Ngb-pt-0407-vol-05-text

From Rangjung Yeshe Wiki Texts
Revision as of 11:41, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-400-499/ngb-pt-0407-text.docx.wiki to Ngb-pt-0407-vol-05-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

སོ།། །། རྒྱ་གར་སྐད་དུ། ཀྭ་ཡ་ཏྲི་ཨུ་ལོ་ཀ་ཏན་ཏྲ་ནཱ་མ། བོད་སྐད་དུ། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་སྣང་བ་སྟོན་པའི་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཀྱི་གནས། འབྱུང་བ་ལྔ་ཡི་བདག་ཉིད། འགག་པ་མེད་པའི་འོད་ཀྱི་གཞལ་མེད་ཁང་ཞེས་བྱ་བ་ན། དཔལ་ཁྲག་འཐུང་གི་རྒྱལ་པོ་དེ།མཁའ་འགྲོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། །ཆོས་སྐུའི་མཚན་ཉིད་ཇི་ལྟར་གནས། །འཁོར་ལ་ངོ་སྤྲད་ཇི་ལྟར་བགྱི། །ལོངས་སྐུའི་མཚན་ཉིད་ཇི་ལྟར་ལགས། །སྤྲུལ་སྐུའི་མཚན་ཉིད་ཇི་ལྟར་གསལ། །བདག་གིས་འཁོར་ལ་ཇི་ལྟར་བསྟན། །སྐུ་གསུམ་འདུ་འབྲལ་ཡོད་དམ་མེད། །འགྲོ་བའི་རྒྱུད་ལ་ཇི་ལྟར་སྦྱར། །གྲངས་དང་གོ་རིམ་ཇི་ལྟར་ལགས། །སྐྱོན་དང་ཡོན་ཏན་ཇི་ལྟར་གསལ། ཁྲག་འཐུང་ཆེན་པོས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། སྐུ་གསུམ་གསལ་བའི་ངང་ནས་བཀའ་སྩལ་པ། ཨེ་མ་ཧོ་གསང་བའི་ངོ་སྤྲོད་བཞི། །སྤྲད་ལུགས་ཐབས་དང་སྐྱོན་ཡོན་དང་། གོ་རིམ་གྲངས་རྣམས་རྣམ་པར་བཤད། དྷརྨ་ཀྭ་ཡ་རྙོ་ཏི་ཡ། ས་ས་ཏ་ཏ་ར་དུ་པ་ས། ཞེས་གསུངས་སོ། །ངོ་སྤྲོད་བཞིའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཨེ་མ་ཧོ་གསང་བདག་ངེས་པར་ཟུང་། །ཆོས་སྐུ་རང་བྱུང་ཆེན་པོ་ལ། །གཉིས་མེད་མཚོན་པའི་ཡུལ་མི་གནས། །མེ་སྐྱེ་མི་འགག་རང་བཞིན་རྣམ་པར་དག །ཡོན་ཏན་སྣང་ཚུལ་བརྡའ་དང་ངག་གིས་མཚོན། །སྟོང་ཁྱབ་འགྱུར་མེད་གཡོ་བ་མེད། །དག་ཅིང་གསལ་ལ་གོས་པ་མེད། །ཕྱི་ནང་མེད་པར་གཟུང་འཛིན་བྲལ། །ནམ་མཁའ་དང་ནི་རྡོ་རྗེ་དང་། རྒྱ་མཚོ་ཤེལ་དང་ཉི་མ་ཡི། །མཚན་ཉིད་གོང་དང་ལྡན་པའོ། །རང་རིག་འཁོར་ལ་བརྡའ་དོན་སྦྱར། །མཐུན་དཔེ་མིག་གི་ཡུལ་དུ་སྟོན། །མཚོན་བྱ་རྣ་བའི་དབང་པོར་ཆུག །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། ཆོས་སྐུ་ངོ་སྤྲོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཐུགས་རྗེ་རང་གི་ངང་ནས་བཀའ་སྩལ་པ། ཡེ་ཤེས་ལྔ་ཡི་རང་གདངས་བཅས། །ཆོས་ཉིད་ཀློང་ནས་འོད་གསལ་བ། །ཡེ་ཤེས་རྩེ་གཅིག་པ་ཡི་དགོངས་པ་སྟེ། །མཉེན་ལྕུགས་འཁྲིལ་ལྡེམ་རྒྱན་གྱིས་མཛེས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། །སྣང་ལ་དངོས་མེད་ཡེ་ཤེས་ལྷུན་གྱིས་གྲུབ། །གཞའ་ཚོན་ཆུ་ཟླ་མེ་ལོང་འདྲ་འབག་བཅས། །སྣོད་ལྡན་རྒྱུད་ལ་གདམས་ངག་རྣམ་གཉིས་སྤྲོད། །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། ལོངས་སྐུ་ངོ་སྤྲོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྐུ་ལྔ་འོད་སྣང་གི་ནང་ནས་བཀའ་སྩལ་པ། །བདེ་གཤེགས་ལྔ་ཡི་སྣང་བ་ནི། །རང་རིག་མཚན་ཉིད་འོད་དུ་གནས། །གསལ་ལ་མི་གནས་ཡེ་ཤེས་དག་པའི་སྦྱན། །མཐའ་དབུས་མེད་པས་འོད་དུ་གསལ། །འགག་མེད་སྤྲུལ་སྐུ་དུས་དང་གནས་སྐབས་སྦྱར། །མེ་མར་འོད་ཁྱིམ་མེ་ལོང་ངོས་ལ་བསྟན། །བརྡའ་དང་དོན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྤྲུལ་སྐུ་ངོ་སྤྲོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྟོན་པ་འདུ་འབྲལ་མེད་པའི་དགོངས་པ་དང་ལྡན་པས། དུས་གསུམ་འདུ་འབྲལ་མེད་པའི་དོན་གསུངས་སོ། །རང་རིག་ཆོས་སྐུ་གསལ་ལ་རྟོག་པ་མེད། །ཡེ་ཤེས་ལྔ་ཡི་མཚན་ཉིད་དོན་དང་ལྡན། །སྙིང་པོ་སྐུ་ལྔ་ཡེ་ནས་ལྷུན་གྱིས་གྲུབ། །དེ་ཡི་སྣང་བ་ཡེ་ནས་འོད་དུ་གསལ། །ཉི་མའི་སྙིང་པོ་འོད་དང་ཟེར་དུ་བཅས། །བརྡའ་དང་ངག་དེ་སྣོད་ལྡན་འཁོར་ལ་བསྟན། །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྐུ་གསུམ་འདུ་འབྲལ་མེད་པར་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།། །།ཀྱེ་མ་ཧོ། །གསང་བའི་བདག་པོ་ངེས་པར་ཟུང་། །ཉི་ཟླས་བརྒྱན་པའི་རིན་ཆེན་ཁང་པ་ན། །རང་རིག་ཆོས་སྐུ་མཚན་ཉིད་ཡེ་ཤེས་ལྔ། །དེ་ཡི་ནང་ན་སྙིང་པོ་སྐུ་ལྔ་གྲུབ། །དེ་ཡི་སྤྱན་གྱིས་རི་རབ་རྩེ་ལ་གསལ། །དེ་རྣམས་རང་ཆས་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །དེ་ཡི་བརྡ་བཞི་དོན་དང་སྦྱར་བ་གཅེས། ཁྲེལ་དང་འདྲ་འབག་མེ་ལོང་གཟུགས་སྣང་དུ། །ཉི་མའི་དཔེ་བཞིན་རྒྱུད་ལ་ངེས་པ་བསྐྱེད། །ཆོས་ཀྱི་སྐུ་དང་ལོངས་སྐུ་སྤྲུལ་སྐུ་དང་། སྐུ་གསུམ་འདུ་འབྲལ་མེད་དང་རྣམ་པ་བཞི། །སྤྲོད་པའི་ཡུལ་བཞི་ངེས་པས་ན། །སྤྲོད་བྱེད་ཐབས་ཀྱང་བཞིར་ངེས་པས། །ཆོས་སྐུ་གཞི་ཡིན་ཐམས་ཅད་འབྱུང་། །ལོངས་སྐུའི་སྣང་བ་དེ་ལ་འཆར། །དེ་ཡི་གསུང་གི་སྣང་བ་ལས། །ཐུགས་རྗེ་འབྱུང་བས་སྤྲུལ་པའི་སྐུ། །དེ་རྣམས་ཡེ་ནས་འདུ་འབྲལ་མེད། །ཐུགས་རྗེ་རང་གི་གོ་རིམ་ཡིན། ཨེ་མ་ཧོ། །རང་བྱུང་ཆེན་པོའི་གོ་རིམ་ནི། །སྤྲུལ་སྐུ་ལོངས་སྐུ་དེ་ཡི་ཡོན་ཏན་དང་། །ཆོས་སྐུ་རིན་ཆེན་སྦུབས་ཏེ་གོ་རིམ་བཞི། །གསང་བདག་སེམས་དཔའི་འཁོར་ལ་གསུམ་པ་སྒྲོགས། །ཞེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས།གང་ཟག་གི་ རྒྱུད་ལ་སྦྱར་བ་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསུངས་པ། ཀྱེ་མ་རྫོགས་ཆེན་ངོ་སྤྲོད་མ་བྱས་ན། སྤྲུལ་སྐུའི་གནས་ལུགས་ཅི་ལ་རྟོགས། །མ་ཧོརེ་ངོ་སྤྲོད་མ་བྱས་ན། །ལོངས་སྐུའི་གནས་ལུགས་ཅི་ལ་རྟོགས། །ཨ་ནུའི་ངོ་སྤྲོད་མ་བྱས་ན། །སྐུ་གསུམ་འདུ་འབྲལ་མི་ཤེས་སོ། །ཐིག་ལེ་ཉག་གཅིག་ངོ་སྤྲོད་ཀྱིས། །ཆོས་སྐུའི་རྣམ་དག་རྟོགས་མི་སྲིད། །ཨེ་མ་ཧོ། །སྤྲུལ་སྐུའི་ངོ་སྤྲོད་བར་དོ་ཆོད། །ལོངས་སྐུ་ངོ་སྤྲོད་ལྔ་ལྡན་ཤེས། །འདུ་འབྲལ་མེད་པའི་ངོ་སྤྲོད་ཀྱིས། །རྫོགས་ལྡན་དགོངས་པའི་རྟོགས་པ་ཐོབ། །ཆོས་སྐུའི་ངོ་སྤྲོད་རིན་ཆེན་སྦུབས། །རྫོགས་ལྡན་ཆེན་པོའི་ངེས་པ་ཤེས། །ཨེ་མ་ཧོ། །ངོ་སྤྲད་ཡུལ་ནི་ཡེ་ནས་རང་ཆས་ལ། །རྟོགས་པས་འདུ་འབྲལ་མེད་པའི་གནས། །རིམ་པར་མངོན་དུ་འཆར་བས་ན། །ངོ་སྤྲད་རྟོགས་པ་ཐོབ་ཅེས་བྱ། །རིག་པ་ཟང་ཐལ་རྟོག་མེད་དང་། །ཡེ་ཤེས་སྤྱན་གྱི་བུམ་པ་ལྔ། །སྙིང་པོ་ལྔ་ནི་ནང་ནས་གསལ། །མཐར་ཐུག་དགོངས་པར་ངས་བཤད་དོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྐྱོན་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལག་ན་རྡོ་རྗེ་དང་། མཁའ་འགྲོ་མ་རྣམས་དང་། གཞན་ཡང་ངེས་པའི་འཁོར་རྣམས་ཀྱིས། སྟན་ལས་ཡངས་ཏེ་བསྐོར་བ་ལེན་གསུམ་དུ་བྱས་ནས། ཨེ་མ་ཧོ་སྐུ་གསུམ་འདུ་འབྲལ་མེད། ངོ་སྤྲོད་བཞི་ཡི་རྒྱུད་འདི་གཏན་ལ་ཕབ། །ངོ་ཤེས་ཡིད་ཆེས་ཐག་ཆོད་ནས། རང་གྲོལ་ངང་དུ་འདུ་འབྲལ་མེད་པར་གནས། །མ་རིག་མུན་པ་སེལ་མཛད་ཐུགས་རྗེ་འོད་ཀྱི་བདག །ཁྲོ་གཉེར་རིམ་པར་ལྡན་གྱི་གཙོ་ལ་འདུད། །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བརྒྱད་པའོ།། །།རྫོགས་སོ།། །། རྒྱ་གར་སྐད་དུ། ཀུ་ཡ་བཱསྐ་ཙིཏི་བཛྲ་སརྦ་ས་མ་སྟ་