Ngb-pt-0845-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0845-text.docx.wiki to Ngb-pt-0845-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། མཧྭ་ཀྭ་ལ་ཤི་ཏྲེ་དྷ་དུ་སྟི་ར་ཝ་ནཱ་མ་ཏན་ཏྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ཁམས་གསུམ་འཇིགས་བྱེད་ཀྱི་རྒྱུད་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སྟོན་པའི་མཆོག་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་མཆོག་རྡོ་རྗེ་འཆང་ཆེན་གནས་ཀྱི་མཆོག་དུར་ཁྲོད་ན་བཞུགས། འཁོར་མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་མཆོག་བསྲུང་མཛད་པ། །དཔའ་བོ་མཁའ་འགྲོ་མ་ལ་སོགས་པ་ཡི། །སྐལ་ལྡན་སྐྱེས་བུ་རྣམས་དང་ཐབས་ཅིག་གོ །དེ་ཚེ་སྟོན་མཆོག་བཅོམ་ལྡན་འདས་ཉིད་ཀྱིས། །སངས་རྒྱས་བསྟན་པ་ལ་གནོད་ཅིང་དེ་སྤྱོད་པའི། །དགེ་འདུན་དཀོན་ལ་འཚེ་མང་དོན་ཆེད་དུ། །སངས་རྒྱས་བསྟན་པ་བསྲུང་ཐབས་རྒྱུད་མཆོག་གསུངས། །མོས་མཆོག་སངས་རྒྱས་བསྟན་པ་བསྲུང་འདོད་པས། །ལོག་དད་སེལ་སོགས་རྒྱལ་བ་བསམ་ཡས་ཀྱིས། །དབང་བསྐུར་བསྟན་པ་བསྲུང་བར་རྗེས་གནང་བའི། །གདུལ་དཀའ་འདུལ་མཆོག་ནག་ཆེན་དཔལ་བསྒྲུབ་བྱ། །བསྟན་པའི་དོན་བསྡུས་སྡིག་སྤང་དགེ་སྒྲུབ་ཡིན། །དེ་བས་ཉོན་མོངས་དབང་གིས་གསད་པའི་ལས། །སྦྱོར་བྱེད་བསྟན་པའི་དོན་དང་འགལ་བས་ན། །སྡིག་འགྱུར་དྲག་པས་བསྟན་བསྲུངས་མ་ཡིན་ཏེ། །བྱམས་དང་སྙིང་རྗེ་དགེ་བས་བདུད་བསྒྲལ་ཕྱིར། །རྒྱལ་བའི་བཀའ་བཞིན་དྲག་པོའི་ལས་བྱས་ན། །སྡིག་ཅན་གནས་སྤོར་དགེ་འགྱུར་ཉེས་པ་མེད། །སེམས་དགེ་བཀར་བཞིན་བྱས་ན་བསྒྲལ་ཕྱིར་དགེ་བ་ཡིན། །མདོ་རྒྱུད་ཀུན་ལས་གསུངས་པའི་དོན། །ཀུན་རྫོབ་དང་ནི་དོན་དམ་བདེན་པར་བསྟན། ། ཀུན་རྫོབ་མ་རིག་རྟོག་པས་བརྟགས་པ་སྟེ། །སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། ། ཀུན་རྫོབ་ཆོས་ཉིད་དོན་དམ་སྟོང་ཉིད་དེ། །དངོས་པོ་ཅི་ཡང་གྲུབ་པ་མེད་པ་ཡིན། །དངོས་པོ་མེད་ཉིད་འཁྲུལ་ལ་དངོས་པོར་སྣང་། །དངོས་སྣང་ཉིད་ལ་སྣང་ལ་དངོས་མེད་ཀྱང་། ། སྟོང་ཉིད་རྟོགས་པ་གོམ་མཐར་མ་ཕྱིན་པར། །ཀུན་རྫོབ་དགེ་སྡིག་རྒྱུ་དང་འབྲས་བུ་རྣམས། །མེད་མིན་སྡུག་བསྔལ་རྒྱུར་གྱུར་སྡིག་པ་ཡང་། །བདེ་བའི་རྒྱུ་མཐུན་དགེ་ལ་འཇུག་བྱ་སྟེ། ། དགེ་ལ་འཇུག་ཚུལ་སྣ་ཚོགས་ཐབས་གསུངས་ཀྱང་། །ཐབས་ཆེན་སྤྱོད་པ་གསང་སྔགས་ཐེག་པའི་མཆོག །ཐབས་མཆོག་ཤེས་རབ་དམ་པ་ཟུང་འཇུག་ལམ། །ཐབས་མང་བསྒྲུབ་སླ་མྱུར་འགྲུབ་འདི་ལྟར་བསླབ། །དམ་ཚིག་དབང་བསྐུར་ཐོབ་བྱས་མ་ཉམས་པས། །ལྟ་སྤྱོད་མཐུན་པའི་གྲོགས་བཟང་ད་འགྲོགས་ཤིང་། །དབེན་ཞིང་ཉམས་དགའ་དབེན་པའི་གནས་བཙལ་ལ། །གང་དགོས་ཡོ་བྱད་བསྒྲུབ་སླ་ཉེར་བསྡོགས་ནས། །མཎྜལ་ཆོས་རྫས་ལ་སོགས་ལེགས་པར་བཤམ། །དཔལ་ལྡན་མགོན་ནག་ཆེན་པོ་བསྒྲུབ་པ་ཡི། །ཐབས་འདི་ལས་གཞན་དགེ་སྦྱོར་སྣ་ཚོགས་པའི། །བྱ་བ་མང་པོ་སྤངས་ལ་མཆོག་འོད་སྒྲུབ། །དྲིན་ཅན་མཆོག་གསུམ་དཀོན་མཆོག་གསུམ་རྣམས་ལ། །ཁྱད་པར་ཅན་གྱི་སྐྱབས་འགྲོ་ལན་མང་བྱ། །དང་པོ་གསུམ་དམིགས་བྱང་ཆུབ་མཆོག་སེམས་བསྐྱེད། །རྒྱུ་མཐུན་ས་བོན་ཡོངས་འགྱུར་ཐུགས་མཚན་ལས། །བསྙེན་བྱེད་སྔགས་བརྗོད་ལྷ་སྐུ་བསྐྱེད། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བྱིན་བརླབ། །མཐུ་ལྡན་སྔགས་ཀྱིས་བགེགས་བསྐྲད་གནས་བསྲུང་ཞིང་། །དགོས་པའི་རྫས་གསུམ་ཁྱད་པར་འཕགས་པར་བྱ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཆོ་ག་བདུན། །སྦྱོང་ཕྱིར་ཚད་མེད་བཞི་དང་བཅས་པ་ཡིས། །ཀུན་རྫོབ་རྒྱ་ཆེན་བྱང་ཆུབ་སེམས་བསྐྱེད་པས། །བསོད་ནམས་ཚོགས་བསོགས་དོན་དམ་སེམས་སྐྱེའི་རྒྱུད། །བསོད་ནམས་ཚོགས་སྔོན་སོང་ནས་ཡེ་ཤེས་ཚོགས། །བསག་ཐབས་དོན་དམ་ཟབ་མོ་བྱང་ཆུབ་མཆོག །སེམས་ནི་བསྒོམ་བསྐྱེད་དེ་ལས་གཞན་གྱིས་མིན། །དོན་དམ་པར་ན་ཆོས་ཀྱི་ཆོས་ཉིད་ནི། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་ཏེ། །འཁྲུལ་པས་དངོས་མེད་ཉིད་དེ་དངོས་བརྟགས་སྣང་། །སྣང་ཚེ་དངོས་མེད་སོར་སོར་རྟོགས་པ་ཡིས། ཁོ།ས་རབ་ཀྱིས་རྟོགས་བྱ་དེ་མཉམ་པར་གཞག །ཨོ་ཤཱ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཞེས་པའི་སྔགས་ཀྱིས་དོན་བསྒོམ། དེ་ལྟར་བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །མདོ་རྒྱུད་ཕྱི་ནང་ཐུན་མོང་མངོན་བྱས་ནས། །དེ་ནས་ཐུན་མོང་མ་ཡིན་ལམ་གྱི་མཆོག །གསང་སྔགས་བསྐྱེད་དང་རྫོགས་རིམ་བསྒོམ་བྱ་སྟེ། །གང་གིས་སྟོང་ཉིད་སྒོམ་པའི་ངང་ཉིད་ལས། །སྣང་བ་རྟེན་ཅིང་འབྲེལ་པ་འབྱུང་ཚུལ་ནི། །རང་སེམས་པ༷་ཡིག་པདྨ་འདབ་བརྒྱད་པ། །ལྟེ་བར་ར༷་སྐྱེས་ཚེ་འགྱུར་བསམ་སྟེང་དུ། །ཧུ༷་ཡིག་མཐིང་ནག་འོད་ཟེར་འབར་བ་བསྒོམ། །དེ་ལས་འོད་འཕྲོས་སྣ་ཚོགས་རྡོ་རྗེ་བསམ། །དེ་དག་འོད་འཕྲོས་རྡོ་རྗེ་ས་གཞི་དང་། །ར་བ་གུར་དང་མེ་ལྕེ་འབར་བ་བསྐྱེད། །དེ་ནས་སྒྲུ༷་ལས་གཞལ་ཡས་ཁང་ལེགས་པ། །ལྷ་ཡི་གདན་དང་བཅས་པ་བསྐྱེད་པར་བྱ། །དབུས་གདན་མཐིང་ཁ་འོད་འཕྲོས་པ། །རྒྱལ་མཆོད་སེམས་ཅན་སྒྲིབ་སྦྱངས་མགོན་པོར་གྱུར། །འོད་ཟེར་མགོན་པོའི་ཕྱག་མཚན་ཀུན་བསྡུས་ཏེ། །ཐ་ལ་ཐིམ་འགྱུར་རལ་གྲི་ཐུ་མཚན་བསམ། །ཐ་ཡ་ར་ན་ཕཊ་ཅེས་སྔགས་བརྗོད་དོ། །ཐ་ལས་འོད་འཕྲོས་དོན་གཉིས་བྱས། ། མགོན་པོའི་སྐུར་གྱུར་མ་ལུས་ཀུན་འདུས་ནས། །འོག་མིན་གནས་སུ་རྣམ་སྣང་སྐུ་ལ་ཐིམ། །དེ་ཡི་ཐུགས་ནས་ཐ་དེ་མདུན་དུ་འབྱུང་། །ས༷་ཏ་ར་ནི་ཧྭ༷་ཞེས་གསང་སྔགས་བརྗོད། །དེའི་རྗེས་རང་མཐུན་ཐ་དེ་ལས། །དཔལ་འབར་མགོན་ནག་ཆེན་པོ་ཁྲོ་བོའི་སྐུ། །བདུད་བཞིའི་དགྲ་དཔུང་འཛེམས་པ་ཡི། །དཔའ་བོ་ཆེན་པོ་ཁམས་གསུམ་འཇིགས་བྱེད་པ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐུ་ཆེན་མཆོག །གཟི་བརྗིད་བསྐལ་པའི་མེ་ལྟར་རབ་ཏུ་འབར། །ཉི་མ་༄༅ འབུམ་ལས་ལྷག་པའི་འོད་ཟེར་འཕྲོ། །སྐུ་དང་ཞལ་ནི་ཆར་སྤྲིན་མཐིང་ནག་མདོག །ཕྱག་ན་གླང་པོའི་རྒྱལ་མཚན་རལ་གྲི་དང་། །དབྱུག་པ་དང་ནི་ཞགས་པའི་ཕྱག་ཆར་ལྡན། །ཁྲོ་གཉེར་གཉེར་ཞིང་སྨིན་མ་གློག་ལྟར་འཁྱུག །མཆེ་བ་གཙིགས་ཤིང་ཞལ་དུ་ཁྲག་འཐུང་འཛག །སྨ་ར་དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །རིན་ཆེན་མགོ་སྐམ་སྤེལ་མས་སྐྲ་ཚར་བརྒྱན། །རྒྱལ་བ་རིགས་ལྔ་དབུ་རྒྱན་ཚུལ་དུ་བཞུགས། །མི་མགོ་བརྒྱ་ཕྱེད་འཕྲེང་བས་དོ་ཤལ་བྱས། །མགུལ་དོ་དཔུང་རྒྱན་རིན་ཆེན་མཛེས་བ་མངའ། །ཀླུ་ཆེན་བརྒྱད་ནི་སྦྲུལ་གཟུགས་སྐུ་ལ་བརྒྱན། །ཡེ་ཤེས་མེདཔུང་འབར་བའི་ཀློང་དཀྱིལ་ནས། །པདྨ་འོད་མཆོག་སྟེང་དུ་སྤྲུལ་པའི་སྐུ། །ལྷ་ཡི་གཙོ་བརྒྱད་ཞབས་གཉིས་ཀྱིས་མནན་ཏེ། །བཞེངས་ནས་གོང་ཞིང་བསྡིགས་པའི་ཚུལ་དུ་བཞུགས། །དེ་ལྟར་དམ་ཚིག་མགོན་ནག་ཆེར་གསལ་བསྒོམ། ། དེ་ཡི་ཐུགས་ཁར་ཡེ་ཤེས་སེམས་དཔའ་བསམ། །ཡེ་ཤེས་སེམས་དཔའི་སྙིང་ན་ཏིང་ངེ་འཛིན། །སེམས་དཔའ་གསལ་དམིགས་དེ་ལས་འཁོར་བསྐྱེད་པ། །གཅེར་བུ་པ་དང་ཡེ་ཤེས་མ་མོ་བདུན། །རྒྱལ་ཆེན་བཞི་དང་ཀླུ་རིགས་ལྕམ་དྲལ་ལོ། །ལེགས་ལྡན་ནག་ཆེན་གཅེར་བུ་པ། །ཞལ་གཅིག་ཕྱག་གཉིས་འཇིགས་བྱེད་གཟུགས། །ཁ་ཊ༷་ཁ་དང་བེ་ཅོན་ཐོགས། །ཁྲོ་བོ་རྒྱན་ལྡན་རོ་སྟོང་བཞུགས། །ཡེ་ཤེས་མ་མོ་ཀང་ཀ་བདུན་པ་ནི། །ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཐོགས། །ཡི་དྭགས་གདན་བཞུགས་ཁྲོ་བོ་རྒྱན་ཆ་ཅན། ། འཁོར་གྱི་གཙོ་ཆེན་བརྒྱད་པོ་དེ་ལ་ཡང་། །ནག་པོ་ཆེ་དང་མ་མོའི་ཚོགས། །བདུན་འབུམ་བདུན་འབུམ་གྱིས་བསྐོར་བས། །འབུམ་ཕྲག་བཞི་བཅུ་རྩ་དགུས་བསྐོར། །གཙོ་འཁོར་དགུ་ཡི་ལུས་ངག་ཡིད་དེ་ཉིད། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། །དེ་ནས་ཡེ་ཤེས་མགོན་ནག་ཆེན་པོ་ཉིད། །འཁོར་བཅས་སྤྱན་དྲངས་བྱས་ཏེ་རྐང་དུང་འབུད། །མདའ་དར་ནག་པོ་གཡབ་ཅིང་སྨན་ཁྲག་ཕྱར། །གལ་ཏེ་འཁོར་བཅས་སྤྱན་འདྲེན་ཚིག་ལ་ནི། ། སྔར་གྱི་སྔགས་མི་བརྗོད་པར་སྐད་ནི་འདི་སྐད་བརྗོད། །མགོན་པོ་ཆེན་པོའི་བཀའ་ཉན་གསུང་སྡོད་ནི། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མ་མོ་མཁའ་འགྲོའི་བདག་པོ་ནི། །ལེགས་ལྡན་ནག་པོ་ཆེན་པོ་ཆོས་སྐྱོང་གཙོ། །ལྷ་ཡི་དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །ཀང་ཀ་མཁའ་འགྲོའི་ཚོགས་དང་བཅས་ཏེ་གཤེགས། །ཀླུ་དང་རྒྱལ་ཆེན་ལྕམ་དྲལ་མ་ལུས་པ། །དམ་ཆོས་སྐྱོང་བའི་བསྲུང་མ་ཐམས་ཅད་དང་། །ལྷ་ཡི་དམག་དང་བཅས་པ་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བདག་ཅག་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ། །ཨེ་གྱེ་ཙྭ་ན་མཧྭ་ཀྭ་ལ་ས་པ་རི་ཝ་ར་ས་ཙྭ་ཛ་ས་བཱ་ཛ། ཆོས་རྣམས་ཆོས་ཉིད་གདོད་ནས་གཉིས་མེད་ཅས། །བདག་དང་ལྷ་ཡང་གཉིས་སུ་མེད་མོད་ཀྱང་། །འཁྲུལ་པའི་རྟོག་པས་བཏགས་པར་སྣང་། །དེ་ལས་སྡུག་བསྔལ་རང་བཞིན་འཁོར་འགྱུར་ཕྱིར། །རྟོག་འདུལ་གཉེན་པོར་དམ་ཚིག་ཡེ་ཤེས་ལྷ། །གཉིས་མེད་ཡིན་ཏེ་ཡིན་པར་གོ་བྱའི་ཕྱིར། །དམ་ཚིག་ལྷ་ལ་ཡེ་ཤེས་ལྷཡི་སྐུ། །གཉིས་འདྲེས་ཚུལ་དུ་ཐིམ་ཞིང་བཞུགས་སུ་གསོལ། །ས་མྱ་ཡ་ཙྭ་ན་དེ་བ་ས་མ་ཏིརྫི་ཏིཛི་ཡ་ཧུ༷་ཧུ༷་སྲུ་ཧྭ། ཨོ། ལྷ་མིན་དམག་དཔུ་ང་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པས། ། དཔལ་འབར་ནག་ཆེན་འཁོར་དང་བཅས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ན་མ་ཙྭ་ན་མ་ཧྭ་ཀྭ་ལ་ཡ། ན་མ༔ཀརྨ་བྱ་མཧྭ་ཀྭ་ལ་ཡ། ན་མོ་མ་ཏྲི་ནཱ་ཀི་ནི་ནཱ་ག་ན་ཡ། དེ་ནས་རྣལ་འབྱོར་རྒྱུད་བཞིན་མཆོད་པས་མཆོད། །བསྟོད་པས་ཚིགས་བཅད་དབྱངས་དང་བཅས་པས་བརྗོད། །དེ་རྗེས་གསང་སྔགས་དག་པར་བཟླས་པར་བྱ། །ཨོ་མཧྭ་ཀྭ་ལ་་ག་ཤར། མ་ཧྭ་ཀྭ་ལ་ས་ཧོ་ཡ༷་དུ་ཛ། གཙོ་བོའི་བསྙེན་སྔགས་ཡི་གེ་བཅུ་དྲུག་པའོ། །བཀའ་བསྟོད་སྔགས་ཀྱང་རྩ་སྔགས་དེ་ཉིད་དོ། །ཨོ་བཛྲ་ཡཀྟ་པྲདྨ་ཧུ༷་སྨྱོ་ཛ། ཡི་གེ་བཅུ་པ་དབྱངས་ཅན་མའི་སྔགས་སོ། །ཨོ་བཛྲ་ཡཀྟ་ཤི་མ་ཧྭ་ཀྭ་ལི་ཧྭ༷་སྨྱོ་ཛ། ཡི་གེ་བཅུ་གསུམ་པ་ནག་མོའི་སྔགས་སོ། །ཨོ་བཛྲ་ཡཀྟ་པ་ཏ་ལི་ཧུ༷་སྨྱོ་ཛ། སྲིན་མོ་མགོ་འཕྱང་མའི་སྔགས་སོ། །ཨོ་བཛྲ་ཀ༷་ཀ་རི་ཀ༷་ཀ་རི་ཧུ༷་སྨྱོ་ཛ། ཡི་གེ་བཅུ་གཉིས་པ་རྡོ་རྗེ་ཕོ་ཉ་མོ་གཙོ་མོའི་སྔགས་སོ། །ཨོ་བཛྲ་རོ་རུ་རུ་ཙ་ལ་ཨ་ཤུ་ག་མེ་ཧུ༷་སྨྱོ་ཛ། ཡི་གེ་བཅོ་ལྔ་པ་འཕགས་མ་ནག་གྲུ་ཆེན་མོའི་སྔགས་སོ། །ཨོ་བཛྲ་རེ་མ་ཏི་ཧུ༷་སྨྱོ་ཛ། ཡི་གེ་དགུ་པ་བདག་ཉིད་ཆེན་མོའི་སྔགས་སོ། །ཨོ་བཛྲ་ཧེ་ཧེ་ཧེ་ཧུ༷་སྤྱོ་ཛ། ཡི་གེ་དགུ་པ་རྡོ་རྗེ་དགའ་མོའི་སྔགས་སོ། །ཨོ་ཀླིང་བ༷་བྱིན་ནོ་སྙིང་ལ་ཡ། སུ་ཏྲི་ཙིསྟ་རྦད། མ་ཧྭ་ཀྭ་ལ་ཧུ༷་ཧུ༷་ཕཊ་ཕཊ། ཡི་གེ་ཉེར་གཅིག་འཁོར་གྱི་སྔགས་སོ། །མ་ནི་ཤག་ཏྲག་ཨ་ནི་རཀྟ་ཤ་ཙེ་ཙེ་སྲོག་རྦུད། ཨོ་ནཱ་ར་ཡ་ཤིག མ་ཏྲིག་རཀྟ་ཤ་བཱ་ར་ཡ་ཕྱེ། མ་ནི་རཀྟ་ཤ་མྱ་ར་ཡ་ཕྱེ། མ་ཏྲི་སུ་ཏྲེ་རྦད། ཨ་མུ་ཀ༷་ཛི་པ་ཏ་རྦད། རཀྟ་ཤི་ནི་ཤ་ཀུ་རུ་ཐུ༷་ཐུ༷་རྦད་རྦད་རྦུད། ཁ་འདར་ཡེད་ཡེད། སྲོག་ལ་རྦད་ཐིབས་རྦད་མྱོས། སྲོག་ལ་ཐུན་རྦད་སྨྱོ་ཡ། ཡི་གེ་བདུན་བཅུ་དོན་དགུ་པ་གསད་པའི་དྲག་སྔགས་སོ། །ཨོ་ཙིསྟ་ཙིསྟ་ནི་ར་ནི་ར་མ་ཤ་མ་ཏང་ཀ་རུ་ཤ། ཡི་གེ་བཅོ་ལྔ་པ་དགུག་པའི་སྔགས་སོ། །ཆེ་གེ་མོ་ཨ༷་ཀུ་ཤ་ཛ་ཛ། ཡི་གེ་བརྒྱད་པ་དགུག་པའི་སྔགས་སོ། ། ཨོ་ལ༷་ཧུ༷་ལ༷་མ་ཧྭ་ཀྭ་ལ་ཆེ་གེ་མོ་སྟམ་བྷ་ཡ་ནན། ཡི་གེ་བཅོ་ལྔ་པ་མནན་པའི་སྔགས་སོ། །བི་ཤ་ཛ་ར་པི་ཁ༷་དུ་ལང་བི་ཤ་ཛ་ར་པི་ཁ༷་དུ་ལང་ཧ་སོད་ཡ། ཡི་གེ་བཅུ་གཅིག་པ་ལྟས་ངན་དབབ་པའི་སྔགས་སོ། །ཨོ་ཙྭ་ན་མ་ཧྭ་ཀྭ་ལ་ས་པ་རི་ཝ་རེ། ཨི་དམ་བ་ལིརྙ་གྲི་ཏྣ་གྲི་ཏྣ་ཁ་ཁ་ཁུ་ཧི་པྲུ་ཛ་གྲྭ་ཧྭ། ཡི་གེ་སུམ་ཅུ་གཅིག་པ་གཏོར་མའི་སྔགས་སོ། །དེ་དག་ལས་དང་པོ་གཙོ་དང་བཀའ་བསྟོད་ཀྱི་བསྙེན་སྔགས་བཟླས། ཐུན་མཐར་མཆོད་གཏོར་གཏོར་མ་བསྔོ། །སྨོན་ལམ་གདབ་ཅིང་བསྐུལ་ཚིག་བརྗོད། །ཡེ་ཤེས་ལྷ་མོ་གཤེགས། །དེ་ལྟར་འགྲུག་པའི་རྟགས་མ་བྱུང་བར་དུ་བསྙེན་པ་བྱ་སྟེ། གལ་ཏེ་མི་འགྲུབ་པའམ་ལྡོག་པའི་རྟགས་བྱུང་ན། མན་ངག་ལྡན་པ་གང་དགོས་འབྱོར་བྱས་ལ། དམ་ཚིག་ལེགས་པར་བསྲུང་། བསྒྲུབ་པ་ལ་ནན་ཏན་བསྐྱེད། དེ་ལ་ལྡོག་པའི་རྟགས་ནི། སྡོམ་དང་སྡིགས་བུ་རྨི་བ་དང་། །གཅན་གཟན་རང་ལ་རྨུགས་པ་དང་། །མི་ལ་སོགས་པའི་སེམས་ཅན་འཁྲུག་པ་དང་། །ནང་འཐབ་དང་། སྔགས་པ་རང་ལ་བརྡེག་པ་དང་། རྒོལ་བ་དང་། །ཁྲོ་བ་དང་། མི་སྡུག་པ་སྟོན་པ་དང་། དུད་པ་དང་། ཁུག་རྣ་དང་། མི་གཙང་བའི་འདམ་རྫབ་ལ་སོགས་པ་རྨི་བ་འབྱུང་། །མི་འགྲུབ་པའི་རྟགས་ནི་རྟའམ། བོང་བུ་དང་། དྲེའུ་ཁྱིམ་དུ་བྱུང་བ་དང་། ཤོན་པ་ལ་སོགས་པ་ལུག་ཁྱུ་རྨི་བ་ལ་སོགས་མི་འགྲུབ་པའོ། །འགྲུབ་པའི་རྟགས་ནི་སློབ་དཔོན་དང་། དགེ་བཤེས་དང་། བཙད་པོ་དང་བཙུན་པ་དང་། སྔགས་པ་དང་། ཡུལ་གྱི་གཙོ་བོ་ལ་སོགས་པའི་མི་ཆེན་པོ་མང་དུ་རྨི་བ་དང་། ཆོས་པ་གང་དག་རང་ལ་ཆོས་སྨྲ་བ་དང་། ལེགས་ཉེས་ཀྱི་གྲོས་སྨྲ་བ་ དང་། བདེན་བརྫུན་ཇི་ལྟར་འོང་བའི་སྔ་ལྟས་སྟོན་པ་དང་། གཞན་ཡང་མཆོད་ཁང་དང་། གདན་ཁྲི་བཟང་པོ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། དུང་ཆེན་དང་། རྔ་དང་། དྲིལ་བུ་ལ་སོགས་པ་སྒྲ་དང་ལྡན་པ་དང་། ཐོད་པ་བཟང་པོ་ལ་སོགས་པའི་ཕྱག་མཚན་དང་། བྱ་ནག་དང་ཁྱི་ནག་རྨི་བ་མང་དུ་འབྱུང་། གྲུབ་པའི་རྟགས་ནི་སྔགས་པར་རང་ཉིད་གྲོང་ཁྱེར་གྱི་དཔོན་དུ་གྱུར་པ་དང་། དམག་དཔོན་དུ་གྱུར་པ་དང་། འགྲོ་བ་གཞན་ཕྱག་འཚལ་བ་དང་། རང་གི་གཡོག་བྱེད་པ་དང་། གཏེར་ཆེན་པོ་རྙེད་པ་དང་ཕྲད་པ་དང་། རླུད་ཚུབ་ཆེན་པོ་དང་། དར་ནག་གི་གུར་ཕུབ་པ་རྨི་བ་དང་། དངོས་སུ་ཡང་ཁང་སྒྲ་འཁྲོག་ཅིང་གདུང་སྒྲ་འཚེག འོད་འབྱུང་ཐུག་ཆེམ་གྱི་སྒྲ་འབྱུང་། སྐུ་གཟུགས་བཞད་པ་དང་། རྫས་ལས་འོད་འབྱུང་བ་དང་། དྲི་ཞིམ་པོ་འབྱུང་བ་དང་། དངོས་སུ་ལྷའི་མཚན་མ་བྱས་པ་རྙེད་པ་དང་། མཁའ་འགྲོ་དང་མཁའ་འགྲོ་མའི་སྐུ་མཐོང་བ་དང་། གསུང་ཐོས་པ་དང་། ལྷག་པར་ལྷའི་སྐུ་མཐོང་བ་དང་། གསུང་ཐོས་པ་དང་། ཉམས་དགའ་བ་དང་། ལུས་བདེ་བ་དང་། བྱིན་ཆེ་ཞིང་ཏིང་ངེ་འཛིན་གསལ་བ་རྣམས་འབྱུང་ངོ་། ཁྲུབ་པའོ། །ཡེ་ཤེས་ཀྱི་ནག་པོ་ཆེན་པོ་འགྲུབ་ན། ལས་ཀྱི་ནག་པོ་ཆེན་པོ་དང་། མ་མོ་མཁའ་འགྲོ་རྣམས་ཤུགས་ལ་འགྲུབ་བོ། །དེ་བས་ན་བདག་གིས་འཁོར་རྣམས་ཀྱི་སྒྲུབ་པ་པོའི་བྲན་དང་གཡོག་ཏུ་གྱུར་ཏེ། ཅི་བསྒོ་བའི་ལས་བྱེད་དོ། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡོངས་སུ་བརྟེན་པ་བསྟན་པའོ། །རྫོགས་སོ།། །།དེ་ནསཁྲོརྒྱལགཤིནརྗེགཤེད་པོས་དཔལ་ནག་པོ་ཆེན་པོ་བསྒྲུབ་པའི་ཐབས་ཀྱི་རྒྱུད་འདི་གསུངས་པ། དྲག་པོའི་ལས་ལ་སོགས་པ་གང་སྒྲུབ་པར་འདོད་པ་གང་ཤིས་པའི་གནས་སུ་ས་སྔོན་པོ་འམ་ནག་པོ་ལས་དཀྱིལ་འཁོར་པང་དུ་ཁྲུ་གང་པ་ལ་རྒྱར་འདོམ་གང་ངམ། མདའ་གང་གྲུ་བཞི་བྱས་ལ་བའི་ལྕི་བ་ཆུ་དང་བཅས་པས་བྱུག དུར་སོལ་དང་དུག་ཁྲག་སྦྱར་བས་དབུས་སུ་གྲུ་གསུམ་ནག་པོས་བྱུག དེའི་ཕྱི་རུ་རེ་ག་ཟླུམ་པོས་ལན་གཉིས་བསྐོར། བར་དུ་ཟླ་གམ་གསུམ་འབྱུང་པོ་དང་ཁྲག་གིས་དམར་པོར་བྱ། ཟླུམ་པོ་དཀར་པོ་ལ་མི་མགོ་སྨུག་པོ་ནག་པོ་སྔོན་པོ་གསུམ་སྤེལ་བའི་འཕྲེང་བ་དང་རྩང་གིས་བསྐོར། གྲུ་ཆད་ལྗང་ཁུ། ལྷ་སྣམ་སེར་བོ། སྒོ་བཞི་སྤྱི་དང་མཐུན། ཕྱིའི་རྩིག་པ་ལྔ་རིམ་དུ་བྱ། འདོད་པའི་ཡོན་ཏན་གྱི་ལྷ་མོའི་སྣམ་བུ་དམར་པོ། ཕ་གུ་སེར་པོ། དྲ་བ་དང་དྲ་ཕྱེད་དཀར་པོས་བྱ། ལྟ་བས་ཁ་དོག་སྣ་ཚོགས་པར་བྱ། སྒྲུབ་པའི་ཡོ་བྱད་རྣམས་ཕུན་སུམ་ཚོགས་པར་བྱས་ལ་བསྒྲུབ་པ་ཉམས་སུ་བླང་པར་བྱའོ། །མཐུན་པའི་རྫས་འབྲུ་སྣ་དང་། ཙན་དན་ལ་སོགས་པ་བསོགས་ཏེ། ཤིང་ཚེར་མ་ཅན་གྱི་མདའ་ལ་ཁྲ་དང་འུག་པའི་སྒྲོ་བཏགས་ལ་གཟུགས། དོམ་མམ། ཁྱི་ནག་གམ། གྲི་སྙིང་མདའ་ལ་གདགས་ཤིང་རྟར་གཟུང་ངོ་། །གཟུངས་སྟོན་ལས་ལ་གཉེར་གཏད་ཅིང་དམར་ཐག་ཆད་པའི་དུས་སུ་ཏིང་ངེ་འཛིན་བསྟར་ལ། ཨོ་བཛྲ་ཡཀྟ་དེ་བ་མ་ཧྭ་ཤི་ཧུ༷་ཛ། ཨོ་བཛྲ་ཡཀྟ་ཡེ་ཏ་ལི་ཧུ༷་ཛ། ཨོ་སརྦ་ཛ་ལ་ཀུ་ལོ་ཧུ༷་ཛ། ཨོ་ཀ༷་ཀ་ཀ༷་ཀ་རོ་རོ་ཧུ༷་ཛ། ཞེས་བཟླས་སོ། །དེ་ནས་གཞན་ཡང་མནན་པ་དང་།བསྲེག་པ་དང་། ཟོར་གྱི་ལས་བྱས་ཏེ་མྱུར་དུ་བསྒྲལ་བར་བྱའོ། །བསྟན་པ་ལ་གནོད་པ་རྣམས་མྱུར་དུ་བསྒྲལ་བའི་ཆེད་དུ། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་གསང་སྔགས་ཀྱི་སྣོད་དང་ལྡན་པ་ལས་དང་པོ་པ་རྣམས་ཀྱི་དོན་ཆེད་དུ། དཔལ་ནག་པོ་ཆེན་པོ་རྗེ་མགོན་པོ་སྒྲུབ་པའི་ཐབས་རྒྱུད་ཀྱི་རྒྱལ་པོ་མཆོག་འདི་གསུངས་ཏེ། ཆེའོ་སྐྱེས་བུ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་འདོད་པས་དམ་པ་ཆོས་སྐྱོང་ཀུན་གྱི་གཙོ་བོ་ཆེན་པོ་བསྒྲུབ་པར་བྱའོ། །འདི་ལྷར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བླངས་ཏེ། བྱང་ཆུབ་དམ་པར་སེམས་བསྐྱེད་པ་བྱས་ནས། དམ་ཚིག་དབང་བསྐུར་ཐོབ་པར་བྱས་ལ་རྒྱུད་རྣམས་ཐོས་བསམ་བྱས་ཏེ། སྒྲུབ་པ་ཉམས་སུ་བླང་བར་བྱའོ། །དེ་ནས་དཔལ་ནག་པོ་ཆེན་པོས་ཕྱིའི་རྟེན་གོས་ནག་དང་། ཞྭ་ནག་དང་། ལུག་ནག་དང་། མཆོད་རྟེན་དང་། གསུང་རབ་དང་། ཡེ་ཤེས་ལྷའི་སྐུ་གཟུགས་དང་།དཀྱིལ་འཁོར་མཆོད་རྫས་རྣམས་བཤམས། ནང་གི་རྟེན་དཔལ་ནག་པོ་ཆེན་པོའི་སྐུ་གཟུགས་དང་། ཕྱག་མཚན་དང་དཀྱིལ་འཁོར་བྲིས་པ་དང་། ནང་གི་དམ་ཚིག་གི་རྫས་རྣམས་བཤམ། གསང་བའི་རྟེན་སྐྱེས་པ་གྲིར་ཤི་བའི་སྙིང་ངམ། དེ་མ་རྙེད་ན་གཡག་གམ། རྟ་ནག་དང་། ཁྱི་ནག་དང་། ལུག་ནག་དང་། བྱ་ནག་གི་སྙིང་དང་། དབང་པོ་ལྔ་ལ་འམ། ཚང་བར་མ་རྙེད་ན་གང་རྙེད་ཀྱི་སྙིང་དང་། དེ་དག་གང་རྙེད་པའི་གསོབ་དང་། རྟ་གཏོར་དང་། བཤོས་བུ་རི་རབ་གཟུགས་རྣམས་བཤམ་པར་བྱའོ། །གནས་གང་ཤིས་པ་དབེན་པ་བཟང་པོར་དཀྱིལ་འཁོར་ལེགས་པར་བྱས་ལ། མཆོད་རྫས་དང་རྟེན་རྫས་ཅི་འབྱོར་པ་བཤམས་ལ། སྔགས་པས་སྟན་བདེ་བ་ལ་འདུག་སྟེ། བླ་མ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀྱི་ཚོགས་གཉིས་བསགས་པའི་རྗེས་སུ། སྔགས་པས་སྔར་གྱི་ཡི་དམ་གྱི་ལྷ་གཞན་གཙོ་བོར་བསྒོམ་པའི་མདུན་དུ། དཔལ་མགོན་པོ་ཆེན་པོ་བསྒོམ་པའམ། ཡང་ན་དཔལ་ནག་པོ་ཆེན་པོ་ཉིད་གཙོ་བོར་བསྒོམ་ཀྱང་རུང་སྟེ། ཡེ་ཤེས་ཀྱི་དཔལ་མགོན་པོ་སྤྱན་དྲང་བ་ནི་འདི་ལྟར། ཧུ༷།བཅོམ་ལྡན་དཔལ་ཆེན་ནག་པོ་གཤེགས་སུ་གསོལ། །རྡོ་རྗེ་ནག་པོ་ཆེན་པོ་གཤེགས་སུ་གསོལ། །རྡོ་རྗེ་མགོན་ནག་ཆེན་པོ་གཤེགས་སུ་གསོལ། །ཡེ་ཤེས་ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །དམ་པའི་གཙོ་ཆེན་ཆོས་སྐྱོང་གཤེགས་སུ་གསོལ། །མ་མོ་ཚོགས་རྗེ་ཚོགས་བཅས་གཤེགས་སུ་གསོལ། །ཆོས་སྐྱོང་དཔལ་མགོན་ཚོགས་བཅས་གཤེགས་སུ་གསོལ། །ཨོ་ཧྲི༔ཨེ་གྱེ་ཧི་བྷ་ཝ་ཏེ་ཤི་མཧྭ་ཀྭ་ལ་ཀྭ་རུ་ཁི་ཀ་ས་པ་རི་ཝ་རི་ཛ་ཧུ༷་བ༷་ཧོ་ས་མ་ཡ་སྟ༷། ཞེས་བྱ་བས་འོག་མིན་གྱི་གནས་ནས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། བཅོམ་ལྡན་མགོན་པོ་ནག་པོ་ཆེན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེ་ལ་ཕྱག་འཚལ་ལོ། །མ་མོ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །བསྟན་བསྲུང་དཔལ་མགོན་རྣམས་ལ་ཕྱག་འཚལ་ལོ། ། བསོད་ནམས་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །མཐུ་ཆེན་དྲག་ཤུལ་ཆེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ལ། བཞུགས་སུ་གསོལ་ཏེ། ཡེ་ཤེས་ཚོགས་རྫོགས་ཆོས་སྐུར་སངས་རྒྱས་ཀྱང་། །བསོད་ནམས་ཚོགས་རྫོགས་ལོངས་སྤྱོད་རྫོགས་པའི་སྐུ། །སྨོན་ལམ་དབང་གིས་མྱ་ངན་མི་འདའ་བར། །ས་མཆོག་ལ་གནས་རྒྱལ་སྲས་ལ་སྣང་ཞིང་། །སྤྲུལ་སྐུ་གདུལ་བྱ་དམན་ལ་སྣང་འགྱུར་ཏེ། ཁྱད་པར་བསྒྲལ་བྱའི་ཞིང་བཞི་བསྒྲལ་བའི་ཕྱིར། །བདུད་འདུལ་ནག་པོ་ཆེན་པོར་སྐུ་སྤྲུལ་པ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཡེ་ཤེས་མ་མོ་ལེགས་ལྡན་ནག་ཆེན་དང་། །མ་མོའི་གཙོ་མོ་རྣམས་དང་དཔལ་མགོན་ཚོགས། །ཆོས་སྐྱོང་བསྲུངས་མ་མཆོག་བཅས་བཞུགས་སུ་གསོལ། །འགྲོ་མགོན་རྟེན་མཆོག་བསྲུང་ཕྱིར་བཞུགས་སུ་གསོལ། །ཨོ་མ་ཧྭ་ཀྭ་ལ་ཤི་ཙྭ་ན་མཎྜལ་ཨི་ད༷་ས་མ་ཡ་མཎྜལ་པྲ་བེ་ཤ་ཡ་ཏིཁྱི་ཡ་གྲྭ་ཧྭ། ཞེས་བརྗོད་ཅིང་ཛ་ཧུ༷་བ༷་ཧོས་དགུག་པ་དང་།གཞུག་པ་དང་། བཅིངས་པ་དང་། དགྱེས་པར་བྱའོ། །དེ་ནས་རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་འཐོན་ནམ་རྒྱུད་གཞན་དུ་བསྟན་པ་བཞིན་མཆོད་པ་དང་བསྟོད་པ་བྱ། ཚོགས་སམ་རྣལ་འབྱོར་གྱི་སྟོན་མོ་བྱ་སྟེ། ཕྱི་ནང་གསང་བའི་མཆོད་རྫས་བྱིན་གྱིས་བརླབ་པ་ཅི་རིགས་བྱས་ལ། མཆོད་པ་དབུལ་ཏེ། ཡན་ལག་བརྒྱད་ལྡན་གཙང་ཆབ་འོ་མས་སྦྱར། །དྲི་རོ་མཆོག་དང་སྦྱར་བའི་ཡོན་ཆབ་དང་། །དྲི་མཆོག་སྦྱར་བ་ང་མེ་ངཛེང་་ངཆེ་རྐྱེང་་་་་་འཚོབྱས་པའ་བྱུག་སྤས་དང་། ་ཏག་ཤན་ཏུ་མ ས་པའ་སྤས་མཆག་དང་། །རན་ ན་འད་དང་ ན་ལས་འབྱུང་བའ་འད། །བཤས་བཟང་པ་དང་ལ་ཕུག་ལ་རྙུ་སགས། །ར་མཆག་ལྡན་པའ་ཞལ་ཟས་སྣ་ གས་དང་། །སྒྲ་སྙན་ལ་སོགས་རོལ་མོ་ཚོགས་དང་བཅས། །ནག་པོ་ཆེན་པོ་འཁོར་བཅས་མཆོད་པར་བཞེས། །ཞེས་བརྗོད་དེ་བསྟོད་པ་ཡང་བྱས་ལས། ཛ་ཧུ༷་བ༷་ཧོས་དམ་ཚིག་ལ་བསྟིམས་ཏེ། ཨོ་མ་ཧྭ་ཀྭ་ལ་སྒག་ཤད་ཅེས་པའི་སྔགས་ཀྱང་བཟླས་ལ། དེ་ནས་ལས་ལ་སྦྱར་བར་བྱའོ། །ཞེས་གསུངས་སོ། །དཔལ་ནག་པོ་ཆེན་པོ་ཁམས་གསུམ་འཇིགས་བྱེད་ཀྱི་རྒྱུད་རྫོགས་སོ།། །།ར༷་ཀྲིཛི་ཛ་ལའི་འགྱུར་རོ། ། འདི་གསང་སྔགས་གསར་མའི་ལུགས་ཡིན་གསུང་ངོ་། །