དོན་གྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་དོ། །བཞི་ཡང་། ཞེན་པ་དང་། མཚན་མ་དང་༑ སྤྲོས་པ་དང་། རྟོགས་པའི་རློམ་པ་བཞི་པོ་རྣམས་དེ་ཁོ་ནར་མི་དམིགས་པར་རྟོགས་པའོ། །དགུ་པ་ཉན་ཐོས་ལ་སོགས་པ་གསུམ་གྱི་མཐོང་ལམ་གྱི་ངོ་བོ་ཉིད་ཀྱི་ཁྱད་པར་སྐད་ཅིག་གི་རྣམ་པ་བཅུ་དྲུག་གིས་བཤད་པའོ། །དེ་ཡང་། འདིར་མཐོང་ལམ་ལས་གཞན་སྒོམ་ལམ་མི་སྟོན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ་ཞེས་སྟོན་པའི་ཕྱིར་རོ། །དེ་ལྟ་བུའི་གཞི་ཤེས་དགུ་ཡང་དྲུག་ཏུ་འདུས་ཏེ། སྙིང་རྗེའི་ཁྱད་པར། ཤེས་རབ་ཀྱི་ཁྱད་པར། གཉེན་པོ་ཉིད་ཀྱི་ཁྱད་པར། སྦྱོར་བའི་ཁྱད་པར། ལམ་གྱི་ངོ་བོ་ཉིད་ཀྱི་ཁྱད་པར། མཁྱེན་པ་གསུམ་གྱི་དོན་བསྡུ་བའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་སོགས་ཀྱི་གཞིར་གྱུར་བའི་ཆོས་ཐམས་ཅད་ལ་མི་མཐུན་པ་དང་། གཉེན་པོའི་རྣམ་པར་རྟོག་པའི་ཡུལ་བཀག་པས་ནི་གཞི་ཤེས་བསྡུས། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་པའི་ཁམས་ལས་འདའ་བ་བྱེད་པ་མ་ཡིན་སོགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་བཀག་པས་ལམ་ཤེས་བསྡུས། སྤྱིའི་མཁྱེན་པ་གསུམ་དང་། དངོས་པོ་བརྒྱད་ཀྱི་དང་པོ་གསུམ་ཁྱད་པར་ཆེ་སྟེ། དངོས་པོ་བརྒྱད་ཀྱི་རྣམ་མཁྱེན། ལམ་ཤེས་རང་གི་ཤེས་བྱའི་ལམ་དང་བྱང་སེམས་ཀྱི་མཐོང་སྒོམ། འདིར་ཁྱད་པར་གྱི་གཞི་ཤེས་ཀུན་སྤྱིར་བཤད་པའི་ལམ་ཤེས་པ་ཉིད་ཡིན་ལ། ལམ་ཤེས་ཀྱི་དངོས་པོར་བསྟན་པའི་ཉན་རང་རང་རྒྱུད་པའི་ལམ་དེ། འདིར་ཁྱད་པར་ཅན་མ་ཡིན་པའི་གཞི་ཤེས་བཤད་པ་དེ་ཐམས་ཅད་གཞི་ཤེས་རང་ཡིན། ཡང་ཤེསརབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི་སངས་རྒྱས་ཀྱིས་ཆོས་སྒྲུབ་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། སོ་སོ་སྐྱེ་བོའི་ཆོས་སྒྲུབ་པར་བྱེད་པ་དང་འདོར་བར་བྱེད་པ་མ་ཡིན། ཞེས་བྱ་བ་ལ་སོགས་པ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ངེས་པ་འདི་ནི་རྣམ་པར་གནས་པ་ཡིན་ཏེ༑ དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་མངོན་པར་རྟོགས་སོ། །མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་རྟོགས་ནས་ཀྱང་གསུངས་པར་མཛད༑ སྟོན་པར་མཛད། རྣམ་པར་འགྲེལ་བར་མཛད། གསལ་བར་མཛད། ཡང་དག་པར་འཆད་པར་མཛད་དོ། ཞེས་གསུངས་པས་རྣམ་མཁྱེན་བསྡུས་ལ། ལམ་ཤེས་པ་དང་གཞི་ཤེས་པའི་དངོས་པོ་གཉིས་ཀྱང་སངས་རྒྱས་ཀྱི་ཇི་སྙེད་པའི་མཁྱེན་པའི་ཡུལ་དུ་བཞག་པས་སངས་རྒྱས་ཀྱི་མཁྱེན་པར་གྱུར་པའི་ལམ་ཤེས་དང་། གཞི་ཤེས་ཀྱང་ཡོད་པས། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་རང་ཡིན་ཀྱང་ལམ་ཤེས་པ་དང་། གཞི་ཤེས་འདིར་འདུ། དེས་འདི་དང་མཆོད་ཡུལ་གྱི་མཁྱེན་གསུམ་ལམ་ཙམ། གཞི་ཙམ་ཞེས་སྦྱར་མ་སྦྱར་གྱི་ཁྱད་པར་ཤེས་པར་བྱའོ། །དེ་བས་ན། དངོས་པོ་དང་པོ་རྒྱུའི་སྒོ་ནས། དངོས་པོ་གཉིས་པ་ཡུལ་གྱི་སྒོ་ནས། དངོས་པོ་གསུམ་པ་ངོ་བོའི་སྒོ་ནས་བཤད་པའི་རྒྱུ་མཚན་ལེགས་པར་ཐོན་ཅིང་། དེས་མཁྱེན་པ་གསུམ་ཡུལ་དུ་གཞག་གོ །བཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མངོན་རྟོགས་ཀྱི་དང་པོ། རྣམ་པ་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པ་ནས་མི་གཡོ་པའི་རྣམ་པའི་བར་ཉི་ཤུ་རྩ་བདུན་ནི་གཞི་ཤེས་ཀྱི་རྣམ་པ། འདོད་ཆགས་དང་བྲལ་བའི་རྣམ་པ་ནས་སྟོང་ཉིད་བཅུ་དྲུག་གི་མཐའ་མའི་བར་སོ་དྲུག་ལམ་ཤེས་ཀྱི་རྣམ་པ། དྲན་པ་ཉེར་བཞག་བཞི་ནས་གཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་བར་གྱི་བརྒྱ་དང་བཅུ་རྣམ་མཁྱེན་གྱི་རྣམ་པ། སློབ་མ་ཉན་ཐོས་བྱང་ཆུབ་སེམས་དཔའ། སངས་རྒྱས་རྣམས་ལ་གོ་རིམ་བཞིན་ནོ། །གཉིས་པ་སྦྱོར་བར་བཅས་པ་ནི། སྦྱོར་བ་པོ་དང་། སྦྱོར་བ་གཉིས། དང་པོ་ཤེར་ཕྱིན་ཉན་པ་པོའི་སྣོད་བཞི་སྟེ། སྔོན་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་བསྙེན་བཀུར་བ། དེ་དག་ལ་ལྷག་པར་བྱ་བ་བྱས་པ། དེ་ལ་དགེ་བའི་རྩ་བ་བསྐྲུན་པ། དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པའོ། །སྦྱོར་བ་ནི་ཟབ་པའི་སྦྱོར་བ་ནས། ས་མཚམས་དང་བཅས་པའི་སྦྱོར་བ་སྟེ་ཉི་ཤུ། གསུམ་པ་ཡོན་ཏན་ནི། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནས། སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་གྱི་བར་དུ་ཉི་ཤུའོ། །བཞི་བ་སྐྱོན་ནི་ཚེགས་ཆེན་པོས་ཐོབ་པ་ནས་ཡུལ་ཇི་ལྟ་བ་མ་ཡིན་པར་དགའ་བ་སྐྱེད་པ་ཞེས་པའི་བར་བདུད་ཀྱི་ལས་ཞེ་དྲུག་གོ ལྔ་པ་འབྲས་བུ་མཚན་ཉིད་དང་བཅས་པ་ནི། ཤེས་མཚན། ཁྱད་མཚན། བྱེད་མཚན། མཚོན་བྱ་ངོ་བོ་ཉིད་དང་བཞིའོ། །དང་པོ་རྣམ་པ་ཐམས་ཅད་མཁྱེན་པའི་སྦྱོར་བ་དག་མཚོན་པར་བྱེད་པ་ཤེས་པའི་མཚན་ཉིད་ཅེས་བཞག་པ་དེ་ཡང་། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས། དང་པོ་ཐམས་ཅད་ཤེས་པའི་དབང་དུ་བྱས་པ་བཅུ་དྲུག་སྟེ་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་བཅུ་དྲུག་གོ །ལམ་ཤེས་པ་ཉིད་ཀྱི་སྒོ་ནས་སྟོང་པ་ཉིད་ཤེས་པ་དང་སོགས་བཅུ་དྲུག་གོ །རྣམ་མཁྱེན་གྱི་སྒོ་ནས། དེ་བཞིན་ཉིད་ཀྱི་ཆོས་ལ་མངོན་པར་བརྟེན་ནས་གནས་པར་བྱ་བ་དང་སོགས་བཅུ་དྲུག་གོ །གཉིས་པ་ཁྱད་མཚན་ནི། དེ་དག་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས་ཤེས་པའི་རྣམ་པས་ཡོངས་སུ་དཔྱད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་བའི་ཕྱིར། དེ་འོག་ཏུ་ཁྱད་པར་གྱི་མཚན་ཉིད་བསྟན་ལ། བདེན་པའི་སྤྱོད་ཡུལ་ཅན་ནི་འཕགས་པའི་བདེན་པ་བཞིའི་ཡུལ་མཇལ་བ་ཡིན་ལ། ཁྱད་ཞུགས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའོ། །ཁྱད་པར་གྱི་ཆོས་གང་གི་ཞེ་ན་བསམ་གྱིས་མི་ཁྱབ་པ་སོགས་བཅུ་དྲུག་གི་ཁྱད་པར་གྱིས་སོ། །གང་ཁྱད་པར་དུ་གྱུར་ན༑ བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་གི་དབྱེ་བ་དག་གོ །གསུམ་པ་ཁྱད་པར་གྱི་མཚན་ཉིད་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། མ་འོངས་པའི་ཕན་པ་དང་སོགས་བཅུ་གཅིག་གོ །བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། བྱེད་པ་པོའི་མཚན་ཉིད་ཀྱིས་ཤེས་པར་བྱས་པའི་ངོ་བོ་ཉིད་སྟོན་པ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལས་དབེན་པའི་ངོ་བོ་ཉིད་དང་སོགས་ངོ་བོ་ཉིད་བཅུ་དྲུག་གིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་བྱ་ལྟ་བུར་མཚོན་པས་ན་ངོ་བོ་ཉིད་དོ། །དྲུག་པ་ཐར་པ་ཆ་མཐུན་ནི། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ལྡན་པ་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས་དེ་བཤད་པ། མཚན་མ་མེད་པར་དམིགས་པའི་ཤེས་རབ་ཀྱི་རྣམ་པས་རབ་ཏུ་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་རང་གི་རྒྱུད་ལ་སྐྱེ་བས་ཡང་དག་པར་སྒྲུབ་པ་ལ་མཁས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་མཚན་ཉིད་དེས་ནི་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་འཕགས་ལ། ཤེས་རབ་དང་ཐབས་མཁས་དེ་མེད་པས་ཉན་རང་དམན་པར་འགྱུར་རོ། །མཁས་པ་ཡང་། དད་བརྩོན་དྲན་ཏིང་ཤེས་རབ་རྣམ་པ་ལྔ་ཉེ་བར་བསྒྲུབ་པས་སོ། །བདུན་པ་ངེས་འབྱེད་ཆ་མཐུན་ནི། ཐར་པའི་ཆ་དང་མཐུན་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བས། སེམས་རྣམ་པ་བཅུས་དྲང་བ་ནས་ངེས་འབྱེད་ཡན་ལག་བཅུ་གཉིས་པའི་བར་བཤད་པ་དག་གོ །བརྒྱད་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ་མཐོང་སྒོམ་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ངོ་བོ་ཉིད་མེད་པས་གཟུགས་ལ་སོགས་པའི་ཆོས་ལས་བཟློག་པ་སོགས་ཉི་ཤུས་ངེས་འབྱེད་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་སོགས་ཆོས་སུ་འདུ་ཤེས་པ་ལས་ལྡོག་པས་སོ། །རྣམ་པ་བཅུ་དྲུག་གིས་མཐོང་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས། དེའི་འོག་ཏུ་སྒོམ་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་བརྗོད་པ། དེ་ཡང་ཁྱད་པར་མ་གཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་འབྱུང་བས་ཁྱད་པར་བཤད་པ། སྒོམ་པའི་ལམ་ནི་ཟབ་པ་ཡིན་ཏེ། ཟབ་མོ་ཞེས་བྱ་བའི་གནས་ནི་སྟོང་པ་ཉིད་ལ་སོགས་པ་ཡིན་ལ་དེ་དང་ལྡན་པའི་ཕྱིར་རོ༑ ཁྱད་པར་དང་ལྡན་པའི་སྒོམ་པའི་ལམ་རང་གང་ཞེ་ན། ཡུལ་ངེས་འབྱེད་ཡན་ལག་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་ཉིད་ལ་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སེམས་པ་དང་། བསམ་པའི་རང་བཞིན་གྱིས་འཇལ་བ་དང་། སྒོམ་པའི་རང་བཞིན་གྱིས་ངེས་པར་རྟོག་པའམ། ཡང་ན་ཏིང་ངེ་འཛིན་གྱི་སྦྱོར་བས་སེམས་པ། དངོས་གཞི་འཇལ་བ། རྗེས་ཀྱི་ངེས་པར་རྟོག་པའི་སྒོམ་པའི་ལམ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར། དེ་ཆུང་ངུ་དང་འབྲིང་དང་ཆེན་པོ་དེ་དག་གི །ཆུང་ངུའང་ཆུང་ངུའི་ཆུང་ངུ་། ཆུང་ངུའི་འབྲིང་༑ ཆུང་ངུའི་ཆེན་པོ་དེ་བཞིན་འབྲིང་ལ་གསུམ། ཆེན་པོའི་གསུམ་སྟེ། དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོའི་རྣམ་པས་འདོད་པའི་ཁམས་ལ་སོགས་པ་ས་དགུ་དག་ཏུ་ཉོན་མོངས་པ་ཆེན་པོའི་ཆེན་པོ་སོགས་སྤོང་པའི་གཉེན་པོ་རྣམ་པ་དགུར་བཞེད་དོ། འདིར་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་སྒོམ་སྤངས་ཀྱི་རྣམ་པར་རྟོག་པས་སོ། །དཔེར་ན་མུན་པ་ཤིན་ཏུ་ཆེ་བ་སྣང་བ་ཆུང་ངུས་སེལ་བ། ཆུང་ངུ་ནི་ཆེན་པོས་སེལ་བའི་དཔེས་སོ། །མདོར་རྣམ་པར་རྟོག་པ་ཆུང་ངུ་གྲངས་མེད་པ། འབྲིང་གཞལ་དུ། ཆེན་པོ་ཚད་མེད་པས་བསྡུས་པ༑ ས་དགུ་ལ་དེ་བཞིན་གཉེན་པོ་སྟོང་པ་ཉིད་ལ་གནས་པ་ཞེས་སོགས་ཀྱིས་དམ་པའི་དོན་དུ་སྒོམ་པའི་ལམ་ལས་དབྱེ་བ་མེད་པ་དང་། ཀུན་རྫོབ་ཏུ་ནི་ལྡོག་པ་ལ་བལྟོས་ནས་ཕྱེ་བར་བཤད་ལ༑ དེ་ལྟ་བུའི་སྒོམ་ལམ་ལ་གནས་པའི་བྱང་སེམས་ཀྱི་རང་གི་སྐྱེ་བ་ཟབ་པ་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་དོ། །དགུ་པ་མི་སློབ་པའི་དགེ་འདུན་སྲིད་པ་དང་ཞི་བ་མཉམ་ཉིད་དུ་བསྒོམ་པ་ནི༑ འཕགས་པས། ད་ནི་མི་སློབ་པའི་དགེ་འདུན་བཤད་པར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །སྲིད་པ་དང་ཞི་བར་རྣམ་པར་མི་སྟོན་པས་ན་མཉམ་པ་ཉིད་དེ། དེ་རྟོགས་པ་ལ་སློབ་པར་བྱ་བ་དང་། སློབ་པར་བྱེད་པ་མེད་པའི་ཕྱིར་མི་སློབ་པའོ། །བཅུ་པ་ཞིང་དག་བླ་ན་མེད་པར་སྒྲུབ་པ་ནི། གཉིས་ཀ་མཉམ་པ་ཉིད་དུ་བསྒོམས་པས་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་སུ་འགྱུར་ཏེ། དེས་ན་དེའི་འོག་ཏུ་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཉིས་སྟོན་པའོ། །བཅུ་གཅིག་པ་ཐབས་ལ་མཁས་པ་ནི། བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདས་པའི་ཐབས་མཁས་པ་སོགས་རྣམ་པ་བཅུའོ། །དེ་ལྟར་རྣམ་རྫོགས་སྦྱོར་བའི་རབ་དབྱེ་བཅུ་གཅིག་ཀྱང་བཞིར་བཞག་སྟེ༑ མཚན་གཞི་དང་། མཚན་ཉིད་དང་། ཐོབ་པའི་དུས་དང་། བསྒོམས་པས་ཐོབ་པ་སྦྱོར་བའི་ནུས་པར་དབྱེ་བའོ། །མཚན་གཞི་ལ་བཞི་སྟེ། ཡུལ་གྱི་ཁྱད་པར། སྦྱོར་བའི་རང་བཞིན་གྱི་ཁྱད་པར། འབྲས་བུའི་ཁྱད་པར། བར་ཆད་ཀྱི་ཁྱད་པར་རོ། །དེ་ལ་ཡུལ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ། གཙོ་བོར་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པ༑ བདག་མེད་པ་གཉིས་ཀྱི་མཚན་ཉིད་དོ། །དེའང་དེ་རྟོགས་པར་བྱེད་པ་ཤེས་པའི་རྣམ་པས་བསྟན་ཏེ། གཉེན་པོ་ཐབས་དག་ལ་ཡོད་པར་འཛིན་པའི་རྣམ་པ་མ་ཚང་བ་མེད་པ་བཀོད་པས་དེས་རྟོགས་པར་བྱ་བའི་རང་བཞིན་གཉེན་པོའི་ཡུལ་མཐའ་དག་བསྒོམ་པར་བྱ་བར་བསྟན་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་འདི་ནི་རྣལ་འབྱོར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལ་གཞི་ཤེས་ཀྱི་རྣམ་པ་དང་པོ་བཅུ་གཉིས་སྡུག་བསྔལ་ལ་སོགས་བདེན་པ་གསུམ་དང་འབྲེལ་བ། ཕྱི་མ་བཅོ་ལྔ་ནི་ལམ་དང་འབྲེལ་བ། དེ་ལ་རྣམ་པ་བཞི་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ། ལྷག་མ་བཅུ་གཅིག་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །དེ་ལ་དང་པོ་བཞི་པོ་ཟག་པ་མེད་པའི་མཐོང་ལམ་ལ་དམིགས་པའི་ཀུན་ཤེས་ཀྱི་རྣམ་པའོ། །ཕྱི་མའི་ལྔ་ནི་ཟག་པ་དང་བཅས་པའི་སྒོམ་པའི་ལམ་དང་འབྲེལ་བའི་ཀུན་ཤེས་ཀྱི་རྣམ་པ། ལྷག་མ་དྲུག་མཐོང་བའི་ལམ་ཟག་པ་མེད་པ་ལ་དམིགས་པའི་ཀུན་ཤེས་ཀྱིས་རྣམ་པའོ༑ །དེས་ན་འདིར་མཐོང་བའི་ལམ་ཟག་པ་མེད་པ་ནི། ཟག་པ་མེད་པའི་ལམ་ཤེས་སྒྲིབ་པའི་གཉེན་པོར་གྱུར་པ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་རྒྱུད་ལ་ཡང་ཡོད་པ་ཀུན་ཉེ་བར་བསྟན་ནོ། །སྒོམ་པའི་ལམ་ཟག་པ་དང་བཅས་པས་ཀྱང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཀུན་བརྗོད་པ་ཡིན་པར། འཕགས་པ་གྲོལ་སྡེ་བཞེད་དོ། །དེ་ལྟར་གཞི་ཤེས་དང་། ལཾ་ཤེས་ཀྱི་རྣམ་པ་རྣམས་དམིགས་པ་བདེན་པ་བཞིའི་སྒོ་ནས་བརྗོད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་རྩ་བཅུ་པོ་རྣམས་དམིགས་པ་མེད་པ་ཡེ་ཤེས་ཀྱི་སྒོ་ནས་གསུངས་པ་ནི་དྲན་པ་ཉེར་བཞག་ནས་གཟུང་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཅི་ཞེ་ན། རིམ་པ་བཞིན་དུ་སློབ་མ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཞེས་བརྗོད་དེ། །དེ་རྣམས་ཀྱི་ཡེ་ཤེས་ཡིན་ནོ། །ཅི་ལྟར་བྱས་པས་ཞེ་ན། ཀུན་མཁྱེན་གསུམ་དུ་དབྱེ་བས་ནའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཀུན་མཁྱེན་གསུམ་དུ་ཅི་ལྟར་དབྱེ་ཞེ་ན། ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་སྟེ། ལམ་རྣམ་པ་གསུམ་དང་རྗེས་སུ་མཐུན་པས་ཀུན་མཁྱེན་གསུམ་དུ་ཐ་སྙད་བྱ་ཡི་དངོས་སུ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཁོ་ན་ཡིན་ནོ། །དེ་ལ་དངོས་པོ་ལ་ཡོངས་སུ་རྟོག་པ་ལ་སོགས་པ་ལམ་བདུན་དང་མཐུན་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉན་ཐོས་ཀྱི་ལམ་དུ་བཞག་གོ །གཉེན་པོའི་ལམ་ལ་སོགས་པ་དྲུག་དང་ཚུལ་མཐུན་པས་ན་ལམ་ཤེས་སུ་བཞག་གོ །རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཐུན་མོང་མ་ཡིན་པའི་རང་བཞིན་ཅན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པར་གཞག་དུ་ཟད་ཀྱི། དངོས་སུ་ནི་ཀུན་མཁྱེན་གསུམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས། སྦྱོར་བའི་རང་བཞིན་གྱི་ཁྱད་པར་ལ་སྐྱེ་བའི་རྟེན་དང་། སྦྱོར་བའི་དབྱེ་བ་གཉིས། ཕྱི་མ་ཡུལ་དང་སྦྱོར་བ་པོའི་གནས་སྐབས་དང་། ཤེར་ཕྱིན་གྱི་སྒོམ་པ་ཡོངས་སུ་རྫོགས་པའི་ཐབས་དང་། འབྲས་བུ་དང་དུས་ཀྱི་སྒོ་ནས་ཕྱེ་བས་ལྔའོ། །དང་པོ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྡུས་ཏེ་བསྟན་ལ། གཉིས་པ་གོང་ནས་གོང་དུ་ཐོབ་པའི་དབྱེ་བ་བརྒྱད་ཀྱིས། གསུམ་པ་བཞིར་ཏེ། འཕེལ་འགྲིབ་མེད་པ། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་མཐོང་བ་དང་། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་མི་མཐོང་བ་དང་། གཟུགས་ལ་སོགས་པ་དང་དེའི་མཚན་མ་དེའི་ངོ་བོར་རྣམ་པར་མི་རྟོག་པའོ། །བཞི་པ་ཡོན་ཏན་ཐོབ་པ་དང་ཉེས་པ་དག་པའི་སྦྱོར་བ་གཉིས་སོ། །ལྔ་པ་དུས་ཀྱི་སྒོ་ནས་ནི། དུས་ཀྱི་མུ་མཚམས་དང་བཅས་པ་སྟེ། ཟླ་བ་ནས་ལོའམ་ལོ་གཉིས་ལ་སོགས་པས་མཐར་ཕྱིན་པའི་སྦྱོར་བའོ། །འབྲས་བུའི་ཁྱད་པར་ནི་ཡོན་ཏན་རྣམ་པ་བཅུ་གཅིག་ཡིན་ལ། བར་ཆོད་ཀྱི་ཁྱད་པར་ནི་བདུད་ལས་བཞི་བཅུ་རྩ་དྲུག་གོ །དང་པོ་ཉི་ཤུ་སྦྱོར་བ་ལ་ཞུགས་པ་སྦྱོར་བ་མཐར་ཕྱིན་པའི་གེགས་སོ། །དེ་ནས་ཡང་ཉེར་གསུམ་ནི་ཕལ་ཆེར་སྦྱོར་བ་ལ་འཇུག་པའི་གེགས་ཡིན་ཏེ། སྦྱོར་བ་ལ་ཞུགས་པ་མཐར་ཕྱིན་པའི་གེགས་སུ་ཡང་མི་སྲིད་པ་མ་ཡིན་ནོ། །ཐ་མ་གསུམ་པོ་ནི་ཡང་ཞུགས་ཟིན་པ་མཐར་ཕྱིན་པར་བྱེད་པའི་གེགས་ཡིན་ནོ། །གཉིས་པ་མཚན་གཞིའི་ངོ་བོ་དེ་ལ་ཡོད་པའི་མཚན་ཉིད་ཀྱི་ཆོས་ལ་བཞི་སྟེ། ཤེས་པ་དང་། ཁྱད་པར་དང་། བྱེད་པའི་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དེ་ལས་དང་པོ་གསུམ་ནི་མཚན་ཉིད་དངོས་ཡིན་ལ། ངོ་བོ་ཉིད་ནི་མཚན་ཉིད་ཀྱི་བལྟོས་པ་མཚོན་བྱའི་ཆོས་ཡིན་ནོ། །མཚོན་བྱེད་ཀྱི་ཆོས་ཀྱང་ཤེས་པས་ཡུལ་དུ་བྱས་པའི་རང་བཞིན་ནི་ཤེས་པའི་མཚན་ཉིད་དོ། །དེ་གཞན་དང་ཐུན་མོང་མ་ཡིན་པའི་ཆོས་ནི་ཁྱད་པར་གྱི་མཚན་ཉིད་དོ། །ཁྱད་པར་ཅན་གྱི་དོན་བསྒྲུབ་པ་ནི་བྱེད་པའི་མཚན་ཉིད་ཡིན་པས་མཚན་གཞིའི་རང་བཞིན་དུ་གྱུར་བ་ཉིད་དོ། །དེ་ལ་སྦྱོར་བ་ཉི་ཤུ་པོ་འདི་ལམ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཁོ་ན་ཡིན་མོད་ཀྱི་བསྒོམ་པར་བྱ་བའི་ཡུལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་ལ་དམིགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ཉི་ཤུ་པོ་རྣམ་པ་གསུམ་དུ་འགྱུར་རོ། །དེ་དག་ཀྱང་ལྡོག་པའི་དབྱེ་བ་གསུམ་ཡིན་གྱི། ངོ་བོ་ཉིད་ཐ་དད་པའི་ངེས་པ་ནི་མེད་དོ༑ །དེ་ལས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཤེས་པར་བྱ་བའི་རང་བཞིན་དུ་གྱུར་པ་ཤེས་པའི་མཚན་ཉིད་བཅུ་དྲུག་གོ །དེ་ལྟར་རྣལ་འབྱོར་པས་བསྒོམས་པའི་མཐུས་རྗེས་ཐོབ་ཀྱི་གནས་སྐབས་སུ་སྐྱེས་པའི་བློ་གྲོས་ངོ་བོ་ཉིད་ཀྱི་ཤེས་པར་བྱ་བ་ནི་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པས་བསྡུས་པ་སྟེ་འོག་མ། ལམ་ཤེས་ཀྱི་བཅུ་དྲུག་དང་༑ རྣམ་མཁྱེན་ཀྱི་བཅུ་དྲུག་ལའང་སྦྱར་བར་བྱའོ། །གཉིས་པ་ཁྱད་མཚན་སྐད་ཅིག་བཅུ་དྲུག་པོ་འདི་ནི་ལམ་གཞན་ལས་ཁྱད་པར་དུ་འཕགས་པས་ན་ཁྱད་པར་དུ་གྱུར་པའི་མཚན་ཉིད། ལོ་ཆེན་གྱིས། འདིའང་དེ་འདྲ་བས་བསྐྱེད་པའི་དགེ་བའི་ཆོས་རྗེས་ཐོབ་ཀྱི་བསྡུས་པ་ལ་མཐོང་ལམ་གྱི་མཚན་ཉིད་ཅེས་བརྗོད་པར་ཟད་དོ། །དེ་ལྟར་མཐོང་བའི་ལམ་ཁྱད་པར་དུ་འཕགས་ན་དེའི་སྦྱོར་བ་དང་། བརྒྱུད་པའི་སྦྱོར་བ་དང་། རྗེས་ཐོབ་དང་མཉམ་བཞག་གི་མཚན་ཉིད། འབྲས་བུའང་ཁྱད་པར་དུ་གྲུབ་པས་རྣམ་པ་ཀུན་མངོན་པར་རྟོགས་པའི་གནས་སྐབས་ཐམས་ཅད་ཁྱད་པར་དུ་གྲུབ་པའི་ཕྱིར་ན་མཐོང་ལམ་རྣམ་པ་ཉིད་ཁྱད་པར་གྱི་མཚན་ཉིད་དུ་བཤད་དོ་ཞེས་གསུངས། གསུམ་པ་བྱེད་མཚན་ནི། ལོ་ཆེན་གྱིས། འདིའང་བསྒྲུབ་པ་པོ་སྦྱོར་བ་དང་ལྡན་པས་བྱང་ཆུབ་སེམས་དཔའི་གནས་སྐབས་ཉིད་དམ། སངས་རྒྱས་ནས་ཆོས་བསྟན་པས་གཞན་ལ་ཕན་པ་བསྒྲུབ་པ་ཡིན་པས་དེའི་སྒོ་ནས་དེ་སྒྲུབ་པའི་ནུས་པ་སྦྱོར་བའི་ངོ་བོ་ཉིད་མཚན་ཉིད་དུ་སྟོན་པ་ཡིན་ནོ༑ དེ་ལ་དང་པོ། བརྒྱད་ནི་ཐུན་མོང་གི་བྱེད་པའོ། ཐ་མ་གསུམ་ནི་ཐུན་མོང་མ་ཡིན་པའོ། ཐུན་མོང་བ་ཡང་གཉིས་ཏེ། བདེ་གཤེགས་བསྒྲུབ་པ་དང་། རྟོགས་པ་བསྒྲུབ་པའོ་ཞེས་གསུངས༑ དང་པོ་ལ་ལྔ། ཕྱི་མ་ལ་གསུམ། སྔ་མ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་བྱེད་པ། ཕྱི་མ་ནི་སངས་རྒྱས་ཀྱི་བྱེད་པར་གསུངས་སོ། །མཁྱེན་པ་དེའི་ཐུན་མོང་མ་ཡིན་པའི་བྱེད་པ་གསུམ། དེ་གསུམ་ཡང་སངས་རྒྱས་ནས་བྱེད་པར་མདོ་ནས་གསུངས། བཞི་པ་ངོ་བོ་ཉིད་ནི། གང་ལ་བལྟོས་ནས་དེ་དག་མཚན་ཉིད་དུ་གནས་པ་བལྟོས་པར་གྱུར་པ་མཚོན་པའི་ཆོས་ཏེ། འདི་དག་ཀྱང་ཡོན་ཏན་ཐོབ་པར་བྱེད་པའི་ངོ་བོ་ཉིད་ནི་བདུན། དེའི་དང་པོ་བཞི་ནི་མི་མཐུན་པ་དང་བྲལ་བའི་ཡོན་ཏན་དེ་ནས་གསུམ་ནི་གཉེན་པོ་དང་ལྡན་པའི་ཡོན་ཏན་ཐོབ་པར་བྱེད་པ་ཉིད་དུ་མཚོན་པར་བྱ་བའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པས་བསྡུས་པ་མངོན་དུ་རྒྱུ་དང་། དེས་བླངས་པའི་འབྲས་བུ་ལས་གསུམ་དང་། ཉོན་མོངས་པ་སྔ་མས་བཞག་པའི་བག་ཆགས་ཀྱི་རྒྱུའི་རང་བཞིན་གསུམ་དང་། ཤེས་བྱའི་སྒྲིབ་པས་བསྡུས་པ་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོག་པ་དང་བྲལ་བ་ནི་བྲལ་བ་བཞིའོ། །དགའ་བ་དང་། ངེས་པ་དང་ཆེད་དུ་བྱ་བའི་ངོ་བོ་ནི། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་གོ་ཆ་ཆོས་ཐམས་ཅད་དང་མ་འབྲེལ་བ་དང་། མི་གནས་པའི་མྱང་འདས་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ཏེ། ལྷག་མ་དགུ་ནི་དམིགས་པ་རྟོགས་པར་བྱེད་པའི་ངོ་བོ། དེ་ཡང་ཀུན་མཁྱེན་གསུམ་གྱི་ཐུན་མོང་མ་ཡིན་པའི་སྦྱོར་བའི་ངོ་བོ་ཉིད་གསུམ། ཐུན་མོང་བའི་དྲུག་གོ །རྣམ་པ་ཐམས་ཅད་མངོན་པར་རྫོགས་པའི་རྟོགས་པ་ཐོབ་པའི་དུས་ནི་གཉིས་ཏེ། སྦྱོར་བ་ལ་འཇུག་པའི་དུས་དང་། སྦྱོར་བ་རྣམས་མ་ཚང་བ་མེད་པར་རྫོགས་པའི་དུས་སོ། དང་པོ་ནི་ཐར་པ་ཆ་མཐུན་གྱི་དགེ་བའི་རང་བཞིན་ཚོགས་ལམ་ཆུང་ངུ་། དེ་ཡང་སྦྱོར་བ་འདི་ལ་མངོན་པར་ཞུགས་པས་རང་ཉིད་བསྟན་ལ་འཇུག་པའམ། གཞན་དག་ཀྱང་བསྟན་པ་ལ་འཇུག་པར་བྱེད་ནུས་པ་ཡིན་ཏེ། རང་གིས་ཐོབ་པའི་སྦྱོར་བ་ལ་འགོད་པའི་མཐུ་ཁྱད་པར་ཐོབ་པའི་ཕྱིར་རོ། །སྦྱོར་བ་རྫོགས་པའི་དུས་ནི། ངེས་འབྱེད་ཆ་དང་མཐུན་པ་སྟེ༑ དེའི་གཉེན་པོ་བསྐྱེད་པ་དང་ཉོན་མོངས་པ་སྤང་བ་ལ་མཐུ་ཐོབ་པ་ཡོངས་སུ་སྨིན་པའི་གནས་སྐབས་ཡིན་པས་སོ། །བསྒོམས་པས་ཐོབ་པ་སྦྱོར་བའི་ནུས་པ་བསྟན་པ་ལ། དེ་ཡང་སྒོམ་པ་པོའི་རྟེན་གྱི་དབྱེ་བ་དང་། དེ་ལ་ཡོད་པའི་ནུས་པའི་དབྱེ་བ་གཉིས་སོ། །དང་པོའང་གསུམ། ཕྱིར་མི་ལྡོག་པའི་དགེ་འདུན་གསུམ་མོ། །གཉིས་པའང་གསུམ་སྟེ། ཆོས་སྐུ་ཐོབ་པའི་ནུས་པ་ནི། སྲིད་པ་དང་ཞི་བ་མཉམ་པར་རྟོགས་པའོ། །རྫོགས་པར་ལོངས་སྤྱོད་པ་ཐོབ་པའི་ནུས་པ་ནི་ཞིང་རྣམ་པར་དག་པར་བྱེད་པའོ། །སྤྲུལ་སྐུ་ཐོབ་པའི་ནུས་པ་ནི་སེམས་ཅན་སྨིན་པར་བྱེད་པའི་ཐབས་མཁས་པ་དང་ལྡན་པས་སོ། །བདུན་པ་རྩེ་སྦྱོར་གྱི་དངོས་པོ་ལ་བརྒྱད་ཀྱིས། རྩེ་མོ་དེའི་དྲོད་ཀྱི་རྟགས་བཅུ་གཉིས། གཉིས་པ་རྩེ་མོ་དེའི་འཕེལ་བ་བཅུ་དྲུག །གསུམ་པ་བཟོད་པའི་བརྟན་པ་ལ་གཉིས། བཞི་པ་ཆོས་མཆོག་གིས་སེམས་ཀུན་ཏུ་གནས་པ་ལ་གཉིས་སོ། །ལྔ་པ་རྣམ་རྟོག་བཞིའི་གཉེན་པོ་ཤུགས་ཀྱིས་རྙེད་པའི་མཐོང་ལམ་ལ་ལྔ་སྟེ། སྤང་བར་བྱ་བ། མཐོང་ལམ་གྱི་འབྲས་བུ་སྐྱེད་པའི་ནུས་པ། མཐོང་ལམ་གྱི་འབྲས་བུའི་རང་བཞིན། མཐོང་ལམ་གྱི་རང་བཞིན། མཐོང་ལམ་གྱི་བྱེད་པའོ། །དེའི་དང་པོ་འཇུག་པ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག །རྫས་འཛིན་རྟོག་པ་དང་། རྟག་འཛིན་རྟོག་པ་གཉིས་ཏེ་བཞི་དེ་དག་རེ་རེ་དགུ་དགུར་རྣམ་པར་དབྱེའོ། །གཉིས་པ་བྱང་ཆུབ་ལ་གཞན་སྟོན་སོགས་རྒྱུ་གསུམ། གསུམ་པ་དྲི་མ་ཟད་དང་སོགས་ཀྱི་རང་ལུགས་བཞག །ཟག་མེད་སོགས་ཀྱི་དངོས་སྨྲ་བའི་འདོད་པ་དགག་པ་གཉིས། བཞི་པ་སྦྱིན་སོགས་རྗེས་ཐོབ་ཀྱི་བྱ་བས་མཚོན་ཚུལ། ལྔ་པ་སེང་གེ་རྣམ་འགྱིངས་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པ་བརྒྱད་མཐར་གནས་དགུ་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་པའི་རྗེས་ཐོབ་ལ་རྟེན་འབྲེལ་ལ་རྟོག་པ་འདི་ལས་འཕྲོས་ནས་རྣལ་འབྱོར་པ་བཞི༑ དྲུག་པ་སྒོམ་ལམ་རྩེ་སྦྱོར་ལ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག །བརྟེན་པ་ཡོན་ཏན་གསུམ་ལས། དང་པོ་ངོ་བོ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོ༑ །འཕགས་པ་ཉན་ཐོས་པའི་དང་ཆ་འདྲ་བ་ཙམ་ཡིན་གྱི་ཐམས་ཅད་མཐུན་པ་ནི་མ་ཡིན་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ཉིད་ལ་ཅུང་ཟད་ཐ་དད་པ་ཙམ་གྱིས་དགུར་ཕྱེ་བ་ཡིན་ནོ༑ །གཉིས་པ་སྤང་བྱ་ནི་མི་མཐུན་ཕྱོགས། དེ་ཡང་གཟུང་རྟོག་གཉིས། འཛིན་རྟོག་གཉིས། རེ་རེའང་དགུ་དགུར་ཕྱེ་བས་སྒོམ་སྤངས་ཀྱིས་བསྡུས་པའོ། །གསུམ་པ་བརྟེན་པ་སྒོམ་ལམ་ནི༑ སྒོམ་ལམ་གྱི་བྱེད་པའོ། །བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་ལ། ཏིང་ངེ་འཛིན་རང་གི་ངོ་བོ་ཉིད། མཐུན་པའི་རྐྱེན་ཚང་བར་བསྟན་པ། མི་མཐུན་པའི་གེགས་དང་བྲལ་བའི་ཁྱད་པར་རོ། །དྲུག་པ་མཐར་གྱིས་པའི་སྦྱོར་བའི་དངོས་པོ་ནི་བཅུ་གསུམ་ཡོད་ལ། སློབ་པའི་གོ་རིམ་ལ། ལོ་ཆེན་གྱིས། དེ་ཡང་ཐོག་མར་དངོས་པོ་མེད་པའི་ངོ་བོ་ཉིད་ལ་བསླབ་པར་བྱའོ༑ །དེ་ནས་རྗེས་སུ་དྲན་པ་དྲུག་ལས་རྟེན་རྗེས་སུ་དྲན་པ་གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་དང་། དེའི་འོག་ཏུ་སྤྱོད་པ་རྗེས་སུ་དྲན་པ་གཉིས་པོ་སྡིག་པ་ལས་ལྡོག་པ་ཚུལ་ཁྲིམས་ཀྱི་སྤྱོད་པ་དང་། དགེ་བ་ལ་འཇུག་པ་གཏོང་བ་རྗེས་སུ་དྲན་པའོ། །དེའི་རྗེས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་པ་བཞིན་སློབ་པའི་མཐར་གྱིས་པའི་བྱ་བའོ། །དེ་ལ་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་བཞི་ཤེས་རབ་ཏུ་འདུ་བའི་ཕྱིར་ས་བཅུ་ལ་ཕ་རོལ་དུ་ཕྱིན་པ་དྲུག་ལ་རིམ་གྱིས་སློབ་པ་ནི་གཙོ་བོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མཐར་གྱིས་སློབ་པ་སྟེ། སྔར་ཡང་དེ་དྲུག་ལ་མཐར་གྱིས་སློབ་པ་མེད་པ་ནི་མ་ཡིན་ནོ། །ཞེས་གསུངས། བདུན་པ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐད་གཅིག་མ་བཞིའི་མངོན་རྟོགས་དང་པོ་ནི་ས་བདུན་པ་ལ༑ གཉིས་པ་ས་བརྒྱད་པ། གསུམ་པ་ས་དགུ་པ། བཞི་པ་ས་བཅུའི་གནས་སྐབས་ཏེ། འབྲས་བུ་རྣམ་པ་འདི་བཞི་ཡང་། །ས་བཞི་ལ་ནི་ཡང་དག་བསྟེན། །ཞེས་གསུངས་པ་ཡིན་ནོ། །དངོས་པོ་བརྒྱད་པ་ཆོས་ཀྱི་སྐུའི་དངོས་པོ་ལ། རང་བཞིན་དང་གློ་བུར་བའི་དྲི་མ་གཉིས་དང་བྲལ་བའི་སྐུ་ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད། སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་ཚོགས་ཆོས་སྐུའི། བསོད་ནམས་བརྒྱས་མངོན་པར་འདུ་བྱས་པའི་མཚན་དཔེས་སྤྲུལ་པའི་སྐུ། ལོངས་སྐུའི་རྒྱུ་མཐུན་པའི་གཟུགས་སྐུ། སྤྲུལ་པའི་སྐུའི་མཚན་ཉིད། སྲིད་པ་ཇི་སྲིད་པ་དེ་སྲིད་དུ་མཛད་པའི་གཞན་གྱི་དོན་འཕྲིན་ལས་ཀྱི་མཚན་ཉིད། སྐུ་བཞི་དབྱེ་བར་བགྲངས་པའི་ཚེ་དེ་སྤྲུལ་པའི་སྐུའི་དབྱེ་བར་བཞག་གོ །དེ་དག་ཀྱང་། མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་པའི་ཚིགས་སུ་བཅད་པ་འབྲིང་པོ་ལ་དགའ་བར་དྲུག་ཏུ་བསྒྲིལ་ནས་བསྟན་ཏེ། མཁྱེན་པ་གསུམ་མཚན་ཉིད་ཅེས་གཅིག་ཏུ་བཞག །སྦྱོར་བཞི་དང་འབྲས་བུ་སོ་སོ་བས་སོ། །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ་སོགས་ཀྱི། བསྡུས་པ་ལ་དགའ་བ་ལ་གསུམ་དུ་བསྡུས་ནས་བསྟན་ཏེ། གཏན་ལ་དབབ་བྱ་མཁྱེན་གསུམ། འབེབས་བྱེད་སྦྱོར་བཞི། ཕབ་འབྲས་ཆོས་ཀྱི་སྐུ་སྟེ། གཞི་དང་ལམ་དང་འབྲས་བུའོ། །དེ་ལྟར་ཐ་སྙད་རྣམ་པར་གཞག་པ་ཤེས་ནས་ངེས་དོན་ཡིན་ལུགས་སུ་བཤད་པ་ལ་བསྒྲིལ་དགོས་ཏེ། དེ་ནི་བྱམས་པའི་ཞལ་ལུང་ནས་བསྟན་པ་ཇི་བཞིན་ཏེ༑ དཔེར་བརྗོད་མཆོད་ཡུམ་ཀྱང་རྣམ་མཁྱེན་ཁོ་ན། ཤེར་ཕྱིན་ཀྱང་འབྲས་བུ་ཤེར་ཕྱིན། སེམས་བསྐྱེད་པ་ཡང་ཐ་མ་གསུམ་མཆོག་གི་སྤྲུལ་པའི་སྐུའི་ཡིན་པས་སངས་རྒྱས་ཀྱི་དེས་སེམས་བསྐྱེད་ཁོ་ནར་ཐེག་པ་ཆེན་པོ་ཐམས་ཅད་འདུ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན། ཐེག་པ་གཅིག་ཆོས་ཀྱི་འཁོར་ལོའང་དོན་གཅིག་ལ་གོ་ཚུལ་གྱིས་མང་ངོ་། །སྒྱུ་མ་ལྟ་བུར་འཆད་པ་དང་ཉན་པ་དང་། ལམ་སྒོམ་པ་དང་། འབྲས་བུ་མངོན་དུ་བྱ་བ་སྣང་བས་དེ་ལྟར་གཏན་ལ་ཕབ་པའི་ཕྱིར་བཤད་ཚུལ་འདི་ལ་སྦས་དོན་སྒྱུ་མ་ལྟ་བུ་ཞེས་གསུངས། དེའི་དབང་གིས༑ སྔོན་གྱི་སློབ་དཔོན་རྣམས་ཐོགས་མེད་དང་འཕགས་པ་དང་སེང་གེ་བཟང་པོ་སོགས་སྒྱུ་མ་ལྟ་བུའི་དབུ་མ་པར་འདྲེན་ལ། རྒྱ་ཆེན་སྤྱོད་པའི་སློབ་དཔོན། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྣང་བ་དེ་གཙོ་བོར་མ་མཛད་པར། མཉམ་བཞག་རྣམ་པར་མི་རྟོག་པའི་ཤེས་རབ་ཉིད་གཙོ་བོར་མཛད་ནས་དོན་དམ་གཏན་ལ་འབེབས་པ་རབ་ཏུ་མི་གནས་པའི་དབུ་མ་དེའི་ཕྱིར་སློབ་དཔོན་ཀླུ་གྲུབ་རྗེས་འབྲང་དང་བཅས་པ་ཟབ་མོ་ལྟ་བ་སྟོན་པའི་སློབ་དཔོན་དུ་འདྲེན་པ་དོན་ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་ལེན་དགོས་སོ། །དེ་ལྟར་ལུང་ལ་འཇུག་པའི་སྒོ་ཞེས་བྱ་བ་འདི་ཡང་བཙུན་པ་པདྨ་དཀར་པོས་ཆོས་དོན་དུ་གཉེར་བ་ལ་སྦྱིན་པར་བསྟབས་སོ།། །།མངྒལཾ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net