Ngb-pt-0851-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0851-text.docx.wiki to Ngb-pt-0851-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཤི་ཀྭ་ལ་ཀ་བཱ་ལ་མ་ཧྭ་ཏན་ཏྲ། བོད་སྐད་དུ། དཔལ་ནག་པོ་ཐོད་པ་ཆེན་པོའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་རིའི་རྩེ་མོ་བྱང་ཤར་གྱི་མཚམས་ན་ཡོངས་འདུ་ཤིང་གི་གནས་མཆོག ། གནམ་ལྕགས་རྔུར་མོ་གྲུ་གསུམ་སྨུག་ནག་འཁར་བའི་གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པ། ཐོད་པ་བརྩེགས་པའི་འཁོར་ལོ་ལ་ཀེང་རུས་ཀྱི་གྲོང་ཁྱེར་གྱི་ར་བས་བསྐོར་བ། ཞིང་ཆེན་གྱི་ཀ་བ་དང་མཆོག་ཕྲན་གྱི་དྲལ་མ་ཅན། སྤྱིན་མེད་པའི་ཉི་མ་དང་ཟླ་བ་དཀར་རྒྱས་པ་དང་། གཟའ་དང་སྐར་མ་རྣམས་ཀྱིས་མཛེས་པར་བྱས་པ། བསེའི་ལོགས་ལ་མཆོང་གི་ཟུར་བཙུད་པ། རྨང་གནམ་ལྕགས་འབར་བས་བྱས་པ། ཁ་བད་གཡུས་བརྒྱན་པ། ཞིང་ཆེན་པོ་ཁ་གདེངས་པའི་རྒྱལ་མཚན་གྱིས་ཕྱོགས་དང་མཚམས་བརྒྱན་པ། མཐའ་མ་ལྕགས་རི་ནག་པོས་བསྐོར་བ།ཕྱོགས་དང་མཚམས་ཐམས་ཅད་ཁྲག་དང་ཁྲག་གི་རྒྱ་མཚོ་རྦ་གློང་འཁྲུག་པ། རོ་དང་རོ་ཆེན་དང་། རོའི་རྩིགས་པ་དང་། རོའི་འཕྲེང་བ་དང་། རོའི་རུས་པ་དང་། རོ་ཆད་པ་དང་། རོ་འཆད་པ་དང་། རོ་ཞེ་སྡང་གི་མེས་ཚིག་པ་དང་། ཕྱེད་ཚིག་པ་དང་། ཀེང་རུས་ཕུང་པོ་དང་། ཀེང་རུས་ཀྱི་ཕྱེད་པ་དང་། རུས་པ་བྲུལ་བ་དང་། རོ་བམ་པ་དང་། རྣམ་པར་བ༷་པ་དང་། རེངས་པ་དང་། འཁུམས་པ་དང་། ལངས་པ་དང་། འགྱེལ་བ་དང་།ཀླད་པ་ལུག་པ་དང་། རྣམ་པར་དམར་བ་ལ་སོགས་པས། གཞལ་ཡས་ཁང་བསྐོར་ཏེ་གནས་པའི་འདམ་རྫབ་ཀྱི་ནང་ན་འབུ་དང་། སྲིན་དང་། དུས་ཁྲོད་ཀྱི་ཀེང་རུས་དང་། སྟག་དང་། ཁྱི་དང་། སྤྱང་ཁྱི་དང་། ལྕེ་སྤྱང་ནག་མོ་དང་། ཀང་ཀ་དང་། གྱི་ལིང་དང་། ལིན་དུ་དང་། འུག་པ་དང་། བྱ་རོག་དང་། དོམ་དང་། དྲེད་དང་། དུར་བྱ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་ཤ་ལ་ཟ་བ་དང་། འཆའ་བ་དང་། འཐུང་བ་དང་།ལྷག་པོ་དང་། མཆོང་བ་དང་། བསྐོར་བ་དང་། ལྟ་བ་དང་། རྒོད་པ་དང་། ཆོ་ངེས་འདེབས་པ་དང་། ཀུ་ཆོ་འདོན་པ་ལ་སོགས་པས་བསྐོར་ཅིང་ཡ་ང་བ་དང་། དུར་ཁྲོད་ཆེན་པོའི་གནས་མནམ་པ་དང་དྲི་ང་བས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཁྱབ་པའི་དབུས་ན། ཐོད་པ་དགུ་བརྩེགས་པའི་གཞལ་ཡས་ཁང་། མི་རོ་དང་རྟ་རོ་ལ་སོགས་པ་གཅལ་དུ་དཀྲམ་པའི་ནང་དུ། བདུད་ཀྱི་ཡུམ་གཤིན་རྗེའི་སྲིང་མོ། །དཔལ་ལྷ་མོ་ནག་མོ་ཆེན་མོ་སྐུ་མདོག་མཐིང་ནག་འབར་བ་ལ། ལྕགས་ཀྱི་དྲིའུ་རྟ་རྐང་གསུམ་ལ་ཕྱིན་ཕྱོགས་སུ་ཞོན་པ། རེ་ལྡེ་དང་གླང་ཆེན་གྱི་ཀོ་བས་དཀྲིས་པ། ཞབས་གཉིས་ལྕགས་སྒྲོག་ཏུ་བཅུག་སྟེ། ལྟེ་བ་ནས་ཉི་མའི་དཀྱིལ་འཁོར་འཆར་བ་དང་། སྤྱི་བོའི་གཙུག་ནས་མར་གྱི་ཚེས་བརྒྱད་འཆར་བ། མཆེ་བ་ཟུར་གསུམ་རྣམ་པར་གཙིགས་པ། སྤྱན་དམར་པོ་སྡང་མིག་ལྟག་པའི་སྤྱན་དང་ལྡན་པ། རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་བ། གཡས་པ་གནམ་ལྕགས་ཀྱི་རལ་གྲི་འཕྱར་བ། ལག་པ་གཡོན་པ་ན་ནེའུ་ལེ་རིན་པོ་ཆེའི་འཕྲེང་བས་བརྒྱན་པ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་། རླུད་དུད་ཁ་དམར་ནག་གི་ནང་ན་ཞེ་སྡང་འདུ་བྱེད་འཁྲུག་པ། མེ་དཔུང་དམར་ནག་གི་འོད་ལས་འདོད་ཆགས་ཀྱི་ཚ་ཚ་འཕྲོ་བ། དེའུ་དབུས་ན་རབ་ཏུ་འཇིགས་པར་གནས་པའི་འཕགས་མ་ལྷ་མོ་ནག་མོ་ཆེན་མོ། འཁོར་སྲིན་པོ་དང་། སྲིན་མོ་དང་། ཤ་ཟ་དང་། གྲུལ་བུམ་དང་། འབྱུང་པོ་དང་། འབྱུང་མོ་དང་། དྲི་ཟ་མོ་དང་། ཀླུ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། མ་མོ་མཁའ་འགྲོ་མ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་ཅིང་གནས་ཏེ་འདུག་གོ །གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་འཁོར་མང་པོ་དང་། རྣམ་ཐོས་ཀྱི་སྲས་དང་། འཕགས་སྐྱེས་དང་། མིག་མི་བཟང་དང་། ཡུལ་འཁོར་སྲུང་ལ་སོགས་པ་ཐམས་ཅད་འདུས་ཏེ་གནས་པར་གྱུར་པ་དང་། དེའི་ཚེ་དཔལ་མཁའ་འགྲོ་མ་ཉིད་དྲང་སྲོང་གནམ་གྱི་བུ་ལ་གཟིགས་པར་གྱུར་ཏོ། །དཔལ་ཐོད་པ་ནག་པོ་ཆེན་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་མཁའ་འགྲོ་མ་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་གསང་སྔགས། ལས་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་གསང་སྔགས་དྲག་པོ་འདི་གསུངས་སོ། །ཨོ་རུ་རུ་ཙ་ཏི་ཨ་ཤུག་མེ། བ་ཏི་རུ་བ་ཁ་ཤ་ལ་རག་མོ་ཧུ༷། ཀུ་མ་ར་ད་ཧུ༷་ནན། ཙ་ཤི་ཀུ་བཱ་ར། ཨ་བུད་ཏ་ཁུག་ཤི་མུག་ཤི་རེ་མ་ཏི་ཁུག་ཉི་ཀི་ལ་ཀི་ཙ། ཏུད་ཏ་ཀེ་ཤུ་མུད་ཉ་དགྲ་ལ་ཆུག་གྲྭ་ཧྭ། ཨོ༷་ཤེ་ཀེ་མུད་ཉིད་དགྲ་བོ་ཁ་ལ་ཡན། ཏ་ཧུ༷་ཙཀྲ། དགྲ་བོ་ཁ་མ་ཡ་ན། རུ་རུ་ཨ་ཤུག་མེ། ཀ་ལིང་ཀ རུ་རུ་ཨ་ཤུག་མེ། པྱེ་ཏ་ཏུདྷ་དགྲ་བོ་མ་ར་ཡ་གྲྭ་ཧྭ། ཨོ་མ་སྙིང་ཤ་རག་མོ་མ་ཧྲིང་ཐུ༷་རྦད། མ་མ་སྙིང་རྩ་སྲོག་ལ་ཆུ༷་ཐུ༷་ཤ་རྦད། མ་མྱོས་གུག་ཚ་ར་ལིང་ཤ་སྙིང་རྦད། ཐུ༷་རིལ་ལི་ལི་ལང་ཏོ་རྦད། སྙིང་ཏོ་རྦད་མུ་ར་ཡ་ཕཊ་གྲྭ་ཧྭ། དེ་ནས་དཔལ་ལྡན་མཁའ་འགྲོ་མས། །གསང་སྔགས་གསུངས་པའི་མོད་ལ་ནི། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྲུག །ས་གཞི་རྣམ་པ་དྲུག་ཏུ་གཡོས། །དྲག་པོའི་གནམ་ལྕགས་ཆར་དུ་བབ། །ནད་ཀྱི་འདུ་འཕྲོ་སྐར་ལྟར་འཁྲུག །མཚོན་གྱི་བསྐལ་པ་མེ་ལྟར་འབར། །འཇིགས་པའི་དགྲ་ཡི་གནམ་ས་ཁེངས། །ཐམས་ཅད་ཕུང་བའི་ཆོ་འཕྲུལ་གྱིས། །རང་གི་འཁོར་རྣམས་མཁའ་འགྲོ་མས། །སྲོག་ནས་དྲངས་བཞིན་མ་མོ་འདུས། །གཅིག་ལ་གཅིག་ཀྱང་རྦོད་པའི་སྟབས། ། ཐམས་ཅད་ཡང་དག་གསོད་ལ་བརྩོན། །དེ་ཚེ་འཇིག་རྟེན་ཐམས་ཅད་བསྲེགས། །རྣམ་པར་བྲེད་ནས་འདར་བར་གྱུར། །མིག་རྩ་རིག་རིག་ལྟ་བྱེད་ཅིང་། །བསྟོད་པ་སྣ་ཚོགས་བྱེད་པ་ཡིན། །འཇིག་རྟེན་དྲེགས་པའི་ལྷ་སྲིན་ཡང་། །ཐམས་ཅད་གུས་བཅས་བསྟོད་པ་སྦོབས། ། ཤ་ཁྲག་སྲོག་དབུགས་ལེན་པའོ། །མ་མོ་མཁའ་འགྲོ་གནོད་སྤྱིནམ། །སྲིནཔོགཤིནརྗེཡིདགས་སོགས། །ཕོ་མོ་ནི། །དྷི་ཀ་ཡ་ཕྲེང་འབྱེད་པ་སྟེ། །འདི་ཡི་སྦྱོར་བ་ཡང་དག་ནི། །རླུད་དང་ནམ་མཁའ་ས་སྒྲ་དང་། །རེག་བྱ་དུས་དང་དྲི་རྣམས་ཏེ། །ཐོག་མའི་རླུད་ནི་མཐར་ཡང་སྟེ། །རིམ་པ་དེ་བཞིན་སྦྱར་བར་བྱ། །སྡང་བའི་གནོད་པ་མ་ལུས་པ། །མི་མཐུན་རིགས་སུ་འབྱེད་པ་སྟེ། །ལས་ཀྱི་དབྱེ་བ་མ་ལུས་བྱེད། །རང་ལ་རང་ཡང་འཇོམས་བྱེད་ཅིང་། །རིགས་གཅིག་རྒྱུད་ཀྱང་འབྱེད་པར་བྱེད། །དེ་དག་རིམ་པའི་སྦྱོར་བ་ནི། ཁྲ་ཟ་མགོ་བཞི་དེ་ལྕེ་གཉིས། །སྦྲུལ་ཆེན་གདུག་པའི་འཁོར་ལོ་ཡིས། །ཡན་ལག་དྲག་པོའི་སྦྱོར་བ་བྱེད། །མཆོག་གི་ལས་ལ་སྦྱོར་བ་ཡིན། །གཞན་ཡང་ཡན་ལག་བརྗོད་པ་ནི། །ཧ་ནུ་གནོན་པའི་བེ་ག་ཏ། །འཁྲུལ་པར་བྱེད་པའི་འཁོར་ལོ་བཞི། །ལས་དང་བྱེད་པའི་སྦྱོར་བ་ནི། །འདི་ལྟར་གོ་རིམ་བཞིན་དུ་བསྡེབ། །གཟིར་དང་ལྐུགས་དང་སྨྱོ་བ་དང་། །རེངས་པ་ལ་སོགས་བྱ་བ་བཞི། །སྦྱོར་བ་འདི་ཡིས་བྱེད་པ་སྟེ། །རླུད་དང་ནམ་མཁའ་རོ་ཡི་གཟུགས། །མེ་དང་ལྟ་བྱེད་སྣ་དང་ཆུ། །སྒྲ་དང་དེ་བཞིན་ཐོག་མའི་རླུད་། །རིམ་པ་ཇི་བཞིན་ཉིད་སྦྱར་བ། །དང་པོ་ལས་སུ་བདེ་བ་ཡིན། །དེ་བཞིན་རླུད་སྒྲ་ཆུ་དང་ལྕེ། །རྣ་བ་ལུས་དང་དུས་དང་དྲི། །རོ་དང་ནམ་མཁའ་དེ་བཞིན་རླུད་། །དེ་དག་ཇི་བཞིན་རིམ་པར་བྱ། །དེ་བཞིན་གཉིས་པའི་སྦྱོར་བ་ཡིན། །གསུམ་པའི་སྦྱར་བ་འདི་ལྟ་སྟེ། །རླུད་དང་ས་མེ་ལྟ་བྱེད་སྣ། །མཆུ་དང་ལྕེ་དང་རྣ་བ་ལུས། །རེག་བྱ་རླུད་ནི་ཐོག་མཐའ་མེད། །དེས་ནི་སྦྱོར་བ་གཞན་ཡང་བྱེད། །དེ་བཞིན་རིམ་པ་ཐ་མ་ནི། །རླུད་དང་རེག་བྱ་དུས་དུས་དང་། །དྲི་དང་རོ་དང་ཡིད་གཟུགས་མེད། །དེ་བཞིན་ཐོག་མ་བར་མཐའ་སྦྱར། །གཡོ་བ་མེད་ཅིང་རེངས་པར་བྱེད། །རིམ་པ་དེ་བཞིན་ལས་རྣམས་ནི། །བྱ་བ་སོ་སོར་སྒྲུབ་པར་བྱེད། །རྐྱེན་དང་སྦྱོར་བ་གཞན་ལ་འཇུག །སྦྱོར་བ་མཆོག་གི་དམ་པ་ཡིན། །དེ་བཟློག་པ་ཡི་བྱ་བ་ཡིས། །མི་རྒྱུ་གཡོ་བ་མེད་པ་དང་། །འཇུག་བྱེད་ལྡོག་པ་མེད་པའི་ལས། །མཆོག་ཏུ་གསང་བ་བཞི་ཡིན་ནོ། །རྣལ་འབྱོར་བདེ་བ་གནས་པས་བྱ། །ཡང་ན་གལ་ཏེ་བདེ་མིན་འཆིང་། །སྡུག་བསྔལ་སྣ་ཚོགས་འགྲུབ་པར་འགྱུར། །དེ་བས་ཤིན་ཏུ་ཐབས་བསྟན་བྱ། །སྟོབས་མེད་ལམ་གྱིས་གཉི་ག་འཆིང་། །འཆིང་མེད་གྲོལ་བའི་སྟོབས་ཀྱིས་བྱའོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ལས་ཚོགས་བསྡུས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས། འ་ལ་འཁོར་གྱི་མཚོནི་ཆ་མེ་ལྕེ་ལྟ་བུའི་རིམ་པ་འདི་གསུངས་སོ། །སྐྲུ་གྲི་གཅོད་བྱེད་འཁོར་ལོ་ནི། །གཅོད་ཅིང་སྲེག་པས་སྐེམ་པ་ལ། །ཐིམ་ཞིང་གནོན་པས་སགཞིབཞིན། །སྡུདཅིང་འཇོམས་པས་ཀུ་བེ་ཧྭ། །འདི་ནི་ཆུ་སྲིན་སེནམོབཞིན། །ཟིནཔས་གཏོང་པར་མི་བྱེད་པས། །དྲག་པོ་མེ་ཡི་སྤྱོར་བ་ཡིན། །དེ་ཡི་རིམ་པ་འདི་ལྟ་སྟེ། །ཕྱི་རིམ་སྦྱོར་བའི་བ་ཡང་། །བདག་ལ་ཕྱི་ཡི་དགྲ་བགེགས་ནད་རྣམས་ནི། །ཕྱི་ཡི་་ཚུལ་གྱིས་བར་ཆད་ཞི་བར་མཛོད། །དེ་བཞིན་ནང་གི་ནད་དང་དགྲ་བགེགས་རྣམས། །ནང་གི་ཚུལ་གྱིས་ཉོན་མོངས་རྣམ་རྟོག་རྣམས། །ཐམས་ཅད་ཞི་བར་འགྱུར་བའི་འཕྲིན་ལས་མཛོད། །སེམས་ཉིད་རྒྱས་པར་གྱུར་པའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་རྒྱས་ལ་དཔལ་ལྷ་མོ། །རྒྱས་མཛད་རྒྱས་གྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་རབ་ཏུ་བརྗིད། །དུས་གསུམ་ཀུན་ཏུ་ཐམས་ཅད་རྒྱས་མཛད་མ། །བདག་གི་རྣལ་འབྱོར་ཏིང་འཛིན་འདི་ཡི་མཐུས། །སྔོན་འདས་རྒྱལ་བ་གྲུབ་པ་ཁྱོད་ལ་ནི། །བདག་གི་སྨོན་ལམ་འཕྲིན་ལས་བཅོལ་བ་ཡང་། །བདག་ལ་ཕྱི་ཡི་དགྲ་བགེགས་ནད་རྣམས་ནི། །ཕྱི་ཡི་ཚུལ་གྱིས་བདག་དོན་རྒྱས་པར་མརྫོད། །དེ་བཞིན་ནང་གི་ནད་དང་དགྲ་བགེགས་རྣམས། །ནང་གི་ཚུལ་གྱིས་བསོད་ནམས་ཡེ་ཤེས་རྣམས། །ཐམས་ཅད་རྒྱས་གྱུར་ཅིག་པའི་འཕྲིན་ལས་མཇོད། །རང་སེམས་དབང་དུ་གྱུར་པའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པས་དབང་མཛད་དཔལ་ལྷ་མོ། །དབང་མཛད་དབང་འགྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་མཛེས། །དུས་གསུམ་ཀུན་ཏུ་ཐམས་ཅད་དབང་མཛད་མ། །བདག་གི་རྣལ་འབྱོར་ཏིང་འཛིན་འདི་ཡི་མཐུས། །སྔོན་འདས་དབང་མཆོག་གྲུབ་པ་ཁྱོད་ལ་ནི། ། བདག་གི་སྨོན་ལམ་འཕྲིན་ལས་བཅོལ་བ་ནི། །བདག་ལ་ཕྱི་ཡི་དགྲ་བགེགས་ནད་རྣམས་ནི། །ཕྱི་ཡི་ཚུལ་གྱིས་བདག་དོན་དབང་དུ་མཛོད། །དེ་བཞིན་ནང་གི་ནད་དང་དགྲ་བགེགས་རྣམས། །ནང་གི་ཚུལ་གྱིས་ཉོན་མོངས་རྣམ་རྟོག་རྣམས། །ནང་གི་ཚུལ་གྱིས་ཐམས་ཅད་དབང་དུ་མཛོད། །རང་སེམས་དྲག་པོར་གྱུར་པའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་རྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་དབང་མཛད་དྲག་པོ་དཔལ་ལྷ་མོ། །དབང་མཛད་དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་འཇིགས། །དུས་གསུམ་ཀུན་ཏུ་ཐམས་ཅད་ཞི་མཛད་མ། །བདག་གི་རྣལ་འབྱོར་ཏིང་འཛིན་འདི་ཡི་མཐུས། །སྔོན་འདས་དྲག་པོ་གྲུབ་པ་ཁྱོད་ལ་ནི། །བདག་གི་སྨོན་ལམ་འཕྲིན་ལས་བཅོལ་བ་དང་། །བདག་ལ་ཕྱི་ཡི་དགྲ་བགེགས་ནད་རྣམས་ནི། །ཕྱི་ཡི་ཚུལ་གྱིས་གནོད་པ་དྲག་པོ་སོད། །དེ་བཞིན་རང་གི་ནད་དང་དགྲ་བགེགས་རྣམས། །ནང་གི་ཚུལ་གྱིས།་ཐམས་ཅད་འཆི་བར་མཛོད། །ཁྱོད་ཀྱི་རང་བཞིན་ཅི་ཡང་མ་ཡིན་པས། །འདི་ལྟར་མཚན་ཉིད་ཅི་ཡང་སྣང་བ་ནི། །འཕྲིན་ལས་རྣམ་བཞིའི་འགྲོ་དོན་མཛད་པ་ལགས། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག །དཔལ་གྱི་ལྷ་མོ་གྱུར་པ་དྲི་ཟའི་འཁོར་གྱིས་བསྐོར་བ་ལ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་འཕྲིན་ལས་རྣམ་བཞིའི་སྒོ་ནས། བསྟོད་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་མིག་ཅན་གྱིས་རང་གི་འཁོར་དཔག་ཏུ་མེད་པ་རྣམས་དང་ལྷན་ཅིག་ཏུ། དཔལ་ལྷ་མོ་ནག་མོ་ལ་ནམ་མཁར་ལྡིང་གི་འཁོར་གྱིས་བསྐོར་ནས། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ལ་དྲག་པོ་འཇིགས་པར་གྱུར་ནས་གནས་པ་ལ་བསྟོད་པ། དཔལ་ལྡན་ནག་མོ་དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད། །ཁྱོད་ནི་བདག་གི་མཆོད་པས་མ་བསྒྲིབས་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་འབབས་པས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་དབང་པོ་སྟེ། །བདག་གི་ལུས་ངག་སེམས་ཀྱི་སྒྲིབ་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འཀྱོད་པས་རབ་བཤགས་ནས། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱིས་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པས་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུ་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་མོ་འཇིགས་པའི་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་བར་སྤོབས། །ཡང་དག་ཡོན་ཏན་ཁྱོད་ཀྱི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་གདབ། །འདི་ལྷར་ཕྱག་འཚལ་མཆོད་ནས་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། ནམ་མཁའ་ལྡིང་གི་རྒྱལ་པོ་འཁོར་དང་བཅས་པས་ཡན་ལག་བདུན་པའི་མཆོད་བརྗོད་བསྟོད་པ་སྟེ་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཀླུའི་རྒྱལ་པོ་དགའ་བོས། དཔལ་ལྷ་མོ་ནག་མོ་ཆེན་མོ་ཀླུའི་འཁོར་གྱིས་བསྐོར་བའི་སྐུ་ལ། ཡོན་ཏན་རྟགས་ཀྱི་སྒོ་ནས་བསྟོད་པ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་འདུལ་བའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟོད་པའོ། །ཧུ༷། སྔོན་ཚེ་དཔལ་ཆེན་ཐུགས་ཀྱི་ལྷ་མོ་ནི། །ཉི་མ་བྱང་ཤར་མཚམས་ཤེད་ན། །གཡུ་མཚོ་བསེ་མཁར་ནང་ན་བཞུགས་པ་ནི། །འཕྲིན་ལས་རྣམ་བཞི་མ་ལུས་མཛད་པའི་རྟགས། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་བཞུགས་པ་ནི། །ཆོས་ཉིད་སྐྱེ་མེད་ཐབས་དང་ཤེས་རབ་ལྡན་པའི་རྟགས། །གདུག་པ་འདུལ་ཕྱིར་དྲེའུ་ནག་རྐང་གསུམ་ཞོན། །ཁམས་གསུམ་འདུལ་ཕྱིར་བླུན་པོ་བུང་བུ་གནོན། །མྱ་ངན་མི་འདའ་རྟགས་སུ་ལྕགས་སྒྲོ་མངའ། །བདག་དོན་ཕུན་ཚོགས་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་བས་བརྒྱན། ་༑ས་རབ་རྟགས་ཕྱིར་ཉི་མས་ལྟེ་བ་བརྒྱན། །དུག་ གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་འབྱིན་ཕྱག་མཚན་ནེའུ་ལེ་བསྣམས། །དབང་དྲག་རྫོགས་ཕྱིར་རལ་པ་ཁམས་ནག་སྤྲུག །ཉོན་མོངས་འདྲེན་ཕྱིར་རྣོ་དབལ་མཆེ་བ་གཙིགས། །འཁོར་བ་ལྗགས་ལ་གཏར་ཕྱིར་རྐན་སྒྲ་བསྡེབས། །གདུག་པ་ཞེ་ལ་གནན་ཕྱིར་སྡང་མིག་བགྲད། །ཐམས་ཅད་དབང་སྡུད་ཆགས་ཕྱིར་སྤྱན་རྩ་དམར། ། གཉེན་པོའི་ཚོགས་བཅོམ་མི་འགྱུར་སྐུ་མདོག་ནག །མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན། །སྐུ་གསུང་ཐུགས་ལྡན་རྟགས་ཀྱི་ཁ་ཊ༷་གསོར། །སྐུ་གསུམ་རྫོགས་བྱེད་ཐོད་པའི་འཕྲེང་བས་བརྒྱན། །དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཚུབས་མས་བརྒྱན། །ཉོན་མོངས་བསྲེགས་ཕྱིར་མེ་དཔུང་ནང་ན་བཞུགས། །འདོད་ཁམས་བསྐྱང་ཕྱིར་ཡོངས་འདུའི་ཤིང་ལ་བརྟེན། །ལྷ་མིན་འདུལ་ཕྱིར་རྫོང་གི་བཀའ་བཟློག་མ། །དཔལ་བརྟུལ་བརྟེན་ཕྱིར་སྟག་གི་ཤམ་ཐབས་བསྣམས། །བསྟན་པ་བསྲུང་ཕྱིར་དྲག་པོའི་ཆ་ལུགས་རྫོགས། །ང་རྒྱལ་དབང་སྡུད་བདག་མེད་སྒྲ་སྒྲོགས་རྟགས། །ཐབས་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། །ཞེ་སྡང་དབང་སྡུད་དུག་ཆེན་འདུལ་བའི་ཕྱིར། ཁྲེས་རབ་བསྙན་ཆ་གདུག་པ་སྦྲུལ་གྱིས་བརྒྱན། ། འདུ་བྱེད་མི་རྟག་རྟགས་ཀྱི་དྲིལ་བུ་སྒྲོག །ཆགས་ཕྱིར་རྔམ་མཛད་ཁྲག་གི་རྦ་གློང་འཐུང་། ། དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་བརྒྱན་དུ་མཛད། །ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱས་བརྒྱན། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས། །ཡེ་ཤེས་རིག་པའི་ཚོགས་རྣམས་བཤད་མཛད་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ན་བསྟན། །དབུ་མའི་ས་ལ་གནས་རྟེན་དྲེའུ་ཆིབས། །ཉོན་མོངས་གདུག་པ་འདུལ་ཕྱིར་སྲིན་མོའི་ཚུལ། །བྱང་ཆུབ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། ཀླུའི་རྒྱལ་པོ་དགའ་བོས་རྟགས་ཀྱི་སྒོ་ནས་བསྟོད་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས། དཔལ་ལྷ་མོ་ཆེན་མོ་ལ་གྲུལ་བུམ་གྱི་འཁོར་གྱིས་བསྐོར་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལ་བསྟོད་པ། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཀྱང་མེད། །སྲིད་པ་གདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི། །རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་། །རཀྟ་ཁྲག་གི་རྦ་གློང་འཁྱིལ་བ་ལ། ། ཀེང་རུས་ཐོད་འཕྲེང་ཞིང་གི་རྒྱན་གྱིས་བརྒྱན། །སྐུ་མདོག་གནག་ལ་རབ་བརྗིད་ཁྲོ་མོའི་རྒྱལ། །སྔོན་མོ་རལ་པ་འཛིངས་པའི་སྤྲུལ་པ་འགྱེད། །སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་ཛུ ། གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་ནས་བཞེངས། །ཡོན་ཏན་རྒྱས་མཛད་སེར་མོ་ཁ་ལ་བཞད། །འཕྲིན་ལས་རྒྱས་པ་ཐམས་ཅད་ཉེ་བར་མཇོད། །གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཏི། །གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས། །དམར་མོ་ཆེན་མོ་དབང་ཆེན་གཏུམ་མོ་སྟེ། །དབང་གི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་རེ་མ་ཛ། །གྲུ་གསུམ་སྔོ་སྐྱ་ཞལ་གྱི་དབྱིངས་ནས་བཞེངས། །དཀར་མོ་ཆེན་མོ་ཞི་བའི་ཕོ་ཉ་སྟེ། །ཞི་བའི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་ལ། །དྲེགས་པ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་གནོན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང་། །འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ། །དུས་གསུམ་རྒྱལ་བའི་བསྟན་པ་རྒྱས་མཛད་མ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརློབས། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་ པས། དཔལ་ལྷ་མོ་ནག་མོ་ཆེན་མོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལ་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཆེན་པོས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་ལྷ་མ་ཡིན་གྱི་འཁོར་གྱིས་བསྐོར་བའི་སྐུ་ལ། དོན་དམ་པའི་སྒོ་ནས་ཤིན་ཏུ་ཡང་དག་པས་བསྟོད་པ། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་། །ཐུགས་ཀྱི་ཐུགས་མཆོག་རྣམ་དག་བདེན་པའི་ཡུལ། །གདོད་ནས་གཉིས་མེད་ནམ་མཁའི་སྙིང་པོ་ནི། །དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་ལགས། །དེ་ཡི་རྣམ་དག་བརྗོད་མེད་ངོ་བོ་ལ། ། བྱིས་པ་རྣམས་ནི་བསྟོད་པ་བྱེད་པ་ལྟུང་། །བླུན་པོ་རྣམས་ཀྱི་དངོས་པོར་རབ་བརྟགས་ནས། །གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག །རྒྱལ་བའི་དགོངས་པ་ཐུགས་ཆུད་ཁྱོད་ཉིད་ལ། །ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས། །ནམ་ཀྱང་སྒྲོལ་བར་གྱུར་པའི་ཆོས་ཉིད་མིན། །གདོད་ནས་གཉིས་མེད་བདེ་ཆེན་མ་རྟོགས་པར། །ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ། །དོན་དུ་གཟུང་ཞིང་གང་ཞིག་བསྟོད་པ་རྣམས། །ཁྱོད་ལ་བརྟེན་ནས་ཐམས་ཅད་ལྟུང་བར་འགྱུར། །གང་ཞིག་སྐྱེ་བ་མེད་པ་ཤེས་པ་དང་། །གདོད་ནས་གཉིས་མེད་སྙིང་པོ་བསྒོམ་ནུས་ན། །གང་ཟག་དེ་ཡིས་ཁྱོད་ནི་བསྟོད་པ་ཡིན། །ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིན། །བསྐལ་པ་གྲངས་མེད་འདས་པས་རབ་ལྟས་ཀྱང་། །ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས། །གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་། །སྒྲ་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱིས། །ཁྱོད་ཉིད་བོས་ཀྱང་བསྐལ་པར་མི་ཐོས་ཏེ། །འདི་དག་སྤངས་པའི་རྣལ་འབྱོར་དེ་ཡིས་ནི། །ཁྱོད་ཀྱང་མཐོང་ལ་དེ་ཡང་ཁྱོད་ཀྱིས་ཐོས། །གང་ཞིག་ཐོས་འདོད་ངལ་བས་ཁྱོད་བསྒྲུབས་ན། །བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས། ། ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ན། །མཆོད་ནས་དངོས་གྲུབ་དེ་ཡིས་ཐོབ་པར་འགྱུར། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་ལ་རྒྱལ་བ་རྣམས་དང་མོལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པ་ཁྱོད། །མི་མཇེད་འཇིག་རྟེན་ཤིན་ཏུ་རྒྱུད་རྩུབ་པ། །ཕྱི་རོལ་ཚུལ་གྱི་ཐབས་ཀྱིས་འདྲེན་མཛད་མ། །ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་པ། །སྡིག་པ་མང་པོ་སྟོང་ཉིད་ངང་དུ་བཤགས། །སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད། །སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད། །འདི་ལྟར་བསྟོད་ན་བསྟོད་པར་འགྱུར་གྲང་བས། །ཁྱོད་ཉིད་བསྟོད་བྱའི་ཡུལ་ཅན་མ་ཡིན་ང་། །བྱིས་པ་དྲང་ཕྱིར་དོན་ལ་འདི་ལྷར་བསྟོད། །དཔལ་ཐོད་པ་ནག་པོའི་རྒྱུད་ལས། དཔལ་ལྷ་མོ་ནག་མོ་ཆེན་མོར་གྱུར་པ་ལ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཀྱིས་བསྟོད་པ་སྟེ་ལེའུ་བརྒྱད་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལྷའི་འཁོར་གྱིས་བསྐོར་བ་ལ། དང་པོ་དེའི་དམ་ཆོས་དགེ་བ་བཅུའི་རྣམ་པར་སྨིན་པའི་སྒོ་ནས་བསྟོད་པ། འཇིག་རྟེན་འཁོར་བ་འདི་ནི་ལས་ལ་གྲུབ། །ལས་ནི་རྣམ་གཉིས་དགེ་སྡིག་གཉིས་ཀྱི་མཐུས། །མཐོ་རིས་ངན་སོང་སྲིད་པའི་གྲོང་ཁྱེར་སྨིན། །སྔོན་འདས་བསྐལ་པ་དང་པོའི་ཕ་རོལ་ནས། ། དགེ་བཅུའི་ལས་ལ་རང་སེམས་ཆེར་སྦྱངས་ནས། །ལམ་གྱི་ཁྱད་པར་གོང་མ་རབ་རྫོགས་ཀྱང་། །མཐོ་རིས་སྐྱེས་པ་རྣམས་ལ་དགེ་བ་བཅུའི། །ཚུལ་གྱིས་སྟོན་མཛད་ཕྱི་རོལ་བསྒྱུར་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །འདས་པའི་དུས་ན་སྲོག་གཅོད་རབ་སྤངས་པས། །སྐུ་ཚེ་རིང་ཞིང་གཟུགས་བྱད་ཕུན་སུམ་ཆོགས། །གཞན་གྱི་ལན་ཚོགས་གནོད་པའི་རྐྱེན་དང་བྲལ། །འཆི་བདག་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་བྱིན་ལེན་པའི་ཚུལ་ལ་རབ་སྦྱངས་པས། །བསོད་ནམས་ཚོགས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས། །བསོད་ནམས་ལོངས་སྤྱོད་མི་འགྲིབ་རབ་བརྟན་བརྙེས། །སྤྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད། །མི་ཚངས་སྤྱོད་པའི་དཀའ་ཐུབ་རྣམས་བསྲུངས་པས། །མངལ་གྱི་གྲོང་ཁྱེར་དམན་ལས་ཁྱད་པར་འཕགས། །སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ། །དགེ་སྦྱོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཉོན་༄༅ མོངས་བརྫུན་ཚིག་སྤངས་པའི་རྣམ་སྨིན་གྱིས། །བཀའ་བཙན་གསུང་གིས་འཇིག་རྟེན་འདུལ་བའི་གཙོ། །གསུང་མཆོག་རྣམ་དག་བརྙེས་པའི་རང་བཞིན་ཏེ། །བདེན་པ་གསུང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན། །ཉིད་ལ་རྣམ་པར་འདུད་པའི་འཁོར་གྱིས་བསྐོར། །ལྷ་དང་ལྷ་མིན་བདེན་པས་འདུལ་མཛད་པ། །དཀར་མོའི་འཁོར་སྐྱོང་ཁྱོད་ལ་ཕྱག་འཚལ་བསྟོད། །ངག་འཁྱལ་སྤངས་པའི་ཡོན་ཏན་སྨིན་པ་ནི། །ཏིང་འཛིན་རྩེ་གཅིག་མི་གཡོ་བར་ཆད་སྤངས། ། དགོངས་འབྲེལ་ཚུལ་དུ་བསྟན་པ་སྐྱོང་མཛད་མ། །བྱིས་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཚིག་རྩུབ་སྤངས་པའི་ཡོན་ཏན་ནི། །ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་ཅན་མ། །ཚིག་རྩུབ་གཤེ་བའི་གཉེན་པོ་མེད་པ་སྟེ། །ཚིག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་སེམས་བརྣབ་སེམས་སྤངས་པའི་ཁྱད་པར་ནི། །འཛིན་པའི་རྣམ་རྟོག་རྣམ་པར་སྤང་པའི་རྟགས། །བདག་མེད་རྟགས་སུ་སེང་གེ་རྣ་བས་བརྒྱན། །བརྣབ་སེམས་སྤངས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟུང་བའི་ཡུལ་ལ་གནོད་སེམས་རྣམ་སྤངས་པས། །ཕྱི་རོལ་ཡུལ་ནི་གཉིས་མེད་ཆོས་སུ་གཟིགས། །གང་ལ་གནོད་སེམས་ཡང་དག་སྤངས་པའི་རྟགས། །སྦྲུལ་གྱི་རྣ་བ་ཅན་ལ་ཕྱག་འཚལ་བསྟོད། །ལོག་པར་ལྟ་བའི་ཕྱོགས་ནི་རྣམ་སྤངས་ཏེ། །སངས་རྒྱས་ཆོས་ལས་འཁྲུངས་པའི་གཟུགས་བརྙན་ཁྱོད། །ལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན། །སྤྲོས་བྲལ་དོན་ལྡན་སྟོན་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདི་ན་ལས་གཉིས་དག་མ་དག །མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ། །དག་པའི་དགེ་བ་བཅུ་ལས་མཐོ་རིས་གྲུབ། །ལས་འདི་དགེ་བ་དང་པོར་རབ་སྤྱད་པས། །གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་། །དགེ་བཅུའི་རྟགས་ནི་དམན་པའི་ཞིང་འདིར་བསྟན། །གདུག་པའི་ཚུལ་གྱིས་འགྲོ་བ་འདྲེན་མཛད་མ། །བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དང་པོ་དགེ་བཅུའི་སྒོ་ནས་རྣམ་པར་ཐར་པའི་སྒོ་ནས་བསྟོད་པ་སྟེ་ལེའུ་དགུ་པའོ།། །།དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་མི་འམ་ཅིའི་འཁོར་གྱིས་བསྐོར་བ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ།དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་འཚལ། །དོན་དམ་ཀུན་རྫོབ་གཉིས་སུ་མེད་པས་བདེན། །འཁོར་བ་མྱ་ངན་འདས་པ་གཉིས་མེད་ཟབ། །སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས། །ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད། །རྒྱུ་དང་འབྲས་བུ་གཉིས་མེད་ཡང་དག་སྨིན། །ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་དང་། །སྤྲོས་དང་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྡུས། །བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ། །མཐོ་དང་དམའ་བ་གཉིས་མེད་དག་པས་བསྟོད། །བདག་དང་བདག་གི་ཆོས་ནི་ངང་ཚུལ་གཅིག །གཟུང་དང་འཛིན་པ་གཉིས་ནི་འཁོར་བའི་མཐའ མཐོ་རིས་ངན་སོང་གཉིས་བྲལ་དག་པའི་ཞིང་། །བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད། །བསྐྱེད་དང་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག །སངས་རྒྱས་སེམས་ཅན་གཉིས་མེད་སེམས་ཉིད་དེ། །བསྒྲུབ་དང་བསྒྲུབ་བྱ་གཉིས་མེད་གྲུབ་པའི་ངང་། །བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྟོད། །ཡབ་ཡུམ་མཁའ་དབྱིངས་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་མེད་འབྲེལ་བའི་དོན། །སྟོང་དང་མི་སྟོང་གཉིས་མེད་ཞི་བའི་ངང་། །འགྱུར་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད། །སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་། །ལུས་ངག་གཉིས་མེད་སེམས་ཉིད་གཅིག་གི་ཚུལ། །རྩོལ་བྱེད་རྩོལ་བྱེད་གཉིས་མེད་དོན་གཅིག་པས། །རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད། །མུ་སྟེགས་སངས་རྒྱས་གཉིས་མེད་ཚུལ་གཅིག་པས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཕྱི་དང་ནང་གཉིས་གཉིས་མེད་གཅིག་གི་ངང་། །སེམས་ལྡན་སེམས་མེད་རྣམ་དག་ཞི་བའི་ཚུལ། །སྣང་དང་མི་སྣང་གཉིས་མེད་གཅིག་གིས་མཐོང་། །གཉིས་མེད་དོན་མཆོག་མཐོང་ལ་ཕྱག་འཚལ་བསྟོད། །འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ། །སྤྲོས་པ་མེད་པའི་དོན་དང་འབྲེལ་བ་དེ། །ཁྱོད་ཀྱི་རྒྱུད་ལ་འདི་དག་ཡོངས་སུ་ཚང་། །འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག །གཉིས་སུ་མེད་པས་ཐུགས་སུ་ཆུད་པའི་མཆོག །གཉིས་མེད་དོན་ལ་རྟག་ཏུ་གནས་པའི་མཆོག །གཉིས་སུ་མེད་པ་དེ་ནི་ཁྱོད་ཉིད་དེ། །བདག་ཀྱང་གཉིས་མེད་དོན་གྱིས་འདིར་འགྲུབ་ཤོག །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། མི་འམ་ཅིའི་རྒྱལ་པོ་ལྗོན་པས་གཉིས་མེད་པའི་སྒོ་ནས་བསྟོད་པ་སྟེ་ལེའུ་བཅུ་པའོ།། །།དེ་ནས་དཔལ་རྡོ་རྗེ་མཁའ་འགྲོ་མ་ཉིད་ཀྱིས། ཐམས་ཅད་བསྒྲལ་བའི་ཕྱིར་དྲག་པོའི་གསང་ཐུན་གྱི་ངན་སྔགས་འདི་གསུངས་སོ། །ཏྲག་རསྒ་ཁ་མུན་ཏྲ་སྨྱོ། རུ་ལུ་རུ་ལུ་མ་ར་ཡ་ཐུན་ཡ། ཏྲག་རསྒ་སྙིང་ཁྲག་སྙིང་སྨྱོ། མ་ར་ཡ་ཐུན་ཡ། སྤུ་ཏ་སྐྲུ་ཏ་སྨྱོ། མ་ར་ཡ་ཐུན་ཡ། ཤ་ཤ་སྒག་ཤ་སྒག མྱ་ར་ཡ་ཐུན་ཡ། ཏྲག་མོ་ཏྲ་བ། སྙིང་སྒག་སྙིང་ཏྲག མྱ་ར་ཡ་ཐུན་ཡ། སྒག་མོ་སྒག་མ། མ་ར་ཡ་ཐུན་ཡ། འདི་དག་གསུངས་པའི་མོད་ལ་ནི། །འཇིག་རྟེན་ཐམས་ཅད་ཕུང་བར་གྱུར། །གནམ་ལྕགས་འཕྲེང་བ་ལྟ་བུ་ཡི། །མདའ་ནི་འཇིག་རྟེན་ཆར་པ་འབབ། །ལྕགས་སོལ་མལ་ནས་ཕྱུང་འདྲ་བའི། །ཕུར་པ་འཇིག་རྟེན་སྙིང་ལ་ཟུག །གནམ་ལྕགས་ཚ་ཚ་ལྷ་བུ་ཡི། །ཡུངས་དཀར་མང་པོ་ཐད་དུ་ཐིམ། །ལས་ཀྱི་དྲ་བ་འཇོམས་པའི་ཕྱིར། །ཁམ་བུའི་ཐུན་ནི་སྙིང་ལ་གནོད། །ཐམས་ཅད་ཁ་ནས་ཁྲག་སྒྱུག་ཅིང་། །ཁ་ཐུན་ཤུགས་ཀྱིས་མྱོས་པ་དང་། །འཇིག་རྟེན་དུག་གི་ཆར་པ་བབས། །གསང་ཐུན་གསང་བའི་སྔགས་ཟོར་ཡིན། །དེ་ཚེ་འཇིག་རྟེན་དངངས་ནས་བསྲེག །ཐམས་ཅད་སྐྱབས་ནས་བསྟོད་པ་བྱེད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས་དྲག་པོ་གསང་ཐུན་གྱི་གསང་སྔགས་བསྟན་པ་སྟེ་ལེའུ་བཅུ་གཅིག་པའོ།། །།དེ་ནས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུས། རང་གི་འཁོར་སྲིན་པོའི་ཚོགས་དང་བཅས་པས། དཔལ་རྡོ་རྗེ་མཁའ་འགྲོ་མ་་ཐ་བསྟོད་པ།དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་ཡུམ་གྱིས་ཚུལ། །མཚན་མའི་སྐྱོན་སྤངས་སྐུ་མདོག་དམར་མོར་སྟོན། །དྲག་ཤུལ་སྤྱོད་ཕྱིར་གཅེར་བུ་སྲིན་མོའི་ཚུལ། །ལྷ་ཆེན་གདུག་ཕྱིར་སྡང་མིག་རལ་པ་གསིགས། །སྐྱེ་ཤི་རྩད་གཅོད་མི་བཟད་མཆེ་བ་གཙིགས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་གསལ་རྒྱས། ། གཡུལ་ངོ་བཟློག་ཕྱིར་མདུང་དང་རུ་མཚོན་བསྣམས། །སྲིད་གསུམ་བསྒྲལ་ཕྱིར་ཤེས་རབ་རལ་གྲི་བསྣམས། །དགྲ་བགེགས་འདུལ་ཕྱིར་ནད་ཀྱི་རྐྱལ་པ་བསྣམས། །དབུལ་བ་སེལ་ཕྱིར་ནེའུ་ལེའུ་རྐྱལ་པ་ཐོགས། །འཆི་བདག་བཟློག་ཕྱིར་སྙན་ཆ་སེང་གེས་བརྒྱན། །གདུག་པ་འདུལ་ཕྱིར་ཀླུ་དབང་སྙན་ཆར་བརྒྱན། །འབྱུང་པོ་དངངས་ཕྱིར་ཐོད་པའི་འཕྲེང་བས་བརྒྱན། །རྣལ་འབྱོར་བསྐྱང་ཕྱིར་དྲིལ་ཆེན་སྒྲ་སྙན་སྒྲོགས། །ཀླུ་ཆེན་འདུལ་ཕྱིར་སྦྲུལ་གྱི་སྐེ་རགས་བཅིངས། །བདུད་དཔུང་སྦ་བཀོང་ཞིང་ལྤགས་གོས་སུ་གོན། །སྨོན་ལམ་མི་འདོར་སྐུ་སྨད་རེ་ལྡེས་དཀྲིས། །མཛེས་པར་བྱ་ཕྱིར་རྐང་སྒྲོག་ལྕགས་ལས་བྱས། །ཉོན་མོངས་མཚོ་སྐེམས་ལྟེ་བ་ཉི་མས་བརྒྱན། །སྲིན་པོ་འདུལ་ཕྱིར་ཆིབས་སུ་བོང་བུ་ཆིབས། །སྟོང་གསུམ་བགྲོད་ཕྱིར་ཚུབ་མའི་ནང་ན་བཞུགས། །དུར་ཁྲོད་གནས་ཕྱིར་གཡོག་འཁོར་མ་མོའི་ཚོགས། །འཁོར་བ་འཇིག་ཚེ་སྡུག་བསྔལ་སེམས་ཅན་རྣམས། །ཁྱོད་ཀྱི་ཞལ་དུ་ཐམས་ཅད་བཞུགས་པར་འགྱུར། །བརྩེ་ལྡན་ཐུགས་རྗེས་འགྲོ་བ་ཀུན་བསྐྱང་ནས། །བྱང་ཆུབ་སྤྱོད་པ་ཐར་ལམ་སྟོན་མཛད་པའི། །ལྷ་མོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུས་བསྟོད་པ་སྟེ་ལེའུ་བཅུ་གཉིས་པའོ།། །།དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་འཁོར་ཐམས་ཅད་ཡོངས་སུ་བཅས་ཏེ། དཔལ་ལྷ་མོ་ནག་མོའི་ཐད་དུ་སོངནས་ཡོངས་སུ་བསྟོད་པ། ནད་ཀྱི་བདག་མོ་དཔལ་ལྷ་མོ་ནག་མོ་ཆེན་མོ། འགྲོ་བ་ཀུན་གྱི་མངའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཏིལ་མར་གྱིས་བསྐུས་ལན་བུ་གཅིག་པ་ལ། །རོ་ཉེས་རྣ་ཆས་བགེགས་ཤིང་ཆ་ལུགསམ་ལུས་འཆང་། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས། །རང་གི་རྐང་པ་མཛེས་པར་བྱས་པ་ཡི། །གཅེར་བུ་བོང་བུ་ཞོན་ཞིང་ཀུན་ཏུ་རྒྱུ་བའི་ལྷ་མོ་ཁྱོད། །བདག་ཉིད་མཛེས་པར་ཤེས་ཤིང་གཞན་ལྷ་ཁྱོད་ཀྱིས་མཁྱེན། །ཁྱོད་ཀྱི་སྤྱོད་པ་དོད་ལ་སུ་ཞིག་ཤེས། །ནག་ཞིག་འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུ་འཐུལ་བ་ན། །ལྷ་མོ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་བཞུགས་པར་འགྱུར། །ནག་མོ་མི་ཐོད་ཐོགས་པས་ཁྱོད་ནི་གྲུབ་པའི་རྣལ་འབྱོར་མ་སྟེ་དུར་ཁྲོད་སྟེང་དུ་དགྱེས། །གཡོན་ཅན་རྣམ་བཞིའི་ནད་བྱེད་འཆི་བའི་འཇིགས་པ་སེལ་ཞིང་ཞི་ལ་མི་བཟད་དྲིལ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གིས་མགོ་བོ་མཚོན་གྱིས་ལེགས་པར་བཅད་པའི་འཕྲེང་བ་ཐོགས་ཤིང་གར་ཡང་བྱེད། །ལག་པ་གཉིས་ཀྱང་བསྐུམ་གྱིས་གཙོ་ཆེ་ལ། །ཀླུ་དབང་འཇིགས་པའི་སྐེ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་པ་ལ། །ཁྲག་གི་ཆང་གིས་རབ་ཏུ་མྱོས་པ་མིག་རྩ་དམར་པོར་འགྱུར་ཞིང་མཚན་མོ་དུར་ཁྲོད་རྒྱུ་བ་དེ་ནི་འབྱུང་པོ་ཕལ་ཆེན་རྣམས་ཀྱིས་མཐོང་། །ཀོ་རློན་ཆན་པས་དྲས་ཏེ་རྐྱང་བའི་གོས་ཀྱིས་གནམ་གྱི་ཕྱེད་གཡོགས་མ། །ཕྱེད་ནི་སྨྱུག་མའི་རེ་ལྡེས་རབ་ཏུ་དཀྲིས། །མི་ཡི་རྒྱུ་མ་ལྕགས་ཀྱིས་བཀང་བ་དག་གིས་ཞལ་གྱི་ཟླ་གམ་བརྒྱན་ཅིང་འགྲམ་པར་སིལ། །ལུས་ནི་སྣུམ་གྱིས་བྱུགས་ཤིང་ཁྲག་དང་ཐིག་ལེས་བྲིས། །མི་རོའི་ཤ་ལ་སོས་ནི་ཆེམ་ཆེམ་གཙོད་བྱེད་ཅིང་། །ནག་མོ་ཐོད་པ་ཅན་ནི་བདག་ལ་སྐྱོང་གྱུར་ཅིག །དྲག་མོ་མི་ཤ་ཁ་ནི་ཐོགས་པ་སྔ་ནས་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་དངངས་འཐོན་ནས། །མིག་རྩ་རིག་རིག་ལྷ་མོ་ཁྱོད་ལ་འདུད། །ནག་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་ནི། །བརྒྱ་བྱིན་ལ་སོགས་ཉོན་ཅིག་བཞིན་དུ་བསྟོད་ཕྱག་འཚལ། །གཤིན་རྗེ་རྣམས་ཀྱང་འདར་ཞིང་འདུད་པར་བྱེད། །མི་རྣམས་དག་ནི་འགྲོ་བ་མ་ལུས་པ་ཡི་འཇུག་བཏུལ་ནས། །རྣ་བ་ཡ་གཅིག་ལ་ནི་བྲང་གིས་འགྲོ་བའི་གདེངས་ཀར་ལྡན། །ཡ་གཅིག་ལ་ནི་སེང་གེ་མཚུངས་བྱེད་བརྒྱན་ཅིང་རྒྱ་མཚོ་བསྐོར་བའི་ས་གཞི་གནོན། །སྟེང་གི་ཕྱོགས་ནས་རྒྱུ་བའི་ཉི་མའི་འོད་ཟེར་སྟོང་གི་འོད་ལྡན་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་གཞག །རྒྱ་མཚོའི་ཀློང་ན་མེ་འབར་ཆུ་རྣམས་སྐེམས་པར་བྱེད་པའི་བུད་མེད་ཐམས་ཅད་ཞི་མཛད་མ། །ལྷ་ཆེན་སྐུ་དང་མཚམས་པར་བཞུགས་པའི་བཀའ་ཟློག་ནག་མོ་མིན་ནད་ཕྱུགས་ནད་ཀུན་ལ་འཇིགས་པ་མེད། །མ་ཅིག་ཁྱོད་ཉིད་ལ་ནི་བདག་ནི་གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །རྒྱ་མཚོ་གཏིང་ནས་མེ་འབར་མ། །མཚོ་རྣམས་སྐེམས་པར་ནུས་པ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་མ། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པས། །མི་ནད་ཕྱུགས་ནད་གང་ཡིན་ཁྱོད་ཀྱིས་མཁྱེན། །དེ་ལ་འཇིགས་པ་མེད་པ་འགྱུར། །མི་ནད་ཐམས་ཅད་ཞི་མཛད་མ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་ཁྱོད། །རྟག་པར་བདག་ལ་སྐྱོང་གྱུར་ཅིག །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དཔལ་ལྟ་མོ་ནག་མོ་ཆེན་མོ་ལ། །འཛམ་བུ་གླིང་གི་མིའི་ཡུལ་དུ་བྲམ་ཟེ་ཆོག་སྲེད་ཀྱིས་བསྟོད་པ་སྟེ་ལེའུ་བཅུ་གསུམ་པའོ།། །།དེ་ནས་རིགས་ཤེས་རྣམ་པར་ལྡན་པས། བྲམ་ཟེ་ཀེའུ་འདི་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་རྣམ་པར་བསྟོད་པ། ལྷ་མོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །བདག་གི་བཙུན་པར་ཁྱོད་ལ་བསྟོད། །འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་བསྟོད་པ་ལྟར། །བཀྲ་ཤིས་མཆོག་བསྒྲུབ་སེམས་བདེ་གནས། །ཡིད་མྱུར་གཟུགས་ཆེན་ཀུན་ཏུ་གྲགས། །མ་མོར་བྱེད་ཅིང་འཇིག་རྟེན་སྐྱོང་། །དཔའ་བརྟན་རྟག་སྤྱོད་བརྩོན་འགྲུས་ཆེ། །འཐབ་མོ་གཡུལ་ལས་རྟག་ཏུ་རྒྱལ། །སྙིང་རྗེ་ཆེ་ཞེས་མངོན་པར་བསྟོད་པ་ལྟར། །གོས་སུ་དར་གོས་སྔོན་པོ་གོན། །སྡུག་དང་མི་སྡུག་སྣ་ཚོགས་འཆང་། །སྤྱན་མིག་མཐོང་ན་ཀུན་ཀྱང་དངངས། །དཔག་མེད་མཆོག་བསྒྲུབ་སེམས་བདེར་གནས། །དད་ཅིང་ཕྱོགས་པའི་མི་རྣམས་སྡུད། །བར་བར་རི་བྲག་ཟབ་མོར་གནས། །བར་བར་ཚལ་དང་ཤིང་ལ་གནས། །བར་བར་ཕུག་ཆུ་འགྲམ་ན་གནས། །བར་བར་རྒྱ་མཚོའི་གཏིང་ན་གནས། ། བར་བར་རི་རབ་རྩེ་ལ་གནས། །ལྷ་མོའི་གནས་རྟེན་དེ་རུ་བཅའ། །གལ་ཏེ་རི་འཆལ་མི་རྒོད་དག་རྟག་ཏུ་ལྷ་མོ་ཁྱོད་ལ་མཆོད། །རྨ་བྱའི་སྒྲོས་ནི་རྒྱལ་མཚན་བྱས། །རྟག་ཏུ་འཇིག་བརྟེན་བསྲུང་བར་ནུས། །སེང་གེ་སྟག་སྦྱང་རྟག་ཏུ་རྟོག །གནག་ལུག་བྱ་རྣམས་སྲུང་བར་བྱེད། །རྡོ་རྗེ་དྲིལ་ཆེན་དཀྲོལ་ནས་ནི། །བྱིན་དྷི་རིལ་སྒྲ་ཀུན་ཏུ་སྒྲོགས། །ལན་འགའ་ལག་ཏུ་ཏྲི་ཤུལ་ཐོགས། །ལག་གཉིས་ལག་ན་ཟླ་བའི་རུ་མཚོན་ཐོགས། །མར་གྱི་ཚེས་དགུ་བཅུ་གཅིག་ལ། །དེ་ཡི་དུས་སུ་མཆོད་བྱས་ནས། །ལྷ་མོ་མཆོད་པས་ལྷག་པ་མེད། །འདུད་ཚུལ་ལྷ་ཆེན་སྲིན་མོར་སྟོན། །འཐབ་མོ་གཡུལ་མཐོང་སྟག་སྙིང་རྗེ། །སྐྱེ་བོ་མང་པོའི་ནང་རྟགས་ཅན། །ལྷ་མོ་མཆོད་པས་ལྷག་པ་མེད། །རེ་འགའ་རྩེ་དགའི་བུ་མོར་སྟོན། །ལྷ་དག་འཐབ་ཚེ་རྒྱལ་བར་བྱེད། །གཙོ་བོར་བྱེད་ཅིང་ཁ་ལོ་སྒྱུར། །བུད་མེད་ནང་ན་མཆོག་ཙམ་སྤྱོད། །ཚིག་དབང་འཇིག་རྟེན་མགོན་པོར་གྲགས། །རྒྱལ་པོའི་ཁྱབ་ནས་པདྨ་འདྲ། །ཞལ་བཟངས་ཟླ་བ་ཉ་བ་འདྲ། །ཆུ་བོ་དག་ལ་གྲུ་ཟམ་འདྲ། །དགྲ་བོ་ཆོམ་རྐུན་འཇིགས་པའི་ཚེ། །དྲན་པས་ཉོན་མོངས་ཞི་མཛད་ཅིང་། །དེ་དག་ཐམས་ཅད་སེལ་བར་མཛད། །དེ་བས་བདག་གིས་བཙུན་པར་བསྟོད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། ལྷ་མོ་མཐུ་ཆེན་ལ་བྲམ་ཟེ་ཀེའུ་དི་ནས་བསྟོད་པ་སྟེ་ལེའུ་བཅུ་བཞི་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། གསང་སྔགས་རྣམ་པ་གསུམ་གྱི་ཁྱད་པར་གསུངས་པ། དང་པོར་སྔགས་ཀྱི་མགོ་ལ་ཨོ། །རུ་རུ་ཙ་ཏི་ཨ་ཤུག་མེ། །བ་ཏི་རུ་ཏྲ་ཁ་ཤ་ལ། །རག་མོ་ཧུ༷་རྣམས་བཅུ་བདུན་སྔགས། །བོད་པ་སྲོག་གི་སྙིང་པོ་ཡིན། །ཀུ་མ་ར་སྟེ་འདོད་ལ་ཤོན། །དྷ་དུན་ན་ནི་དབྱིངས་ན་གནས། །ཙ་ཤ་ཀུ་མ་རག་ཤོན་དྲག །ཨ་ཙུད་ཏ་ཁུག་ཤི་མུག་ཤི །རེ་མ་ཏི་ཡི་ཁུག་ཉིད་ཡིན། །གསང་སྔགས་ཡི་གེ་རྩ་གསུམ་སྟེ། །གནད་ལ་བོར་བའི་བོད་པ་ཡིན། །ཏུསྟ་ཀེ་ཤུག་མུད་ཉིད་ཉ་ནི། །དགྲ་ལ་ཆུ་གཅེས་རྦད་པ་དང་། །བོད་པའི་གསང་སྔགས་ཁྱད་པར་ཡིན། །དེ་བཞིན་རྦད་པའི་མགོ་ལ་ཨོ། ཁྲེ་ཁེ་མུད་ཉི་ཞེས་བོས་ནས། །དགྲ་བོ་ཁ་ལ་ཡན་ཞེས་རྦད། །ཡི་གེ་བཅུ་པ་རྦད་པ་ཡི། །སྲོག་གི་སྙིང་པོར་གྱུར་པ་ཡིན། །དྷ་དུ་དབྱིངས་ཀྱི་དཀྱིལ་འཁོར་དུ། ། ཙཀྲ་འཁོར་ལོས་གསད་པ་ནི། །དགྲ་བོ་ཁ་ལ་ཡན་ཞེས་བསྒྲུབས། །སྔགས་དགུ་དབྱངས་སུ་གསད་ཕྱིར་རྦད། །དེ་ལྟར་ཉེ་བར་བསྐུལ་བའི་ཕྱིར། །རུ་རུ་ཨ་ཤུག་མེ་མ་འཁོར། །ཀ་ལི་ཀི་ནེ་སྒྲ་གཟུགས་ལ། །རུ་རུ་ཨ་ཤུག་མེ་ཞེས་བསྐུལ། །པྱེ་ཀ་ཏེ་ཏུད་ཏ་ཞེས་ལ། །ཁྱོད་ཀྱི་དགྲ་བོ་གསད་པའི་ཕྱིར། །མྱ་ར་ཡ་ཞེས་གསད་པ་དང་། །སྲུ་ཧྭ་སྔགས་ཀྱི་ཤམ་བུ་ཚང་། །ཡི་གེ་ཉི་ཤུ་རྩ་ལྔ་འདི། །ཉེ་བར་ལས་ལ་བསྐུལ་བ་ཡི། །རྦད་པ་ཉིད་དུ་བྱིན་གྱིས་བརླབས། ། ཐམས་ཅད་འདུས་པའི་འཕྲེང་བ་འདི། །བཞི་བཅུ་རྩ་བཞི་རྦད་སྔགས་ཡིན། །འདིར་ཡང་གསད་ཕྱིར་མགོ་ལ་ཨོ། །མ་ཞེས་ང་ལ་བོས་ནས་ནི། །དགྲ་ཡི་སྙིང་ཤ་གཅོད་པ་ནི། །རེག་མོ་སྤྲུལ་པའི་སྙིང་པོ་ཡིན། །མ་སྲིང་སྙིང་པོས་གསད་བའི་ཕྱིར། །དབང་པོ་ཐུམ་དང་ལུས་སྲོག་རྦད། །གསང་སྔགས་ཡི་གེ་བཅུ་པ་འདི། །གསད་པའི་སྤྱི་ཁྱབ་སྔགས་ཀྱི་མགོ། །མ་མ་སྙིང་རྩ་སྲོག་ལ་ཆུམ། །ཡི་གེ་བདུན་པའི་ནང་གསད་ཡིན། །ཕྱི་རོལ་རྦད་པ་ཐུམ་ཤ་རྦད། ། ཡི་གེ་གསུམ་པའི་དེ་ཉིད་ཡིན། །ཕྱི་ནང་གསད་ཕྱིར་མ་མོ་བརླང་། །སྔགས་ཀྱི་བརྡ་ནི་གུག་ཚར་ལིང་། །སྒྲ་ལྟར་བཤད་པ་ཤ་སྙིང་རྦད། །ཡི་གེ་བརྒྱད་པ་འདི་ཡིས་ནི། །བསྒྲུབ་བྱའི་ཕྱི་ནང་གཉིས་ཀ་གསོད། །དབང་པོ་རྣམས་ནི་ཤི་ན་ཐུམ། །བརྡ་ཚིག་སྒྲ་ལྟར་བྱིན་གྱིས་བརླབས། །དབང་པོ་ཀུན་ལ་རི་ལི་ལི། །ལང་རྡོ་རྦད་ནི་གསད་པ་ཡིན། །ཡི་གེ་བདུན་པ་དབང་པོ་གསད། །སྒོ་ལྔའི་ཤེས་པས་སྙིང་པོ་རྦད། །སྒོ་ལྔའི་གསང་སྔགས་གསུམ་པ་ཡིན། ། ཐམས་ཅད་གསོད་ཕྱིར་ཀུན་གྱི་སྒྲ། །མ་ར་ཡ་ཞེས་གསད་པ་ཡིན། །ཕཊ་ཀྱིས་དྲག་སྔགས་ཐམས་ཅད་རྫོགས། །དེ་བཞིན་སྣ་ཧྭ་སྔགས་ཀྱི་མཐའ། །ཡི་གེ་དྲུག་པའི་མཐུ་སྟོབས་ནི། ། ལུས་དང་དབང་པོ་ཤེས་པ་དང་། །ཐམས་ཅད་གསད་པའི་གསང་སྔགས་ཡིན། །ཡི་གེ་བཞི་བཅུ་རྩ་བཞིས་ནི། །དྲག་པོ་སྔགས་ཀྱི་ལུས་རྣམས་རྫོགས། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། །གསང་སྔགས་རྣམ་པ་གསུམ་གྱི་ཁྱད་པར་བཤད་པ་སྟེ་ལེའུ་བཅོ་ལྔ་པའོ།། །།དེ་ནས་དཔལ་རྡོ་རྗེ་ནག་མོ་ཆེན་མོས། །འཁོར་བྱེ་བ་དུང་ཕྱུར་དང་བཅས་ནས་དུད་འགྲོའི་འཇིག་རྟེན་དུ་རྣམ་པར་སོང་ངོ་། །དེ་ནས་འཇིག་རྟེན་གྱི་ཁམས་ན་དུད་འགྲོའི་རྣམ་པ་འདབ་མ་ཅན་གྱི་རིགས་དང་། སྡེར་མོ་ཅན་དང་མཆེ་བ་ཅན་གྱི་རིགས་དང་། རྭ་དང་གཞུག་མ་ཡོད་པའི་རིགས་དང་། དྲོད་ལས་སྐྱེས་པ་དང་གཤེར་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བསྟོད། དུད་འགྲོ་དེ་དག་ཀྱང་མཐུ་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། བསོད་ནམས་དང་ལྡན་པ། རྣམ་པར་འཕྲུལ་བ་དང་ལྡན་པ། ལྷག་པའི་བསམ་པ་དང་སྟོན་པའི་ཞལ་མཐོང་བའི་ཁྱད་པར་ཡོད་པ། སངས་རྒྱས་ཀྱི་ཐེག་པ་པ་ཡིན་ཏེ། ལམ་དང་ཉེ་བ། ལམ་དུ་འཇུག་པ། ལས་ལ་གནས་པ།ལམ་གྱི་འཕྲུལ་བ་ཅན་འབའ་ཞིག་སྟེ། དེ་དག་རྣམས་ཀྱིས་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྣམ་པར་འཕྲུལ་བ་ཡང་ཤེས་ནས། །དེའི་ཚེ་ཚིགས་སུ་བཅད་པའི་སྒོ་ནས་ཡོངས་སུ་བསྟོད་པ། འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ། །མ་རྣམས་ནང་ན་ཁྱོད་ནི་མཆོག་གྱུར་ཏེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཀུན་གྱི་མཆོག །བྱད་བཞིན་རབ་མཛེས་ཐམས་ཅད་ལྟ་བར་འོས། །མིག་ཡངས་པདྨ་སྔོན་པོའི་འདབ་མ་འདྲ། །བསོད་ནམས་རིན་ཆེན་འབར་བའི་གྲགས་པས་བརྒྱན། །དཔེར་ན་རིན་ཐང་མེད་པའི་ནོར་བུས་མཚུངས། །དིང་བདག་དམ་པ་ཁྱོད་ལ་བསྔགས་པས་ན། །ཇི་ལྟར་སེང་གེ་གཅན་གཟན་མཆོག་གྱུར་པ། །སྔགས་སོགས་ཙིག་ནི་འདི་ལས་འབྱུང་བ་ཡིན། །བསམ་པའི་དངོས་པོ་ཐམས་ཅད་གྲུབ་པར་མཛོད། །དེ་ནས་དཔལ་རྡོ་རྗེ་མཁའ་འགྲོ་མས་འཁོར་རྣམས་ཀྱི་གཉེར་གསུངས་པ། འཇིག་རྟེན་འདི་ན་བཟང་པོའི་དུས། །ཟླ་གཅིག་དྲུག་ལྡན་ང་ཡི་དུས། །ཡར་གྱི་ཚེས་དགུ་བཅུ་གཅིག་དང་། །དེ་བཞིན་མར་གྱི་བཅུ་གཅིག་དགུ །འཕོ་བ་དང་ནི་ཕྱེད་དུས་དྲུག །ང་ནི་འཇིག་རྟེན་ཉུལ་བའི་དུས། །ལྷ་མིན་དྲང་སྲོང་རྣམས་ཀྱིས་མཆོད། །རྣལ་འབྱོར་ཏིང་འཛིན་དྲོད་ཉུང་ཞིང་། །དགེ་སྡིག་ལས་ཀྱིས་བག་ཆགས་ལྟ། །དེ་ཡི་དུས་སུ་ཁྱེད་རྣམས་ཀྱིས། །ང་ཡི་འཁོར་རྣམས་བསྐྱང་བ་དང་། །དམ་ཚིག་ལྡན་པ་བསྲུང་བ་དང་། །ལྟ་བ་ཅན་ལ་གུས་པ་དང་། །སྤྱོད་པ་ཅན་རྣམས་བསྲུང་བར་ཤིས། །དམ་ཉམས་གསད་པར་འོས་པ་ནི། །དཀོན་མཆོག་གསུམ་ལ་གནོད་པ་དང་། །སློབ་དཔོན་སྨོད་པར་བྱེད་པ་དང་། །དམ་ཚིག་མཆེད་ལས་ལུབུས་པ་དང་། །སྡིག་ཅན་ཡོངས་ལ་གནོད་པ་དེ། །མྱུར་དུ་གསོད་པའི་ཕོ་ཉར་བྱོས། ། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་ཤིན་ཏུ་བསྟོད་ཅིང་ཐམས་ཅད་བཀའ་ཉན་པར་གྱུར་ནས། །རྣལ་འབྱོར་དབང་ཕྱུག་ཆེན་མོའི་ཐད་དུ་འདུས་ནས། །རྡོ་རྗེ་ཐེག་པ་ཆེན་པོའི་སྲུངས་མར་གྱུར་ཏེ་རྒྱུད་དག་པའི་ཚུལ་གྱིས་བྱིན་གྱིས་བརླབས་སོ། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དུད་འགྲོའི་འཇིག་རྟེན་རྣམ་པར་བཏུལ་བ་སྟེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་ལྷ་མོ་ནག་མོ་ཆེན་མོས་འཁོར་བྱེ་བ་དུང་ཕྱུར་དང་བཅས་ཏེ། ཡི་དགས་ཀྱི་འཇིག་རྟེན་དུ་རྣམ་པར་རྒྱུ་ཞིང་རྣམ་པར་སོང་ངོ་། །ཡི་དགས་ཀྱི་ཞིང་དང་། །ཁམས་དང་། མཚན་ཉིད་ནི་འདི་ལྟ་སྟེ། །ཡི་དགས་ནམ་མཁའ་ལ་རྒྱུ་བ་མཐུ་བོ་ཆེའི་རིགས་བསམ་གྱིས་མི་ཁྱབ་པ་གཟུགས་མི་འདྲ་བ་ཁ་དོག་ཐ་དད་པ་དང་། ལས་དང་བསོད་ནམས་ལས་གྲུབ་པའི་ང་རྒྱལ་ཅན་རྣམས་དང་། ས་གཞི་དང་། གླིང་བར་དང་། མུན་པ་དང་། གྲིབ་མ་དང་། ཚལ་གྱི་ནང་ན་འདུག་པའི་རིགས་སེར་སྣའི་རྣམ་པར་སྨིན་པ་ལ་ཤས་ཆེར་གྱུར་པ། ལུས་ཉོན་མོངས་པའི་རང་བཞིན་ཅན་སོ་སོའི་སྡུག་བསྔལ་མི་འདྲ་བ་སྟེ་ཚ་ན་མང་པོས་གདུངས་པ། རང་གི་ཤེས་པ་འཁྲུལ་བའི་དྲ་བ་དང་རྒྱ་མདུད་དང་། སྲིད་པའི་ཕུར་པ་ཆེན་པོས་བཏབ་སྟེ་འདུག་པ་ལྟར་སྟོན་པ། དེ་དག་འདུལ་བའི་གཉེན་པོ་ཆ་འདྲ་བའི་སྤྲུལ་པ་ཁྱད་པར་དང་བཅས་པར་གྱུར་ཏོ། །དེ་ནས་དཔལ་ལྷ་མོ་ཆེན་མོས་ཡི་དྭགས་ཀྱི་སྒྲིབ་པ་སྦྱང་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་འདི་གསུངས་སོ། །ཨོ་བཛྲ་སཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་བ། སུ་པོ་སྩོ་མེ་བྷ་བ། ཨ་ནུ་ར་སྟོ་མེ་བྷ་བ། སུ་ཏོ་སྩོ་མེ་བྷ་བ། སརྦ་སིརྙི་སྨེ་པྲ་ཡད་སྣྲོ་སརྦ་ཀརྨ་སུ་ཙ་མེ། ཙིསྟ༷་ཐྲི་ཡང་ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བན་སརྦ་ཏ་ཐུ་ག་ཏ་བཛྲ་སྨེ་མུ་྅་བཛི་བྷ་བ་མ་ཧྭ་ས་ཡ་ས་ཏྭ་ཨ། དེ་ལྟར་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱང་སྒྲིབ་པ་སྦྱངས་ཏེ་དག་པར་བྱས་ནས། རྡོ་རྗེ་ཐེག་པ་ཆེན་པོའི་སྲུངས་མ་དང་། རྣལ་འབྱོར་གྱི་གྲལ་དུ་བཀོད་དོ། །དེ་ནས་ཡི་དྭགས་ཀྱི་ཚོགས་ཀྱིས་བསྟོད་པ། སངས་རྒྱས་སྟོང་གི་བསྟན་པའི་གདུང་འཛིན་པ། །གསང་སྔགས་འཁོར་སྐྱོང་འགྲོ་བ་འདུལ་མཛད་ཅིང་། །ཆོས་དང་རྫས་རྣམས་མི་འཇིག་སྟེར་མཛད་མ། ། སྤྱིན་པའི་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །དམ་པ་རྣམས་དང་འཐུན་པའི་དོན་མངའ་བ། །སེམས་ཅན་དོན་རྣམས་མཐུན་པར་འདྲེན་མཛད་ཅིང་། །དོན་དང་འཐུན་པས་དོན་མཐུན་སྨོན་ལམ་ཅན། །དོན་མཐུན་ཆོ་འཕྲུལ་ཁྱོད་ལ་ཕྱག་འཚལ་བསྟ་ད། །ཐོག་མ་བར་དང་ཐ་མ་དགེ་སེམས་ཀྱིས། །གང་གཟུགས་ཇི་ལྟར་འོས་པའི་རྣ་བ་ལ། །མཐུན་པའི་ཚིག་དང་གསུང་གིས་འདུལ་མཛད་མ། །སྙན་པར་སྨྲ་བ་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། །ཡི་དྭགས་ཀྱི་འཇིག་རྟེན་བཏུལ་བ་སྟེ་ལེའུ་བཅུ་བདུན་པའོ།། །།དེ་ནས་དཔལ་རྡོ་རྗེ་མཁའ་འགྲོ་མས་འཁོར་བྱེ་བ་དུང་ཕྱུར་དང་བཅས་ཏེ། དམྱལ་བའི་འཇིག་རྟེན་དུ་རྣམ་པར་སོང་ངོ་། །འཇིག་རྟེན་དེ་ནི་འདི་ལྷ་སྟེ། །མི་དགེ་བའི་རྣམ་པར་སྨིན་པའི་ངོ་བོ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་ལ་ཐུག་པ་མེད་པ་ལ་གནས་པ་དང་། དེ་ལྟ་བུའི་སྤྲུལ་པའི་གཟུགས་བརྙན་ཁྱད་པར་ཅན་རྣམས་དང་ལྡན་པར་གྱུར་ཏོ། །དེ་ནས་དཔལ་ལྡན་མཁའ་འགྲོ་མས། སྡིག་པའི་ཚོགས་སྦྱངས་བའི་གསང་སྔགས་ཀྱི་དོན་བཤད་པ། །མི་དགེ་བའི་རྣམ་སྨིན་སྦྱང་བའི་ཕྱིར། །རྒྱལ་བས་གསུངས་པའི་ཡི་གེ་ནི། །རྒྱལ་བ་ང་ཡིས་བརྟན་པར་བྱ། །ཨོ་ནི་རྒྱལ་བ་རྣམས་ཀྱི་སྐུ། །བཛྲ་ས་ཏྭ་ཁྱོད་བརྗོད་པས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དམ་ཚིག་གིས་མཉེས་ས་མ་ཡ། །མ་ནུ་པ་ལ་ཡ་བརྗོད་པས། །དམ་ཚིག་སྟོབས་ཀྱི་ཟིལ་གྱིས་གནོན། །བཛྲ་སད་ཏྭ་ཁྱབ་པའི་མཚན། །ཏེ་ནོ་པ་ཏིཁྱི་བརྗོད་པས། །མཉེས་བྱེད་སྤྱོད་པ་རླབས་པོ་ཆེ། །དྲི་རྙོ་མེ་བྷ་ཞེས་བརྗོད་པས་ནི། །དེ་འདྲའི་ཐབས་ཆེན་བདག་ལ་ནུས། །སུ་པོ་སྩོ་མེ་བྷ་བ་ནི། །རྣམ་ཐར་མཆོག་གི་བདག་ཉིད་ཡིན། །ཨ་ནུ་རསྟོ་མེ་བྷ་བ། །མི་རྟོག་གནས་སུ་བདག་ཉིད་འགྱུར། །སུ་ཏོ་སྩོ་མེ་བྷ་བ་ཡང་། །གཉིས་སུ་མེད་པའི་བདག་ཉིད་ཡིན། །སརྦ་སིརྙི་མེ་ཞེས་པ། །དངོས་གྲུབ་ཐམས་ཅད་བདག་ལ་འདུས། །པྲ་ཡད་སྣྲོ་ནི་དེ་ཚད་མེད། །དེ་ཡི་བྱིན་བརླབས་བསྟན་པ་ཡིན། །སརྦ་ཀརྨ་ཞེས་བརྗོད་པས། ། ལས་ཀྱི་འབྲས་བུ་རྣམ་དག་པའི། །རྗེས་སུ་བདག་ཉིད་དག་པ་ཡིན། །ས་ཙ་མེ་བྱིན་ཚད་མེད་གསལ། །དེ་ལྟར་བྱང་བྱང་ཆུབ་སེམས་ཙིལྟི༷། །ཐྲི་ཡང་ཀུ་རུ་ཧུ༷་བརྗོད་པས། །བདག་གི་ལུས་ལས་དེ་ལྟར་གྲུབ། །ཧ་ཧ་ཧ་ཧ་གཉིས་མེད་བཞད། །ཧོ་ནི་གཉིས་མེད་གཉིས་ཆེན་པོ། །བྷ་ག་ཝན་གྱི་མཚན་ཉིད་ནི། །བཅོམ་ལྡན་འདས་དང་ཐ་དད་མིན། །སརྦ་ཏ་ཐུ་ག་ཏ་དང་། །བཛྲ་སྨེ་མུ་྅་ནི། །ཐམས་ཅད་དེ་བཞིན་གཤེགས་རྡོ་རྗེ། །བཛྲ་སྭ་བྷ་བ་མ་ཧྭ་དང་། །ས་མ་ཡ་དང་སྲུ་ཧྭ་ཨ། །རྡོ་རྗེ་མཛད་དུ་གསོལ་བ་ཡིན། །དེ་ནས་རབ་ཏུ་གསུངས་པ་ནི། །སྔོན་འདས་དུས་ན་གསད་སོགས་པས། །དེ་ཉིད་དམྱལ་བར་འདིར་སྐྱེས་ནས། །ཁྱོད་ལ་གནོད་པ་མ་ཡིན་ཏེ། །དེ་ཡི་རྣམ་པར་སྨིན་པ་ནི། ཁྲེས་པ་འཁྲུལ་བས་ཡུལ་འདི་མཐོང་། །གནོད་པའི་དམྱལ་དཔོན་རྗེ་བོ་ནི། །དེ་ཉིད་སེམས་ཅན་ཡིན་གྱུར་ན། །དེ་ཡི་སྡིག་པ་གང་དུ་འགྲོ། །གང་དུ་དེ་ཡི་རྣམ་སྨིན་ནི། །རྒྱལ་བས་གང་དུ་མ་གསུངས་སོ། །གནོད་བྱེད་སེམས་ཅན་ཡིན་ན་གོ །ཐུག་པ་མེད་པར་ཅིས་མི་འགྱུར། །རང་སེམས་ངེས་པར་འཁྲུལ་ཡིན་པས། །ཆོས་ཉིད་རབ་ཏུ་ཤེས་པས་བྱོས། །ཁྱེད་རྣམས་མ་འོངས་ཆོས་ཆེན་ལ། །རབ་ཏུ་སྤྱོད་པར་གྱུར་པ་ནི། །ཁྱིམ་གྱི་ཐ་སྟག་དེ་ལ་ནི། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་གཙོ་བོ་དང་། །བྷ་ག་ཁ་ཊ༷་རལ་གྲི་དང་། །དབུ་རྒྱན་ཅོད་པན་ལྷ་ཡི་རིགས། །རྣལ་འབྱོར་ཕྱག་རྒྱ་འཛིན་པར་འགྱུར། །ང་ཡི་འཁོར་རྣམས་བསྐྱང་བ་དང་། །རིགས་ཀྱང་འཛིན་པར་ཤིན་ཏུ་བྱོས། །དེ་ནས་དམྱལ་བའི་འཇིག་རྟེན་ཐམས་ཅད་ཀྱིས་བསྟོད་པ། བྱམས་པའི་རང་བཞིན་ཕན་པའི་སེམས། ། གཞན་གྱི་རྒྱུད་རྣམས་ཆེར་སྐྱོབ་སྙིང་རྗེ་ཅན། །གཞན་གྱི་དོན་ཐོབ་དགའ་བ་ཅན། །ཟུག་རྔུ་ཀུན་དང་བྲལ་བའི་བཏང་སྙོམས་ལ། །ཕྱག་འཚལ་བསྟོད་དེ་རབ་ཏུ་གུས་ཕྱག་་་་་་་་་་་་་་འཚལ། །དེ་ལྟར་དམྱལ་བའི་འཇིག་རྟེན་ཐམས་ཅད་དགའ་བར་བྱས་ཏེ། རྡོ་རྗེ་ཐེག་པ་ཆེན་པོའི་སྲུང་མ་དང་། རྣལ་འབྱོར་གྱི་གྲལ་དུ་བཀོད་དོ། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། དམྱལ་བའི་འཇིག་རྟེན་བཏུལ་བ་སྟེ་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་དཔལ་རྡོ་རྗེ་ལྷ་མོ་ནག་མོ་ཆེན་མོས་འཁོར་བྱེ་བ་དུང་ཕྱུར་དང་བཅས་ཏེ། ལྷ་མ་ཡིན་གྱི་འཇིག་རྟེན་དུ་སོང་ངོ་། ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་འཁོར་དང་བཅས་པས། །ལྷ་མ་ཡིན་གྱི་ང་རྒྱལ་ཉོན་མོངས་པ་རྣམས་ལས་ཆེར་གྲུབ་རྣམས་ཀྱིས། །མགྲིན་གཅིག་ཏུ་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་འདི་སྐད་ཅེས་གསོལ་ཏོ། །དཔལ་ལྡན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ནི། །བདག་ཅག་བཏུལ་ནས་ཐར་པའི་ལམ་ལ་བཀོད། །སྐུ་གསུང་ཐུགས་ཀྱི་གཟི་བརྗིད་མ་བཟོད་པས། ། བཀའ་ཉོན་ཆོས་སྐྱོང་ཐེག་ཆེན་ཞིང་ལ་མཆིས། །སྲིད་པ་འདི་ནས་ཞིང་ཁམས་མཐར་ཕྱིན་དུ། །བདག་ཅག་བསྐྱང་ཕྱིར་བསྐུལ་ཞིང་གསོལ་བ་ནི། །ཁྱོད་ཀྱི་ཐད་དུ་སྨོན་ལམ་བཏབ་པ་ནི། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་མཛོད། །ཡིད་བཞིན་ནོར་བུ་བུམ་པ་དཔག་བསམ་སོགས། །སེམས་ལྡན་མེད་ཀྱང་གཞན་གྱི་དོན་འབྱུང་ན། །སྙིང་རྗེ་བརླན་པའི་དཔལ་ལྡན་བྱང་ཆུབ་སེམས། ཁྱད་པར་ཅི་ཞིག་སྨོས་ཏེ་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་འབྱུང་བའི་སྟོབས་ཀྱིས་ཀྱང་། །འཇིག་རྟེན་འདེགས་བྱེད་སེམས་མེད་འདི་འདྲ་ན། །སྨོན་ལམ་དབང་གིས་འགྲོ་བའི་རྟེན་འགྱུར་བ། །ཁྱོད་ཀྱི་རྣམ་ཐར་ཁྱད་པར་མེད་ཀྱང་བསྟོད། །བདུད་དང་སྲིན་པོ་གཤིན་རྗེ་གནོད་སྤྱིན་སོགས། །སྙིང་རྗེ་ཆུང་ཡང་མོས་པས་བརྟེན་ནས་ཕན། ། དཔལ་ལྡན་སྙིང་རྗེའི་ང་རྒྱལ་ཅན་ཁྱོད་ལ། །མོས་པས་སྐྱོབས་ཀྱང་ཆེར་སྐྱོབ་མཛད་ཕྱིར་བསྟོད། །འཇིག་རྟེན་འདི་ན་སྲིད་པའི་འཁོར་ལོ་རྣམས། །བྱེད་པ་མེད་ཀྱང་ལས་ཀྱི་དབང་བཙན་པས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་སྨོན་བརླན་ན། །འཁོར་བའི་ཕ་རོལ་སོན་པར་མཛད་ཕྱིར་བསྟོད། །ལྟས་ངན་བདུད་དང་མུ་སྟེགས་ལ་བརྟེན་ནས། །འཇིག་རྟེན་འདི་ཡི་དྲེགས་པ་ཐང་གཅིག་བསྐྱེད། །བདག་ཅག་དམ་པ་ཁྱོད་ལ་སྐྱབས་གསོལ་བས། །བདག་དོན་ཕུན་སུམ་ཚོགས་པ་སྒྲུབ་ཕྱིར་བསྟོད། །འཇིག་རྟེན་དངོས་པོ་སྟོབས་ཀྱི་ཁྱད་པ་ནི། །རྟེན་ཅིང་འབྲེལ་བའི་ནུས་པ་དཔག་མེད་ནས། །ཤེས་རབ་སྙིང་རྗེའི་བདག་ཉིད་ཅན་ཁྱོད་ལ། །རྟེན་ན་མཆོག་ཏུ་གྲུབ་ཕྱིར་ཕྱག་འཚལ་བསྟོད། །དེ་ནས་ལྷ་མ་ཡིན་ཐམས་ཅད་ཡང་དག་པའི་ལམ་ལ་བཞག་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་བཀོད་ནས། རྡོ་རྗེ་ཐེག་པ་ཆེན་པོའི་སྲུང་མ་དང་། རྣལ་འབྱོར་གྱི་གྲལ་དུ་བཀོད་དོ། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། ལྷ་མ་ཡིན་གྱི་འཇིག་རྟེན་བཏུལ་བ་སྟེ་ལེའུ་བཅུ་དགུ་པའོ།། །།དེ་ནས་དཔལ་རྡོ་རྗེ་མཁའ་འགྲོ་མ་ཆེན་མོ་ལ་འཁོར་བྱེ་བ་དུང་ཕྱུར་དང་བཅས་ཏེ། སླར་དང་པོའི་གནས་བྱང་ཤར་མཚམས་རི་རབ་ཀྱི་སྟེང་ཡོངས་སུ་ཤིང་གི་གནས་མཆོག་ཏུ་སོང་ངོ་། །དེར་འཁོར་དཔག་ཏུ་མེད་པ་མཐུ་དང་ལྡན་པའི་དྲག་པོ་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པས་བསྐོར་ཏེ་འདུག་པ་དང་། ལྷའི་དབང་པོ་ལ་སོགས་པས་དཔལ་གྱི་ལྷ་མོ་ལ་མཆོད་པ་རྣམ་པ་ལྔས་མཆོད་པ་དང་། དེ་ནས་དཔལ་གྱི་ལྷ་མོས་འཁོར་རྣམས་ལ་གསུངས་པ། མཆོད་པ་རྣམ་ལྔ་ཞེས་བྱ་བ། སྔོན་འདས་པའི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། བདག་གི་དགེ་བའི་བཤེས་གཉེན་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ང་ལ་བཤད་པ། ངས་ཁྱོད་ལ་བཤད་གྱིས་ཉོན་ཅིག མཆོད་པ་རྣམ་པ་ལྔ་འདི་ལྟ་སྟེ། སྔགས་དང་།ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། རྫས་དང་། ཚིག་བཤད་ལྔའོ། །དེ་ནི་ལམ་ལྔ་ལ་སྦྱར་བ་སྟེ། དེ་རྣམས་ལུས་ངག་ཡིད་གསུམ་གྱི་བསག་པ་ནི། སྦྱོར་བ་དང་ཐེག་པ་ཆེན་པོའི་ཚོགས་ཀྱི་ལམ་དུ་འགྱུར་རོ། །དེ་རྣམས་ལ་ལུས་ངག་ཡིད་གསུམ་གྱིས་སྦྱོར་བ་ནི། ཐེག་པ་ཆེན་པོའི་སྦྱོར་ལམ་དུ་ཤེས་པར་བྱ། དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་རིག་པ་ནི། ཐེག་པ་ཆེན་པོའི་ཚོགས་ཀྱི་ལམ་དུ་འགྱུར་རོ། །དེ་ལ་རྫས་ནི་སྒྱིན་པའི་རོལ་ཏུ་ཕྱིན་པ་ཡིན་པས། ས་དང་པོ་བསྒོམ་པ་དང་། སྔགས་ནི་ཚུལ་ཁྲིམས་ཡིན་པས། ས་གཉིས་པ་སྒོམ་པ་དང་། ཕྱག་རྒྱ་བཟོད་པ་ཡིན་པས། ས་གསུམ་པ་བསྒོམ་པ་དང་། ཚིག་བཤད་ནི་བརྩོན་འགྲུས་ཡིན་པས། ས་བཞི་པ་བསྒོམ་པ་དང་། ཏིང་ངེ་འཛིན་ནིབསམ་གཏན་ཡིན་པས། ས་ལྔ་པ་བསྒོམ་པ་དང་། དེ་རྣམས་སོ་སོར་མ་འདྲེས་པ་ནི་ཤེས་རབ་ཡིན་པས། ས་དྲུག་པ་བསྒོམ་པ་དང་། དེ་ཐམས་ཅད་ནི་བྱང་ཆུབ་པའི་ཐབས་སུ་གྱུར་པས། ས་བདུནཔ་བསྒོམ་པ་དང་། དེ་རྣམས་ལུས་ངག་ཡིད་གསུམ་གྱི་སྨོན་པ་བྱང་ཆུབ་སེམས་སུ་གྱུར་པས། ས་བརྒྱད་པ་བསྒོམ་པ་དང་། དེ་ལས་དད་པ་ལ་སོགས་པའི་སྟོབས་སྐྱེས་པས། ས་དགུ་པ་བསྒོམ་པ་དང་། དེ་རྣམས་སྦྱར་གཞག་པའི་འབྲས་བུ་ཡེ་ཤེས་སུ་གྱུར་པས། ས་བཅུ་པ་སྒོམ་པ་ནི། ཐེག་པ་ཆེན་པོའི་བསྒོམ་ལམ་དུ་འགྱུར་རོ། །དེའི་མཐར་ཕྱིན་པའི་འབྲས་བུ་ནི། སངས་རྒྱས་ཀྱི་ས་ལ་གཟུགས་རྣམ་པར་སྣང་མཛད། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་དོན་ཡོད་གྲུབ་པ་ནི་མཐར་ཕྱིན་པའོ། །རིགས་ཀྱི་བུ་ཆོས་ཀྱང་འདི་ལས་གྱུར་པ་སྟེ། ཁྱོད་ཀྱིས་ཀྱང་ཡང་དག་པར་སྦྱོར་ཅིག །མ་འོངས་པའི་དུས་ན་བསྟན་པ་ལ་གནོད་པ་རྣམས་ལ། ཐོད་པ་ནག་པོའི་ནང་དྲག་པོས་བཀང་སྟེ་དཀྱིལ་འཁོར་དུ་བཀོད་དེ། བྱང་རི་གཉན་པོའི་ཁ་ནས་འཕང་བར་བྱའོ། །དེ་ནས་ལྷ་རྣམསཀྱིས་བསྟོད་པ། ཆོས་དབྱིངས་རྣམ་དག་ཐུགས་སུ་ཆུད་པའི་ཡུམ། །མངོན་སྤྱོད་རྒྱལ་བ་མང་པོས་བྱིན་བརླབས་པས། །དུས་འདིར་འགྲོ་དྲུག་གྱེནདུ་འདྲེན་པའི་དཔལ། །ལ་ལར་དྲག་པོ་རྣམས་ཀྱི་ཆུང་མར་སྟོན། །གདུག་པའི་མ་དང་འཇིགས་པའི་སྲིང་མོ་དང་། །ལ་ལར་ཚོགས་ཀྱི་རྗེ་མོ་མཐུན་པའི་གཟུགས། །ཡོན་ཏན་ཆ་ལས་ཅི་ཡང་འགྱུར་བའི་གཟུགས། །ཟུག་རྔུ་ཟབ་མོ་སྟོན་ལ་ཕྱག་འཚལ་བསྟོད། །དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། ལྷའི་འཇིག་རྟེན་བཏུལ་བ་སྟེ་ལེའུ་ཉི་ཤུ་པའོ།། །།དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ།