volume 011 359

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 12:00, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search


༄༅། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཞུགས་སོ། །

«རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་སངས་རྒྱས་རིག་པའི་ཀློང་ཡངས་སུ། །སྣང་སྲིད་འཁོར་འདས་ཆོས་ཀུན་རྣམ་དག་པ། །ཀུན་བཟང་དབྱེ་བ་མེད་ལ་ཕྱག་འཚལ་ཏེ། །བརྟུལ་ཞུགས་དབང་བསྒྱུར་སྤྱོད་པའི་མན་ངག་བསྟན། »།«སློབ་དཔོན་ཆེན་པོ་བི་མ་ལས་རྣམ་རྟོག་ཐོག་རྫིས་སུ་སྤྱོད་པའི་མན་ངག་གསུངས་པའི་དོན་གཅིག་ཏུ་བསྡུས་ཏེ་ཉམས་སུ་བླང་བ་ལས། རང་གནད་ངེས་པ་གསུམ་ལས། ཕྱི་ཡུལ་གྱི་རང་གནད་དུར་ཁྲོད་མཚོ་གླིང་དང་ཆུ་མདོ་དང་རི་ལ་སོགས་པ་འཇིག་རྟེན་གྱི་ལྷ་འདྲེ་གནས་སར་ཕྱིན་ལ། འདི་འཇིག་སྙམ་པ་ཞིག་ཏུ་བསྡད་དེ། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པ་བྱས་ལ། ནང་སེམས་ཀྱི་གནད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བསམས་ནས། ཕུང་པོ་དུམ་བརྒྱ་དུམ་སྟོང་དུ་བགོས་ལ་བྱིན་ནས་ཚོགས་སུ་བསྔོའོ། །ཕྱོགས་ཕྱོགས་གཏོར་ལ། རྡུལ་ཆ་ཙམ་ཡང་མ་ལུས་པར་བསམ་མོ། །གནས་ལུགས་ཉམས་ལེན་གྱི་གནད་གང་ཡང་མི་བསམ་ཅི་ཡང་མི་དམིགས་པའི་ངང་ལ་གློད་ནས་ཉལ་བས། དངོས་དང་གཟི་བྱིན་རྨི་ལམ་གསུམ་གྱི་ཆོ་འཕྲུལ་འབྱུང་སྟེ། དེ་ཀ་དཔྱད་བྱའི་དོན་དུ་ཤར་བས། རང་གི་སེམས་ཀྱིས་བརྟགས་ཤིང་སེམས་ལ་སྣང་བ་ལས་གཞན་མ་ཡིན་སེམས་ཉིད་གདོན་དུ་ཤར། ལྷར་ཤར། འཁོར་འདས་སུ་ཤར་ཡང༌། རང་ངོ་ལ་བལྟས་པས་སྟོང་སངས་གཏད་ཡལ་ནམ་མཁའ་ལྟ་བུ་མཐོང་སྟེ། ལྷ་མེད་འདྲེ་མེད་ཀྱི་རིག་པ་རྗེན་པར་མཐོང་བས། དཔྱད་བྱ་དོན་གྱི་སྙིང་པོ་མཐོང་བ་ཞེས་བྱའོ། །དེའི་དུས་སུ་ཆོ་འཕྲུལ་ཅི་ཙམ་ཆེ་ཡང་རང་རྩལ་ངར་བསྐྱེད་ལ་གཏད་པས། མི་སྤངས་ལ་མི་གནས་པར་རང་ཞི་སྟེ། ཚར་ཚད་ཟས་ནོར་སྟེར་བ་ལ་སོགས་དངོས་སམ་རྨི་ལམ་དུ་འབྱུང་ངོ༌། །གཉན་སར་རིག་པ་ལྷོངས་དུས། ཆགས་སྡང་ཟུག་གཟེར། ནད་གདོན་གྱི་ཟིངས་ཐམས་ཅད། རྗེན་རྗེན་ངོས་བཟུང་བའི་ངང་དེར་མདུང་ཚུགས་སུ་ཉམས་སུ་བླངས་པས། སྔར་གྱི་ལམ་ཁྱེར་རྗེན་ལ་ཕུད་ནས་རྡོ་རུས་ཐུག་པ་ཞིག་འོང་ངོ༌། །དེ་ནས་གང་དུ་ཕྱིན། གང་དུ་འདུག་ཀྱང༌། སྟོང་གསལ་རྗེན་པའི་རིག་པ་ཟང་ཀར་མཐོང་བས། ཆོས་གོ་ཕྱིར་མ་ཤོར་བར་རྒྱུད་ལ་ཁེལ་བ་ལགས་སོ། །གཉན་ས་ན་འགྲོ་དུས། གཏོར་མ་བྱིན་ནས་«བསྔོ«་བ་བྱས་པས། གཞི་བདག་སྟོངས་གྲོགས་སུ་འཆར་ཞིང་ཅི་བསམ་ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །འདི་ནི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་གྱི་གྲོགས་སུ་སྐབས་སུ་བྱ་བ་ཤིན་ཏུ་གཅེས་སོ། །ཕྱི་ཡུལ་སྣང་ལམ་སློང་གི་སྤྱོད་པའོ། །ནང་རིག་པ་ལམ་སློང་གི་སྤྱོད་པ་ལ་གནད་གསུམ་ལས། དང་པོ་རབ་ཏུ་དབེན་པའི་ལུང་སྟོང་དུ་སོང་ལ། ལུས་ཀྱི་གནད་གཅེར་བུར་ཕྱུང་ལ། སྔ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་པར་བསམས་པའི་སྤྱི་བོར་ལྃ། དཔྲལ་བར་ཨེ། མགྲིན་པར་ཁྃ། ལྐོག་མར་སུ། སྙིང་ནང་དུ་ཧཱུྃ། ནུ་མར་ཧ། ལྟེ་བར་རྃ། རྐང་མཐིལ་དུ་ཡྃ་རྣམས་བསམས་ལ། ལུས་མཆོངས་པ་དང༌། རྒྱུག་པ་དང༌། ཉལ་བ་དང༌། ལང་བ་ལ་སོགས་པ་འགྲོ་དྲུག་གི་སྤྱོད་པ་སྣ་ཚོགས་བྱ། ངག་གི་གནད་དེ་དག་དང་བསྟུན་ལ་ཆགས་སྡང་དང༌། ངོ་ཚ་བ་དང༌། ཆོས་མ་ཡིན་པ་དང༌། དུད་འགྲོ་སྣ་ཚོགས་པའི་སྐད་དང་གླུ་དང་ངུ་བ་ལ་སོགས་པ་བྱ། སེམས་ཀྱི་གནད་ཆགས་སྡང་དགག་སྒྲུབ། ཉོན་མོངས། བསྐྱེད་རྫོགས། སྐྱིད་སྡུག་ལ་སོགས་པ་སྣ་ཚོགས་སུ་སྤྲོས་ལ། དེ་མ་ཐག་རང་ངོ་ཅེར་ཅེར་བལྟས་པས། རྗེས་མེད་དུ་བུན་བུན། འཛིན་མེད་དུ་སངས་སངས་བ་འབྱུང༌། ལུས་ངག་ཡིད་གསུམ་གྱི་གནད་སྤྲུག་ལ་ཉིན་མོ་ཉམས་སུ་»བླ«ང་ཞིང་མཚན་མོ་བདེ་བའི་མལ་དུ་ལུས་མི་འགུལ། ངག་མི་བརྗོད། སེམས་མི་རྟོག་པར་ཉལ་ལ། ཡང་སང་ཉིན་སྔ་མ་ལྟར་སྤྱད། རང་ཉིད་དུག་ལྔ་གང་རགས་པ་དེ་གཙོ་བོར་བཟུང་ལ་ཚར་བཅད་པས་རྗེས་མེད་རང་ཡལ་དུ་གྲོལ་ལོ། །དེ་ལྟར་དགག་སྒྲུབ། ཆགས་སྡང་རེ་དོགས། བླང་དོར་གང་བྱུང་བ། ད་ལྟར་གནས་པ། ཕྱིས་འབྱུང་བ་ཐམས་ཅད་དྲན་པས་བསླངས་ལ། སྐད་ཅིག་མ་རང་ངོར་རྗེན་པར་བལྟ་ཞིང༌། རང་ཤར་རང་གྲོལ་དུ་ཕྱལ་ཕྱལ་རྩལ་སྦྱངས་པས། དྲན་རྟོག་ཐམས་ཅད་ཝལ་པོ་རྗེས་མེད་དུ་གཏད་ཡལ་ནས། ལུས་སེམས་དང་བར་སྣང་འདྲེས་པ་མཉམ་པ་དང། མེད་པ་མཉམ་པ་དང༌། ཕྱམ་ཡས་པ་མཉམ་པའི་ཉམས་འབྱུང་ཞིང༌། ཆགས་སྡང་དང་དགག་སྒྲུབ་ཐམས་ཅད་དུས་འདིར་ཞིག་ནས་ལས་ཅན་ཁ་ཅིག་དེ་ཉིད་དུ་གྲོལ་བ་དེ་ཡོད་པར་ཡང་གསུངས་སོ། །» «སྤྱོད་པ་འདི་འཁོར་འདས་རུ་ཤན་ཕྱེད་པ་ཞེས་བྱ་སྟེ། དགེ་སྦྱོར་གྱི་རྩལ་སྦྱོང་དང་བོགས་འབྱིན་གྱི་གནད་གལ་པོ་ཆེ་ཡིན་པས། སྐབས་སྐབས་སུ་དེ་ལྟར་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །དེ་ནི་ཐུག་ཕྲད་རང་གྲོལ་དུ་ལྷོངས་པ་དང༌། རྐྱེན་སྣང་ལམ་དུ་ལྷོངས་པ་དང༌། དྲན་རྟོག་ཆོས་ཉིད་དུ་ལྷོངས་པ་དང༌། གང་བསམ་བསམ་གཏན་དུ་འགྱུར་བ་དང༌། དངོས་འཛིན་འཁྲུལ་བ་འཇིག་པ་དང༌། ཀ་དག་བཙན་ས་ཟིན་པ་ལ་སོགས་པ་ཡོན་ཏན་དུ་མ་བྱེད་དོ། ཨེ་མ་ཧོ། ཆོས་ཉིད་རང་བཞིན་རྡོ་རྗེ་སྙིང་པོའི་ཆོས། །མངོན་སུམ་སྙིང་ཏིག་ཟབ་མོའི་གནད་བསྡུས་ནས། ཕྱི་རབས་དོན་དུ་གསལ་བར་བཀོད་པ་ཡིས། །མ་ལུས་འགྲོ་ཀུན་མངོན་པར་སངས་རྒྱས་ཤོག» «།ཆོས་ཚུལ་ཞི་བ་སྤྲིན་ཆེན་སྙིང་པོ་ ལས། །བདུད་རྩིའི་ཆར་གྱིས་འགྲོ་བ་བསིལ་བར་ཤོག» «།རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བྱ་བ། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།དགེའོ། ། དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༡༽རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ།

»-PAGE 268--PAGE 269--PAGE 267-