volume 011 350

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


༄༅། །འོད་གསལ་སྙིང་པོ་བཞུགས་སོ། ། འོད་གསལ་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་སྐུ་བྱང་ཆུབ་སྤྲཽས་དང་བྲལ་བའི་ཀློང༌། །ཡེ་ནས་ལྷུན་གྲུབ་མངོན་པར་འདུས་མ་བྱས། །གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ། །རླུང་རིག་རྣམ་པར་དག་པས་ཕྱག་འཚལ་ལོ། །གཞི་ལས་གདངས་ཤར་ལམ་དུ་མངོན་སྣང་བ། །མི་འགྱུར་མཉམ་པའི་གཟེར་ཆེན་བཏབ་པ་ཡིས། །གདོད་མའི་དབྱིངས་སུ་ཟད་བའི་སར་ཕྱིན་པ། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཉི་ཟླས་བརྒྱན་པའི་རིན་ཆེན་ཁང་པ་ན། །འོད་གསལ་རྡོ་རྗེ་སྙིང་པོ་མཆོག་བཞུགས་པས།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཉིད་དེ། །སྟོང་གསལ་རིག་པའི་སྙིང་པོར་ལྷུན་གྱིས་གྲུབ། །གདངས་གསུམ་ངང་ལས་རིག་པའི་གནས་ཚུལ་ནི། །ངོ་བོ་སྐུར་གནས་ཆོས་སྐུ་སྟོང་པའི་གདངས། །དྲན་བསམ་སྤྲོས་དང་བྲལ་བའི་ཚེ་ན་མངོན།། རང་བཞིན་འོད་གནས་ལྷུན་གྲུབ་གཏིང་གསལ་གདངས། །དབྱིངས་སྣང་ཁ་དོག་ཕྱིར་གསལ་ཚེ་ན་མངོན། ། ཐུགས་རྗེ་རིག་གནས་འཆར་ཚུལ་མ་འགགས་གདངས། །ཤར་གྲོལ་རིས་མེད་རང་ཡལ་ཚེ་ན་མངོན། །ཕྱི་གསལ་དེ་བཞིན་ཉིད་དུ་འང་དེ་བཞིན་ཏེ། །རྩ་རྣམས་ནང་ན་གདངས་གསུམ་རང་སྣང་བས། །ནང་གི་ཤེས་པ་སྟོང་དང་གསལ་དང་འགྱུ། །རང་བཞིན་ངང་དུ་བལྟས་ཚེ་མངོན་པ་ཡིན།། དེ་ཉིད་དོན་ལ་ཇི་ལྟ་བསྒོམས་པ་ཡང༌། །ལྟ་སྟངས་གཟིགས་སྟངས་རླུང་སེམས་དལ་བ་ཡིས། །མི་གཡོ་གསུམ་ལྡན་རླུང་རིག་མཁའ་ལ་གཏད། །རང་ལ་སྣང་བ་འོད་ཀྱི་ར་བ་ན། །རིག་གདངས་རྒྱལ་པོ་རྡོ་རྗེ་ལུ་གུ་རྒྱུད། །འགུལ་འཕྲིགས་མེད་པར་བཙོན་དུ་བཟུང་བར་བྱ། །དེ་ཚེ་རང་རིག་གདངས་གསུམ་རང་གསལ་བཞུགས། །ངོ་བོའི་གདངས་ལ་སྟོང་གསལ་དམིགས་འཛིན་མེད། །རང་བཞིན་རང་གདངས་དབྱིངས་རིགས་རང་ངོར་གསལ། །ཐུགས་རྗེའི་རིག་གདངས་ཤར་གྲོལ་གཉེན་པོ་ཞིག །རང་ཡལ་རྗེས་མེད་ངང་ལ་གནས་པ་ཡིན། ། གདངས་གསུམ་དུ«ས»་གཅིག་རྟེན་འབྲེལ་མཐུན་པའི་ཚེ། །རང་བྱུང་འོད་གསལ་དགོངས་ཀློངཡངས་པ་ཡིན། །ཕྱི་རུ་སྣང་བའི་རང་གདངས་སྣང་བའི་ཚེ། །ནང་དུ་རིག་པ་ཀ་དག་ཆོས་ཟད་ཀློང༌། །དྲན་རྟོག་ཡིད་ལ་བྱེད་པའི་ཆོས་མེད་པར། །མཁའ་བཞིན་མི་རྟོག་རྒྱལ་བའི་དགོངས་པར་གནས། །རླུང་སེམས་རང་དག་སྣང་བ་འཛིན་མེད་གསལ། །འདི་ནི་ཐོད་རྒལ་སྙིང་པོའི་མན་ངག་ཡིན། ། དགེ་བས་འགྲོ་ཀུན་འོད་ལུས་དག་པར་ཤོག །འོད་གསལ་སྙྀང་པོ་ཞེས་བྱ་བ། ། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ། སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཟབ་མོ་ཡང་ཏིག«འོད་གསལ་སྙིང་པོ།

»-PAGE 196-- PAGE 195 -

-PAGE 194-