Ngb-pt-0633-vol-07-text

From Rangjung Yeshe Wiki Texts
Revision as of 11:45, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-600-699/ngb-pt-0633-text.docx.wiki to Ngb-pt-0633-vol-07-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨུརུ་མ་རྭ་ཛ་ཀྲོ་དྷི་རྭ་ཛ་ཏནྟྲ། བོད་སྐད་དུ། ཁྲོ་བོ་གཤིན་རྗེའི་རྒྱལ་པོའི་རྒྱུད། དཔལ་འཇིགས་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ན་དཔལ་རྡོ་རྗེ་སྲིན་པོ་བཞུགས་ཏེ། དེ་ཡི་ཚེ་དཔལ་ཕྱག་ན་རྡོ་རྗེས། ཁྲོ་བོའི་རྒྱལ་པོ་ཏ་ཀི་ར་ཛས་བསྟན་པ། བསྲུང་བའི་བདག་པོ་བསྟན་པའི་ཐབས་བསྟན་དུ་གསོལ་ཞེས་ཞུས་པས། དཔལ་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། བསྟན་པ་ནི་ཐུགས་ཀྱི་སྙིང་པོའོ། །གནོད་བྱེད་འཇོམས་པའི་ཐབས་ནི་བསྲུང་བ་སྟེ། བཅོམ་ལྡན་འདས་གཤིན་རྗེའི་རྒྱལ་པོ་ཏ་ཀིའི་རྭ་ཛ་དེ་ཡི་ཐབས་དང་མན་ངག་གང་དུ་བསྟན་པ་ནི།ཁྲོ་བོ་ཏ་ཀི་རྭ་ཛ་དངོས་པོ་དེ་ཡི་ཐབས་བསྟན་པ་ནི། གསད་པའི་ཐབས་དང་། གསོ་བའི་ཐབས་དང་། དབབ་པའི་ཐབས་དང་། གཅད་པའི་ཐབས་དང་བཞིའོ། །དེ་ལ་གསང་པའི་ཐབས་ནི། །ཁྲོ་བོ་ཏ་ཀི་ར་ཛ་སྐུ་མདོག་མཐིང་ནག་ལ་ཉི་ཟླ་པདྨའི་གདན་ལ་བཞུགས་པ། སྟག་གི་ཤམ་ཐབས་དང་། ཆུ་སྲིན་གྱི་གཡང་གཞི་དང་། སྦྲུལ་གྱི་ཆུན་བུ་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་རབ་ཏུ་བརྒྱན་པ་དང་། ཕྱག་གཡས་ན་ཤེལ་གྱི་གྲི་བསྣམས། གཡོན་ན་ལྕགས་ཀྱུ་སྤར་ཤད་བསྣམས་པ་སྟེ་དགྲ་བགེགས་ཀྱི་འབིགས་པའོ། །དེའི་ཐུན་རྫས་ནི་ཉུངས་ཀར་ལ་བསྔགས་ལ་གཏོར་མ་ལ་ཐུན་བྲབ། ལིང་ག་གསར་རྙིང་གཉིས། རང་དྲི་མི་གཏོང་བར།སྙིང་ཁར་མིང། དཔྲལ་བར་རུས། ལྟེ་བར་མཚན། དེ་ཡི་སྒོམས་སུ་གསད་པའི་མ་རྭ་ཛ། ལྷ་འདྲེ་གཉན་སར་སྦས་གནན་ལ། ཞག་བདུན་དག་ཏུ་བསྒྲུབ་པར་བྱ། །དེ་ཡི་སྒྲུབ་པའི་དྲག་སྔགས་བསྟན་པ་ནི། ཨོ་ཏ་ཀི་རྭ་ཛ་ཙིསྟ་ག་ཧཱུཾ༷་ཕཊ། ཅེས་འབུམ་ཚོ་བདུན་དུ་བཟླས་སོ། །གསད་པའི་ལེའུ་སྟེ་དང་པའོ།། །།གསོ་བའི་རིམ་པ་བསྟན་པ་ནི། གུ་གུལ་དཀར་པོ་ལ་མེ་གཏང་ལ། ནད་པའི་དྲི་མ་བཀྲུ་ཞིང་ཆུ་ལ་བསྔགས་ལ་ལུས་མགོ་འཇུག་ཁྱབ་པར་བྱུག་གོ །བསྲུང་བའི་དྲག་སྔགས་ནི། ཨོ་ཏ་ཀི་རྭ་ཛ་ག་ཧཱུཾ༷་ཕཊ། གསོ་བའི་ལེའུ་སྟེ་གཉིས་པའོ།། །།ཡང་དབབ་པའི་ཐབས་བསྟན་པ་ནི། ཁྲག་སྣ་མང་པོ་ཚོགས་ཚད་དང་། །དམ་ཉམས་དམིགས་པའི་སྔོ་སྣ་ད༷ང་། །གངས་ཆུ་ལ་སོགས་པའི་ཆུ་སྣཚོགས་ལ་སྔགས་བཟླས་ཏེ། ཞག་བདུན་ན་འབུམ་ཚོ་བདུན་ལ་དགྲ་ཡུལ་དུ་སྔོ་གསེབ་ཏུ་གཏོར་རོ། །སེར་བའི་སྔགས་ནི། ཨོ་ཏ་ཀི་ར་ཙ་ཙན་དྷ་ཀ་ཧཱུཾ༷་ཕཊ། རྭ་ཛ་དུ་ལི་ཤག་ཏྲང་ཕྲོ་ཧྲིལ། ན་ག་རྭ་ཛ་དུད་སྒྲོ་ཤར་ཕོབ། ཅེས་པས་ཆུ་མིག་མེད་པར་སེར་བ་ཕེབས་སོ།།ཐོག་སེར་དབབ་བའི་ལེའུ་སྟེ་གསུམ་པའོ།། །།སེར་བ་གཅད་པའི་ཐབས་ནི་འདི་དག་གོ །ཁྲོ་བོའི་རྒྱལ་པོ་ཀ་ཏི་རྭ་ཛས་སྟོང་ཁམས་མེའིརངབཞིནདུཁྱབཔས། སྡང་མིག་བགྲད་པ་ན་མཆེ་བ་གཙིགས་པ། ཁ་ནས་མེའི་འོད་འཕྲོ་བ། གཡོན་པ་སྡིགས་མཛུབ་གྱེན་ལ་བསྒྲེང་བ། གཡས་པ་ཡུངས་ཀར་དྲེལ་ནས་འཕེན་པའི་དྲག་སྔགས་ནི། ཨོ་ཏ་ཀི་རྭ་ཛ་ཙིརྙ་ཙིརྙ་ག་་ཁརྒ་ཧཱུཾ༷་ཕཊ། ཅེས་གཅད་པའི་ལེའུ་སྟེ་བཞི་པའོ།། །།ཡང་དེ་ཡི་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་སྲིན་པོ་ལ། དཔལ་ཕྱག་ན་རྡོ་རྗེས་ཞུས་པ།སྨྱོ་འབོག་གི་ཐབས་དང་སྦྱོར་ཐབས་བསྟན་དུ་གསོལ། རྡོ་རྗེ་སྲིན་པོས་བཀའ་སྩལ་བ། བསྟན་པའི་སྙིང་པོ་ལ་གནོད་པ་བྱེད་པ་ལ། ཚེས་གསུམ་གྱི་ཆུ་དང་ཡུངས་ཀར་ལ་སྔགས་བརྡེག་སྟེ། ཨོ་ཏ་ཀི་རྭ་ཛ་ཙིསྟ་ཀརག་ཁརག་ཧཱུཾ༷་ཕཊ། ཅེས་པས་དགྲ་ཡི་ཐེམ་པའི་འོག་གམ་ཁང་རྩར་གཏོར་ན་ངེས་པར་ཉམས་པར་འགྱུར་རོ། །སྨྱོ་འབོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཕན་པའི་ཐབས་བསྟན་དུ་གསོལ་ཞེས་ཞུསླ་པས།དཔལ་རྡོ་རྗེ་མཆང་གི་བཀའ་སྩལ་པ། འཇིག་རྟེན་རིམས་ནད་ཚུབ་མ་ལྟ་བུར་བྱུང་ཡང་། བརྙེ་སྔགས་པའི་རུས་པ་དང་། ཡུངས་ཀར་དང་། ཁྲག་ཟོར་ལ་སྔགས་ལ་བརྡེག་སྟེ། ཨོ་ཏ་ཀི་རྭ་ཛ་ཙིརྙ་ཀརག་ཁརག་ཧཱུཾ༷་ཕཊ།ཅེས་ཡུངས་ཀར་དང་རིན་པོ་ཆེ་སྣ་ཚོགས་ལ་འབུམ་བཟླས་ནས་མགུལ་དུ་བཏགས་ན་ཐུབ་བོ། །སྲེའུ་གསོ་བའི་ལེའུ་སྟེ་དྲུག་པའོ།། །།ཡང་ངན་སྔགས་ཀྱི་དུག་མདའ་འཕངས་ན། ཡུངས་ཀར་དང་། ཁྲག་སྣ་དང་། གཏོར་མ་ལ་ངན་སྔགས་བཟླས་ཏེ། ཨོ་ཏ་ཀི་རྭ་ཛ་ཙིརྙ་ཀརག་ཁརག་ཧཱུཾ༷་ཕཊ། ཅེས་པས་དགྲ་ཕྱོགས་སུ་འཕང་སྟེ། སྨྱོ། ཆོས་ཀྱི་ཆོས་ཟོར་འཕེན་པ་སླར་ལ་བཟློག །རྒྱ་ཡི་ངན་སྔགས་འཕེན་པ་སླར་ལ་བཟློག །བོན་གྱི་བོན་ཟོར་འཕེན་བ་སླར་ལ་བཟློག །སྨྱོ་རང་གིས་རང་ལ་ཟོ། རང་སྔགས་ཀྱིས་རང་ཕུང་དུ་ཆུག །རང་མཚོན་རང་ལ་ཟུག །རང་གི་དམོད་པས་རང་ཕུང་དུ་ཆུག །ཅེས་སོ། །ངན་སྔགས་དུག་མདའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔལ་ཆེན་པོས་བཀའ་སྩལ་བ། ཧཱུཾ༷་བཅོམ་ལྡན་དཔལ་ཆེན་གཤིན་རྗེ་གཤེད། །ཁྲོ་བོའི་རྒྱལ་པོ་ཏ་ཀི་ར་ཛ་ནི། །མཐིང་ནག་མེ་ལྟར་འབར་བའི་འོད་ལྡན་ཞིང་། །སྐུ་སྨད་སྟག་གི་ཤམ་ཐབས་བརྒྱན། །ཆུ་སྲིན་གཡང་གཞི་ལྷབས་སེ་ལྷབས། །ཕྱག་གཡས་ཤེལ་གྱི་གྲི་གུག་བསྣམས། །དམ་ཉམས་དགྲ་བགེགས་གཤོག་པ། དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །སྡང་དགྲ་གནོད་བགེགས་རྡུལ་དུ་ལྷོགས། །ཧཱུཾ༷། སྲིན་པོ་འདུལ་མཛད་ཁྲོ་རྒྱལ་བཙོ། །སྨུག་ནག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་རལ་གྲི་སྦྱོར་བས་གདུག་པ་འདུལ། །ཐོགས་མེད་ནམ་མཁའ་ལྟ་བུའི་ཞལ་མངའ་བ། །བེ་ཅོན་ཞགས་པས་དགྲ་བགེགས་སྙིང་ནས་འདྲེན། །མཐིང་ནག་མེ་ཡི་དཀྱིལ་འཁོར་འོད་ཀྱིས་ཀུན་ཏུ་བསྐོར། །གྲི་གུག་འབར་བ་ཕྱག་ན་བསྣམས་པ་ཡིས། །ལས་ངན་དགྲ་བགེགས་སྙིང་ཁྲག་དྲོན་མོ་འདྲེན། །ཤངས་ན་དབུགས་བྱུང་རླུང་ནག་ཚུབ་མར་འཚུབ། །སྦྱན་རྩ་དམར་པོ་བཟློག་པས་སྟོང་གསུམ་མེ་ཡིས་བསྲེག །ཞལ་ནས་ཁྲག་འཛག་སྟོང་གསུམ་འཚིག །སྐུ་བསྐྱོད་ཙམ་གྱིས་མ་མོ་དབང་དུ་སྡུད། །བསྟན་པ་གཉན་པོ་བསྲུང་བའི་བྱ་ར་བྱེད། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །མ་གཡེལ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་བསྐུལ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ཐོད་པ་མཚན་དང་ལྡན་པ་སྲ །རྟེན་འབྲེལ་ནུས་མཐུ་ཚངས་བསོགས་པ། །གྲུ་གསུམ་ཟླ་གམ་གྲུ་བཞིའི་ནང་དུ་ནི། །རྫས་གསལ་ནས་ནི་ཞག་གྲངས་ཉི་ཤུ་རྩ་གཅིག་བཟླས་ན་གདོན་མི་ཟའོ། །ལྷ་འདྲེའི་རྒྱུ་སྲང་ཡོད་ན། གཉན་པོ་གང་ཡོད་ས་རུ་སྦ། །སྒོ་རུ་ཁྲུ་གང་བརྐོས་ནས་ནི། །སྦས་ཏེ་གཡམ་པས་ཁ་ཡང་གཅད། །ལས་ཀྱི་རྡོ་རྗེ་རྐང་པ་མནན། །བཅིང་བ་ཕྱག་ན་རྡོ་རྗེར་སྒོམ། །ཧཱུཾ༷། ང་ནི་ཁྲོ་བོའི་རྒྱལ་པོ་སྟེ། །ཏ་ཀི་རྭ་ཛ་ཡིན་ངེས་པས། །སྦྱོར་བ་འདི་ནི་བྱ་བར་གསུངས། །མནན་བའི་ལེའུ་སྟེ་དགུ་པའོ།། །།སྦྱོར་བ་འདི་ཡི་མན་ངག་ཀྱང་། །རང་གི་སྲོག་བཞིན་མ་བཅངས་ན། །སྣོད་དང་མི་ལྡན་སྤེལ་བ་ན། །ན་རག་ཆེན་པོར་ལྷུང་བར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་ལ། །རིན་ཆེན་ལྟ་བུའི་གང་ཟག་ལ། །མནའ་དམ་བཅས་ལ་གཏད་པར་བྱ། །ཞེས་གསུངས་སོ། །ཁྲོ་བོ་འདོད་པའི་རྒྱུད་བཀའ་ཁྱད་པར་ཅན། །དོན་གྱི་མན་ངག་སྙིང་པོའི་རྒྱུད། །རྒྱུད་གཏད་པའི་ལེའ་སྟེ་བཅུ་པའོ།། །།འཕགས་པའིརྒྱལཔོགཤིནརྗེགཤེད་ཁྲོ་བོ་ཀ་ཏི་རྭ་རྫའི་རྒྱུད་ཚོགས་རྫོགས་སོ།། །།