Ngb-pt-0794-vol-08-text

From Rangjung Yeshe Wiki Texts
Revision as of 11:48, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-700-799/ngb-pt-0794-text.docx.wiki to Ngb-pt-0794-vol-08-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། །བ་ཏ་རི་ཕྲ་ཧ་རི་ཚ་ཀ་མ་ཏྲི་ཏནྟྲ་ན་མ། །བོད་སྐད་དུ། །རལ་ནག་མཚོན་ཞབྲུགས་ཀྱི་རྒྱུད་ཅེས་བྱ་བ། །བཅོམ་ལྡན་འདས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནི། །འདས་པའི་དུས། །མ་འོངས་པའི་སྔོན་རོལ་ན། །དུར་ཁྲོད་སྣ་ཚོགས་པའི་གནས་ན། །ཡུམ་པདྨ་བྲི་མ་དང་། །ཡབ་ཆེ་མཆོག་ཧེ་རུ་ཀ་གཉིས་སུ་མེད་པ་ལས། །ཟླ་དུས་བཟང་པོ་སྨིན་དྲུག་ས་འོག་སོང་བའི་དུས། །ཡུམ་གྱི་རྨི་ལམ་དུ། །རྟག་གཟིག་ལ་བཅགས་ཤིང་རྨི་ནས། །དེ་ནས་ཡུམ་ལ་གདམས་པ་མཛད་ནས། །ཡུམ་གྱིས་དྲག་པོ་འདུལ་པར་གཟིགས་ནས། །དུར་ཁྲོད་རྐེང་རུས་ལ་ཕྱག་གཡས་པ་འཇུས་ནས། །མཁའ་ལ་སྐུ་ཤིན་ཏུ་བརྗིད་པ་ཁྲོ་གཏུམ་ཆེ། །རང་བཞིན་གྱི་ཆས་ཀྱིས་བརྒྱན་པ། །ཧཱུཾ༷་ཧཱུཾ༷་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པས་བལྟམས་པ་དང་། །རུ་ཏྲ་དང་ནག་པོའི་ཚོགས་དབང་དུ་བསྡུས་སོ། །དེའི་མིང་ནི་རྩེ་རྩེགས་ཀྱི་ལས་པ་ར་བཏགས་སོ། །རུ་ཏྲ་སློན་པའི་རྒྱན་ཆ་ཕྲོག་བཤུས་ནས་བྱོན། །དུར་ཁྲོད་ཀྱི་རྒྱན་ཞེས་སུ་གྲགས་སོ། །མཛད་པ་ཡང་འཁོར་དང་གདུག་དང་ཤེས། །འཁོར་ཀུན་ཀྱང་ཞལ་བགྲད་པ། །མཆེ་བ་གཙིགས་པའི་འཁོར་གྱིས་བསྐོར་པའོ། །རལ་ནག་མཚོན་་བྲུགས་ཀྱི་རྒྱུད་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མངོན་རྫོགས་ཡང་ཀྱི་རྒྱལ་པོ་ལགས། །རལ་པ་ནག་པོ་ཇི་ལྟར་བགྱི། །རལ་པའི་གྲངས་ནི་དུ་རུ་ངེས། །རལ་པའི་རྒྱན་རྣམས་ཇི་ལྟར་ལགས། །རལ་པའི་དོན་རྟགས་ཇི་ལྟར་ལགས། །བཅངས་པའི་ཡོན་ཏན་དུ་དང་ལྡན། །མ་བཅངས་པ་ཡི་སྐྱོན་ནི་གང་། །འབྱུང་བའི་དུས་ནང་ཇི་ཙམ་ན། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཉོན་ཅིག་སྣོད་འདུལ་པའི་སེམས་དཔའ་ཁྱོད། །དང་པོ་འདས་པའི་དུས། །མ་འོངས་པའི་སྔོན་རོལ་ན། །རུ་ཏྲ་བསྒྲལ་བའི་མགོ་བོ་ལ རལ་པ་ནག་པོ་དེ་ལ་སྲིད། །དེ་ཡི་དབག་པོ་ལྔ་པོ་ལས། །རྣམ་ལྔའི་རལ་པ་དེ་ལ་སྲིད། །དེ་ཡི་སྒྱུ་མ་དམར་པོ་ལས། །དམར་པོ་བཅུ་བཞི་དེ་ལ་བྱུང་། །རུས་གོས་གསུམ་བརྒྱ་དྲུག་ཅུ་བྱུང་། །དེ་ཡི་མཆོག་ཅེས་རྐང་དག་ལས། །མི་རིགས་བཞི་དང་ཀླུ་རུ་སྲིད། །སྤྱི་གཙུག་རྟ་མགོ་ལྗང་ཀུ་སྟེ །དེ་ལ་ཁ་དོག་རྣམ་གསུམ་དབུ། །དེ་ནས་རིགས་ལྔ་དབུལ་བརྒྱན། །དེའི་མཚོན་རིགས་བཞི་སྦྲུལ་གྱི་བརྒྱན། །དེ་ནས་སྐྱེ་ལ་འགྲོན་པུས་བརྒྱན། །གས་ཤ་སྤེལ་ཏེ་བརྒྱན་པར་བྱ། །སྤྱི་གཙུག་རྟ་མགོ་ལྗང་ཀུ་ནི། །རྟ་སྐད་ལན་གསུམ་ཁམས་གསུམ་དབང་དུ་སྡུད་པའི་རྟགས། །དཀར་ནག་དམར་གསུམ་དབུ་ལ་བརྒྱན་པ་ནི། །དུག་གསུམ་རྩད་ནས་བཅད་ནས་ཀྱང་། །རྣམ་ཐར་གསུམ་དང་ལྡན་པའི་རྟགས། །རིགས་ལྔ་དབུ་ལ་བརྒྱན་པ་ནི། །ཉོན་མོངས་ལྔ་པོ་བསལ་ནས་ཀྱང་། ། ཡེ་ཤེས་ལྔ་དང་སྦྱོར་བའི་རྟགས། །རིགས་བཞི་སྦྲུལ་གྱིས་བརྒྱན་པ་ནི། །ཀླུ་རིགས་བཞི་དམ་དུ་སྡུད་པའི་སྔགས། །ཁ་དོག་ལྔའི་རལ་པ་བྱུང་བ་ནི། །རྟག་པའི་རྒྱལ་མོ་ལྔའི་འགྲོ་དོན་མཛད་པའི་རྟགས། །དམར་པོ་བཅུ་བཞི་བྱུང་བ་ནི། །ཡེ་ཤེས་རྗེ་མོ་བཅུ་བཞིའི་འགྲོ་དོན་མཛད་པའི་རྟགས། །ནག་པོ་དགུ་བཅུ་བྱུང་བ་ནི། །ཨེ་ཀ་ཛ་སྐྱིའི་དབུ་བཅུ་སྤྲུལ་ནས་འགྲོ་དོན་མཛད་པའི་རྟགས། །འཕྲན་བུ་སུམ་བརྒྱ་དྲུག་ཅུ་ཐམ་པར་བྱུང་བ་ནི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ལས་ལ་འཛུད་པའི་རྟགས། །ཕུར་པའི་རྒྱན་རྣམས་བྱུང་བ་ནི། །ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །རལ་ནག་གནམ་ལ་ལན་གསུམ་གཡབས་པས་ནི། །གནམ་གྱི་ལྷ་སྲིན་དམ་ལ་སྡུད། །རལ་པ་བར་སྣང་ཁམས་སུ་གཡབས་པས་ནི། །བར་སྣང་གཉན་གདོན་ཐམས་ཅད་དབང་དུ་སྡུད། །རལ་ནག་ས་ལ་ལན་གསུམ་སྦྲུགས་པས་ནི། །ས་ཡི་ཀླུ་སྲིན་དམ་ལ་སྡུད། །རལ་པ་ཁ་དོག་རྣམ་ལྔ་ནི། །རྣལ་འབྱོར་སྐུ་ལ་གསོལ་པའི་རྟགས། །དམ་པ་བདག་གིས་རྒྱལ་བ་ལ་ཚངས་པའི་རྟགས། །རལ་པ་སིག་སིག་ལན་གསུམ་བྱས་པས་ནི། །སྨུག་ནག་དཀར་གསུམ་ལས་ལ་འཛུད་པའི་རྟགས། །གོམ་གསུམ་གྱེན་ལ་ནེམས་པ་ཡིས། །བདུད་དང་པོ་གདོན་ཟིལ་གྱིས་གནོན་པའི་རྟགས། །གོམ་གསུམ་འཐུར་དུ་ནེམས་པ་ཡིས། །སྲིན་པོ་མོ་གདོན་ཐམས་ཅད་ཟིལ་གྱིས་གནོན་པའི་རྟོགས། །གོམས་གསུམ་ཐུར་དུ་ནེམས་པ་ཡིས། །འདྲེ་དང་དམ་སྲི་ཐམས་ཅད་དབང་དུ་སྡུད་པའི་རྟགས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །སྲིན་པོ་གདོང་དམར་སྒྲ་བྱུང་ནས། །ཉན་ཐོས་གྲོང་ཁྱེར་དར་པའི་ཚེ། །དེ་ཚེ་རལ་ནག་མཚོན་འཁྲུག་བྱུང་། །བསྟན་པ་གཉན་པོ་དེ་རུ་སྲུང་། །བཅངས་པས་ཡོན་ཏན་དུ་མ་ཡི། །མ་མོ་མཁའ་འགྲོ་ཀུན་ཀྱང་འོག །མ་བཅངས་སྐྱོན་ནི་བརྗོད་མི་ལང་། །ཞེས་གསུངས་སོ། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་ལས། །རལ་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྔ་ཡི་དོན་རྣམས་གང་ལགས་པ། །སྔོན་རྫོགས་ཡབ་ལ་བདག་མཉན་འཚལ། །རྔ་ཡི་ཁུངས་ནི་ཇི་ལྟར་ལགས། །རྔ་ཡི་རྔ་བརྡུང་གང་ལ་བྱ། །རྔ་ཡི་རྡུང་ཐབས་དུ་རུ་བསྟན། །བརྡུངས་ན་ཡོན་ཏན་དུ་དང་ལྡན། །མ་བརྡུངས་པ་ཡི་སྐྱོན་ནི་གང་། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །མ་སྒ་་བཤས་པའི་རྩིབ་མ་ལ། །རྔའི་ཤིང་དེ་ལ་བཀུག །མ་ཏྲ༷་ལྤགས་པ་དམར་པོས་གཡོག །མ་ཏྲང་ནུ་མ་རྣལ་མས་བཙེམས། །མ་ཏྲང་ཕོ་མཚན་འདྲེང་པས་བརྡུངས། །དང་པོ་རྔ་ཡི་བྱུང་ཁུ་བས་ཡིན། ཁུ་ལ་ཕྱི་ནང་གསང་བ་གསུམ། །རྔ་ཤིང་གང་དང་གང་གིས་བྱ། །པགས་པ་གང་དང་གང་གིས་གཡོགས། ། མདོ་སྡེའི་རྔས་སྡེ་ཕྱི་ཡི་རྒྱུ། བྲག་དང་ཆུ་འཐབ་བྲམ་ཤིང་སྨུག །སྤྲེའུ་གདོང་དམར་ལྤགས་ཀྱིས་གཡོག །ཀུན་ལ་ཤིང་སྟེ་ནང་གི་རྒྱུ། །བན་དྷ་ལྟག་སྤྲོད་རྔ་ཤིང་ལ། །བྲམ་ཟེ་མར་གྱི་པགས་ཀྱིས་གཡོགས། །མཆོག་ཆེན་མཆོག་ཕྲན་རྐང་གིས་བརྡུངས། །མི་སྲིང་འབོད་སྡེ་རྐང་གིས་བརྡུངས། །རྔ་ལ་བརྡུང་ཐབས་དྲུག་ཏུ་བསྟན། །དཔལ་ཆེན་པོའི་རྔ་བརྔུང་ཐབས་དང་། །དུར་ཁྲོད་མ་མོ་བསྟེན་པའི་བརྡུང་ཐབས་དང་། །སྤོད་གཏོང་ཕོ་ཉ་འགྱེད་པའི་བརྡུང་ཐབས་དང་། །འཕྲ་མེན་སེང་གེ་་དུ་པ་པའ་བརྡུང་ཐབས་དང་། །ཆོས་སྐྱོང་ཟིལ་གྱིས་གནོན་པའི་བརྡུང་ཐབས་དང་། །དངོས་གྲུབ་ཉེ་བར་བྱ་བའི་བརྡུང་ཐབས་དང་། །དང་པོ་བརྡུང་བས་ཆོས་ཀྱི་སྐུ་ཡི་གསུང་། །འགྲོ་བ་ཀུན་ལ་སྙོམས་པར་བསམ། །གཉིས་པ་བརྡུངས་པས་ལོངས་སྤྱོད་རྫོགས་པའི་གསུང་། །དེ་ནས་བཅོམ་དང་བསྐུལ་བར་བྱ། བརྡུངས་པའི་ཡོན་ཏན་དུ་མ་འབྱུང་། །སྐུ་གསུང་ཐུགས་རྗེ་སྐྱོབས་པ་དང་། །རིགས་འཛིན་དབྱིངས་ནས་འདུཔ་དང་། །མ་མོ་མཁའ་འགྲོ་ལས་བྱེད་རྣམས། །སྡང་དགྲ་གནོད་བགེགས་ཐམས་ཅད་འདུལ། །མ་བརྡུངས་རྣལ་འབྱོར་གྲལ་མི་ཚུད། །མིང་སྲིང་ཀུན་དང་བྲལ་པར་འགྱུར། །སངས་རྒྱས་ཀུན་གྱི་བྱིན་མི་འབྱུང་། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་ལས། །ཕྱག་རྒྱ་རྔའི་ལེའུ་སྟེ་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་རྒྱལ་འདི། གཏད་དང་གཟུང་བ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་གཉན་འཚལ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །འདི་གཟུང་གཏད་པའི་རིམ་པ་ནི། །གནོད་སྤྱིན་ཕོ་རྒྱུད་མོ་རྒྱུད་ཀུན། །འདི་ལ་དད་ཅིང་མཆོད་པར་འགྱུར། །ལྷ་དང་བྱང་ཆུབ་སེམས་དཔའ་ཀུན། །འདི་ལ་གུས་ཤིང་མོས་པར་བྱེད། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །འདི་གཟུངས་གཏད་པའི་རིམས་པ་ནི། །ངས་བསྟན་རྒྱུད་ཀྱི་རྒྱལ་པོ་འདི། །དུས་གསུམ་སངས་རྒྱས་ཀུན་ལ་ཡང་། །ཐུགས་ལ་གནས་པ་འདི་ལས་མེད། །དགོངས་པ་ཐུགསཀྱི་དཀྱིལ་ནས་བྱུང་། །བསྟན་པ་གཉན་པོ་འབྲལ་བྱེད་ཚེ། །དེ་ཡི་དུས་སུ་བསྟན་པ་ཡིན། །མཁ་འགྲོ་ཀུན་ལ་གདམ་པར་བྱ། །ཀུན་ལས་བྱུང་བར་ངས་མ་བསྟན། །མཚན་ཡང་རལ་ནག་མཚོན་འཁྲུག་ཟེར། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན། །རྒྱལ་པོ་རྣམས་ཀྱིས་སྤྱི་བོར་ཁུར། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་ལས། །ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་རྫོགས་སོ། །རྒྱ་གར་སྐད་དུ། །ཀ་མ་