volume 026 594

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 12:03, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search


༄༅། །མ་གཅིག་གི་བཀའ་ཚོམས་བཞུགས་སོ། །

«ཨོཾ་སྭ་སྟི། མི་སྨྲ་མི་བསམ་བསམ་དུ་མེད་པ་དང༌། །ཡུལ་འདས་དམིགས་མེད་དབྱིངས་ལ་ཕྱག་འཚལ་ལོ། །གཅོད་ཀྱི་བཀའ་ཚོམས་ཆེན་མོ་འདི། །གཅོད་ནི་རྣམ་རྟོག་རང་བཞིན་གཅོད། །བཀའ་ནི་བཤད་པའི་ཚོམས་སུ་བཤད། །འགྲོ་ལ་ཕན་ཕྱིར་ཡི་གེར་བཀོད། །བདུད་ཀྱི་རྩ་བ་རང་གི་སེམས། །ཡུལ་སྣང་ཅིར་ཡང་རིག་པ་ལ། །ཞེན་ཅིང་ཆགས་ན་བདུད་ཀྱིས་ཟིན། །སེམས་ལ་ཡུལ་དུ་བཟུང་བས་བསླད། །བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཐོགས་བཅས་བདུད་ལ་རྣམ་མང་ཡང༌། །དབང་པོའི་སྒོ་ལ་སྣང་བ་ལ། །དགག་སྒྲུབ་དཔྱད་པ་ཐོགས་བཅས་བདུད། །ངེས་པར་བཟུང་བས་འཁོར་བར་བཅིངས། ། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང༌། །གཟུགས་ལ་དངོས་པོར་མ་བཟུངས་བས། །གཟུགས་ལ་མ་ཆགས་སྟོང་པར་སྒོམས། །གཟུགས་ལ་ངེས་པར་མ་བཟུང་བས། །རྟག་པར་འཛིན་པའི་བདུད་ལས་གྲོལ། །སྟོང་པ་ཡིད་ལ་མ་བསྒོམས་པས། །ཆད་པར་ལྟ་བའི་བདུད་ལས་གྲོལ། །གཟུགས་སྣང་དགག་ཏུ་མི་བཏུབ་སྟེ། །ངེས་པར་མ་བཟུང་རང་སྣང་སེམས། །སྒྲ་དང་དྲི་དང་རོ་དང་རེག ། ཡིད་ལ་སོགས་པ་དེ་བཞིན་ནོ། །ཡིད་ནི་ཐོགས་མེད་བདུད་ཡིན་ཏེ། །དབང་པོའི་སྒོ་ལས་བྱུང་བ་རྣམས། །ཐོགས་བཅས་བདུད་དུ་འདུས་པ་ཡིན། །དབང་པོའི་ངོ་ཁར་སྣང་བ་རྣམས། །རང་གྲོལ་དགོངས་པས་ཐད་ཀར་བཅད། །དབྱེར་མེད་གཏི་མུག་ཆེན་པོར་འགྱུར། །ཐོགས་མེད་བདུད་ཀྱི་བྱུང་ཚུལ་ནི། །ཡིད་ཡུལ་བྱུང་ཚོར་འཟང་དང་ངན། །རང་གི་རྟོག་པས་དབྱེ་བ་རྣམས། །ཐོགས་མེད་བདུད་དུ་བསྟན་པ་ཡིན། །རང་བྱུང་སེམས་ཉིད་མ་རྟོགས་པས། །ལྷར་བཟུང་ལྷ་རུ་འཛིན་པ་དང༌། །» «འདྲེ་ངན་འདྲེ་རུ་འཛིན་པ་དང༌། །དེ་ནི་ཡིད་ཡུལ་རེ་དོགས་རྣམས། །རང་བདུད་རང་ལ་ལངས་པ་ཡིན། །སེམས་ཉིད་ཀློང་ཆེན་དང་གསལ་ལ། །དྲན་རྟོག་ཅིར་ཡང་འཆར་བ་ཡིན། །དཔེར་ན་རྒྱ་མཚོ་གཡོ་མེད་ལས། །རླབས་ལ་སོགས་པ་འབྱུང་བ་བཞིན། །དེ་ལྟར་རིག་པའི་རྣལ་འབྱོར་པས། །བཅས་བཅོས་མི་བྱ་རང་སར་བཞག །ཕན་གནོད་མི་ནུས་རང་སར་གྲོལ། །ཆོས་ཉིད་དབྱིངས་ནས་རང་ཤར་ལ། །ཕྲག་དོག་དགག་སྒྲུབ་བྱར་མི་རིགས། །དགག་སྒྲུབ་མ་བྱས་རང་བྱུང་སེམས། །དགའ་བྲོད་བདུད་ཀྱི་བྱུང་ཚུལ་ནི། །ཐུན་མོང་བདུད་དང་མཆོག་གི་བདུད། །རིག་འཁྲུལ་སེམས་ལས་བྱུང་བ་ཡིན། །གཉན་སར་འདྲེ་ཡི་མ་ཚུག་» «པས། །རློམ་སེམས་སྐྱེས་པས་དགའ་བྲོད་དང༌། །བྱིན་རླབས་ནུས་པའི་བརྡ་བྱུང་བས། །བསོད་ནམས་ནོར་རྫས་གཡེང་བའི་བདུད། ཁེ་གྲགས་སྙན་གྲགས་སྤྲོ་བའི་བདུད། །ལྷ་འདྲེས་དངོས་གྲུབ་སྟེར་བ་དང༌། །བུ་དང་འཛའ་བཤེས་འཁོར་འདུས་དང༌། །དགའ་ཞིང་བྲོད་པས་དགའ་བྲོད་བདུད། །ཡོན་ཏན་ཅི་བྱུང་ཅི་ཤར་ཡང༌། །» «ཡུལ་སེམས་གཉིས་སུ་མེད་པའི་བློས། །ཡོན་ཏན་བདག་ཏུ་མི་བཟུང་སྟེ། །» «རྨི་ལམ་དག་གི་ཡུལ་བཞིན་དུ། །རང་སེམས་ཞེན་པ་མེད་པའི་བློས། ། མཚར་པོ་བྱད་ཀྱིས་རང་མཛེས་ལྟར། །རང་བྱུང་རང་ལ་བརྒྱན་པ་ཡིན། །དེ་ལ་རློམ་སེམས་སྐྱེ་རུ་མེད། །སྐྱེ་ན་རིག་འཁྲུལ་འཛིན་པས་བསླད། །འཛིན་མེད་རང་གྲོལ་གཅོད་མཆོག་ཡིན། །བློ་ལྡན་རྣམས་ཀྱི་ཐུགས་ལ་སྦོས། །མཆོག་གི་བདུད་ལ་རྣམ་པ་གཉིས། །ལམ་དང་འབྲས་བུ་གཉིས་སུ་བསྟན། །སྤྲོས་བྲལ་ལྟ་བས་བྲོད་པ་དང༌། །» «མཉམ་ཉིད་བསྒོམས་པས་བྲོད་པ་དང༌། །རྟོག་མེད་སྤྱོད་པས་བྲོད་པ་དང༌། །» «ཉམས་ལེན་ལམ་གྱིས་བྲོད་པ་དང༌། །བག་ཙམ་ཡུལ་དུ་སྤྱད་པས་ན། །ལམ་དུ་མི་འགྲོ་བདུད་ཀྱི་ལས། །ལྟ་སྒོམ་བརྡ་རུ་བསྟན་པ་ལ། །ངེས་པར་ཡིད་ལ་བྱ་བ་མེད། །» «མ་འགག་ཅིར་ཡང་འཆར་བ་ལས། །ལྟ་བའི་བསམ་པ་མི་འཆའ་བར། །» «ཉམས་ཤར་ཕྱོགས་མེད་དབྱིངས་སུ་སྐྱུར། །མི་ལྟ་བ་ནི་ལྟ་བའི་མཆོག ། རང་བྱུང་སེམས་ཉིད་མ་གཏོགས་པ། །སྒོམ་མཁན་གཅིག་གིས་སྒོམ་དུ་མེད། །ཅི་བྱུང་རང་ཤར་བྱུང་ཚོར་རྣམས། །ལྷན་ནེ་ལྷང་ངེ་ལྷམ་མེར་བཞག །མི་འགྱུར་བས་ན་ལྷན་ནེ་བ། །» «ངེས་པར་རྟོགས་པས་ལྷང་ངེ་བ། །རང་སར་གྲོལ་བས་ལྷམ་མེ་བ། །» «དཔེར་ན་མར་ལ་མར་བཞག་བཞིན། །མ་བསྒོམ་པ་ཡི་བསམ་གཏན་ནི། །དེ་ནི་སྒོམ་པའི་མཆོག་ཡིན་ནོ། །རང་སྤྱོད་ཤུགས་འབྱུང་རང་གྲོལ་ལ། །ཆེད་དུ་བྱས་ནས་སྤང་དུ་མེད། ། ཉམས་ཤར་གཉེན་པོས་བཅོས་སུ་མེད། །ཅི་ཡང་རང་བྱུང་ཡིན་ཤེས་ན། །» «རང་ལ་རང་གྲོལ་འགག་པ་མེད། །རྟོགས་པའི་ཁྱད་པར་བཙན་པས་ན། །ངེས་པར་སྤྱོད་པ་དགག་ཏུ་མེད། །མ་རྟོགས་སྤྱོད་པ་མི་བྱ་སྟེ། །» «གདམས་པ་འདི་ཡྀ་བཞེད་བཞེད་ལུགས་ཀྱིས། །བླ་མའི་བྱིན་རླབས་གདེང་ལྡན་གྱིས། །རྣམ་རྟོག་དག་ལ་ཐོག་རྫིས་བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །» «ངེས་པར་རྟོགས་པ་འཆར་བར་འགྱུར། །ངེས་པར་གསུང་པའི་གདམ་ངག་འདི། །» «གཅོད་ཡུལ་ཀུན་ལས་ཁྱད་པར་འཕགས། །མི་གཅོད་སྤྱོད་པ་མཆོག་ཏུ་གསུངས། །» «གང་ཡང་ཉམས་སུ་མ་བླངས་ན། །དེ་ཉིད་ཉམས་སུ་བླང་པ་ཡིན། །ཉམས་ནི་ཤེས་བྱ་བློ་ཡི་ཉམས། །ཡང་དག་དོན་ལ་མྱོང་རྒྱུ་མེད། །སྐྱེ་མེད་ལོག་ནས་བླངས་རྒྱུ་མེད། ། ཉམས་སུ་བླངས་བས་ཆོས་ཉིད་ཉམས། །བློ་སྣང་ཡུལ་དུ་སྤྱད་པ་འོ། ། ཡུལ་དུ་མ་ཆགས་ཉམས་ལེན་ནི། །ཐར་པའི་ལམ་མཆོག་བླ་མའི་ཞབས། ། འབྲས་བུ་ཡིད་བཞིན་ནོར་བུ་བཞིན། །མཆོག་གི་བདུད་ནི་འདི་བཞིན་ནོ། །ཉན་ཐོས་རང་རྒྱལ་ལ་སོགས་པའི། །གྲུབ་མཐའ་ཐེག་པའི་འབྲས་བུ་ནི། །སྐུ་གསུམ་ངེས་པར་འཐོབ་འདོད་པས། །འདོད་པ་དང་བཅས་བྲོད་པའི་བདུད། །ལུས་ངག་ཡིད་གསུམ་རང་བཞིན་ལ། །སྐུ་གསུམ་འབྲས་བུ་རྟག་པ་ལས། །སངས་རྒྱས་ལོགས་ནས་སྒྲུབ་ཏུ་མེད། །རང་ལས་སྤང་སྟེ་བཙལ་གྱུར་ན། །བསྐལ་པ་བྱེ་བ་དུ་མར་ཡང༌། །བསྒྲུབས་པས་ཐོབ་པར་མི་འགྱུར་བས། །མི་བཙལ་མི་སྒྲུབ་རང་སར་བཞག །རེ་བ་མེད་པ་གཅོད་ཀྱི་མཆོག །མི་རེ་དོགས་པའི་མཐའ་དང་བྲལ། །» «འཛིན་པའི་ཐག་པ་བཅད་པ་ལས། །ངེས་པར་སངས་རྒྱས་ག་ལ་མཆིས། །བདུད་ལ་བཞི་རུ་དབྱེ་ལགས་ཀྱང༌། །སྙེམས་བྱེད་བདུད་དུ་འདུས་པ་ཡིན། །དངོས་པོའི་ཡུལ་ལ་སྙེམས་ཞུགས་པས། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །དངོས་པོ་ཡུལ་གྱི་ཆགས་སྡང་རྣམས། །རྩ་བ་སྙེམས་སུ་རྟོགས་ཙམ་ན། །དཔེར་ན་རྩིག་གསེབ་དུ་བ་ཡང༌། །ཐབ་ཀྱིས་མེ་བསད་རང་ཞི་ལྟར། །སྙེམས་ཐག་ཆོད་པས་དངོས་འཛིན་གྲོལ། །འགོག་པ་བཞིན་དུ་ཡུལ་མི་དགག །རྩ་བྲལ་རྟོགས་ན་ཐོགས་བཅས་བདུད། །ངེས་པར་བདུད་རྣམས་ཆོད་པ་ཡིན། །དཔེར་ན་སྒྱུ་མའི་མཁན་པོ་བཞིན། །སྣང་ཡང་ཆགས་སེམས་མི་འབྱུང་ངོ༌། །དེ་བས་སྙེམས་ཀྱི་ཐག་པ་བཅད། །བཅད་པས་ཆོད་པ་མ་ཡིན་ཏེ། །རྩ་བྲལ་རྟོགས་ན་གཟུང་མི་ཐུབ། ། ཆོས་དབྱིངས་ཀློང་དུ་གྲོལ་བར་ངེས། །རྩིས་གདབ་མེད་པའི་ལ་བཟླ་གཅེས། །» «ཐོགས་མེད་བདུད་ཀྱང་སྙེམས་སུ་འདུས། །དུག་ལྔ་ལ་སོགས་ཉོན་མོངས་དང༌། ། མཐོང་མེད་འདྲེ་ལ་འཇིགས་པ་དང༌། །དངོས་མེད་ལྷ་ལ་རེ་བ་དང༌། །དེ་ལྟར་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལས་བྱུང་སྙེམས་ཀྱི་བདུད། །ཞེ་སྡང་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །བཙོ་སྲེག་དམྱལ་བའི་བདུད་ལས་ཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །བཀྲེས་སྐོམ་ཡི་དྭགས་བདུད་ལས་ཐར།། སོ་སོར་རྟོགས་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་དག་པ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །བཀོལ་སྤྱོད་བྱོལ་སོང་བདུད་ལས་ཐར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་གྲོལ་བ་ཡང༌། །» «སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འཕོ་འགྱུར་མི་ཡི་བདུད་ལས་ཐར། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འཐབ་རྩོད་སྡུག་བསྔལ་བདུད་ལས་ཐར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆོད་སྡུག་བསྔལ་རྒྱུ། །སྙེམས་ཆོད་ཡེ་ཤེས་རང་སར་གྲོལ། །དེ་བས་ཐམས་ཅད་སྙེམས་ལ་འདུས། །གངས་དཀར་སྟོད་ཀྱི་སེང་གེ་བཞིན། །ཉམ་ང་བག་ཚ་མི་བྱེད་པར།། སྙཻམས་མེད་གདེང་དང་ལྡན་གྱུར་ན། །སྣང་སྲིད་ལྷ་འདྲེ་ལྡང་མི་ནུས།» «།བརྒྱ་ལ་ལངས་ཀྱང་གདམས་ངག་གསལ། །རང་གི་ཆོ་འཕྲུལ་ཡིན་ཤེས་ན། །ངེས་པར་རྩལ་སྦྱོང་ཆེན་པོར་འགྲོ། །དྲན་རྒྱུན་བཅད་ནས་མི་བསྒོམ་སྟེ། །རང་ཤར་རྟོགས་པས་གཅོད་པ་ཡིན། །ནད་རིམས་ལ་སོགས་དེ་བཞིན་མཚུངས། །རྩ་བྲལ་རྟོག་པ་གཅོད་པ་ནི། །གདམས་ངག་ཀུན་ལས་ཁྱད་པར་འཕགས། །རྟོགས་ཀྱང་ཐད་ཀར་མ་བཅད་ན། །མཚོན་རྣོན་ཚ་ངར་བོ་བ་འདྲ། །ལྟ་བས་མི་སྐྱོབ་ཉམས་ཀྱིས་འཆིངས། །ལྟ་སྤྱོད་འཛོམས་པའི་རྣལ་འབྱོར་ནི། །དཔའ་བོའི་ལག་ན་མཚོན་ཐོགས་འདྲ། །དགྲ་དཔུངས་བདུད་རྣམས་འཇོམས་པ་ཡིན། །» «བདུད་རྣམས་སྙེམས་མེད་དབྱིངས་སུ་འཇོམས། ། ཨེ་མ་ཧོ། རང་སྙེམས་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །དེ་ཡང་རང་དྭངས་ལྷུག་པར་འཇོག །ཀུན་གྱིས་དེ་བཞིན་བཞག་པར་བྱ། །དགའ་བྲོད་བདུད་ཀྱང་སྙེམས་སུ་འདུས། །ཐུན་མོང་ཆོས་ལ་དགའ་བྲོད་དང༌། །འབྲས་བུ་མཆོག་ལ་དགའ་བྲོད་པ། །རང་གི་སྙེམས་ལས་བྱུང་བ་ཡིན། །ངེས་པར་ཆགས་པས་བདུད་དུ་འགྱུར། །ཆགས་པ་མེད་པའི་རང་ཤར་ནི། །སྙེམས་མེད་ཆོས་སྐུའི་རྒྱན་དུ་གསུངས། །སྐུ་གསུམ་འབྲས་བུ་རང་ཡིན་པས། །» «གཞན་དུ་བྲོད་པ་སྐྱེས་མི་དགོས། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོག་ནས་སྒྲུབ་མི་དགོས། །རྟོག་པའི་རང་གཟུགས་ཤར་བ་ལས། །རྟོག་མེད་ཆེད་དུ་བསྒོམ་མི་དགོས། །དེ་བས་ཐམས་ཅད་སྙེམས་སུ་འདུས། །སྙེམས་ཐག་གཅོད་པ་ང་ཡིས་སྨྲས། །རང་སར་བཞག་པ་ཀུན་ནས་གསུངས། །རང་སའི་སེམས་ལ་ངོས་བཟུངས་ནས། །དཔེ་དོན་གཏན་ལ་འབེབས་པ་ནི། །གདམས་ངག་ཐོབ་པའི་རྣལ་འབྱོར་ཀུན། །བྱེ་འུས་ཕྲུུ་གུ་གསོ་བ་བཞིན། །གདམས་ངག་མཆུས་སྐྱེལ་བྱས་གྱུར་ན། །སྟོན་བྱེའུ་ལྟོག་གྲིར་ཤི་བ་འདྲ། །རང་ཉིད་འཁོར་བར་འཁྱམས་པར་ངེས། །འབྲི་བཟང་བེ་འུ་གསོ་བ་བཞིན། །རང་འགྲངས་རོགས་ཀྱི་དོན་བྱས་ན། །བེ་ཆུང་ལ་སོགས་འཚཽ་བ་བཞིན། །རང་གིས་སྙེམས་ཐག་ཆོད་གྱུར་ན། །སེམས་ཉིད་ངེས་པར་གྲོལ་བར་འགྱུར། །གཞན་དོན་འགྲུབ་འགྱུར་ཐེ་ཚོམ་མེད། །མཁའ་ལ་ཁྱུང་ཆེན་ལྡིང་བ་བཞིན། །གླིང་བཞི་བྱ་རྩོལ་མེད་པར་མཐོང༌། །ངམ་གྲོག་གཡང་ལ་ཉམ་ང་མེད། །བྱ་བྲན་ལ་སོགས་ཟིལ་གྱིས་གནོན། །» «དེ་བཞིནཉམས་ཀྱི་ཐག་ཆོད་པས། །བདུད་ཉིད་རྩ་བ་མེད་པར་རྟོགས། །འདྲེ་དང་བདུད་སོགས་ཟིལ་གྱིས་གནོན། །ངན་སོང་གསུམ་ལ་ཉམ་ང་མེད། །ངེས་པར་རྩ་བྲལ་མ་རྟོགས་པར། །རྒྱུ་འབྲས་ཆོས་ལ་སྤྱོད་པ་ནི། །སྒོང་བཞག་ཡལ་ག་གཡབ་པ་འདྲ། །རྩ་བྲལ་རྟོགས་པའི་རྣལ་འབྱོར་པ། །དྲན་རྟོག་གློ་བུར་ཤེས་པ་ན། །སྤང་བླང་མེད་པའི་ཆོས་ལ་སྤྱོད། །གཟུགས་མཐོང་སེམས་ཀྱིས་སྐུ་རུ་ལྟ། །སྒྲ་ཐོས་སེམས་ཀྱིས་གསུང་དུ་ལྟ། །ཅི་བསམ་སེམས་ཀྱིས་ཐུགས་སུ་ལྟ། ། འདུ་འབྲལ་མེད་པའི་དོན་ལ་ལྟ། །ལྷ་ཁང་ནང་གི་ལྡེར་སོ་བཞིན། །འདུག་ཚུལ་བཅས་དང་ཞལ་འཛུམ་ཡང༌། །མི་སེམས་སེམས་པའི་ཚུལ་མེད་བཞིན། །རང་ལུས་གང་བདེར་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱ་འོ། །བསམ་པའི་ཡུལ་ནི་དེ་ཉིད་མིན། །དེ་བས་མི་བསམ་ངང་ལ་བཞག །བྱུང་ཚོར་དྲན་རྟོག་རྗེས་མི་བཅད། །» «མཁའ་ལ་གློག་འགྱུ་རང་ལོག་བཞིན། །རྣམ་རྟོག་བྱུང་ཡང་དེ་ཉིད་ཡིན། །རྒྱ་མཚོ་ཆེན་པོའི་འཇིངས་བཞིན་དུ། །ངང་གིས་གཡོ་མེད་ངང་ལ་ བཞག །རྐྱེན་སྣང་རྟོག་པ་རླབས་བཞིན་དུ། །ངང་གིས་ཆོས་ཉིད་དབྱིངས་སུ་བསྒྱུར། །བཅོས་བསླད་མི་བྱ་རྒྱལ་བའི་བཀའ། །བཅོས་ན་ཆོས་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་པ་ཡིན། །སྐྱེས་བུ་ནད་ཀྱིས་གཟིར་བ་བཞིན། ། ཚོགས་དྲུག་ལྷུག་པར་བཞག་པ་ཡིན། །བྱ་བ་ཟིན་པའི་སྐྱེས་བུ་བཞིན། །བློ་བདེའི་ངང་ལ་བཞག་པ་ཡིན། །བུ་ཆུང་ཨ་མ་མཐོང་བ་བཞིན། །སྣང་ཡང་ནུས་པ་མེད་པར་བཞག །རིག་པ་རང་ལུས་རོ་ཁུར་ལ། །གཉན་ས་ལ་སོགས་འཇིགས་གནས་སུ། །ཆགས་མེད་ཚུལ་གྱིས་བསྐྱུར་ལ་བཞག །རིག་པ་ཡུམ་ཆེན་ཀློང་དུ་བཞག །དྲན་རྟོག་ཤེས་རིག་ཅི་བྱུང་ཡང༌། །ཡུམ་ཆེན་སྤྲུལ་པ་ཉིད་དགོངས་ལ། ། ཡུམ་སྲས་འཁོར་བའི་གནས་མི་འཛིན། །གླེན་པ་ལྟོ་ཡིས་འགྲངས་པ་བཞིན། །འདུ་ཤེས་རྣམ་པར་བཤིགས་ལ་བཞག །འཁོར་སྤངས་མྱ་ངན་འདའ་བར་ངེས། ། ཨེ་མ་ཧོ། བྱ་རྩོལ་མེད་དེ་དགོངས་པ་ལོངས། །སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཡང༌། ཁྲོ་ཞིང་གཏུམ་པ་འདྲ་ན་ཡང༌། །རྒྱུད་ལ་ཉོན་མོངས་མ་སྐྱེ་ཞིང༌། །བརྟུལ་ཞུགས་ངེས་པར་ཆེ་བ་ལ། །ཞེ་འདོད་རྟོག་པ་མེད་པར་སྤྱོད། །བརྟུལ་ཞུགས་སྤྱོད་པས་བར་ཆད་འདུལ། །ཞེ་འདོད་མེད་པ་དེ་ཉིད་ལམ། །མཚོ་ལ་ཉ་མོ་འཕྱོ་བ་བཞིན། ། འཛིན་བྱ་མེད་པར་ཉ་ལ་ལ། །སྐྱི་སེར་རི་རྩིབས་གཅོད་པ་བཞིན། །ཞེ་སྡང་ཞེན་མེད་རྩིས་ལས་འདས། །རང་གིས་རང་ལ་སྤྱོད་པ་ལ། །སྙེམས་མེད་སྙེམས་བྱེད་ཞུགས་མི་དགོས། །རང་ལ་འཛིན་པ་མེད་པར་སྤྱོད། །རྨི་ལམ་དུས་ཀྱི་དགྲ་དེ་» «ཡང༌། །རང་ལས་བྱུང་བ་མ་དགོངས་སམ། །ཡི་དམ་ལྷ་ཡི་དངོས་གྲུབ་ཀྱང༌། ། སེམས་ལ་སེམས་ཀྱིས་བསྒོམས་ལས་བྱུང༌། །དེ་བས་རང་མིན་གཞན་མ་ཡིན། ། རང་སྣང་རང་ལ་གནོད་པ་ལས། །གཞན་ཡུལ་འབྲེལ་མེད་གནོད་མི་ནུས། ། དཔེར་ན་རྒྱ་གར་དུག་སྦྲུལ་བཞིན། །མར་ལ་དཀར་པོ་མ་བསྒྲུབས་ཀྱང༌། །མར་ངོ་ཤེས་ནས་དཀར་པོ་གྲུབ། །ངེས་པར་མར་ངོ་ཤེས་ཙམ་ན། །དཀར་པོ་ལོག་ནས་སྒྲུབ་ཏུ་མེད། །དེས་ན་རང་སེམས་ངོ་ཤེས་ནས། །སངས་རྒྱས་ལོག་ནས་སྒྲུབ་ཏུ་མེད། །ངེས་པར་སེམས་ངོ་ཤེས་ཙ་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་ དགོས། །སྙེམས་སངས་རྩ་བྲལ་ཀུན་ལས་རྒྱལ། །དེ་བས་ལོག་ནས་སྒྲུབ་ཏུ་ མེད། །དེ་ལྟར་རྟོགས་པས་བདུད་རྣམས་ཞི། །དེ་ཡང་རང་བྱུང་རང་ཞི་ཡིན། ། རིག་མེད་གཏི་མུག་ཆོས་དབྱིངས་ལས། །ཡུལ་དུ་རིག་ཅིང་བཟུང་བས་འཁྲུལ། ། དབྱེར་མེད་གཅིག་ལས་རིག་འབྱུང་བས། ཁམས་གསུམ་གནས་སུ་འཁྲུལ་པ་ ཡིན། །རིགས་དྲུག་གནས་སུ་འཁོར་བ་ཡིན། །དེ་ནི་རང་བཞིན་རིག་འཁྲུལ་ལོ། ། ལྷ་ཆོས་ཐེག་པའི་རིམ་པ་ཡང༌། །ལྟ་སྒོམ་འབྲས་བུ་རིག་པས་འཁྲུལ། །ཆད་པ་ཅང་མེད་ཡུལ་དུ་རིག །རྟག་པ་འགྱུར་མེད་ཡུལ་དུ་རིག །ཉན་ཐོས་གཟུང་འཛིན་ཡུལ་དུ་རིག །རང་རྒྱལ་རྟེན་འབྲེལ་སྟོང་པར་རིག །སེམས་ཙམ་རིག་པ་སེམས་སུ་རིག །དབུ་མས་སྤྲོས་བྲལ་སྟོང་པར་རིག །ཕ་རྒྱུད་བདེ་གསལ་རླུང་དུ་རིག །མ་རྒྱུད་བདེ་སྟོང་རླུང་དུ་རིག །ཐབས་དང་ཤེས་རབ་གཉིས་མེད་རིག ། ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་ཡིན་ཆེན་མོ་རིག །དེ་ལྟར་རིག་པ་ཐམས་ཅད་ནི། །ཡུལ་དུ་རིག་པའི་རིག་པ་ཡིན། །ཡུལ་ཅན་རྣམས་ནི་དེ་ཉིད་མིན། །ཡུལ་མེད་སེམས་ལ་རིག་པ་མེད། །གང་རིག་པ་ཡི་རིག་པས་འཆིངས། །དེ་བས་རིག་མེད་གཏི་མུག་འདི། །ཡེ་ཤེས་ཆེན་པོར་རྒྱལ་བས་གསུངས། །མ་རིག་ཡུལ་མེད་འཁྲུལ་པ་སངས། །ཡུལ་རྣམས་བློ་ཡི་བཏང་ཙམ་ན། །» «སྙེམས་ཐག་མ་ལུས་ཆོད་པ་ཡིན། །ཡུལ་མེད་རིག་པ་ཅི་ལ་སྙེམས། །འཁྲུལ་པའི་སེམས་ལ་མི་འཛིན་ན། །འཛིན་མེད་རིག་པ་ཅི་ཤར་ཡང༌། །ཆེད་དུ་མ་བྱས་རང་བྱུང་ཡིན། །དེ་ལྟར་དགོངས་ན་ནམ་ཡང་ཡིན། །ཡང་དག་དོན་གྱི་ཡུམ་ཆེན་དེ། །» «འཁོར་འདས་ཀུན་གྱི་གཞི་ཡང་ཡིན། །དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང༌། །» «མ་མཛད་སྐྱེ་མེད་གཞི་རུ་བྱུང༌། །མ་བྱས་འདུས་མ་བྱས་པ་ཡིན། །སྐྱེ་བ་མེད་པ་འདི་ཤེས་ནས། །སྐྱེ་མེད་གཞི་ལ་བྱེད་མཁན་མེད། །མ་བྱས་གཞི་ཡི་གོལ་ས་ཆོད། །» «མ་བྱས་འདུས་མ་བྱས་པ་ཡིན། །མི་བྱེད་ལམ་དུ་ངེས་པར་འགྲོ །སྣང་སྟོང་ཡིད་ལ་མ་བྱས་ན། །རྟག་ཆད་མེད་པར་ལམ་དུ་འགྲོ །གཉིས་འཛིན་ཡིད་ལ་མ་བྱས་ན། །» «སྐྱེ་མཆེད་མུ་བཞིའི་བདུད་ལས་ཐར། །ཤེས་བྱའི་སྒྲིབ་པ་རང་སར་དག །གཟུགས་དང་ཚོར་བ་འདུ་ཤེས་སོགས། །གང་ཡང་ཡིད་ལ་མ་བྱས་ན། ཁམས་གསུམ་གནས་ལས་ངེས་པར་གྲོལ། །འཁོར་བ་སྣང་བར་མི་འགྱུར་རོ། །གང་ཡང་ཡིད་ལ་མ་བྱས་པས། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མི་བྱེད་ལམ་མཆོག་ཏུ། །བདག་མ་གྲུབ་པས་ཀུན་མ་གྲུབ། །སྣ་ཚོགས་བཀག་པས་མི་ཁེགས་སོ། །དཔེར་ན་རྨི་ལམ་ཡུལ་བཞིན་ནོ། །སད་པའི་དུས་ན་མི་སྣང་བཞིན། །བདག་མེད་རྟོགས་པས་དངོས་འཛིན་གྲོལ། །ཕྱི་རོལ་འདྲེ་གཟུགས་རང་ཉིད་འཁྲུལ། །» «བཏག་པ་ཙམ་དེ་བཞག་བྱས་ལ། །མི་ཕོད་གང་ཡིན་ཐོག་ཏུ་འཁུར། །དུག་ནད་དུག་གིས་འཛིན་པ་དང༌། །རྨི་ལམ་གཏར་སྲེག་བྱེད་པ་དང༌། །གདོན་ཆེན་མཐའ་ལ་གཏད་པ་ གཅེས། །ནད་པ་འདྲེ་ལ་གཏད་པས་སྲོག་གཅོད་རང་སར་གྲོལ། །» «སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་བཙན་སར་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་བཅད་པས་ཕུག་ན་དགྲ་བོ་མེད། །འཛིན་པ་བདུད་ཡིན་འདུ་ཤེས་རྣམ་པར་བཤིག །རྩོལ་བ་ནད་ཡིན་བྱ་བྱེད་མ་བྱེད་ཞོག །དོགས་པ་འདྲེ་ཡིན་སེམས་ཉིད་གར་བཞག་ཡིན། །ཕུང་པོ་རོ་ཡིན་འདྲེ་ལ་གཟན་དུ་བསྐྱུར། །སྐྱུར་མཁན་སེམས་ཡིན་གློད་ལ་ཞོག །ཀློད་མཁན་སེམས་ཡིན་ཆོད་ལ་ཐོངས། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །» «སངས་རྒྱས་བགྱི་བ་ཇི་ལྟར་བགྱི། །དེ་རུ་འགྲོ་ན་ཇི་ལྟར་འགྲོ་ཞུས་པས། སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །འཛིན་པ་བྱ་བ་ཀུན་སངས་ནས། །སྐྱེ་མེད་རང་བཞིན་ཡེ་ནས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །དེ་རུ་འགྲོ་ལུགས་བསྟན་པ་ནི། །» «སངས་རྒྱས་བྱ་བའི་མཚོན་པ་ནི། །འཁོར་བ་འཇིག་པའི་ཐབས་སུ་བསྟན། །» «སངས་རྒྱས་སྐྱེ་མེད་བླ་དགས་ཡིན། །སྔ་རབས་འདས་དང་གཞན་གྱིས་ཀྱང༌། །» «འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་ཕྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང༌། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། ། ཨེ་མ་ཧོ། རིགས་ཀྱི་བུ། སངས་རྒྱས་ཐོབ་བྱར་མ་བྱེད་ཅིག །བྱིས་པའི་བློ་ཕྱིར་མ་འབྲང་ཞིག །སྐྱེ་མེད་དམིགས་པར་མ་བྱེད་ཅིག །འཁོར་བར་དོགས་པར་མ་བྱེད་ཅིག །རྣམ་རྟོག་གཟུགས་སུ་མ་འཛིན་ཞིག །མི་རྟོག་སྒོམ་པར་མ་བྱེད་ ཅིག །ཡེ་ནས་སེམས་ཉིད་སྐྱེ་མེད་ལ། །རྩོལ་བས་ཉམས་སུ་མ་ལེན་ཅིག །ཆོས་ཉིད་གདལ་བ་ཆེན་པོ་ལ། །དམིགས་པས་སྡུད་པར་མ་བྱེད་ཅིག །འཁོར་འདས་གཉིས་སུ་མེད་པ་ལས། །འཁོར་བར་འཛིན་པར་མ་བྱེད་ཅིག །མྱ་ངན་འདས་འདོད་འཁོར་བ་ཡིན། །མ་རེ་མ་རྟོགས་རིགས་ཀྱི་བུ། །མ་དགག་མ་དཔྱོད་རིགས་ཀྱི་བུ། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །འོ་ན་མི་ལྟ་མི་སྤྱོད་མི་བསྒོམ་མམ། །ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། དོན་ལ་བལྟ་རུ་མེད་པ་ལ། །ལྟ་བྱེད་བཀྲོལ་བའི་གང་ཟག་དེ། །མ་ནོར་ལྟ་བ་ཡིན་པར་གསུངས། །དོན་ལ་བསྒོམ་དུ་མ་མཆིས་པས། །སྒོམ་བྱེད་མཁན་པོ་གྲོལ་བ་དེ། །མ་ནོར་སྒོམ་པ་ཡིན་པར་གསུངས། །དོན་ལ་སྤྱད་པའི་ཡུལ་མེད་པས། །སྤྱོད་བྱེད་མཁན་པོ་གྲོལ་བ་དེ། །» «མ་ནོར་སྤྱོད་པ་ཡིན་པ་གསུངས། །ཕ་རོལ་ཕྱིན་པའི་འབྲས་བུ་ ལ། །གྲུབ་པ་ཏིལ་ཙམ་ཡོད་མ་ཡིན། །གྲུབ་མེད་མཁན་པོ་གྲོལ་བ་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །དེ་ལྟ་བུ་ཡི་དོན་རྙེད་ན། །རེ་དོགས་འཆིང་བས་བཅིང་མི་འགྱུར། །» «ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀློང༌། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །» «འོ་ན་དུས་གསུམ་གྱི་སངས་རྒྱས་ལ། གཞན་དོན་འབྱུང་ངམ་མི་འབྱུང་ཞུས་པས། རྟོག་དང་བཅས་པའི་གཞན་དོན་དེ། །སེམས་ཀྱི་ནུས་པའི་སྟོབས་སུ་གསུངས། །» «སངས་རྒྱས་སེམས་ཅན་དོན་བྱེད་པ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །རྟོག་པ་མེད་བཞིན་དོན་འབྱུང་བ། །རང་རྟོག་འཛིན་པ་མེད་པ་ལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །སེམས་ཅན་རྣམས་ཀྱི་བདེ་སྐྱིད་དང༌། །དམ་ཆོས་རྣམས་ཀྱི་ལོངས་སྤྱོད་དང༌། །གྲུབ་ཐོབ་རྣམས་ཀྱི་དངོས་གྲུབ་དང༌། །རྟོགས་ལྡན་རྣམས་ཀྱི་རྟོགས་པ་དང༌། །ལོ་ཏོག་ཆར་ཆུ་དུས་འབྱུང་དང༌། །མདོར་ན་ལོངས་སྤྱོད་ཐམས་ཅད་ཀྱང༌། །སངས་རྒྱས་རྣམས་ཀྱི་ཡོན་ཏན་ཡིན། །ཞེས་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །རང་ལ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བར་བགྱི་ན་ཇི་ལྟར་བགྱི། ཞུས་པས། སངས་རྒྱས་རྣམས་ཀྱིས་གསུངས་པ་བཞིན། །ཉམས་སུ་བླངས་ན་བྱིན་རླབས་འབྱུང༌། །དུས་གསུམ་སངས་རྒྱས་སྐུ་གཟུགས་ལ། །མོས་པ་བྱས་པས་དོན་འབྱུང་ན། །དོན་ཉམས་སུ་ལེན་ལ་ལྟ་ཅི་སྨོས། གསུངས། བཟླས་པ་ཙམ་གྱིས་དོན་འབྱུང་ན། །དོན་ཉམས་སུ་བླང་ན་སྨོས་ཅི་དགོས། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །སྐལ་ལྡན་ལ་སོགས་དྲངས་ཤིག་རིགས་ཀྱི་བུ། །» «གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། ། ཉམས་སུ་ལེན་པ་ལ་གནད་ཀྱི་གདམས་པ་ཇི་ལྟར་འཚལ། ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། གནས་ནི་རི་ཁྲོད་འགྲིམས་པར་གཅེས། །ལུས་གནད་རྩ་བཞི་ཀློད་པ་གཅེས། །ངག་གནད་ཉམས་དབྱངས་ལེན་པ་གཅེས། །སེམས་གནད་འདུ་ཤེས་ཀློད་པ་གཅེས། །» «ཉམས་མྱོང་གནད་ཀྱིས་བསྐྱངས་པ་ཡིན། །མཉམ་རྗེས་གཉིས་སུ་མེད་པར་བདེ། །» «གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །མཉམ་རྗེས་གཉིས་སུ་མེད་པར་ཁྱེར་ན་ཡོན་ཏན་ཇི་ལྟར་འབྱུང་ཞུས་པས། ཨེ་མ་ཧོཿ རིགས་ཀྱི་བུ། རིགས་དང་ལྡན་པའི་རྣལ་འབྱོར་པ། །ད་ནི་བཙལ་དུ་ཅི་ཡང་མེད། །ཉིན་མོར་གསལ་ལ་འཛིན་མེད་ཁྱེར། །མཚན་མོར་འབྱར་ཉལ་འཁྲིས་མེད་ཁྱེར། །རྟག་ཏུ་ཚོགས་དྲུག་ལྷུག་པར་ཞོག །དེ་ནི་ང་ཡི་འཁྱེར་སོ་ཡིན། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །» «མ་གཅིག་དགོངས་པར་ཇི་ལྟར་གཤེགས། །འདའ་ཁར་ལམ་ཁྱེར་ཇི་ལྟར་བགྱི། །» «ཞུས་པས། སྐྱེ་མེད་ངང་ལ་དགོངས་པ་མེད། །འགག་མེད་ངང་ལ་གཤེགས་ཡུལ་མེད། །འཛིན་མེད་ངང་ལ་དུས་གསུམ་མེད། །ལྷན་ནེ་ལྷང་ངེ་ལྷམ་མེ་ཙམ། །» «རིགས་ཀྱི་བུ་ཡིས་དེ་དགོངས་ན། །སྐྱེ་མེད་ངང་ལ་འཕོ་འགྱུར་མེད། །སྒྱུ་ལུས་ཞིག་ཀྱང་གསལ་འདེབས་ཡིན། །འཆི་ཁའི་གདམས་ངག་ལྟོས་པ་མེད། །» «གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཡིས་བསྟན་པའི་གདམས་པ་འདི། །» «ཐོས་པ་ཙམ་གྱིས་གྲོལ་བ་ཇི་ལྟར་མཆིས། །ཞུས་པས། གང་ཞིག་སྐལ་ལྡན་ལས་ཅན་ལ། །ལན་གཅིག་ཙམ་གྱིས་གྲོལ་བར་ངེས། །འགའ་དང་འགའ་ཡི་སྤྱོད་ཡུལ་མིན། །དེ་བས་ནན་ཏན་བྱ་བ་གཅེས། །གོ་བ་གཏིང་ནས་མ་ལོན་ན། །ཚིག་ཉན་ཙམ་ལ་ཐག་མ་བཅད། །དེ་ལྟར་དགོངས་ཤིག་རིགས་ཀྱི་ བུ། །ང་ཡི་གདམས་ངག་བདུད་སློང་འདི། །སྐལ་ལྡན་རྣམས་ཀྱི་རྒྱན་དུ་ཆེ། ། སྐལ་མེད་རྣམས་ཀྱི་སྡིག་མོར་ཆེ། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། ། ཞལ་ནས་གསུངས་པའི་བདུད་རྩི་འདི། །སྐལ་ལྡན་ཉམས་སུ་བླངས་པ་ལ། ། འབྱུང་བའི་ཚད་ནི་ཇི་ལྟར་ལགས། །ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། བག་ལ་ཉལ་དང་དངོས་སུ་རྒྱུར། །ཐོག་ཏུ་བྱུང་བའི་རྐྱེན་རྣམས་ལ། །ང་ཡི་གདམས་ངག་གནད་འདི་ཡིས། །མི་ཕོད་བརྫིས་ཏེ་གཅོད་བྱས་ནས། །བར་དོ་གསུམ་གྱི་འཇིགས་པ་སེལ། །» «བདུད་རྣམས་རང་སར་གྲོལ་བར་འགྱུར། །དེ་ཉིད་འབྱོངས་པའི་རྟགས་བསྟན་པ། །» «དགྲ་གཉེན་གཉིས་སུ་མི་ཕྱེད་དང༌། །འཛིན་པ་ཆོས་བརྒྱད་མི་ཕྱེད་དང༌། །གཉིད་ལོག་སད་པར་མི་ཕྱེད་དང༌། །རྨི་ལམ་སྒྱུ་མར་མི་ཕྱེད་དང༌། །དྲན་དང་མི་དྲན་མི་ཕྱེད་དང༌། །སྲིད་པ་བར་དོ་མི་མཐོང་དང༌། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །» «དེ་ལ་སྐྱེ་མེད་ངོས་བཟུངས་ལ། །མི་ཕོད་འཁྲུལ་པ་བག་ཆགས་སྦྱངས། །ཨེ་མ་ཧོ། རང་སྙེམས་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །» «སྙེམས་ཐག་ཆོད་པས་ལྷུག་པར་ཞོག །དང་པོའི་སེམས་ལ་བདུད་ངོས་བཟུང༌། །» «གཉིས་འཛིན་རྟོག་པ་སྐྱེས་སུ་ཆུག །ཡེ་ཤེས་འཁོར་འདས་གཉིས་མེད་ལ། །བློ་ཡིས་མ་དགག་རིགས་ཀྱི་བུ། །ཅིར་སྣང་གཟུགས་སུ་མ་འཛིན་ཅིག །ཞེན་མེད་གཅོད་ཡུལ་ལྷག་པར་ཞོག །མི་མིན་ཡེ་ཤེས་མཁའ་འགྲོ་མ། །དད་ལྡན་བློ་གྲོས་དམན་པ་ལ། །ཉམས་ཀྱི་ཁྲིད་ཐབས་ཇི་ལྟར་བགྱི། །ཞུས་པས། དད་ལྡན་བློ་གྲོས་དམན་པ་ལ། །རིམ་གྱིས་ཁྲིད་པར་བྱ་བ་ལ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཙམ། །དེ་ནས་ཐབས་ཀྱི་ཡན་ལག་ལ། །བརྟེན་ནས་འཇིག་པ་བརྩམ་པར་བྱ། །» «བརྟན་པར་གྱུར་ནས་ཕྱུང་བ་ལ། །ང་ཡི་འཁྱེར་སོ་བསྟན་པར་བྱ། །མ་གཅིག་སྐལ་ལྡན་བློ་བརྟན་ལ། །ཐེག་པའི་མན་ངག་བསྟན་པར་བྱ། །དད་ལྡན་གཡང་ལ་མི་བསྐྱུར་ཞིང༌། །བློ་ལྡན་གྲོགས་སུ་ཞུ་མི་བྱ། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །བློ་ལྡན་ཐབས་ཀྱི་ཡན་ལག་ལ། །སློབ་ཚུལ་ཇི་ལྟར་སློབ་པར་བགྱི། །» «ཞུས་པས། སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས། །ཤེར་ཕྱིན་ཨ་རུ་བསྡུས་ཏེ་གསུངས། །རང་སེམས་སྐྱེ་མེད་དོན་གྱི་ཨ། །གནས་ནི་ཟག་བཅས་ལུས་ལ་གནས། ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །འབྱུང་ནི་སྐྱོན་ཡོན་ཐམས་ཅད་འབྱུང༌། །» «བླ་མ་ལ་གུས་སློབ་མ་ཡིན། །འཁོར་བ་དག་ལ་སྐྱོ་བ་སྐྱེས། །སྐྱེ་མེད་དོན་ལ་དུང་བ་སྐྱེ། །ལུས་སྒྲིམ་སེམས་གུས་དམིགས་པ་བཅའ། །ཨ་དང་ཐིག་ལེ་དཀར་དམར་ལ། །ཕྱི་ནང་སྤྲོས་ཤིང་དྲག་ཏུ་གཏད། །རེས་འགའ་སྐྱེས་བུ་མདའ་འཕང་བཞིན། །» «མཁའ་ལ་འཕངས་ཏེ་ལུས་སེམས་ཕྲལ། །རེས་འགའ་རླུང་སྦྱངས་ནམ་མཁའ་སྦྱོར། །རེས་འགའ་ཕུང་པོ་ཨར་བསམ་ལ། །བསྐྱེད་དང་རྫོགས་པའི་གསལ་ཡང་གདབ། །སྐྱེ་མེད་བཟླས་པའི་རྣལ་འབྱོར་པ། །དེ་ལ་སོགས་པ་ཉམས་དང་སྦྱར། །» «གནད་དུ་གོ་ན་འདི་ཡིན་མེད། །གོམས་པ་བྱས་ནས་རང་ཉམས་སྐྱེ། །གནས་ལ་མ་ཞེན་བྱང་ཆུབ་ལམ། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །གང་ཞིག་དམིགས་མེད་སྒོམ་པ་ལ། །བྱིང་རྒོད་བྱུང་ན་ཇི་ལྟར་བགྱི། །ཞུས་པས། ཨེ་མ་ཧོ། ལེགས་སོ་རིགས་ཀྱི་བུ། དཔེར་ན་ཡུར་བ་གསར་པ་ནས། །ཆུ་ནི་ལེགས་པར་དྲངས་པའི་ཚེ། །དང་པོ་ཐོག་རྡུག་མེད་མོད་ཀྱང༌། །ས་རྡུལ་གང་ནས་ཡུར་ཀོང་ཆད། །དེ་ཉིད་མ་གསོས་དོན་མེད་འགྱུར། །དེ་གཞིན་གང་ཞིག་སྒོམ་པའི་ཚེ། །བླ་མའི་བྱིན་རླབས་ཐོག་མར་བདེ། །ངེས་ཤེས་མ་ཐོབ་ཐེ་ཚོམ་སྐྱེ། །» «ཉམས་སུ་བླངས་ན་བྱིང་རྒོད་འབྱུང༌། །བྱིང་པ་ལ་ཡང་རྣམ་གཉིས་ཏེ། །འབྱུང་བཞིའི་སྟོབས་ཀྱིས་བྱིངས་བ་ནི། །ས་དང་ཆུ་དང་རླུང་དང་མེ། །གང་ལྟར་བྱིང་བར་གྱུར་ཀྱང་ནི། །» «རི་བོའི་རྩེ་ལ་ལུས་བསྲང་སྟེ། །རྐང་གཤིབས་ལག་གཉིས་སྤྱི་བོར་སྦྱར། །སྣོད་བཅུད་ཕྱི་ནང་འབྱུང་བ་བཞི། །རིམ་གྱིས་བསྡུས་ལ་རང་ལ་བསྟིམས། །ལུས་ཀྱང་མེ་ལོང་ཧས་བཏབ་བཞིན། །སྙིང་ཁམས་ཙམ་དུ་སེམས་ལ་བསྟིམས། །སེམས་ནི་ནམ་མཁའ་རང་གྲོལ་ཏེ། །ནམ་མཁའི་ངང་ལ་མ་བྲལ་བྱ། །» «གཉིད་དང་རྨུགས་པས་མྱོས་བྱེད་ཅིང༌། །ཤེས་པ་འཐིབས་ཅིང་སྙིང་མི་དགའ། །» «དེ་ལྟར་བྱུང་ན་ཡི་དྭགས་ཡིན། །དེ་ཉིད་ངོས་བཟུང་འདྲེ་རྩད་བཅད། །ཡིད་བཏང་ཡོད་པས་ཉལ་བས་སོབས། །རྒོད་པ་ལ་ཡང་རྣམ་གཉིས་ཏེ། །རླུང་གི་སྟོབས་ཀྱིས་འཕྲོ་བ་དང༌། །» «བར་ཆད་བགེགས་ཀྱིས་འཕྲོ་བ་འོ། །ཇི་ལྟར་འཕྲོ་རྒོད་ཅིར་སྣང་ཡང༌། ཁང་པ་སྟོང་པའི་རྐུན་མ་དང༌། །བར་སྣང་སྟོང་པའི་སྤྲིན་བཞིན་དུ། །གཞི་རྩ་མེད་པར་རྟོགས་པས་ཞི། །ཡང་ན་སླར་ལ་རབ་སྤྲོས་ཏེ། །ཡེངས་མེད་ཀུན་ཏུ་རྩལ་སྦྱངས་པས། །བྱིང་རྒོད་རང་སར་གྲོལ་བར་ངེས། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱིང་རྒོད་གཉིས་སྐྱོན་གང་ཆེ་ཞུས་པས། བྱིང་བ་དང་ནི་རྒོད་པ་གཉིས། །» «བྱིང་བ་གཏི་མུག་ཤས་ཆེ་བས། །ལྷག་མཐོང་ཡེ་ཤེས་སྐྱེ་མི་འགྱུར། །ལྷག་མཐོང་ཡེ་ཤེས་མ་སྐྱེ་ན། །རླུང་དུས་ཕྱི་བ་ཉལ་བ་བཞིན། །ཞི་གནས་རླུང་སྒོམ་ལམ་མི་བསྒྲོད། །རྒོད་པ་ཡེ་ཤེས་ཤས་ཆེ་བས། །རྩེ་གཅིག་དོན་ལ་མ་གནས་ཀྱང༌། །» «སེམས་ཉིད་གསལ་ལ་དངས་པ་དེས། །རྣམ་རྟོག་འཕྲོ་ཡང་ཡོན་ཏན་ཡིན། །དྲི་མས་དྲི་མ་འཁྲུས་པ་བཞིན། །རྟོག་པས་རྟོག་པ་སེལ་བར་འགྱུར། །རྟོག་མེད་རང་སར་ཤུགས་ཀྱིས་འཆར། ། གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལུས་ལ་ན་ཚ་བྱུང་ན་ཇི་ལྟར་བགྱི། །སེམས་ལ་སྡུག་བསྔལ་བྱུང་ན་ཇི་ལྟར་བགྱི། །ཞེས་ཞུས་པས། ལུས་ལ་ན་ཚ་བྱུང་སྲིད་ན། །སྒྱུ་མའི་ལུས་ལ་ཆགས་པ་དབྲལ། །སོས་ནས་དགའ་བའི་སེམས་མི་སྐྱེད། །གཉན་སར་སོང་ལ་རྣལ་འབྱོར་ཀུན། །ལུས་པོ་གཏུབ་ལ་ཚོགས་སུ་འབུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦོས། །བགེགས་གདོན་སྐུ་དྲིན་ཆེ་བར་བལྟ། །སེམས་ལ་སྡུག་བསྔལ་བྱུང་སྲིད་ན། །གནས་དང་དབྱིབས་དང་ཁ་དོག་བརྟགས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དེས་ན་སྡུག་བསྔལ་འཛིན་མཁན་འཁྲུལ། །མོ་གཤམ་བུ་ཡི་སྤྱང་གྲུང་དང༌། །རི་བོང་རྭ་ཡི་རྣོ་རྟུལ་འདྲ། །དེ་ཉིད་མེད་པས་དེ་བྱུང་མེད། །སེམས་ཀྱི་གཞི་རྩ་ཆོད་ཙམ་ན། །བདེ་སྡུག་བྱ་བ་ཡོད་མི་སྲིད། །རྣམ་སྨིན་བག་ཆགས་ཀུན་ལས་གྲོལ། །འཁོར་བའི་ཐ་མ་དེ་རུ་ཐུག །རིགས་ཀྱི་བུ་ཡིས་དེ་དགོངས་ནས། །རྐྱེན་ནི་རབ་རིབ་གཟུགས་བརྙན་ཙམ། །དཔེར་ན་ནམ་མཁའི་ཆོ་འཕྲུལ་འདྲ། །ན་ཚ་སྡུག་བསྔལ་ཅི་བྱུང་ཡང༌། །རྩལ་སྦྱོང་རེ་རེ་ཤེས་པར་བྱ། །རྐྱེན་སྣང་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་གོལ་བ་ཡིན། །རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང༌། །དབེན་པར་སོང་ལ་རྣལ་འབྱོར་ཀུན། །ལུས་གློད་སེམས་གློད་ཉམས་ང་ཐོངས། །འདོད་པ་འགྲུབ་པའི་ཡིད་མ་འཆའ། །བག་དྲོ་ངང་དལ་ཤེས་པ་བདེ། །རང་ལ་རང་གིས་བསྲེ་བ་ལ། །» «གཞན་ལ་བལྟས་ན་རྣལ་འབྱོར་མིན། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ།» «།» «གཞན་ལ་བྱིན་རླབས་བྱེད་ན་ཇི་ལྟར་བགྱི། དང་པོ་ཕྱི་ཡི་བྱིན་བརླབ་ནི། །སེམས་སྐྱོ་ཉམས་དབྱངས་ལེན་པ་དང༌། །སྤྱོད་ལམ་གླེང་བར་བྱས་པ་ཡིས། །གཞན་མོས་སྐྱེ་བས་བྱིན་བརླབས་འབྱུང༌། །ནང་གི་བྱིན་བརླབ་བྱ་བ་ནི། །འདྲེ་དང་ནད་པ་རང་གི་སེམས། །གཉིས་མེད་གཅིག་གི་ངང་དུ་བཞག །སྡུག་བསྔལ་ཞི་བས་བྱིན་བརླབ་འབྱུང༌། །གསང་བའི་བྱིན་བརླབ་བྱ་བ་ནི། །བྱིན་ནི་འགྱུར་བ་མེད་པ་ ཡིན། །བརླབས་ནི་འགགས་མེད་ཤུགས་ལས་འབྱུང༌། །རང་ཉིད་ཉམས་དང་ལྡན་བྱས་ནས། །རྩ་བྲལ་དྲི་མེད་ངང་བཞག་པས། །བྱིན་བརླབ་འབད་པ་མེད་པར་ འབྱུང༌། །བདག་དང་བཅས་པའི་བྱིན་རླབ་ནི། །བྱིན་དང་མི་ལྡན་ནུས་པ་མེད། ། གཞན་དོན་བྱས་ཀྱང་འཁོར་བའི་རྒྱུ། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་ མ། །ཉམས་ལེན་ཡར་སྐྱེད་ཆུང་བ་དང༌། །ཤེས་པའི་སྣ་ཁ་འཁོར་ན་ཇི་ལྟར་བགྱི། ཞུས་པས། ཨེ་མ་ཧོ། ཐམས་ཅད་མ་ལུས་ཆོས་ཉིད་ངང༌། །ཆོས་ཉིད་ངང་ལ་སྐྱེ་བ་མེད། །སྐྱེ་མེད་ནམ་མཁའི་དཀྱིལ་དང་འདྲ། །ཆོས་ཉིད་ངང་ལ་འགགས་པ་མེད།། འགགས་མེད་ནམ་མཁའི་ཀློང་དང་འདྲ། །ཆོས་ཉིད་ངང་ལ་འཕོ་འགྱུར་མེད། ། འགྱུར་མེད་ནམ་མཁའི་དབྱིངས་དང་འདྲ། །ཆོས་ཉིད་ངང་ལ་འགྲིབ་པ་མེད། ། འགྲིབ་མེད་ཉི་མའི་སྙིང་པོ་འདྲ། །ཆོས་ཉིད་ངང་ལ་རྩོལ་སྒྲུབ་མེད། །རྩོལ་མེད་ནམ་མཁའི་ཁྱུང་ཆེན་འདྲ། །རྟོགས་ན་ཡེ་ཤེས་ཆིག་ཆོད་ཡིན། །རྣལ་འབྱོར་ས་ལམ་ཤུགས་ཀྱིས་བསྒྲོད། །བློ་སྦྱོང་ཉམས་ལ་རྩིས་གདབ་མེད། །ཡེ་སྟོང་ངང་དུ་བློ་གྲོས་སངས། །རིག་པའི་སྣ་ཁ་འཁོར་དགོས་མེད། །དེ་ལྟར་དགོངས་ན་རིགས་ཀྱི་བུ། །གང་ཞིག་སྐལ་དམན་བྱིས་པའི་ཚོགས། །མ་རིག་རིག་པར་ཤེས་པ་ན། ། མ་རིག་སྤངས་བའི་ཕ་རོལ་ན། །རིག་པ་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །ཆོས་ཅན་ཆོས་ཉིད་མི་ཤེས་པས། །ཆོས་ཉིད་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མ་རྙེད་ཉོན་རེ་མོངས། །རྣམ་རྟོག་ཡེ་ཤེས་མ་ཤེས་པས། ། རྣམ་རྟོག་སྤང་པའི་ཕ་རོལ་ན། །ཡེ་ཤེས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །སེམས་ཅན་སངས་རྒྱས་མ་ཤེས་པས། །སེམས་ཅན་སྤངས་པའི་ཕ་རོལ་ན། །སངས་རྒྱས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱང་འདས་འཚོལ་བ་སྙིང་རེ་རྗེ། ། བཙལ་བས་མི་རྙེད་ཉོན་རེ་མོངས། །མ་རིག་རྒན་མོ་ལོང་བ་འདྲ། །མཚན་ལྡན་བླ་མ་ཤིན་ཏུ་གཅེས། །མ་རྟོགས་ཤེས་པ་སྤྲེ་འུ་འདྲ། །བརྒྱུད་པའི་གདམས་ངག་ཤིན་ཏུ་གཅེས། །ཚིག་གི་ཁ་ཏ་ནེ་ཙོ་འདྲ། །ཉམས་སུ་བླངས་པ་ཤིན་ཏུ་གཅེས། །བློས་བྱས་རྣམ་རྟོག་ན་བུན་འདྲ། །རིག་པ་ཆུན་པ་ཤིན་ཏུ་གཅེས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་འདྲ། །ཟུང་དུ་འཇུག་པ་ཤིན་ཏུ་གཅེས། །འཁྲུལ་པའི་བག་ཆགས་གཅོང་ནད་འདྲ། །ཐོག་ཏུ་འགེལ་བ་ཤིན་ཏུ་གཅེས། །གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །གཅོད་ཡུལ་འདི་གཞན་ལ་སྤེལ་ལམ་མི་སྤེལ་ཞུས་པས། ཁྱོད་ཀྱིས་སྤེལ་བས་མི་འཕེལ་གྱི། །དད་ལྡན་བརྩོན་འགྲུས་ཆེ་བ་དང༌། །དམ་ཚིག་སྲུངས་ཤིང་བློ་ལྡན་རྣམས། །དད་ཅིང་འདུན་ན་བསྟན་པར་མཛོད། །རྐྱེན་གྱིས་བདས་པའི་གང་ཟག་ལ། །ཞལ་གྱི་གདམས་པ་ནན་ཆེར་ཐོབ། །ནད་སོས་ཅི་འགྱུར་ཆ་མེད་པས། །ལག་ལེན་བསྟན་པར་མི་བྱ་འོ། །གང་ཟག་སྣོད་ལ་བརྟགས་པ་ལས། །ནོར་གྱི་ཕྱིར་དུ་བཀའ་མནོས་མིན། །འོན་ཀྱང་ནོར་ལ་བརྟགས་ན་མངོན། །འདི་ཕྱིར་གཏོང་བར་མི་ནུས་ན། །ངེས་པར་སྐལ་དམན་རྨོངས་པའི་རིགས། །འཇུག་སྒོ་ཙམ་ཞིག་མ་གཏོགས་པ། །ཐ་མའི་གདམས་ངག་བསྟན་མི་ བྱ། །བརྟགས་ཤིང་འབྲེལ་ལ་བརྟགས་པར་མཛོད། །བླ་མ་ལ་གུས་སྙིང་རྗེ་ཆེ། ། གཏོང་བ་ཆེ་ཞིང་བློ་ཆེ་བ། །བྱ་བ་བཏང་ཞིང་ཐ་སྙད་མེད། །དེ་ནི་སྐལ་ལྡན་ལས་ཅན་ཡིན། །བསྡུ་བ་ཆེ་ཞིང་གཞན་དོན་བྱེད། །ཅེས་སོ། བཀའ་ཚོམས་ཀྱི་ཞུས་ལན་སུམ་ཅུ་སོ་ལྔ་པ། མཁའ་འགྲོ་མའི་ཐུགས་ཡང་གསང་ཐུགས་ཀྱི་ཉིང་ཁུ་རྫོགས་སོ།། །། ན་མོ་གུ་རུ། མ་གཅིག་ལབ་སྒྲོན་གྱི་ཞལ་ནས། ང་གཉན་ས་རི་ཁྲོད་དགོན་པ་འགྲིམས་ཙ་ན། །གཉིས་མེད་ལྟ་བའི་གདེངས་གིས་གཅོད་པ་ཡིན། །གདོན་གནོད་སྦྱིན་ཆོ་འཕྲུལ་བྱུང་ཙ་ན། །ཕུང་པོ་གཟན་དུ་བསྐྱུར་བ་ཡིན། །ལུས་ལ་ན་ཚ་བྱུང་ཙ་ན། །རིག་པ་རྟེན་དང་ཕྲལ་བ་ཡིན། །གཡའ་གོང་གངས་ཁྲོད་དགོན་པ་འགྲིམས་ཙ་ན། །རོ་སྙོམས་ཀྱི་སྤྱོད་པ་བྱེད་པ་ཡིན། །རང་རེ་གཅིག་པུར་འདུག་ཙ་ན། །མ་ཡེངས་དོན་ལ་ལྟ་བ་ཡིན། །རིག་པ་འཕྲོ་ཞིང་རྒོད་ཙ་ན། །གནས་ལུགས་སྟེང་དུ་འཇོག་པ་ཡིན། །གཏི་མུག་འཐིབ་གསུམ་བྱུང་ཙ་ན། །སེམས་དང་ནམ་མཁའ་བསྲེ་བ་ཡིན། །འཇིགས་པའི་གནས་སུ་ཉལ་ཙ་ན། །སེམས་ཀྱིས་ལུས་འཁྲི་གཅོད་པ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་བྱུང་ཙ་ན། །ཉམས་ལེན་གྲོགས་སུ་འཁྱེར་བ་ཡིན། །སྙེམས་དང་རྟོགས་པ་བྱུང་ཙ་ན། །དེ་ཡི་སྟེང་དུ་བསྐྱུར་བ་ཡིན། ། མི་གཙང་འགོ་འཛོམས་བྱུང་ཙ་ན། །མཛེ་ཀླད་དྲོན་མོ་ལྡག་པ་ཡིན། །གཉིས་མེད་ལྟ་བས་གཅོད་ཙ་ན། །ལྷ་འདྲེ་རང་སར་གྲོལ་བ་ཡིན། །བསྒོམས་པས་ཉམས་སུ་ལེན་ཙ་ན། །རྣམ་རྟོག་ཐོག་རྫིས་བྱེད་པ་ཡིན། །རྟོག་མེད་སྤྱོད་པ་བྱེད་ཙ་ན། ། མཛེ་ཀླད་དྲོན་མོ་འཐུང་བ་ཡིན། །སྐུ་གསུམ་འབྲས་བུ་ཚོལ་ཙ་ན། །ཐེ་ཚོམ་མདུད་པ་དཀྲོལ་བ་ཡིན། །རྐྱེན་ངན་གྲོགས་སུ་འཁྱེར་ཙ་ན། །ལྟས་ངན་གཡང་དུ་ལེན་པ་ཡིན། །རྒྱལ་ཁམས་ཕྱོགས་མེད་བསྐོར་ཙ་ན། །ཕ་ཡུལ་གྱི་འཁྲི་བ་གཅོད་པ་ཡིན། །» «མཛེ་སྤྲང་སློབ་དཔོན་བྱེད་ཙ་ན། །བྱམས་དང་སྙིང་རྗེ་སྒོམ་པ་ཡིན། ། ཡིད་ཆེས་གཙོ་བོར་འཛིན་ཙ་ན། །ཐེ་ཚོམ་མདུད་པ་བཀྲོལ་བ་ཡིན། །ལོངས་སྤྱོད་གཡང་ལ་བསྐྱུར་ཙ་ན། །ཕྱོགས་མེད་དུ་ཟས་ངན་ཟ་བ་ཡིན། །རིགས་དྲུག་གཡང་ས་གཅོད་ཙ་ན། །བདུད་བཞིའི་དཔུང་རྣམས་འཇོམས་པ་ཡིན། །གནས་ལུགས་སྟེང་དུ་བཞག་ཙ་ན། །གཉིས་མེད་རང་སར་གྲོལ་བ་ཡིན། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ངོ་བོ་སེམས་སུ་འདུས་པ་ཡིན། །གེགས་སེལ་ཉི་ཤུ་རྩ་གཅིག་འདི། །» «མ་ཅིག་ལབ་ཀྱི་སྒྲོན་མ་ཉིད་ཀྱིས་གསུངས་པ་ཡིན། འདི་ལ་གཟིགས་ཤིང་སེམས་ལ་ལྟོས། །འདི་ལྟར་ཁེལ་ན་ཆོས་པ་ཡིན། །མ་གཅིག་གི་བཀའ་ཚོམས་ཆེན་མོ་རྫོགས་སོ།། །།མངྒལ།། ཤུ་བྷཾ། དགེའོ།། «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽མ་གཅིག་གི་བཀའ་ཚོམས།»- PAGE 310 -- PAGE 309 -- PAGE 291 -