Difference between revisions of "Ngb-pt-0859-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

ལུགས་འདི་ནི་གསལ་པ་ཡིན་ཏེ། གནད་ཤིན་དུ་ཆེའོ། །གཟུས་སྟོན་རིན་ཆེན་རྒྱལ་པོའི་མཚོན་ཆའོ།། །། རྒྱ་གར་སྐད་དུ། བ་ལ་པ་ཏྲ་བྷ་ལས་ཛི་ཏནྟྲ་ནཱ་མ།བོད་སྐད་དུ། བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ཅེས་བྱ་བ། དཔལ་ཁྲག་འཐུང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་མཁའ་འགྲོ་མ་ཐམས་ཅད་འདུ་བའི་གནས་དུར་ཁྲོད་ཆེན་པོ་ན་བཞུགས་ཏེ། མཁའ་འགྲོ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བ་དང་། དཔལ་ཁྲག་འཐུང་གི་ཚོགས་གདུག་པ་ཅན་ཐམས་ཅད་འདུལ་བ་དང་ཐབས་ཅིག་ཏུ་བཞུགས་སོ། །གནས་དེ་དག་ཐམས་ཅད་ལ་ཕྱོགས་བཅུར་འོད་ཟེར་སྣ་ཚོགས་པ་འཕྲོས་པ་དང་། དུར་ཁྲོད་ཀྱི་བྱ་སྣ་ཚོགས་སྐད་སྙན་པ་འབྱིན་ཅིང་དུར་ཁྲོད་ཀྱི་རྒྱན་ཐམས་ཅད་ཀྱང་རང་རང་གི་སྒྲ་སྙན་པ་འདོན་པ་དང་། སྙིང་བརྒྱ་རྩ་བརྒྱད་དང་། ཁྲག་བརྒྱ་རྩ་བརྒྱད་ལ་སོགས་པ་ལོངས་སྤྱོད་པའོ། །དེའི་དུས་ནམ་མཁའ་ལ་སྒྲ་ཆེན་པོ་ཅིག་བྱུང་སྟེ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་ཤིན་ཏུ་ཡང་སྡུག་བསྔལ་ལོ། །དེའི་ནང་ནས་ཀྱང་ཁམས་གསུམ་གྱི་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ་ཞེས་སྒྲ་བྱུང་བས། དཔལ་ཁྲག་འཐུང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་དག་ལ་སྙོམས་པར་བཞུགས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་པ་ལ་ལ་ལ་ཏྲ་རྩེ་བར་གཟིགས་ནས། མ་མོ་ཆེན་མོ་པ་ལ་ཏྲ་ཞེས་བྱ་བ། སེམས་ཅན་གྱི་དུས་ན་ལས་ངན་པ་མ་ཟད་པའི་དུས་ན་སྲོག་ཆགས་ཐམས་ཅད་གསད་པའི་ལས་བྱས་པས། རྣམ་པར་སྨིན་པའི་འབྲས་བུས་སེམས་ཅན་དམྱལ་བའི་གནས་སུ་སྐྱེས་སོ། །དེ་ལས་ཐར་ནས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཏེ། སྔོན་གྱི་ལས་བླངས་ནས་ཡང་སེམས་ཅན་གྱི་སྲོག་གཅོད་པ་ཅིག་ཏུ་གྱུར་ཏོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གསོད་པར་གཟིགས་ནས། །དཔྲལ་བའི་དབུས་ནས་འོད་ཟེར་སྣ་བཞི་ཕྱུང་སྟེ། འོད་ཟེར་དེ་ལས་མཚོན་ཆའི་ཆར་ཆེན་པོ་སྙིང་ཟན་མ་བཞི་པོ་དེ་དག་ལ་ཕབ་ནས། སླར་ཁྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕུང་བར་བྱས་སོ། །དཔལ་ཁྲག་འཐུང་ཆེན་པོའི་ཐུགས་ཁ་ནས་འོད་ཟེར་སྣ་བཞི་བཏོན་པས། ཤར་ཕྱོགས་ཀྱི་འོད་ཟེར་ལས་སྲིད་པའི་རྒྱལ་པོ་དཀར་མོ་དང་། རྐུན་མ་འགུགས་པའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་དང་། དབུ་གསུམ་ཞབས་བཞི་ཕྱག་བཅུ་གཉིས་དང་ལྡན་པ་ཤ་དག་ཏུ་གྱུར་ཏོ། །ལྷོ་ཕྱོགས་ཀྱི་འོད་ཟེར་ལས་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་མངའ་མཛད་མ།རལ་གཅིག་མ་ཞེས་བྱ་བ་དཔྲལ་བའི་དབྱེས་ན་མིག་གཟུར་གསུམ་ཅིག་ཡོད་པ། ཁ་དོག་མཐིང་སྨུག་ཏི་འདུག་པ། དེའི་འཁོར་སྔོན་མོ་དང་། འགུགས་མ་དང་། སྡོམ་མ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་འོད་ཟེར་ལས་ལྷ་མོ་རེ་མ་ཏི་རལ་པ་གཅིག་འགྲེངས་ཀྱིས་སྟོང་གསུམ་ཁྱབ་པ། མིག་གཅིག་གི་སྟོང་གསུམ་གཟིགས་པ། སོ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སྐྱེ་ཤིའི་རྩ་བ་གཅོད་པ། གཤོག་པ་གཅིག་གིས་སྟོང་གསུམ་ཐམས་ཅད་གཡེང་བར་མཛད་པ། རྐང་པ་གཅིག་གིས་ཁམས་གསུམ་ཐམས་ཅད་ཁྱབ་པར་འགྲོ་བ། ནུ་མ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སྲིའུ་གསོ་བ། འཁོར་དམར་མོའི་ཚོགས་དང་། འགུགས་མའི་ཚོགས་དང་། སྡོམ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་བྱུང་བར་གྱུར་ཏོ། །བྱང་ཕྱོགས་ཀྱི་འོད་ཟེར་ལས་དབང་པོ་ཐམས་ཅད་ལ་དབང་བྱེད་པའི་བདག་མོ། །སྐད་ཅིག་གཅིག་གིས་ཀུན་ཏུ་རྒྱུག་པ། མིག་ལ་སོགས་པ་ཀུན་ཐོགས་པ་མེད་པར་འདུག་པར་བྱེད་པ། དེའི་འཁོར་སེར་མོའི་ཚོགས་དང་། འགུགས་མོ་དང་། འབེབས་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་བྱུང་བར་གྱུར་ཏོ། །དེ་ལྟར་བྱུང་བར་དཔལ་ཁྲག་འཐུང་འཁོར་དེ་དག་དང་བཅས་ཏེ། །ཕུང་བྱེད་མ་དེ་དག་རྣམས་དད་པ་ལས། དཀར་མོའི་ཚོགས་དེ་དག་ཐམས་ཅད་ཀྱིས། ཕུང་བྱེད་མ་དེ་དག་གི་དབུགས་ལ་དབང་བྱས། རྐུན་མ་དེ་དག་གིས་རླ་དབང་དུ་བསྡུས། འགུགས་མས་དཀྲུག་ནས། དཔལ་ཆེན་པོའི་ཞབས་འོག་ཏུ་བསྒྱུར་རོ། །དཔལ་ཁྲག་འཐུང་ཆེན་པོ་མེ་ཆེན་པོ་ཕྱོགས་བཞི་ནས་སྤར་ཏེ། ཕྱག་དྲུག་གིས་མཚོན་ཆས་གཟིར་བ་ལས་ཐུགས་རྗེའི་བདག་མོ་ཐོང་། བདག་ཅག་གཞན་ཡང་སྔོན་སེམས་ཅན་གྱི་དུས་ན་དུར་ཁྲོད་ཀྱི་བ༷་སྙིང་དང་། བྱའི་སྙིང་དང་། ཁྱི་ཤེལ་མིག་པོའི་སྙིང་དང་། ལུག་ཁམ་བརྒྱའི་སྙིང་རྣམས་ཟས་སུ་བཙལ་བས་སྲོག་ལ་དགའ་བར་གྱུར་ཏེ། དེའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་དུ་ཁ་ཡང་ཉམས་སུ་མྱོང་ངོ་། །དེ་ལྷར་ཡང་གསོད་དམ་ཅི་ཐོང་། ཞེས་བརྗོད་པས། དཔལ་ཁྲག་འཐུང་གིས་ཧ་ཧའི་སྒྲ་དྲག་པོ་བསྒྲགས་པས་དེ་དག་བརྒྱལ་བར་གྱུར་ཏོ། །བརྒྱལ་བ་སངས་ནས་འཁོར་དག་དཔལ་ཁྲག་འཐུང་གི་འཁོར་འབངས་བགྱིད། སྲོག་གི་སྙིང་པོ་ཡང་འབུལ་བར་འཚལ་ལོ། །སྲོག་གི་སྙིང་པོ་ཕུལ་བ། ཏྲག་རསྒ་པ་ཏྲ་རུ་ལུ་རུ་ལུ་སྙིང་ཁ་རག་མ་སྨྱོ། ཏྲག་རསྣ་ཏྲག་རསྣ་ཨེ་ཀ་ཛ་ཏི་མི་ཏྲ་སྙིང་ཁ་རག་མ་སྨྱོ། རུ་རུ་རོ་རུ་ཙ་པ་ལ་སྙིང་ཁ་རག་མ་སྨྱོ། ཏབྱཐུ་རུ་རུ་རོ་རུ་བི་ཏི་ཏ་པ་ཏོ་རྨི་བ་ཏོ་སི་སྨྱོ། ཞེས་རང་གི་འཁོར་ཐམས་ཅད་དང་དམ་ཚིག་ཁས་ལེན་པར་གྱུར་ཏོ། །དཔལ་ཆེན་པོ་བདག་ཅག་རྣམས་ཀྱིས་དཔའ་བོ་ཆེན་པོའི་འཁོར་ཐམས་ཅད་བསྲུང་ཞིང་བསྐྱང་བར་བགྱིའོ། །དམ་པའི་ཆོས་ཚུལ་བཞིན་དུ་བསྲུང་བ་དང་བསྐྱང་བར་བགྱིའོ། །བདག་ཅག་གི་བཟང་བའི་སྐལ་བ་གང་གིས་བགྱི། བཀའ་སྩལ་དུ་གསོལ། ཞེས་ཞུས་པ་ལ། དཔལ་ཁྲག་འཐུང་གི་གདན་གྱི་འོག་ནས་བཏོན་ནས་མནའ་བསྒགས་པ། བདུད་རྩི་རྣམ་པ་ལྔ་ལ། ཨོ་ཨ་མྲི་ཏ་ཙིཉི་ཏིལྒ ཞེས་བདུད་རྩི་བླུད་དེ་མནའ་བསྒགས་སོ། ཁྱེད་རྣམས་ཀྱི་བཟའ་བའི་སྐལ་པ་ནི་སངས་རྒྱས་ཀྱི་བསྟན་པ་བཤིག་པར་བྱེད་པ། དཀོན་མཆོག་གི་དབུ་འཕངས་སྨོད་པར་བྱེད་པ། ངན་པའི་ངང་ཚུལ་ཅན་དབེན་རིས་དང་ཆོས་འཁོར་བཤིག་ཅིང་སྐྱེ་བོ་ཡོངས་ལ་འཚེ་བ། དེ་དག་གི་སྙིང་ཟས་སྐལ་བྱེད་ཅིང་བསྔོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ལ་བཀོད་དོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་གྱི་ལས་མི་དགེ་བ་ལས་གྲུབ་པའི་ལོ་ཀ་ཕུང་པར་བྱེད་པའི་མ་མོ་འདི་དག །དཔལ་ཆེན་པོའི་དམ་ལ་གནས་པར་མཛད་པའོ། །འདི་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་བསྟན་པ་བསྲུང་བའི་སླད་དུ་ཇི་ལྟར་བསྒྲུབ་པར་བགྱི། འདིའི་ལས་ཀྱི་རྣམ་པ་གང་དང་གང་བསྒྲུབ་པ་བཀའ་སྩལ་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་སྤྲུལ་པའི་མཁའ་འགྲོ་མ། །མ་འོངས་པའི་དོན་དུ་སྒྲུབ་པའི་རིམ་པ་དང་། ལས་ཀྱི་རིམ་པ་འདི་དྲི་བ་ལེགས་སོ་ལེགས་སོ། ཁྱོད་ཀྱིས་དྲིས་པའི་དོན་དེ་དག་ངས་ལེགས་པར་བྱའོ། ཁམས་གསུམ་དུ་གནས་པ་འདི་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྒྲལ་བའི་ཞིང་ཡིན་ཏེ། །རྣམ་པར་རྟོག་པ་ཐམས་ཅད་གཞོམ་པའི་ཕྱིར་དང་། པ་ལ་པ་ཏྲ་སྒྲུབ་པའི་གནས་བཙལ་བར་བྱའོ། །གནས་ཡིད་དུ་འོང་བ་ནི་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་རམ། གཅན་གཟན་མང་པོ་རྩེ་བའི་གནས་སམ། རྒྱུན་དུ་སེམས་ཅན་གསོད་པའི་གནས་དེ་ལྟ་བུར་བསྒྲུབ་པར་བྱའོ། །དེར་ས་བརྟག་པ་དང་། གཟུང་པ་དང་། སའི་རོ་ལྔ་དབྱུང་པ་དང་། དེར་མ་མོའི་སྤྱིན་སྲེག་བྱ་བ་དང་། སའི་ཆོ་ག་གཞུང་བཞིན་བྱས་ཏེ། བྱིན་རླབས་དང་ལྡན་པར་གྱུར་པ་དེས།མ་མོའི་སྔོན་དུ་བསྙེན་པ་གཟུང་པར་བྱའོ། །སྔོན་དུ་བསྙེན་པ་བགྲངས་ནས་རྟགས་དང་མཚན་མ་མ་བྱུང་པ་དེས། བསྒྲུབ་པའི་དཀྱིལ་འཁོར་ལ་འཇུག་པར་བྱའོ། བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། གནས་བཙལ་ཞིང་སྔོན་དུ་བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྒྲུབ་པའི་དཀྱིལ་འཁོར་གྲུ་བཞི་བྱས་ལ། དེར་བའི་རྣམ་ལྔ་དང་། ར་ཁྲག་དང་། ཁྱི་ཁྲག་དང་། ཕག་ཁྲག་དང་། ཁྲག་སྣ་ཚོགས་ཀྱི་ཆག་ཆག་རྣམས་གདབ་པར་བྱའོ། །དེ་ནས་ཤིན་ཏུ་འཐས་པར་གྱུར་པ་དང་། དེར་ཁྲག་གི་ཐིག་ལེ་ལྔ་བྱས་ལ། རང་རང་གི་སྲོག་སྙིང་པོ་ནས་དྲངས་ཏེ་མཆོད་པས་མཆོད་པར་བྱའོ། །དེ་ནས་གནམ་ཐིག་གདབ་པར་བྱའོ། །ཐིག་དང་མཁའ་འགྲོ་མ་གཉིས་སུ་མེད་པར་བསྟིམ་ལ། རང་བཞིན་གྱི་ཐིག་གདབ་པར་བྱའོ། །དེ་ནས་གཟུགས་བརྙན་གྱི་ཐིག་གདབ་སྟེ། ཚངས་ཐིག་དང་། ཕྱོགས་ཐིག་དང་། འགྲུས་ཐིག་བཏབ་པས་རེའུ་ཆ་བཞི་རུ་འགྱུར་རོ། །དེ་ལ་ཆ་གསུམ་དུ་གཅད་དེ། དབུས་ཀྱི་ཆ་ལ་དཔལ་ཆེན་པོའི་དཀྱིལ་འཁོར་བྱའོ། །གཉིས་པ་ལ་ནི་མཁའ་འགྲོ་མ་རྣམས་ཀྱི་དཀྱིལ་འཁོར་བྱའོ། གསུམ་པ་ལ་སྒོ་དང་བརྒྱན་བྱའོ། །དེ་བཞིན་དུ་ཚོན་བཀྱེ་བར་བྱའོ། །དཀྱིལ་འཁོར་དེའི་དབུས་སུ་གྲུ་གསུམ་མཐིང་ནག་གོ །ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ་ཨེ་ཡིས་མཚན་པའོ། །སྒོ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པའོ། །དེ་དག་གི་མཐའ་མ་ན་ཡང་དུར་ཁྲོད་ཀྱི་བྱ་སྐད་སྙན་པ་སྒྲོག་པ་བྲི་བར་བྱའོ། །བཟང་མོ་སྟོབས་ཀྱི་རྒྱུད་ལས། དཀྱིལ་འཁོར་བཅའ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་དཀྱིལ་འཁོར་བཞེངས་ནས། དཀྱིལ་འཁོར་གྱི་ཡོ་བྱད་སྲོག་པར་བྱ་སྟེ། དཔལ་ཆེན་པོ་ཡབ་ཡུམ་ལ་མཆོད་པ་བྱ་བའི་ཕྱིར། ཤ་ཁྲག་སྣ་ཚོགས་པའི་གཏོར་མ་དང་། སྲིད་པའི་རྒྱལ་མོ་ལ་སོགས་པ་མཆོད་པའི་ཕྱིར། ཤ་སྣ་བརྒྱ་རྩ་བརྒྱད་དང་། ཁྲག་སྣ་བརྒྱ་རྩ་བརྒྱད་དང་། ཁྱད་པར་དུ་ཡང་སྙིང་ཆེན་པོ་ལྔ་ཡིས་བྱས་པའི་གཏོར་མ་བཞག་པར་བྱའོ། །ཐུགས་དམ་བསྐང་བའི་རྫས་སུ། བ༷་སྙིང་དང་། བྱའི་སྙིང་དང་། ཁྱི་ཤེལ་མིག་གི་སྙིང་དང་། ལུག་ཁམ་རྒྱའི་སྙིང་རྣམས་བནཉ་ལྕང་ལོ་ཅན་དུ་དུམ་བུ་བཞི་པའི་ནང་དུ་བདུད་རྩི་རྣམ་པ་ལྔ་དང་བསྲེས་ལ་བཞག་གོ །རྟེན་པའི་རྟེན་ནི་ལུག་སྨུག་མོས་བྱའོ། །བོད་པའི་རྟེན་ནི་བནྟྲའི་སྙིང་ཁྲག་བནྟྲ་གང་ལ་བྱའོ། །ཞིང་ཆེན་གྱི་གཡང་བཞི་དང་། གཞན་ཡང་རྐང་གི་གླིང་བུ་དང་། ཤ་ཆེན་གྱི་ལང་ལིང་དང་། འབར་འབུར་ནེ་སེ་ག་དང་། སྤྱི་བླུགས་ཞྭ། ཚིལ་ཆེན་གྱི་མར་མེ་ཁ་བཞི་དང་། ལས་ཀྱི་ཕུར་བུ་བཞི་དང་། ཐུན་གྱི་རྫས་སུ་ཡུངས་ཀར་དང་། ཡུངས་ནག་དང་། སྐྱེ་ཚེ་དང་། ནས་ནག་དང་། རྡོ་ནག་དང་།མངལ་ཁྲག་དང་། གྲི་ཁྲག་དང་རིམས་ཁྲག་དང་། རྣེལ་གྲིའི་ཁྲག་དང་། ཡུགས་ས་མོའི་ཁྲག་དང་། ར་ཁྲག་དང་། ཁྱི་ཁྲག་དང་། ཕག་ཁྲག་དང་། སྤྱང་ཀིའི་ཁྲག་དང་། གཞན་ཡང་གདུག་པའི་རྫས། ར་དུག་དང་། སྤྱང་དུག་དང་། བཙན་དུག་དང་། གུ་གུལ་དང་སྦྱར་པའི་དུག་དང་། སྨྱོ་བྱེད་ཀྱི་དུག་དང་། ལོ་མའི་དུག་དང་། རྩ་བའི་དུག་དང་། འབྲས་བུའི་དུག་དང་། ཁྲག་རྣམས་སྦྱར་བའི་ནང་དུ་བསྟོ་དུམ་བུ་དྲུག་པའི་ནང་གང་ཐུན་གྱི་རྫས་སུ་བཞག་པར་བྱའོ། །དུས་དུས་སུ་མཁའ་འགྲོ་མ་བོད་པའི་གཡབ་མོ། །སྐྱེས་པ་ལོ་ཉི་ཤུ་མན་ཆད་ལོན་པའི་ལག་པ་གཡས་པའི་མཐིལ་དུ་སྲོག་གི་སྙིང་པོ་བཞི་བྲིས་ལ། འགུགས་པའི་རྗེས་སུ་བཞག་པར་བྱའོ། །དེ་ལྟར་རྫས་ཀྱི་སྦྱོར་བ་ཚོགས་པ་དང་། ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །བཟང་མོ་སྟོབས་ཀྱི་རྒྱུད་ལས། དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་དག་གི་ཏིང་ངེ་འཛིན་ལ་འཇུག་པ་ནི། ཨེ་ཡ༷་ར༷་བ༷་ཀེ་བྲུ༷། དེ་ནས་གཞལ་ཡས་ཁང་བསྒོམ་པར་བྱའོ། །ཨོ་བཛྲ་ཤི་ཧེ་རུ་ཀ་མཧྭ་ཀྲོ་དྷི་ཤྭ་རི། ཞེས་ཁྲག་འཐུང་དེ་དག་གི་ཐུགས་ཁ་ནས། ཏྲག་རསྒ་མ་སྨྱོ། ཞེས་པ་དང་། ཨེ་ཀ་ཛ་ཏི་པ་ལ་མི་ཤ་སྨྱོ།ཞེས་པ་དང་། སི་ཏྲག་རསྒ་ཤ་མ་སྨྱོ། ཞེས་པ་དང་། ཏྲག་རསྒ་མ་བཛྲ་ཀི་ལི་མ་སྤྱོ། ཞེས་བྱ་བ་ནི་སྲིད་པ་རྒྱལ་མོ་ལ་སོགས་པའི་མ་མོ་བཞི་པོ་བསྐྱེད་པར་བྱའོ། །ཛ་བཞིས་སྦུགས་ལ་དབང་བྱེད་པ་བཞི་བསྐྱེད་པར་བྱའོ། །ཧཱུཾ༷་བཞིས་རྐན་མ་བཞི་བསྐྱེད་པར་བྱའོ། །བ༷་བཞིས་སྒྲོལ་བྱེད་མ་བཞི་བསྐྱེད་པར་བྱའོ། །དེ་རྣམས་ཀྱི་ཐུགས་ཁ་ནས་བཏོན་ཏེ། དེ་དག་གི་སྔགས་ནི་འདི་དག་གོ །ཏྲག་རསྒ་པ་ཏྲ་རུ་ལུ་རུ་ལུ་སྙིང་ཁ་རག་མ་སྨྱོ། སྒག་རསྒ་ཏྲག་རསྒ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁར་རག་མ་སྨྱོ་རུ་རུ་རོ་རུ་ཙ་པ་ལ་སྙིང་ཁར་མི་ཤ་ཨ་ཤུག་མེ་སྨྱོ། ཏབྱ་ཐུ། རུ་རུ་རོ་རུ་བེ་ཏི་ས༷་བ་ཏོ་སི་སྨྱོ། ཞེས་སྲོག་གི་སྙིང་པོའོ། །ཏྲག་རསྣ་སྙིང་ཁ་རག་མ་སྨྱོ་ནི་ཛ་དགྲ་བོ་མྱ་ར་ཡ་ཕཊ་ས་མ་ཡ། སྒག་རསྒ་ས་མ་ཡ་སྙིང་ལིང་རྦུད་ས་མ་ཡ། ཏྲག་རསྒ་དགྲ་བོ་མྱ་ར་ཡ་སྙིང་ལིང་རྦུད་ས་མ་ཡ། ཏྲག་རསྒ་དགྲ་བོ་མྱ་ར་ཡ་ཙིལྟི་སྙིང་ལིང་རྦུད་ས་མ་ཡ། ཞེས་པས་ཐུགས་དམ་བསྐུལ་བར་བྱའོ། སྒག་རསྒ་སྙིང་ཁ་རག་སྙིང་ཁྲག་ཧུར་ཁུ་ཐུན་སྨྱོ། སྒག་རསྒ་སྙིང་ཁྲག་ཚལ་པ་ཐུན་སྨྱོ། སྒག་རསྣ་མ་མ་རསྒ་ཐུན་སྨྱོ། ཏྲག་རསྒ་སྙིང་རྩ་ལ་རྦད་ཐུན་སྨྱོ། ཞེས་ཐུན་དབབ་པར་བྱའོ། །པ་ཏྲ་རུ་ལུ་རུ་ལུ་མ་སྦྱོསྨྱོ་རསྒ་མ་སྨྱོ། མ་མ་རསྒ་མ་སྨྱོ། མ་མ་རོ་ཤ་མ་སྨྱོ། ཞེས་ཕུར་བུ་ལ་དགོད་པར་བྱ། མ་མ་ཀི་ལི་ཀི་ལ་ཡ། ཨིན་ཛ་མ་མ་ཀི་ལི་ཀི་ལ་ཡ། པྲ་པ་ཛ་ར༷་ར༷་ཆེ་གེ་མོ་ཀི་ལ་ཡ། མ་མ་ཀི་ལི་ཀི་ལ་ཡ་མ་ར་ཡ་ཡསྒ །ཆེ་གེ་མོ་ཀི་ལ་ཡ་པྲ་མོ་ཛ། མ་མ་ཀི་ལི་ཀི་ལ་ཡ་པྲ་ཤ་པྲ་ཀྲི་ཛུ། ཆེ་གེ་མོ་ཀི་ལ་ཡ། ཞེས་གདབ་པར་བྱའོ། །པ་ཏྲ་ས་མ་ཡ་ལོངས་ལོངས། ཞེས་བཟླས་པར་བྱའོ། །མྱ་ར་ཡ་ཡསྒ །ཞེས་ཕུར་བུ་བྱིན་གྱིས་བརླབ་པར་བྱའོ། །ར༷་ར༷། ཞེས་ཡེ་ཤེས་ཀྱི་མེ་བསྐྱེད་པར་བྱའོ། །པྲ་ཤ༷་ཧ། ཞེས་དབང་དུ་བསྡུ་བར་བྱའོ། །མ་མ་སྨྱོ་རུ་ལུ་རུ་ལུ་ཨ་ར་ལི་སྨྱོ། ཞེས་བྱ་བ་ནི་བཞི་སྙིང་གཅིག་དྲིལ་བའི་སྙིང་པོ་འདིས་ལས་བཅོལ་བྱའོ། །ཏྲག་རསྒ་ས་མ་ཡ་སྙིང་རྩ་ལ་ཐུན་སྨྱོ། ཞེས་བྱ་བ་ནི་བཞི་སྙིང་གཅིག་ཏུ་དྲིལ་བའི་ཐུན་ནོ། །མ་མ་ཏྲག་རསྒ་བ༷་རིལ་བྱིན་ནན་ཙ་པ་ལ་ཨ་ར་ལི་རུ་ལ་སྨྱོ། ཞེས་བྱ་བ་ནི་བཞི་སྙིང་གཅིག་ཏུ་དྲིལ་བའི་བོད་པའོ། །རུ་རུ་ཀྱེ་བ༷་ཏི་རསྒ་དྷ་ལ་སྨྱོ།ཞེས་པ་བཞི་སྙིང་གཅིག་ཏུ་དྲིལ་བའི་རྦད་པའོ། །རག་མོ་ཀ༷་ཁ་རག་ཁ་ཐུན་སྙིང་ལ་རག་ཐུན་སྙིང་ལ་རག་མ་སྨྱོ། ཞེས་པ་ནི་བཞི་སྙིང་གཅིག་ཏུ་དྲིལ་བའི་བསད་པའོ། །ཆེ་གེ་མོ་མུ་ར་ཡ་སྟ༷་པ་ཡ་ནན་ཁ་ཧི་ ཀྲོ་དྷ་ཁ་ཧི།ཞེས་པ་ནི་མནན་ཅིང་བཏབ་པའོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ཅེས་བྱ་བ་ལས། ཏིང་ངེ་འཛིན་དང་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དབྱིངས་ནས་བསྐུལ་བར་བྱའོ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །མ་མོ་ཆེན་མོ་ཡལ་དམ་ཅན། སྲིད་པའི་རྒྱལ་མོ་མཐུ་མོ་ཆེ། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། སེམས་ཅན་ཀུན་གྱི་སྙིང་འབྱིན་མ། །སྨུག་ནག་དབུ་གསུམ་ཞབས་བཞི་མ། །ཕྱག་ནི་བཅུ་གཉིས་མ་ཡི་གཟུགས། ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །འགྱུར་བ་མེད་པ་རྟགས་ཀྱི་དབུ། །སྲིད་གསུམ་བྱ་ར་མཛད་པའི་སྤྱན། ཁམས་གསུམ་རྔུབ་པར་བྱེད་པའི་ཞལ། །སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས། །ཕྱག་ནི་རཀྟའི་མཚོ་ལ་རོལ། །གཡས་ཀྱི་ཕྱག་དྲུག་ཕུར་བུ་ནི། །གསང་བ་མཆོག་གི་ཕུར་བུ་འདྲིལ། །འགྲོ་དྲུག་སེམས་ཅན་སྒྲོལ་བར་མཛད། །གཡོན་གྱི་ཕྱག་དྲུག་ཕུར་བུ་ནི། །སེང་ལྡེང་གདུག་པའི་ཕུར་བུ་འདྲིལ། །རྒྱུད་དྲུག་གནས་རྣམས་དག་པར་བྱེད། །ཅེས་དབྱིངས་ནས་བསྐུལ་ལོ། །སྲིད་པའི་མ་མོ་མཐུ་མོ་ཆེ། །མིག་གཅིག་གདོང་ནི་ཁྲོ་གཉེར་ཅན། །སྐུ་ནི་ནམ་མཁའི་མཐའ་དང་མཉམ། །སྐུ་ནི་མཐིང་སྨུག་ཆེན་མོ་ལ། །དཔྲལ་བའི་དབྱེས་ན་མིག་གཅིག་མ། །དབུ་ལ་དེ་ནི་རལ་གཅིག་མ། །བཞུགས་ནི་ས་དགུའི་གཏིང་ན་བཞུགས། །ཆུ་མིག་ཀུན་གྱི་དྲོད་འབེབས་མ། །རླུད་ནག་འཅོ་མའི་སྣ་འདྲེན་མ། །ཞིང་ས་ཀུན་གྱི་རྐང་ཡུལ་མ། །ཆེད་འགའ་རྒྱ་མཚོའི་གཏིང་ན་བཞུགས། །ཆུ་རྣམས་ཀུན་གྱི་མདོག་འབྱིན་མ། །ཐམས་ཅད་མ་ལུས་སྡུད་བྱེད་མ། །ཆེད་འགའ་བར་སྣང་ཁམས་ན་བཞུགས། །འབྲས་བུ་རྒྱལ་པོའི་བཅུད་ཉམས་མ། །ལོ་ཏོག་སྣར་གྱི་བདག་མོ་ཡིན། །དེ་ཡི་གསང་བའི་མཚན་གསོལ་བ། །ཨེ་ཀ་ཛ་ཏི་གསང་བའི་ཡུམ། །རྣལ་འབྱོར་ཡོངས་ཀྱི་བསྲུངས་མ་སྟེ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །སྣང་སྲིད་ཀུན་གྱི་དབང་མོ་ཆེ། །དབུ་ལ་རལ་པ་གཅིག་མ་ཅན། །རལ་པ་གཅིག་འགྲེངས་སྟོང་ཁམས་ཁྱབ། །དཔྲལ་བའི་དབྱེས་ན་མིག་གཅིག་མ། །སྟོང་ཁམས་ཡོངས་ལ་ས་ལེ་གཟིགས། ཁ་ཡི་དཀྱིལ་ན་སོ་གཅིག་མ། །སྐྱེ་འགྲོ་རྩད་ནས་གཅོད་པའི་ཚེམས། །རྒྱབ་ཀྱི་དཀྱིལ་ན་གཤོག་གཅིག་མ། ཁམས་གསུམ་མ་ལུས་དབང་དུ་སྡུད། །ལུས་ལ་དེ་ནི་སྐད་ཅིག་མ། །སྟོང་ཁམས་མ་ལུས་ཁྱབ་པར་འགྲོ། །བྲང་གི་དཀྱིལ་ན་ནུ་གཅིག་མ། །སེམས་ཅན་ཀུན་གྱི་སྲིའུ་གསོ། །ཆག་གང་ཙམ་གྱིས་གནམ་མ་སླེབ། ཁྲུ་གང་ཙམ་གྱིས་ས་མ་གླེབ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །སྣང་སྲིད་ཀུན་གྱི་བྱོ་ཟློག་མཛོད། །མ་མོ་ཆེན་པོ་མཐུ་མོ་ཆེ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྐད་ཅིག་ཀུན་ཏུ་ཡུད་ཀྱིས་རྒྱུག །མིག་མེད་ལོང་བ་ཅིག་གིས་ནི། །ཐམས་ཅད་མ་ལུས་ལུང་དུ་ཆུག །རྣ་མེད་སྒྲ་མི་ཐོས་པ་ཡིས། །དགྲ་བོའི་རྣ་བ་འོན་དུ་ཆུག །སྣ་མེད་དྲི་མི་ཚོར་གྱིས་ནི། །དགྲ་བོའི་ཚུལ་པ་སུབས་སུ་ཆུག །ལྕེ་མེད་མྱང་མི་ཤེས་པ་ཡིས། །དགྲ་བོའི་ལྕེ་ནི་སྐུགས་སུ་ཆུག །སྙིང་མེད་སྙིང་དགུ་མ་ཡིས་ནི། །དགྲ་བོའི་ཙིསྟ་རྩད་ནས་ཆོད། །རྐང་མེད་འགྲོ་མི་ཤེས་ཀྱིས་ནི། དགྲ་བོའི་རྐང་པ་འཁྲལ་དུ་ཆུག །བ་རུ་གསེར་མགོ་ཆ་ཡིས་ནི། །སྡང་བའི་དགྲ་བོ་གཟེར་དུ་ཆུག །ནག་མོ་ཆེན་མོ་མགྱོགས་བྱེད་མ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཁྱེད་ཀྱི་འཁོར་ན་གནས་པ་ནི། །བྲན་དང་ཡང་བྲན་ཡང་གཡོག་བཅས། །སེམས་ཅན་ཀུན་གྱི་བླ་ཚེ་སྡུད། །ལས་དང་ཐུན་གྱི་བདག་མོ་སྟེ། སྲོག་གཅོད་ལས་ལ་ཤིན་ཏུ་བརྩོན། །འཆི་བདག་ཀུན་གྱི་བདག་མོ་སྟེ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བཟང་མོ་སྟོབས་ཀྱི་རྒྱུད་ལས། བསྐུལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་མ་སྤྲུལ་བའི་ལྷ་མོ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོ་ག་འདི་དག་གི་དབང་བསྐུར་བའི་རིམ་པ་དང་། དྲག་པོ་ལ་ཇི་ལྟར་བགྱི་བཀའ་སྩལ་དུ་གསོལ། ཅེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་འདྲི་བའི་དོན་བཤད་པར་བྱའོ། །དབང་གི་དཀྱིལ་འཁོར་ནི། །རྩ་བའི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཁྲུ་དོ་པར་བྱ་སྟེ། འདིར་བསྐུར་བ་ནི་སྲིད་པའི་རྒྱལ་མོ་ལ་སོགས་པས་བུམ་པའི་དབང་བསྐུར་ཏེ། ཁྲག་སྣ་བརྒྱ་རྩ་བརྒྱད་དང་། ཞུན་ཆེན་དང་། སྤྱི་བླུགས་དང་། ཁྲག་སྣ་ཚོགས་ཀྱི་དབང་བསྐུར་ལ། །ལོ་ཀའི་མ་མོའི་དངོས་གྲུབ་དང་། །ལོ་ཀ་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་དབང་བསྐུར་རོ། །དེའི་སྔགས་ནི་འདི་ཡིན་ནོ། །ཨོ་ཤི་ཧེ་རུ་ཀ་ཨ་སྟི་ཁིལྒ ཏྲག་རསྒ་ཨ་སྟི་ཁིལྒ མ་མ་ཨེ་ཀ་ཛ་ཏི་ཨ་སྟི་ཁིལྒ མ་མ་རུ་རུ་ཨ་སྟི་ཥསྒ མ་མ་བ་ཏི་བ་ཏི་སིརྙིཨ སྟིཁི྅ཞེསདབངསྤྱིན་པར་བྱའོ། །དབང་དེ་དག་བསྐུར་བའི་དུས་སུ་ཡང་། ཤུན་ཆེན་གྱི་གཡང་གཞི་ལ་སོགས་པ་དམ་རྫས་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་ཏེ། མཁའ་འགྲོ་མ་ཐམས་ཅད་ཀྱི་དབང་ཤིན་ཏུ་ཐོབ་བོ། །དབང་དེ་དག་གི་རྫས་དེ་དག་ཐམས་ཅད་ཀྱང་སྤྱོད་པའི་རྫས་ཐམས་ཅད་དང་ལྡན་པར་བྱའོ། །བཟང་མོ་སྟོབས་ཀྱི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།།།།དེ་ནས་བསྒྲུབ་ཐུན་བཅའ་བར་བྱའོ། །དཀྱིལ་འཁོར་མདའ་གང་གྲུ་གསུམ་དུ་བརྩེག་པར་བྱའོ། །དེའི་སྟེང་དུ་གྲུ་གསུམ་སོར་ལྔ་དཔངས་སུ་ཡོད་པ་བརྩིག་པར་བྱའོ། །དེའི་ནང་དུ་རྡོ་སོལ་དང་དུར་ཁྲོད་ཀྱི་སོལ་བས་བྱུག་པར་བྱའོ། ཁྲག་སྣ་ཚོགས་ཀྱིས་ཆག་ཆག་གདབ་པར་བྱའོ། །དེ་ཟུར་གསུམ་གྱི་ཕྱོགས་གསུམ་དུ་གྲུ་གསུམ་གཉིས་བརྩེག་ཏུ་བྱའོ། །དཔངས་སུ་ཆག་གང་ཡོད་པ་གསུམ་པ་བརྩེགས་པར་བྱའོ། ཁ་ཁྱེར་ཐམས་ཅད་ལ་ཐོད་འཕྲེང་བཏང་བར་བྱའོ། །དེའི་ཕྱི་རིམ་ལ་མེ་རི་བཏང་ངོ། །གྲུ་གསུམ་རེ་རེའི་དབུས་སུ་སེང་ལྡེང་གི་ཕུར་བུ་དང་། ལྕགས་ཀྱི་ཕུར་བུ་དང་། །མཆོག་གི་ཕུར་བུ་དང་། དུག་ཤིང་ལས་བྱས་པའི་ཕུར་བུ་དང་བཞི།དེ་བཞི་མ་མོ་བཞིར་ཡང་མངའ་གསོལ་ལོ། །རང་སྔགས་བཀོད་ལ་གཟུགས་པར་བྱའོ། །དེའི་ནུབ་ཕྱོགས་སུ་ནི་ཐུན་གྱི་རྫས་མངལ་མངའ་ཁྲག་ལ་སོགས་པ་ཁྲག་སྣ་དགུ་དགུ། ར་དུག་ལ་སོགས་པ་དུག་སྣ་དགུ་དང་།དུམ་བུ་དྲུག་པ་གང་སྦྱར་ལ་བཞག་གོ ་།ར་ཕྱོགས་སུ་མིའི་སྙིང་དང་། སེང་གེའི་སྙིང་དང་། སྟག་གི་སྙིང་དང་། དོམ་གྱི་སྙིང་དང་། བྱ་རྒོད་གྱི་སྙིང་དང་། ལྔ་ལ་བྱས་པའི་གཏོར་མ་དང་། དབྱར་གྱི་མེ་ཏོག་སྣ་ཚོགས་སུ་སྦྱར་བའི་གཏོར་མ་དང་། དཔྱིད་ཉ་རུལ་པ་དང་། ཁྲག་རུལ་དང་། སྙིང་དུ་སྦྱར་བའི་གཏོར་མ་དང་། དུས་དང་སྦྱར་ཏེ་མི་ཡེངས་པར་སྤྱིན་པར་བྱའོ། །དེ་དག་གི་རྒྱུ་བའི་དུས་ནི་སྲོད་དང་། ཐོ་རངས་དང་། གུང་དང་ཐམས་ཅད་ཁྱབ་པར་རྒྱུའོ། །ཐུགས་དམ་བསྐང་པའི་རྫས་ནི། རྟེན་བཅའ་བའི་རྫས་དང་བོད་པའི་རྫས་དང་གཡབ་པའི་རྫས་དང་ལྡན་པས་བསྒྲུབ་པར་བྱའོ། །ཡུངས་ཀར་དང་། ཡུངས་ནག་དང་། སྐྱེ་ཚེ་དང་། ཐུན་གྱི་རྫས་སུ་བྱའོ། །དགྲ་བོའི་རྗེས་ས་དང་། མཆིལ་མ་དང་། བཤང་གཅི་དང་། ཡུལ་ཕྱོགས་ཀྱི་རྩ་ལ་གཟུགས་བྱས་པ་ཡང་བཞག་པར་བྱའོ། །དེ་ནས་དཔལ་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པའམ།ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་དང་། ཁ་ཊ༷་ཁ་དང་། རྔེ་ཆུང་དང་། དྲིལ་བུ་དང་། བན་དྷ་དམར་གྱིས་བཀང་བ་དང་། རྒྱུ་ཞགས་དེ་རྣམས་གཡས་གཡོན་མཚོན་པ་དང་། གཡོན་ཡུམ་གྱིས་འཁྱུད་པ་གསལ་བར་བསྒོམ་ལ། དེ་དག་གསལ་བའི་ཤར་དུ་སྲིད་པའི་རྒྱལ་མོ་གསལ་བར་བསྒོམ། ལྷོར་ཨེ་ཀ་ཛ་ཏི་བསྒོམ། ནུབ་ཏུ་རེ་མ་ཏི་བསྒོམ་པར་བྱའོ། །བྱང་དུ་ནག་མོ་མགྱོགས་བྱེད་མ་བསྒོམ་པར་བྱའོ། །དེ་དག་གི་འཁོར་ན་དཀར་མོ་སེང་གེའི་གདོང་ཅན་དང་། དམར་མོ་སྟག་གི་མགོ་ཅན་དང་། སྔོན་མོ་ཆུ་སྲིན་གྱི་མགོ་ཅན་དང་། སེར་མོ་དུར་བྱའི་མགོ་ཅན་དང་། དབུགས་ཀྱི་བདག་མོ་བཞི་བསྒོམ་པར་བྱའོ། །དེ་དག་གི་སྔགས་ནི། སྒག་རསྒ་མ་མ་ཤ་ཏྲུ༷་ས་མ་ཡ་བྲུ༷་ཨུ་ཀཁོ་ཤ་ཡ་ཛ། དེའི་འཁོར་བྱ་ལྕགས་ཀྱི་བྱ་རྒོད་དངུལ་མགོ་མ་དང་། དུག་གི་བྱ་རྒོད་གསེར་མགོ་མ་དང་། དངུལ་གྱི་བྱ་རྒོད་ཁ་མཆུ་མ་དང་། འདབ་ཆགས་གཟོང་མཆུ་མ་དང་། བཞི་པོ་འདི་དག་བསྒོམ་པར་བྱའོ། །དེ་དག་གི་སྔགས་ནི་འདིའོ། །སྒག་རསྣ་ཤུ་ཐུན་ཁྲག་ཕུག་རྨུགས་ཐུམ་རིལ་ཨུ་ཀཁེ་ཤ་ཡ་ཛ། ཞེས་བྱའོ། །དེའི་བྲན་འགུགས་བྱེད་མ་ཤེལ་གྱི་མགོ་དགུ་མ་དང་། ཟངས་ཀྱི་མགོ་དགུ་མ་དང་གཡུའི་ཕྲ་མེན་དང་། སྒྲོལ་བའི་མགོ་དགུ་མ་དང་། དེ་རྣམས་བསྒོམ་པར་བྱའོ། དེའི་སྔགས་ནི། སྒག་རསྒ་མ་མ་ཀྱི་མ་ཡ་མ་མ་ཤ་ཏྲུ༷་ཀི་ལ་ཡ་ཨིལྒ པྲ་པ་ཛ། པྲ་ལེ་ཛ། ཏྲག་རསྒ་ར༷་ར༷་ཀི་ལ་ཡ་སྨིག་རསྒ་ཀེ་རུ་རསྒ །པྲ་ཤ་ར་ཧ་ཀི་ལ་ཡ། ཞེས་བྱའོ། །དེ་ལྟར་ལྷ་རྣམས་གསལ་བ་དང་། དང་པོར་སྲོག་གི་སྙིང་པོར་ཞག་དགུར་བགྲང་བར་བྱའོ། །དེ་ལྟར་གྲུབ་པའི་རྟགས། རླུང་དང་། སེར་བ་དང་། བུ་ཡུག་བྱུང་བ་དང་། ཐུན་གྱི་མ་མོ་གསུམ་གྱི་སྲོག་གི་སྙིང་པོར་དྲང་བར་བྱའོ། །དུས་དུས་ནི་ལས་ལ་བསྐུལ་བའི་སྙིང་པོ་དྲང་པར་བྱའོ། །ཨེ་ཀ་ཛ་ཏིའི་ཁྲག་ཐུན་ནི་སྙིང་ལ་བརྡེག་པར་བྱའོ། །རེ་མ་ཏིའི་དུག་ཐུན་ནི་འདོམས་ནས་མགྲིན་པ་མན་ཆད་ལ་བརྡེག་པར་བྱའོ། །ནག་མོ་མགྱོགས་བྱེད་མའི་ཕུར་ཐུན་ནི། མིག་ལ་སོགས་པའི་དབང་པོ་ལྔ་ལ་བརྡེག་པར་བྱའོ། །ཡུངས་ཀར་ནི་ཁྲག་ལ་བསྟིམ་པར་བྱའོ། །ཡུངས་ནག་ནི་དུག་ལ་བསྟིམ་པར་བྱའོ། །སྐྱེ་ཚེ་ནི་༄༅ ཕུར་བུ་ལ་བསྟིམ་མོ། །རང་རང་གི་ཐུན་རྫོགས་པ་དང་། ཐུན་ཐམས་ཅད་གཅིག་ཏུ་བསྲེས་ཏེ། བཞི་སྙིང་གཅིག་ཏུ་དྲིལ་བའི་ཐུན་འདི་གདབ་པར་བྱའོ། །ཏྲག་རསྒ་སྙིང་ཁ་རག་པ༷་རིལཐུན སྨྱོ། ཞེས་བཏབ་པས་ཁོལ་བར་འགྱུར་རོ། ཁྲོལ་བའི་ནང་དུ་ལིང་ག་བཅུག་ལ་ཕུར་ཐུན་གྱིས་གདབ་པར་བྱའོ། བཏབཔ་དེ་དག་སྤྱང་ཀིའི་ཐོད་པ་དང། ཕག་ཐོད་དམ། ཝ་ཐོད་དུ་མནན་པརབྱའོ། བཟང་མོ་སྟོབས་ཀྱིསྲོག་གིརྒྱུདལས། ཐུན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སྤྲུལ་བའི་ལྷ་མོ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་མ་མོའི་ཚོགས་ཐམས་ཅད་དབང་དུ་བསྡུ་བ་འདི་བཀའ་སྩལ་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་མོའི་ཚོགས་ཐམས་ཅད་དབང་དུ་བསྡུ་བ་ནི། ལྟ་བས་དབང་དུ་བསྡུ་བ་དང་། སྤྱོད་པས་དབང་དུ་བསྡུ་བ་དང་། དྲག་པོས་དབང་དུ་བསྡུ་བའོ། །དེ་ལ་ཧཱུཾ༷ ཧཱུཾ༷་གི་སྒྲ་བསྒྲགས་པས་མམོ་རྣམས་འདར་ཡེད་ཡེད་སྐྲག་པ་དང་དངངས་པར་འགྱུར་རོ། །ཧཱུཾ་ཞེས་བྱས་བས་པདྨ་རཀྟ་རྔུབས་པས་སྤྱོད་པས་དབང་དུ་བསྡུ་བའོ། །ཆེ་བའི་ང་རྒྱལ་བསྐྱེད་པནི། ཧཱུཾ༷། ང་ནི་སངས་རྒྱས་ཀུན་གྱི་ཡབ། །ང་ནི་སངས་རྒྱས་ཀུན་གྱི་བདག །ང་ནི་མ མོ་ཀུན་གྱི་རྗེ། ཁྱེད ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལུས་རྣམས་གྲུབ་པར་གྱིས། སྐྱེ་འགྲོ་ཀུན གྱི་ཁྲག འཐུངཡིན། ཁམས་གསུམ་ཀུན གྱི་དབུགས་ཀྱི་བདག ཁམས་གསུམ་ཀུན་གྱི་རུས་འཆོད་བདག །བྲན་གྱི་ཚུལ་གྱིས་ལས་རྣམས་གྱིས། །ཞེས་ཧཱུཾ༷་གིས་སྙིང་ཁྲག་ཐམས་ཅད་འཇིབ་སྟེ། མྱོས་ཤིང་བསྡམས་པར་བྱས་པས། དཔལ་ཁྲག་ཐུང་གི་སྐུ་དེས་དགེས་པར་གཟི་མདངས་ཀྱིས་ལྟས་པས། མ་མོའི་ཚོགས་དེ་དག་ཐམས་ཅད་སླར་གསོ་བར་མཛད་ནས་ནི། སོ་སོའི་ལས་ལ་སླར་འཇུག་པར་མཛད་དོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། དབང་དུ་བསྡུ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་རྟེན་ཐབས་བཞི་བཀའ་སྩལ་ཏོ། །རྣལ་འབྱོར་པ་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་ལྡན་པ་དང་། དམ་ཚིག་དང་ལྡན་པ་དེས། །ཡེ་ཤེས་ལས་གྲུབ་པའི་མ་མོ་དང་། ཐམས་ཅད་ཀྱིས་རྟེན་པའི་ཚུལ་བཞིར་འདུ་བར་བྱའོ། །མ་སྲིང་གི་ཚུལ་དུ་བརྟེན་པ་དང་། བྱན་མོའི་ཚུལ་དུ་བསྟེན་པ་དང་། བྲན་མོའི་ཚུལ་དུ་བསྟེན་པ་དང་། མཛའ་མོའི་ཚུལ་དུ་བསྟེན་པའོ། །མ་སྲིང་ལྟར་བསྟེན་པ་ནི། བརྩེ་གདུང་ཆེ་ཞིང་དམ་ལ་གནས་པར་འགྱུར་རོ། །མཛའ་མོ་ལྟར་བསྟེན་པ་ནི། ཁྲེལ་གཞུང་བཙན་ཞིང་ལས་མྱུར་བར་འགྱུར་རོ། །བྱན་མོ་ལྟར་བསྟེན་པ་ནི་ཁྲོ་གཏུམ་ཆེ་ཞིང་འཁུ་ལྡོག་ཆེ། བྲན་མོ་ལྟར་བསྟེན་པ་ནི། དམ་ཆུང་ཞིང་གང་བཅོལ་པའི་ལས་བྱེད་པར་འགྱུར་རོ། །ཏིང་ངེ་འཛིན་སྟོབས་དང་ལྡན་པས་ནི་བྲན་མོ་ལྟར་བསྟེན་པར་བྱའོ། །ཏིང་ངེ་འཛིན་སྟོབས་ཆུང་ཞིང་དམ་རྫས་ཐོགས་པ་མེད་པ་སྤྱོད་པས་ནི་མ་སྲིང་ལྟར་བསྟེན་པར་བྱའོ། །ཏིང་ངེ་འཛིན་སྟོབས་ཆུང་ཡང་སྲོག་ཟིན་པའི་མན་ངག་ལ་མཁས་པས་ནི་མཛའ་མོ་ལྟར་བརྟེན་པར་བྱའོ། །དཔལ་ཁྲག་འཐུང་སྐུ་ཡང་གསལ་ལ་ཧཱུཾ༷་གིས་པདྨ་རཀྟ་སྡུད་ནུས་པས་ནི་བྱན་མོ་ལྟར་བརྟེན་པར་བྱའོ། །དེ་རྣམས་ཀྱི་ལྟ་བ་ནི། མ་སྲིང་ལྟར་བསྟེན་པ་ནི་ཐོ་རངས་ཡོང་ངོ་། །བྲན་མོ་ལྟར་བསྟེན་པ་ནི་ཉི་མ་གུང་ཡན་ཆད་ལ་འོང་ངོ། །བྱན་མོ་ལྷར་བརྟེན་པ་ནི་ཉི་མ་དགོངས་མན་ཆད་དུ་འོང་ངོ་། །མཛའ་མོ་ལྟར་བསྟེན་པ་ནི་དགོངས་མན་ཆད་མུན་པ་ལ་འོང་ངོ་། །དེ་དག་གི་དུས་སུ་སྙིང་མི་དགའ་ཞིང་ནག་མོ་རལ་ཅན་དུ་འོང་ན། སྔར་སྨོས་པའི་སྙིང་ཐམས་ཅད་ཀྱིས་བསྐང་གསོ་བྱའོ། །སྙིང་དགའ་ཞིང་གཟུགས་སྡུག་གུ་སྟོན་པ་དང་། སྣང་སྲིད་ཀྱི་གཏམ་སྣ་ཚོགས་བརྗོད་པ་དང་། ལས་ཁའི་ལེན་ཅིང་བྱུང་བའི་དུས་སུ། ལྕེ་ལ་བདུད་རྩི་བཞག་ཅིང་མནའ་བསྒགས་པར་བྱའོ། །དམ་བསྲེ་བ་དང་ས་ཚིག་དགོས་པར་བྱའོ། །སྲོད་དང་ཐོ་རངས་ཀྱི་དུས་སུ་ཟླ་གམ་དབུས་པའི་དུས་སུ་ནི། བྱང་སེམས་ཕར་མི་བཏང་ཞིང་། རཀྟ་གྱེན་དུ་རྒྱུ་བའི་གླུ་སླར་བླང་བར་བྱའོ། །དེ་དག་དང་ལྡན་པས་ནི་མ་མོ་ཐམས་ཅད་བྲན་བཞིན་དུ་ལས་ལ་འཁོལ་བར་འགྱུར་རོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། མ་མོ་རྟེན་ཐབས་ཀྱི་ལེའུ་སྟེ་བཅུ་པའོ།། །།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྲིད་པའི་རྒྱལ་མོ་ལ་སོགས་པ་དེ་དག་གི་ཐུན་ཟོར་ལ་སོགས་པ་ཇི་ལྟར་ལགས་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་སྐད་འདྲི་བ་བསྟན་གྱིས་ཉོན། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་རམ། ཆུ་མིག་ཁ་བྱང་དུ་ལྟས་པའམ། བྲག་ཕུག་སྒོ་ཤར་དུ་ལྟས་པར་གནས་བཅས་ཏེ་དེ་རུ་དཀྱིལ་འཁོར་འདོམ་གང་དཔངས་སུ་ཁྲུ་གང་ཡོད་པ་བརྩིག །དེ་བའི་རྣམ་ལྔ་ལ་སོགས་པ་ཤིན་དུ་འཐས་པ༷ར་བྱས་པའི་སྟེང་དུ། གྲུ་གསུམ་ཁྲུ་གང་པ་གསུམ་བརྩེག་པར་བྱའོ། །དེའི་ངོས་གསུམ་ལ་རྩེ་མོ་གཏད་པའི་གྲུ་གསུམ་ཉིས་བརྩེགས་པ་གསུམ་བྱས་ལ། གྲུ་གསུམ་དེ་དག་གི་ནང་ཡང་རྡོ་སོལ་དང་། རྒྱལ་སོལ་ལ༷། ཧོ་གྱི་ཐལ་བ་དང་། དུར་ཁྲོད་ཀྱི་ཐལ་བས་བྱུག་པར་བྱའོ། །དེ་དག་གི་ཁ་ཁྱེར་ལ་ཐོད་འཕྲེང་བཏང་ཞིང་། དེའི་ཕྱི་རོལ་ཏུ་ནི་རི་གཏང་། དབུས་ཀྱི་གྲུ་གསུམ་དུ་བན་དྷ་དུམ་བུ་བཞི་པའམ་གསུམ་པའི་ནང་དུ་བཞག་པར་བྱའོ། །དབུས་སུ་ཐུན་ཟོར་གྱི་ཐོད་པའི་ནང་དུ། དགྲ་བོའི་ཡུལ་ཕྱོགས་ཀྱི་འཇག་མའམ། ས་ནག་དང་། རྐང་རྗེས་ཀྱི་ས་དང་། འཆིལ་མ་དང་། ངར་སྣབས་དང་བཤང་གཅི་ལ་སོགས་པ་ལ་གཟུགས་སོར་བཞི་པ་བྱས་པ་དེའི་སྙིང་ཁར་མིང་རུས་གྲོ་ག་འམ་ཤིང་ཤུན་ལ་དམེ་ཁྲག་གིས་བྲིས་ལ་གླན་པར་བྱའོ། །དེ་དག་དབུས་ཀྱི་ཐོད་པར་བཅུག་ལ། ཨ༷་ར༷་པ༷་སུ༷་ཀེ དེ་ལ་སྣོད་ཀྱི་ལོ་ཀ་བསྐྱེད་པར་བྱའོ། །བྱུ༷་བི་ཤྭ་བི་ཤུརྙེ། བན་དྷ་ཙསྐྲ་ལས་གཞལ་ཡས་ཁང་བསྐྱེད་པར་བྱའོ། །དེའི་འཁོར་ལོའི་ལྟེ་བ་ལ་རུ་དྲ་ཕོ་མོ་བསྒྱེལ་བར་བྱའོ། །དེའི་སྟེང་དུ་ཉི་མ་དང་། ཟླ་བ་དང་། པདྨའི་གདན་གདིང་བར་བྱའོ། །གདན་དེ་དག་གི་སྙིང་པོ་ནི་འདིའོ། །རུ་དྲ་ཏི་ར་བ༷། སྒུརླ་ཙནྟྲ་མཎྜ༷ལ། ཧྲི་པདྨ་མཎྜ་ལ། ཞེས་གདན་གདིང་བར་བྱའོ། །ཨིནྟྲ་ཏི་ར་བེ། ཞེས་སྲིད་པའི་རྒྱལ་མོའི་གདན་གདིང་བར་བྱའོ། །ཡ་མ་ཏི་ར་བ༷། ཞེས་ཨེ་ཀ་ཛ་ཏིའི་གདན་གདིང་བར་བྱའོ། །བ་རུ་ན་ཏི་ར་བ༷། ཞེས་རེ་མ་ཏེའི་གདན་གདིང་པར་བྱའོ། །ཡཀྟ་ཏི་ར་བ༷། ཞེས་ནག་མོ་མགྱོགས་བྱེད་མའི་གདན་གདིང་པར་བྱའོ། ། དཀར་མོ་སེང་གེའི་མགོ་ཅན་ལ་སོགས་པ་བྲན་མོ་གཉིས་ཀྱི་གདན་ནི་ཞིང་ཆུང་རེ་རེའི་སྟེང་ན་ཉི་ཟླའི་དཀྱིལ་འཁོར་རོ། །དཔལ་ཆེན་ཡབ་ཡུམ་ནི་ཧཱུཾ༷་ལས་བསྐྱེད་པར་བྱའོ། །དཔལ་ཆེན་ཡབ་ཡུམ་གྱི་ཐུགས་ཁ་ནས། ཏྲག་རསྒ་མ་མ་སྨྱོ། ཞེས་པ་ལ་སོགས་པའི་སྙིང་པོ་རྣམས་ལ་སྲིད་པའི་རྒྱལ་མོ་ལ་སོགས་པའི་སྐུ་བསྐྱེད་པར་བྱའོ། །དེ་ལྟར་སྐུ་བསྐྱེད་ལ། ཤ་སྣ་བརྒྱ་རྩ་བརྒྱད་དང་། སྙིང་སྣ་བརྒྱ་རྩ་བརྒྱད་དང་། ཡང་ན་སྙིང་སྣ་ལ་སོགས་པ་གཏོར་མའི་ནང་དུ་གཞུག་གོ །མ་མ་ས་མ་ཡ་ཛ། ཞེས་སྤྱན་དྲངས་པར་བྱའོ། །ཛ་ཧཱུཾ༷་བ༷་ཧོ། དགུག་པ་དང་། གཞུག་པ་དང་། བཅིངས་པ་དང་། དབབ་པར་བྱའོ། །མ་མ་ཨ་ཏི་བུ་ཧོ། ཞེས་ཕྱག་བཙལ་བར་བྱའོ། །མ་མ་ཏིཇི་བཛྲ༷༷ ཞེས་བརྟན་པར་བྱའོ། །སརྦ་ཏ་ཐུ་ག་ཏ་ཨ་ཧ་ར་པྲ་ཏི་ཛ་ཡེ་གྲྭ་ཧྭ། ཞེས་བྱ་བས་ཨརྒ་དབུལ་བར་བྱའོ། །ཨོ་པ་ན་པེ་པེ་ནུ་སུ་ར་ཏོ་ཏི་པུ་པ་ར་མུ། སརྦ་ཏ་ཐུ་ག་ཏ་སིདྷི། འུངས་མ་ཡོ་ཏ་མུ་ག་སརྦ་མ་ཧྭ་སུ་ཀ་ཧཱུཾ༷། པྲསྤྲོ། རྙུ་པེ། ཨུ་ལོ་ཀེ །གརྙེ། བ་ལིརྙ་ཁ་ཏི། ཞེས་པས་མཆོད་པར་བྱའོ། མ་ཧྭ་རཀྟ་མུ་ལ་རཀྟ་སྨྱོ་ལ་རཀྟ། ཁུ་ཧི། ཞེས་ཁྲག་དབུལ་བར་བྱའོ། བཛྲ་ཏ་ཀི་ཨེ་ཏ་ཀི་མ་མ་རུ་ལུ་ཏི་ཀི་ནི་མ་མ་ས་ཀི་ཏ་ཀི་ནི་བ་ལིརྙ་ཁའ་ཧི་ཁའ་ཧི། ཞེས་གཏོར་མ་དབུལ་བར་བྱའོ། །དེ་ནས་འདིས་བསྟོད་པར་བྱའོ། ཧཱུཾ༷། བསྐལ་བ་མེ་ལྟར་འབར་བའི་གློང་དཀྱིལ་ནས། ཁྲག་འཐུང་ཆེན་པོ་ཆེ་མཆོག་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད་པས་ཏེ། །དུར་ཁྲོད་རྒྱན་གྱིས་སྐུ་རྣམས་ལེགས་པར་བརྒྱན། །འཁོར་གྱི་མ་མོ་ཐམས་ཅད་དབང་དུ་སྡུད། །ང་རྒྱལ་དྲེགས་པ་ཅན་རྣམས་དབང་དུ་སྡུད། །འཇིག་རྟེན་མཐུ་ཆེན་ཐམས་ཅད་ཟིལ་གྱིས་གནོན། །དཔའ་བོ་ཆེན་པོ་འཇིགས་སུ་རུང་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །དབྱིངས་ཀྱི་མ་མོ་སྐུ་སྤྲུལ་པ། །སྲིད་པའི་རྒྱལ་མོ་སྙིང་གི་བདག །སྲིད་གསུམ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ཐུན་གྱི་བདག་མོ་སྟེ། །ཨེ་ཀ་ཛ་ཏི་ཁྲག་ཐུན་བདག །ཁྲག་ནད་སྣ་ཚོགས་གཏོང་བར་བྱེད། །ཐུན་གྱི་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྲིད་པ་གསུམ་གྱི་ཕུང་བྱེད་མ། །དཔལ་ལྡན་ནག་མོ་རེ་མ་ཏེ། །སེམས་ཅན་ཀུན་ལ་དུག་ནད་འབེབས། །ཐུན་གྱི་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྣང་སྲིད་ཀུན་ཏུ་རྒྱུག་འགྲོ་མ། །དུས་རྣམས་ཀུན་ཏུ་ཕུར་འདེབས་མ། །ཐུན་གྱི་བདག་མོ་ཆེན་མོ་སྟེ། །སྲིད་གསུམ་སྒྲོལ་ལ་ཕྱག་འཚལ་བསྟོད། །བྲན་དང་ཡང་བྲན་ཡང་གཡོག་བཅས། །ཚེ་འཕྲོག་མ་དང་བརླ་རྐུན་མ། གཟེར་འབེབས་ཆེན་མོ་གདུག་པ་མོ། །ལས་མཛད་ཚོགས་ལ་ཕྱག་འཚལ་ལོ། །མ་མོ་ཆེན་མོ་རྣལ་འབྱོར་མ། །ཐུན་ཟོར་དྲག་པོའི་ལས་མཛད་རྣམས། །སྒྲུབ་པའི་ཚོགས་ཀྱི་དཀྱིལ་འཁོར་ལས། །ལས་ལ་གྲུབ་ལ་ཕྱག་འཚལ་བསྟོད། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། ཐུན་ཟོར་སྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཐུན་དེ་དག་ཕབ་སྟེ་ཟོར་འཕངས་པ་ནི། ལྷའི་ང་རྒྱལ་དང་ལྡན་པས། ཏྲག་རསྒ་ཞེས་བྱ་བ་ལ་སོགས་པའི་སྲོག་གི་སྙིང་པོ་རྟགས་ཕྱིན་ཕྱིན་དུ་དྲང་ངོ་། །དེ་ནས་སོ་སོའི་ཐུན་གདབ་པར་བྱའོ། །ཐུན་བཏབ་ནས་ཕུར་པ་གདབ་པར་བྱའོ། །དེ་ནས་ཟོར་སྔགས་འདི་བཟླས་སོ། །མ་མ་ཏྲག་རསྒ་པ་ལ་པ་ཏྲ་སོང་སོང་། མྱ་རཀྟ་ར༷་ར༷། སྨིག་རཀྟ་ཀ༷་ཀ༷ །ཚལ་ལ་ཤཱ་ར་ཤ་རོ་ལ་ཁྲག་འཐུན་པྲ་ཤི་ཧ་སྨྱོ་སྤྱོ། ཚལ་པ་ཐུན་སྨྱོ། ཅིལྟི་ལ་ཧུར་ཐུམ་མ་མ་སྨྱོ། ཞེས་བཟླས་པར་བྱའོ། །དེ་ནས་ཡང་ཐུན་ཀ་གསུམ་གྱི་ཐོད་པར་བསྲེལ་ལ། དཔལ་གྱི་འགྱིང་གླུ་དང་། མ་མོའི་འཆམ་གླུ་དང་། བྲན་མོའི་ཟེར་གླུ་དང་། བླངས་ལ་ཟོར་འདྲི་འཕངས་ཏེ་བསྐུལ་བར་བྱའོ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། ཁྲག་མཚོ་འཁྱིལ་བའི་དབྱིངས་ནས་བཞེངས། །མ་མོ་ཆེན་མོ་ཡལ་དམ་ཅན། །དབུ་གསུམ་པོ་ལ་ཞབས་བཞི་མ། །ཞེས་བྱ་བ་ལ་སོགས་པས་བསྐུལ་བར་བྱའོ། །གཞན་ཡང་རང་རང་གི་བསྐུལ་ཚིག་གིས་བསྐུལ་འཕངས་པར་བྱའོ། །ཐེབས་མ་ཐེབས་ཐོད་པ་ལ་བརྟག་པར་བྱའོ། །ཟོར་དེ་དག་ཀྱང་འཕང་བའི་དུས་སུ་ཆས་གོས་ཐམས་ཅད་དང་ལྡན་པར་བྱའོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས།ཟོར་འཕངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །པ་ལ་པ་ཏྲིའི་ཚེ་སྒྲུབ་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུབ་ཕྱོགས་ཀྱི་བྲག་དམར་པོ་དང་། ས་དམར་པོ་དང་། ཆུ་མིག་དམར་པོར་ཚེ་བསྒྲུབ་པའི་གནས་བཙལ་ལ། །དེར་དཀྱིལ་འཁོར་མདའ་གང་བ་ཅིག་བརྩིགས་པར་བྱའོ། །དཀྱིལ་འཁོར་དེའི་སྟེང་དུ་ཟླ་ཁམ་སྔའི་དཀྱིལ་འཁོར་ཁ་དོག་ལྔ་དང་ལྡན་པར་བྱའོ། །དེའི་སྟེང་དུ་ཟླ་ཁམ་ལྔ་ལ་བན་དྷ་ཟླ་ཁམ་ལྔ་བཞག་པར་བྱའོ། །དེའི་སྟེང་དུ་ཚེའི་རྫས། མུ་ཟི་དང་། ནི་ཤིང་པ་དང་། གུ་གུལ་གྱི་ཆུ་དང་། བྱི་ཆུ་དང་། འབྲས་བུ་གསུམ་ཆ་སྨན་བླུག་ལ་བསྒྲུབ་པར་བྱའོ། །བདག་ཉིད་པདྨ་ཁྲག་འཐུང་དུ་བསྒོམས་ལ། དེའི་ཐུགས་ཁ་ནས་སྲིད་པའི་རྒྱལ་མོ་ལ་སོགས་པའི་མ་མོ་བཞི་པོ་དེ་དག་ཐམས་ཅད་ཚེའི་བུམ་པ་བསྣམས་པ་བཞི་ཐོད་པར་བསྐྱེད་པར་བྱའོ། །དེ་རྣམས་ཀྱི་ཐུགས་ཁ་ནས་འོད་ཟེར་གྱི་ལྕགས་ཀྱུ་བཞི་བྱུང་སྟེ། ཕྱོགས་ཐམས་ཅད་ནས་ཚེ་བཀུག་སྟེ་དབུས་ཀྱི་བན་དྷ་རུ་བསྡུས་པས། ཚེའི་རང་བཞིན་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་པ། ཅིས་ཀྱང་མི་ཤིགས་པའི་ངོ་བོར་བསྡུས་བར་བྱའོ། །དེ་ནས་མ་མོ་རྣམས་ཀྱི་སྲོག་གི་སྙིང་པོ་ཁྲི་བཟླས་པར་བྱའོ། །ཨོ་བཛྲ་ཨུ་ཡུ་ཁེ་མ་མ་ཏྲག་རསྒ །རུ་ལུ་རུ་ལུ་པ་ཏྲ་ཨེ་ཀ་ཛ་ཏི་རུ་རོ་ཙ་པ་ལ་བ་ཏི། ཨུ་ཡུ་ཁེ་ཁི་བྲུ༷་པུརྨྱེ་པྲརྨྱེ་མཧྭ་པུརྨྱེ་ཨུ་ཡུ་ཙྭ་ན་པུརྨྱེ་ཧྲི་བྲུ༷། ཞེས་བཏོན་པས་ཚེ་སྒྲུབ་པའི་ཐབས་དེ་དག་ལ་འོད་དང་། སྒྲ་དང་། དུ་བ་ལ་སོགས་པའི་སྒྲ་རྟགས་འབྱུང་བར་འགྱུར་རོ། །དེ་དག་བྱུང་བ་དང་ཚེའི་དངོས་གྲུབ་བླང་བར་བྱའོ། །ཚེའི་བདག་མོ་དེ་རྣམས་ལ་སྙིང་སྣ་ཚོགས་དང་། ཁྲག་སྣ་ཚོགས་ཀྱི་གཏོར་མ་སྤྱིན་པར་བྱའོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འདིའི་མདོས་ཆེན་པོ་ཇི་ལྟར་བསྐང་བ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀལ་སྩལ་པ། འདི་དག་གི་མདོས་ནི། འབྲུ་སྣ་བཅུ་གསུམ་གྱི་ངར་ཕྱེ་བྲེ་གསུམ་དང་། སྲིད་པའི་རྒྱལ་མོའི་གཟུགས་དང་།དེ་བཞིན་དུ་ཨེ་ཀ་ཛ་ཏིའི་གཟུགས་དང་། རེ་མ་ཏའི་གཟུགས་དང་། མགྱོགས་བྱེད་མའི་གཟུགས་བྱས་ལས། དེ་རེ་ལ་ཡང་མར་མེ་ཁ་བཞི་དང་། སྙིང་སྣ་ལྔ་ལ་བྱས་པའི་གཏོར་མ་དང་། བདུད་རྩི་དང་མའི་ཁྲག་དང་སྦྱར་བ་ལ་སོགས་པ་སོགས་ལ། བདག་ཉིད་ཆེ་མཆོག་གི་སྐུར་གསལ་བར་བསྒོམས་ལ། རྩ་བའི་མཆོད་པ་གཞུང་བཞིན་བྱ་སྟེ། མཆོད་པ་ཐམས་ཅད་རྫོགས་པ་དང་། སྲོག་གི་སྙིང་པོ་ནས་དྲང་པར་བྱའོ། །དེ་ནས་སྙིང་སྣ་ལྔ་ལ་སོགས་པའི་བསྐང་བར་བྱའོ། །མིའི་སྙིང་ཁྲག་གི་དེ་བཞིན་བསྐང་གསོ་བྱས་ལ། མདོས་དེ་བཏང་བར་བྱའོ། བཏང་བའི་དུས་སུ་ཡང་དང་པོར་དབང་དུ་བསྡུ་བར་བྱའོ། །དེ་ནས་སྙིང་པོར་འདི་གདོན་པར་བྱའོ། །སྒག་རསྒ་ས་མ་ཡ་ཤ་ཏྲུ༷་མ་མ་སྨྱོ་སྦྱོ། སྟོང་བཟླས་ལ་འཕང་པར་བྱའོ། །འདིས་མདོས་བསྔོ་བར་བྱ་སྟེ། ནམ་མཁའ་ཁམས་ཀྱི་དཀྱིལ་འཁོར་ནས། །སྲིད་པའི་རྒྱལ་མོ་ཐུགས་རྗེའི་བདག །མདོས་དང་གླུད་ཀྱི་བདག་མོ་སྟེ། །མདོས་ཀྱི་བདག་མོ་མདོས་བཞེས་ཤིག །ཧཱུཾ༷། ཨེ་ཀ་ཛ་ཏི་གཡུ་རལ་ཅན། །གཡུ་ཡི་རལ་པས་ས་གཞི་ཁེངས། །ཟ་འོག་ཞབས་ལ་གཡུ་རལ་ཅན། །མདོས་ཀྱི་བདག་མོ་མདོས་བཞེས་ཤིག །སྣང་སྲིད་ཀུན་ལ་ནད་འབེབས་མ། །དམར་ནག་ཆེན་མོ་རིམས་ཀྱི་བདག །ནད་ཀྱི་རྐྱལ་པ་ཕྱག་ན་བསྣམས། །མདོས་ཀྱི་བདག་མོ་མདོས་ལ་སྤྱོན། །སེམས་ཅན་ཀུན་གྱི་སྲོག་གཅོད་མ། །སྐད་ཅིག་ཡུལ་གྱི་ཀུན་ཏུ་རྒྱུག །སེམས་ཅན་ཀུན་གྱི་སྲོག་གི་བདག །མདོས་ཀྱི་བདག་མོ་མདོས་བཞེས་ཤིག །བྲན་དང་ཡང་བྲན་ཡང་གཡོག་བཅས། སྣང་སྲིད་ཀུན་གྱི་ཉུལ་ལེ་མ། །ཚ་ལན་ཕུར་འདེབས་བླ་རྐུན་མ། །མདོས་ཀྱི་བདག་མོ་མདོས་བཞེས་ཤིག །གླུད་ཀྱི་བདག་མོ་གླུད་བཞེས་ལ། །བདག་གི་དམ་ཚིག་སྐོངས་པ་དང་། །མཁའ་འགྲོ་དགེས་ཕྱིར་མདོས་བཞེས་ཤིག །ཅེས་མདོས་དེ་རྣལ་འབྱོར་པ་དམ་ཚིག་ཉམས་པས་རྦད་ཀྱང་། ལས་བྱེད་དུ་མ་འདོད་པའི་དུས་སུ་མདོས་འདི་བཏང་བར་བྱའོ། །དེ་ལྟར་མདོས་འདི་ནམ་བསྒྲུབ་པ་པོ་རྣམས་ཀྱིས་ཐུན་བཅའ་བའི་སྔོན་དུ་ཡང་བཏང་བར་བྱའོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། །མདོས་བཅའ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་གང་གིས་ཀྱང་རྟགས་མི་ཕྱིན་ན། །གང་གིས་བགྱི་བ་བཀའ་སྩལ་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་ཀྱང་རྟགས་མ་ཕྱིན་ན་མ་མོའི་སྤྱིན་སྲེག་འདི་བྱའོ། །དུར་ཁྲོད་ཀྱི་གནས་སམ། ལམ་རྒྱ་གྲམ་དུ་དཀྱིལ་འཁོར་གྲུ་གསུམ་སུམ་རྩེག་ཏུ་བྱས་ལ། དེའི་ནང་དུ་ཤིང་གདུག་པ་ཅན་སྣ་ལྔ་འམ་སྣ་བདུན་པའི་ཤིང་ཁྲུ་གང་གཟུགས། དེའི་ཕྱི་རོལ་ཏུ་སྣ་དགུ་དང་། ཕུར་བུ་དང་། ཡུངས་ཀར་ནག་དང་། སྐྱེ་ཚ་དང་། ཐུན་གྱི་རྫས་ཐམས་ཅད་རྫོགས་པར་བསོགས་པར་བྱའོ། །ཟངས་ཕྱེ་དང་། ལྕགས་ཕྱེ་དང་། ཁྲག་སྦྱར་བ་དེར་བསོགས་པར་བྱའོ། །དགྲའི་གཟུགས་འཇག་མའམ་ཡུལ་ཕྱོགས་ཀྱི་ས་ལ་བྱའོ། །ལྕགས་ཕྱེ་ལ་སོགས་པ་དེ་དག་ལྕགས་ཕྱེ་ལ་སོགས་དེ་དག་ནང་དུ་བཞག་གོ །མིང་བྱང་ནི་དུག་དང་ཁྲག་གི་ནང་དུ་བཞག་གོ །དེ་ནས་ལྷ་སྒོམ་པ་ནི་བདག་ཉིད་ཆེ་མཆོག་ཡབ་ཡུམ་དུ་གསལ་བ་ལས། །མ་མོ་བཞི་ཐུགས་ཀ་ནས་བསྐྱེད་པར་བྱའོ། །དང་པོ་སྲིད་པའི་རྒྱལ་མོའི་སྔགས་ཞག་དགུ་རུ་འདོན་པར་བྱའོ། །རྟགས་བྱུང་བ་དང་ཨེ་ཀ་ཛ་ཏི་ལ་སོགས་པའི་སྲོག་གི་སྙིང་པོ་ཞག་གསུམ་དུ་འདོན་པར་བྱའོ། །ལས་ལ་བསྐུལ་བ་དང་ཕུར་བུ་གདབ་པ་ལ་སོགས་པ་བྱའོ། །དེ་ནས་མེ་ལྷའི་དམ་ཚིག་སེམས་དཔའ་ར༷་ལས་བསྐྱེད་པར་བྱའོ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ་ར་སྐྱེས་ལ་ཆིབས་པ། ཕྱག་ན་བགྲང་འཕྲེང་དང་ཐོད་པ་ཁྲག་གི་བསྐང་བ་བསྣམས་པ། དེ་ནས་ལྷ་རྣམས་གསལ་གཏབ་ལ་སྤྱིན་སྲེག་གཏང་བར་བྱའོ། །དེ་དག་གི་བསྙེན་པ་བགྲང་བའི་སྔགས་འདི་དག་གོ །སྒག་རཀྟ་པ་ཏྲ་རུ་ལུ་རུ་ལུ་སྙིང་ཁ་རག་མ་སྨྱོ་ར༷། ཆེ་གེ་མོ་མྱ་ར་ཡ་ཕཊ། ཅེས་ཁྲི་འམ་སྟོང་བཟླས། དེ་ནས་མེ་ལྷ་ལ་སྦྱིན་སྲེག་དབུལ་བའི་སྔགས་འདིའོ། །ཨོ་ཨསྣེ་ཧབ་བྷ། ཆེ་གེ་མོ་མྱ་ར་ཡ་ཕཊ། ཅེས་དབུལ་བར་བྱའོ། །མ་མ་སྒག་རསྒ་སྙིང་ཁ་རག་ཁི་ཛ་ཆེ་གེ་མོ་མྱ་ར་ཡ་ཕཊ། མ་མ་ཏྲག་རཀྟ་སྙིང་ཁ་རག་མ་སྨྱོ། ཞེས་སྒྱིན་སྲེག་དབུལ་བར་བྱའོ། །དེ་ལྟར་སྦྱིན་སྲེག་ཕུལ་ནས། དབྱིངས་ནས་བསྐུལ་བ་ལ་སོགས་བྱའོ། །མེ་གནག་ཅིང་མཆེད་པར་འབར་ན། ཐེབས་པའི་རྟགས་ཡིན་པས་མ་མོ་གཟིར་མནན་བྱའོ། །མེ་དཀར་ཞིང་གཅིག་ཏུ་འབར་ན་མ་ཐེབས་པ་ཡིན་པས།དུག་ཆུ་དང་། ཁྲག་དང་། ཟངས་ཕྱེ། རྡོ་ཕྱེ་ལ་སོགས་པས་གཏོར་རོ། །དམོད་པའི་སྔགས་འདི་འཟླས་པར་བྱའོ། །སྒག་རསྒ་པར་པ་དེ། ཀ༷་བན་དྷ། ཕོ་ཊ་རུ་པ་ཚིརྙ། རུ་པ་ཧ་ན་སུ་རུ་པ་ཏ་ཧ་ན། པ་ཙ་པ་ཙ་མྱ་ར་ཡ་ཕཊ། ཅེས་དམོད་མོ་བོར་བར་བྱའོ། །དེ་ནས་སྤྱིན་སྲེག་གི་ཐལ་བ་དེ་དག་ཞིང་ཆེན་གྱི་གཡང་གཞིར་ཕྱག་ལ། དགྲ་བོའི་ཁང་ཁྱིམ་ལ་གཏོར་བར་བྱའོ། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ལས། སྤྱིན་སྲེག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་མོ་པ་ཏྲའི་རྣམ་པར་དག་པ་ཇི་ལྟ་བུ་ལགས། བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་མོ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་མི་རྟོག་ཁོ་ན་ལས་ཀྱི་མ་མོ་ཤ་ཟ་དང་ཁྲག་འཐུང་འདུལ་བའི་ཕྱིར་དེ་ལྟར་སྣང་བར་མཛད་དོ། །སྲིད་པའི་རྒྱལ་མོ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བྱའོ། །ཨེ་ཀ་ཛ་ཏི་མ་ཞེས་བྱ་བ་ནི། །ཐམས་ཅད་གཅིག་ཏུ་འགྲ་་བའི་དོན་ཡིན་ནོ། །རེ་མ་ཏི་ཞེས་བྱ་བ་ནི། ཐམས་ཅད་ལ་ཁྱབ་པའི་བདག་ཉིད་ཡིན་ནོ། །མགྱོགས་བྱེད་མ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཡིན་ནོ། །མ་མོ་དེ་དག་ཐམས་ཅད་ཀྱང་མ་བྱུང་མ་སྐྱེས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་ལྟའོ། །བསྒྲལ་བའི་རིམ་པ་འདི་དག་ཀྱང་། རྣམ་པར་མི་རྟོག་པ་ཁོ་ན་ལས་བསྒྲལ་བར་ལྟའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་གསལ་བ་ནི་མ་མོ་ཞེས་བྱའོ། །དེ་བས་ན་སྙིང་རྗེ་ཆེན་པོའི་སྒོ་ནས་བསྒྲལ་བའི་ལས་བྱའོ། །བསྒྲལ་བ་རྣམ་པར་དག་པའི་རྣམ་པར་མི་རྟག་པའོ། །ཐུན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་རྣམ་པར་རྟོག་པ་བསྲེག་པའོ། ཁྲག་ཐུན་ནི་འདོད་ཆགས་རྣམ་པར་དག་པས་བསྐང་བར་བྱའོ། །དུག་ཐུན་ནི་ཞེ་སྡང་རྣམ་པར་དག་པའོ། །ཕུན་ཐུན་ནི་གཏི་མུག་རྣམ་པར་དག་པའོ། །སྲིད་པའི་རྒྱལ་མོ་རྣམ་པར་དག་པ་ནི་དཔལ་ཧེ་རུ་ཀའོ། །རལ་གཅིག་མ་རྣམ་པར་དག་པ་ནི་པདྨ་ཧེ་རུ་ཀའོ། །རེ་མ་ཏི་རྣམ་པར་དག་པ་ནི་རཏྣ་ཧེ་རུ་ཀའོ། །མགྱོགས་བྱེད་མ་རྣམ་པར་དག་པ་ནི་བྲདྷ་ཧེ་རུ་ཀའོ། །དཀར་མོ་སེང་གེའི་གདོང་ཅན་ལ་སོགས་པ་བྲན་མོ་བཅུ་གཉིས་རྣམ་པར་དག་པ་ནི་སེམས་དཔའ་ཁྲོ་བོ་བཅུའོ། །དེ་ནས་སྲིད་པའི་རྒྱལ་མོ་ལ་སོགས་པས་སྐྱེ་བ་མེད་པའི་གླུ་འདི་བླངས་སོ། །ཨེ་མ་ཧོ། ཆོས་རྣམས་རང་བཞིན་དབྱེར་མེད་ཀྱང་། །འཁྲུལ་པ་རྣམས་ལ་སོ་སོར་སྣང་། །རྣམ་པར་རྟོག་པའི་རང་བཞིན་དག། །མ་དང་མོར་ནི་ཤེས་པར་གྱིས། །ཆོས་རྣམས་རང་བཞིན་སྐྱེ་མེད་ལས། །རྣམ་རྟོག་མཚན་མ་སྣ་ཚོགས་ཀྱང་། །གཟུགས་ཅན་མ་མོ་རྣམས་སུ་སྣང་། །དོན་དུ་གཉིས་མེད་བྱེ་བྲག་མེད། །ཨེ་མ་ཧོ། ཆོས་རྣམས་ཡེ་ནས་དངོས་མེད་པར། །དངོས་པོར་ལྟ་བ་སྲིད་པ་མེན། །རངབཞིནརྣམཔརདག་པའི་ཕྱིར། །སྒྱུ་མའི་ཏིང་འཛིན་ལས་འདས་པས། །རྣམ་པར་རྟོག་པ་ཐམས་ཅད་སྦྱངས། །རང་བཞིན་འོད་གསལ་གཟུགས་སུ་སྣང་། །སྒྱུ་མའི་ཏིང་འཛིན་རབ་བརྟེན་པས། །ཐམས་ཅད་སྒྲོལ་བའི་ཤུགས་དང་ལྡན། །སྐྱེ་མེད་དོན་དུ་བསྒྲལ་བའོ། །ཨེ་མ་ཧོ་རྣལ་འབྱོར་མ་རྣམས་ནི། །དཔལ་ཆེན་ཡེ་ཤེས་དབྱིངས་ལས་བསྐྱེད། །རྟོག་པའི་དྲ་བ་ཐམས་ཅད་འཇོམས། །མ་ཚོགས་གཉིས་མེད་དབྱིངས་སུ་གཅིག །དམྱལ་སོགས་སྡུག་བསྔལ་བཅོམ་པའི་ཕྱིར། །མ་མོ་གླུ་བྲོ་དེ་བཞིན་བླང་། །ཞི་བདེ་མྱ་ངན་འདས་པ་ཡི། གླུ་ནི་བླང་བར་རབ་ཏུ་བཤད། །དེ་ལྟར་གླུ་བླངས་ནས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པར་བྱའོ། དེ་ནས་ཟླེས་མཐའ་གདུལ་བའི་ཕྱིར། །དེ་བསྒྲལ་བའི་ཕུང་པོའི་རྗེས་ཤུལ་དང་། སྤྱང་ཁྱིའི་ཐོད་པའམ། ཝ་ཐོད་དམ། མོན་ཐོད་དུ་བཅས། དུར་ཁྲོད་ཀྱི་དཀྱིལ་དུ་ཁྱེར་ལ། ཨེ་གྲུ་གསུམ་དུ་རྐོས་ལ་དེའི་ནང་གཞུག་ཅིང་། ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། མ་མོའི་མདའ་ཕུར་སོར་བཞི་པས་སྟེང་ནས་ཀྱང་མནན། དེ་ནས་བདག་ཉིད་དཔལ་ཧེ་རུ་ཀ་གསལ་བ་ལས། འཁོར་གྱི་མ་མོའི་ཚོགས་ཐམས་ཅད་གསལ་བཏབ་སྟེ། གསེར་གྱི་རི་རབ་ཆེན་པོས་སྟེང་ནས་མནན། །ལས་ངན་བྱེད་པའི་སེམས་ཅན་ཁྱོད། །རྡོ་རྗེ་དམྱལ་བར་མནན་པར་བྱ། ཁྲག་མཚོ་མེར་པའི་ནང་དུ་མནན། །མེ་མ་མུར་གྱི་འོབས་སུ་མནན། །ཆ་བ་བརྒྱད་དང་གྲང་བ་བརྒྱད། །གླང་མགོ་ཅན་གྱི་ལག་ཏུ་གཏད། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །མཐར་བྱེད་རྣམས་ཀྱི་ཟས་སུ་བསྔོ། །ཡི་དྭགས་ཆེན་པོའི་ཀློང་དུ་བསྒྱུར། །བསྐད་པའི་མཐའ་ནས་མེ་ཡིས་བསྲེགས། །ཆེ་མཆོག་ཁྲག་ཐུང་ཞབས་ཀྱིས་མནན། །ཀྲོ་དྷི་ཤྭ་རིའི་བྷ་གར་སྦ། །སྲིད་པའི་རྒྱལ་མོའི་ལྟོ་རུ་བསྒྱུར། །ཨེ་ཀ་ཛ་ཏིའི་ཟས་སུ་བསྔོ། །རི་མ་ཏེ་ཡི་རྔམ་ཟས་བྱ། །མགྱོགས་བྱེད་མ་ཡི་ལྟོ་རུ་བསྙོད། །དཀར་མོ་ལ་སོགས་ཕུང་བྱེད་ཚོགས། །ཤ་རུས་ཁྲག་ལ་རྔམ་ཞིང་ཟ། །བྱང་ཆུབ་སེམས་ནི་ནམ་ཡང་བཏང་བར་མི་བྱའོ། །སྔོན་གྱི་ལས་ཀྱི་གནས་མནན་ཅིག་གཏད་པར་མི་བྱ་སྟེ། །རང་གི་ལས་ཡིན་དྲག་ཏུ་རྟོགས། །འཇིགས་པའི་ང་རོ་ཆེར་སྒྲོགས་ནོན། །དུས་ལ་བབ་པའི་སེམས་ཅན་ཁྱོད། །ལས་ལ་བབ་སྟེ་ང་ཡིས་བསྒྲལ། །བྱམས་པའི་བསྟན་པ་མ་བྱུང་བར། །སྡུག་དང་བསྔལ་ཏེ་དམྱལ་བའི་གནས། །ལྕི་ཡང་ངལ་ཏེ་རི་བོའི་འོག །རྒྱ་མཚོ་ཆེན་པོའི་གཏིང་དུ་མནན། །གཏད་དོ་དྲེགས་པ་ཅན་ལ་གཏད། །དབང་ཕྱུག་ཆེན་པོའི་ལག་ཏུ་གཏད། ཁྱབ་འཇུག་ཆེན་པོའི་ལག་ཏུ་གཏད། །ཆུ་སྲིན་དམར་གྱི་ལག་ཏུ་གཏད། །ཅེས་མནན་པར་བྱའོ། །དེ་ན་མཁའ་འགྲོ་མའི་ཚོགས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས། མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ངོ་། །བཟང་མོ་སྟོབས་ཀྱི་སྲོག་གི་རྒྱུད་ཅེས་བྱ་བ་ལས། མ་མོའི་རྣམ་པར་དག་པ་དང་མནན་པའི་ལེའུ་སྟེ་བཅུ་དྲུག་པའོ་རྫོགས་སོ།། །།སློབ་དཔོན་ཞི་བ་མོའི་ཐུགས་ཀྱི་ཡང་ཞུན་གྱི་ཡང་ཞུན། སློབ་དཔོན་བི་མ་ལའི་ཐུགས་ཀྱི་བརྣག་པ། སློབ་དཔོན་ཉང་མཆོག་རབ་ཀྱི་ཐུགས་བཅུད། བི་མ་ལ་གིར་ཏིའི་མན་ངག །བསྒྲང་ཀྱི་ཐུགས་ཀྱི་བསྣག་པ་རྒྱུད་ཀྱི་མན་ངག། །། རྒྱ་གར་སྐད་དུ། མཧྭ་ཙིརྟི། ཀྲ་མ་ཏནྟྲ། བོད་སྐད་དུ། སྙིང་ལུང་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དཔལ་ཆེན་པོ་ཀུན་ཏུ་