volume 011 343

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


༄༅། ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་བཞུགས་སོ། །

«གསང་བ་བླ་ན་མེད་པའི་ཁྲིད་ཀྱི་ཡི་གེ་ཆེན་མོ་སངས་རྒྱས་མཉམ་སྦྱོར་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་ཆོས་སྐུའི་མཁའ་དབྱིངས་ལས། །ལྷུན་གྲུབ་འོད་གསལ་གཟུགས་སྐུའི་དཀྱིལ་འཁོར་རྒྱས། །མཛད་པའི་ཟེར་གྱིས་གདུལ་བྱའི་པད་མཚོ་འཛུམ། །ཀུན་བཟང་ཆོས་རྗཻ་བླ་མའི་ཞབས་ལ་འདུད། །རིམ་དགུའི་རྩེ་མོ་མངོན་སུམ་འོད་གསལ་ལམ། །རིག་འཛིན་བླ་མ་འོད་སྐུར་གཤེགས་རྣམས་ཀྱི། །རྗེས་སུ་འཇུག་འདོད་སྐལ་ལྡན་དོན་ཆེད་དུ། །གསང་བ་བླ་མེད་དོན་ཁྲིད་ཆེན་མོ་སྤྲོ། ། དེ་ལ་འདིར་བཀའ་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩེ་མོ། མན་ངག་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག» །«གསང་བ་བླ་ན་མེད་པའི་གདམས་ངག་གནད་ཐོག་ཏུ་འབེབས་པར་བྱེད་པ་ལ་གཉིས་ཏེ། བླ་མ་བརྒྱུད་པའི་སྒོ་ནས་ཡིད་ཆེས་བསྐྱེད་པ་དང༌། མན་ངག་གི་སྒོ་ནས་ཉམས་སུ་བླང་བའོ། །དང་པོ་ནི་ཆོས་ཀྱི་དབྱིངས་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། དཔལ་ཀུན་»ཏུ་«བཟང་པོ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་བཞེངས་པའི་རིགས་ལྔའི་སངས་རྒྱས་དང༌། དཔལ་དྲུག་པ་རྡོ་རྗེ་འཆང་ལ་རང་བཞིན་གྱི་བྱིན་གྱིས་རླབས་ཀྱིས་བཤད། དེས་ཐུབ་པ་སྤྲུལ་པའི་སྐུ་དཔལ་རྡོ་རྗེ་སེམས་དཔའ་དང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འོག་མིན་གྱི་གནས་སུ་རང་གི་ངོ་བོས་གསུང༌། དེས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སྤྲུལ་པའི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། དེས་རྒྱ་གར་དབུས་འགྱུར་འོད་མའི་ཚལ་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲ་ལ་མངོན་སུམ་རང་ཐོག་ཕབ་ནས་གསུངས། དེས་བྱར་གྱི་ཕུ་ཕག་དཀར་ཐེམ་པ་དང་འདྲ་བའི་རྩར་སྣང་བྱེད་འོད་ཀྱི་ལུས་སུ་གཤེགས་པའི་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་མངོན་སུམ་རང་གནད་ལ་ཕབ་ནས་གསུངས། དེས་རྟ་ནག་ཟམ་ཁར་སྤྲུལ་པའི་སྐུ་རྒྱལ་བ་ཞང་ཆེན་པོ་ལ་དོན་སྐུ་གསུམ་དབྱེར་མེད་དུ་གཏན་ལ་ཕབ་ནས་གསུངས། དེས་སྤྲུལ་སྐུའི་བཞུགས་གནས་སྒོམ་ཁང་དུ་མཁྱེན་པའི་མངའ་བདག་ཞང་ཉི་འབུམ་ལ་འཁོར་འདས་ཆིག་རྫོགས་སུ་གཏན་ལ་ཕབ་ནས་གསུངས། དེས་དཀྱིལ་ཁང་དཔལ་གྱི་གནས་མཆོག་ཏུ། ངེས་དོན་བརྒྱུད་འཛིན་གུ་རུ་ཇོ་འབེར་ལ་ཡིད་དཔྱོད་བློ་དང་ཕྲལ་ནས་གསུངས། དེས་གྲོ་བོ་འོན་པ་ཕུར་ཐུགས་རྗེ་ཆེན་པོས་ལུང་བསྟན་ཞིང་རྩོད་མེད་འཁྲུལ་པ་ཞིག་པའི་དྲིན་ཅན་སངས་རྒྱས་བླ་མ་ལ། དགེ་སྡིག་སྐྱོན་ཡོན་ལས་འདས་པའི་ངོ་བོ་རྗེན་པར་གསུངས། དེས་གདན་ས་དཔལ་གྱི་སེངྒེ་རྒྱབ་ཏུ་གྲུབ་ཆེན་ཟླ་བ་མུན་སེལ་ལ་སྟོང་སྒོམ་མུན་རྡོ་དང་ཕྲལ་ཏེ་འོད་གསལ་སྙིང་པོ་ལྔ་ལྡན་དུ་བསྟན་ནས། སེམས་ཅན་མཐར་ཟད་མིང་མེད་དུ་ལ་བཟླ་བའི་ཚུལ་གྱིས་གསུངས། དེས་སྒྲ་ཕུ་དཔལ་གྱི་ཡང་རྫོང་དུ་འོད་གསལ་རྒྱུན་ཆད་མེད་པའི་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་ལ་ཆོས་ཟད་བློ་འདས་ཆེན་པོར་གསུངས། དེས་སྐྱམས་ཕུ་དཔལ་གྱི་དགེ་སྡིངས་སུ་རིག་སྟོང་ཆོས་སྐུ་རང་མལ་དུ་རྟོགས་པའི་རྣལ་འབྱོར་བ་སྣ་ཚོགས་རང་གྲོལ་ལ་གཞི་རྫོགས་འཕོ་འགྱུར་མེད་པར་གསུངས་སོ། ། ༈ དོན་གཉིས་པ་མན་ངག་གི་སྒོ་ནས་ཉམས་སུ་བླང་བ་ལ། གང་ཟག་ཇི་ལྟ་བུ«ས«་ཉམས་སུ་བླང་བ་དང༌། མན་ངག་དངོས་གཉིས་ལས། དང་པོ་ནི། བྱ་བ་དགུ་ཕྲུགས་སུ་བཏང་ནས་དལ་བ་བརྟེན་པ་གཅིག་གིས་བསྒྲུབ་སྟེ། ཁྱུང་ཆེན་ལས། བྱ་བྲལ་གླན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། མན་ངག་དངོས་ལ་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་བའི་མན་ངག །འབྲིང་བར་དོར་སངས་རྒྱ་བའི་མན་ངག» «།ཐ་མར་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་སྐྱེས་ནས་བར་དོ་མེད་པར་སངས་རྒྱ་བའི་མན་ངག་གོ» «། དང་པོ་ལ་གཞི་ཁྲེགས་ཆོད་དང༌། ལམ་ཐོད་རྒལ་གཉིས་ལས། ཁྲེགས་ཆོད་ནི། གང་ཤར་ལྟོས་མེད་ཀྱི་ཤེས་པ་གཉེན་པོའི་བློ་དང་བྲལ་བ་དང༌། ཐོད་རྒལ་ནི། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པའི་གསང་སྒོ་ཕྱེ་སྟེ། ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ། ནང་གི་དབྱིངས་རྣམ་པར་དག་བའི་སྒྲོན་མ་རིག་པ་ལུ་གུ་རྒྱུད་དང་བཅས་པ་འཆར་བའི་དགོངས་པ་ཉམས་སུ་ལེན་པ་ལས། འདིར་དེ་གཉིས་ཕྱོགས་གཅིག་ཏུ་བསྡེབས་ཏི་ཁྲིད་དུ་བྱ་བ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང༌། དངོས་གཞི་ངོ་སྤྲད་དེ་རྒྱུད་ལ་ཇི་ལྟར་བརྟེན་པའི་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། སྔོན་འགྲོ་དངོས་དང༌། རྣལ་དུ་ཕབ་པའོ། དང་པོ་ལ་གསུམ་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ནི། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་ཡིན། ཞེས་གསུངས་པས། དབེན་པར་ལུས་ཀྱི་ཆ་བསྲངས་ཏེ། རྐང་པའི་མཐིལ་གཉིས་སྤྲད། ལག་པ་མགོ་ལ་མ་རེག་པར་ཐལ་མོ་སྦྱར་ཏེ། རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་གཅིག་ཏུ་བསམས་ལ་ཉམས་སུ་བླང་ངོ༌། །དེ་ལྟར་བྱས་པས་རྟགས་ནི། དང་པོ་ལུས་ཀྱི་ཤ་རུས་འགྱུར་ཞིང་ན་བ་ལ་སོགས་པ་འབྱུང༌། དེ་ནས་ལུས་ཁང་རུལ་ཞིག་པའི་རྣམ་པ་ལྟར་ཤིག་ཤིག་པའམ། འབོལ་ཤིག་པ་འབྱུང་ངོ༌། །དེ་ལྟར་བྱས་པའི་དགོས་པ་གཉིས་ཏེ། ཐུན་མོང་དང༌། མཆོག་གོ» «།དང་པོ་ནི། ལུས་ལ་མངོན་ཞེན་ལོག་པ་དང༌། བར་ཆད་ཞི་བ་དང༌། དེ་གཉིས་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ལུས་ཕྱིས་མངལ་གྱི་གྲོར་ཁྱེར་དུ་མི་འཇུག་པ་དང་སྤྲུལ་པའི་སྐུར་གྲོལ་བ་དང༌། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཀྱི་སྐུ་དང་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། ། གཉིས་པ་ངག་གི་སྔོན་དུ་འགྲོ་བ་ཡང༌། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱོང་དང༌། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །ངག་སྦྱངས་སེམས་ལ་ཕན་པ་ཡིན། །ཞེས་གསུངས་པས། རྒྱས་གདབ་པ་དང་རྩལ་སྦྱོང༌། མཉེན་བཙལ་ཞིང་ལམ་དུ་ཞུགས་པ་གསུམ་ལས། རྒྱས་གདབ་པ་ལ་གཉིས་ཀྱི། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། རང་གི་སྣ་བུག་ནས་ཧཱུྃ་གཅིག་ཐོན་གཉིས་ཐོན་ཐོ་ཕྱི་དང་ཡུལ་འཁོར་ཐམས་ཅད་ཧཱུྃ་གིས་གང་བར་དམིགས་ལ། ཧཱུྃ་གི་གླུ་སྙན་ལ་རིང་བ་བླང་ངོ༌། །དེ་ལྟར་བྱས་པས་རྟགས་ནི་སྣང་བ་ཐམས་ཅད་ཧཱུྃ་གིས་གང་བར་སྙམ་པ་དང༌། སྣང་བ་བན་བུན་དུ་འགྱུར་རོ། །དེའི་དགོས་པ་ནི། དངོས་གཞི་ཉམས་སུ་ལེན་དུས་སྣངབའི་དབང་དུ་རིག་པ་མི་འགྲོ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཕྱིའི་ཧཱུྃ་རྣམས་རེ་རེ་ནས་ནང་དུ་སྣ་ནས་ཁོང་དུ་ཐིམ་པར་བསྒོམ་ཞིང༌། ཧཱུྃ་གོང་མ་ལས་ཅུང་ཟད་ཐུང་བར་བརྗོད་པས། རྟགས་ནི་ཧཱུྃ་གིས་ཁོང་བ་གང་བར་སྙམ་པའི་འགྲངས་པས་མི་བདེ་བ་སྙམ་པ་བྱེད་པ་འབྱུང་ངོ༌། །དེའི་དགོས་པ་ནི། དངོས་གཞི་ཉམས་སུ་ལེན་དུས་ཕུང་པོའི་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ནས་རྩལ་སྦྱོང་པ་ལ་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་གིས་མཐོང་དམིགས་ཀྱི་དངོས་པོ་ཐམས་ཅད་རིམ་པས་ཕར་ཐལ་ཚུར་ཐལ་སྐོལ་ལེ་མེད་པར་ཐལ་བར་ཕུག་པར་བསམས་ལ། ཧཱུྃ་དྲག་ལ་ངར་ཆེ་བ་བརྗོད་པས། རྟགས་ནི་སྣང་བ་འདི་སང་སེང་ངམ་ཁྲལ་ཁྲོལ་འཇའ་འཚོན་ལྟར་སྣང་ལ་རང་བཞིན་མེད་པའི་ཉམས་འཆར་རོ། །དགོས་པ་ནི་སྣང་བ་རང་བཞིན་མེད་པར་འབྱོངས་པའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་གིས་རང་གི་ལུས་ལའང་«སྔ«ར་བཞིན་སྦྱོང་བ་སྟེ། རྟགས་ནི་ལུས་ཀྱི་ཤ་སྐོལ་ཚེར་འཕར་བ་དང༌། ཁྲལ་ཁྲོལ་སང་སེང་རང་བཞིན་མེད་པ་སྙམ་པ་འབྱུང་ངོ༌། ། དགོས་པ་ནི། ཕུང་པོ་རང་བཞིན་མེད་པ་འབྱོངས་པའི་དགོས་པ་ཡོད་ དོ། །མཉེན་བཙལ་ཞིང་ལམ་དུ་ཞུགས་པ་ལའང་གཉིས་ལས། རིག་པ་མཉེན་བཙལ་བ་ནི། མདུན་དུ་དམིགས་རྟེན་བཙུགས་ལ། ཧཱུྃ་ཕྲེང་བ་བརྒྱུས་པའམ། ཐག་པ་ལྟ་བུས་དཀྲིས་པ་དང༌། ཡང་རིམ་གྱིས་ཕྱིར་འགྲོ་བ་ལ་སེམས་བཟུང་ཞིང་ཧཱུྃ་སྙན་པར་བརྗོད་པས། རྟགས་ནི། ཤེས་པ་ལྷན་ལྷན་གནས་པ་དང༌། གང་གཏད་དུ་ཟིན་པ་འབྱུང་ངོ༌། །དགོས་པ་ནི་དངོས་གཞི་ཉམས་སུ་ལེན་དུས་རིག་པ་རང་དབང་ཐོབ་བས་དམིགས་པ་གང་དུ་འང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །ལམ་དུ་ཞུགས་པ་ནི། རི་མོ་སྲིན་འགྲོས་ལྟ་བུ་དང༌། རྒྱང་རིང་པོའི་ལམ་མཐོང་ཚད་ན་ཕར་ཕར་ཧཱུྃ་ཞུགས་ནས་སོང་ནས། ལ་ཕར་ལྟོའི་རྒྱབ་དང༌། སྔར་ཕྱིན་པའི་ཡུལ་ཁམས་རྣམས་སུ་འགྲོ་ཞིང༌། རྗེས་ལ་ལུང་སྲོལ་མདའ་ཤར་དུ་ལྟ་བ། ཕུ་ནུབ་ལ་བསྟན་པ་དོག་ཅིང་ཉམ་ང་བ་ནགས་རོང་དང་ཆུ་རྒྱུན་འབབ་པར་ཕྱིན་པས་མཐའ་མེད་པ་ལ་ཧཱུྃ་གཅིག་པུའི་འགྲོ་བར་བསམ་ཞིང་ཧཱུྃ་རིང་ལ་སྙན་པར་བརྗོད་པས། རྟགས་ནི་མངོན་པར་སྐྱོ་བ་སྙམ་པ་དང༌། འབོལ་ཤིག་པ་དང༌། མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །དགོས་པ་ནི་རིག་པ་ཚད་ལ་ཕེབས་པར་བྱེད་དོ། ། དེ་ལྟར་ངག་གི་སྔོན་འགྲོ་བྱས་པ་ལ་དགོས་པ་གཉིས་ཏེ། ཐུན་མོང་དང་མཆོག་གོ» «།ཐུན་མོང་གི་ནི་ངག་གི་མངོན་ཞེན་བཟློག་པ་དང༌། ངག་གི་བར་ཆད་ཞི་བ་དང༌། དེ་གཉིས་ཀྱི་ཐུན་མོང་དུ་ངག་གི་སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ངག་འཁོར་བར་མི་འཇུག་པ་དང༌། ངག་ལོངས་སྐུར་གྲོལ་བ་དང༌། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། ། གསུམ་པ་སེམས་ཀྱི་སྔོན་འགྲོ་ལ། མན་ངག་གི་གནད་བཀྲོལ་བ་དང༌། སྔོན་འགྲོ་དངོས་གཉིས་ལས། དང་པོ་ལ། གང་གཙོ་བ། དཔེ་བསམ་པ། གཅིག་དང་ཐ་དད་བརྟག་པ་གསུམ་ལས། དང་པོ་ནི། ལུས་ངག་སེམས་གསུམ་པོ་འདིའི་གཙོ་བོ་གང་ན་འདུག» «།བྱ་བ་ཅི་དང་ཅི་བྱེད་དུས་སུ་གཙོ་གང་ཆེ་ཞེས་དཔྱད་པས། ཐམས་ཅད་ཀྱི་བྱེད་པ་པོ་སེམས་སུ་རྟོགས་པ་ནི་རྩ་བ་སེམས་ཀྱི་འདྲེ་ཀུན་ངོས་བཟུང་བ་སྟེ། ལུང་ལས། ཡིད་གཙོ་ཡིད་ནི་རབ་ཏུ་མགྱོགས་པ་སྟེ། །ཆོས་རྣམས་ཀུན་གྱི་»སྣ་«ལ་ཡིད་འགྲོ་འོ། །ཞེས་པ་བཞིན་ནོ། ། གཉིས་པ་ནི་འབྱུང་བ་རྣམས་ལས་དཔེ་ཅི་དང་ཅི་འདྲ་བརྟགས་པས། རགས་པའི་ཁ་དོག་དང་མཐོང་དམིགས་སུ་མེད་ཀྱང་འགྱུ་བ་ཙམ་དུ་མ་འགགས་ལ། འཆར་འཆར་འདྲ་བས་རླུང་དང་འདྲ་བར་རྟོགས་པ་ནི། རྟགས་བཞི་དཔེ་ངོ་ཤེས་པ་སྟེ། སྒྲ་རྒྱུད་ལས། རྣམ་ཤེས་རླུང་འདྲ་བྱ་བ་ཡིན། ཞེས་པ་བཞིན་ནོ། །གསུམ་པ་ཕྱི་ཡུལ་ལ་འཆར་རམ། གང་ལ་རྟོག་ཀྱང་རུང་སྟེ། དེའི་དུས་སེམས་དང་ཡུལ་དེ་གཅིག་གམ་ཐ་དད། གཅིག་ན་སེམས་ལྟར་ཡུལ་དེ་མཐོང་བྱ་ལ་སོགས་པར་མི་རུང་བའམ། ཡུལ་ལྟར་སེམས་ཀྱང་མཐོང་ཐོས་ལ་སོགས་སུ་འགྱུར་རོ། །དེ་བཞིན་དུ་ལུས་ངག་སེམས་གསུམ་གཅིག་གམ་ཐ་དད། གཅིག་ན་འང་ཕན་ཚུན་འདྲེས་པས། མཚན་ཉིད་འཆོལ་པར་འགྱུར་ལ། ཐ་དད་ན་སེམས་དེ་ཐ་དད་དུ་བྱ་བ་གང་ན་འདུག» «།ཡང་རྡུལ་ཕྲན་ཆ་མེད་དང༌། སྐད་ཅིག་ཆ་མེད་དུ་བརྟགས་ལ་ཐ་དད་པ་དང༌། གཅིག་པར་བརྟགས་པས་གཅིག་དང་ཐ་དད་མེད་པར་རྟོགས་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་དོན་མཐོང་བ་ནི། ལུང་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། ། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་པ་དང༌། གཅིག་པའང་བློ་ཡིས་བསླད་པ་ཡིན། །དུ་མ་བློ་ཡིས་བསླད་པ་ཡིན། །ཞེས་པ་བཞིན་ནོ། །དམིགས་པ་འདི་གསུམ་གྱི་དང་པོ་གཉིས་བླ་མ་དམ་པའི་འཁྲུངས་ཆོས་ཡིན་ལ། ཕྱི་མ་ནི་བི་མ་ལའི་ཁྲེགས་ཆོད་ཀྱི་རྒྱབ་ཡིག་ལས་སེམས་ཀྱི་ཁང་བུ་བཤིག་པར་གསུངས་པའི་ཆིངས་དེ་འདིར་བཀོད་པ་སྟེ། མེད་ཐབས་མེད་པའི་གནད་དམ་པའོ། །སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་སེམས་ལ་བརྟགས་བྱས་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པ་ལ་བརྟེན་ནས། བརྟག་ལུགས་གསུམ་ལས། དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། སེམས་རླུང་ལྟ་བུ་འདི་ཕྱི་སྣང་བ་ལས་བྱུང་ངམ། ནང་ཕུང་པོ་ལས་བྱུང་ངམ། སེམས་ཁོ་རང་ཇི་ལྟ་བུ་སྙམ་དུ། རིགས་པར་སྣང་བ་རྡུལ་ཕྲན་ཆ་མེད་དུ་ཕྱེ་ལ། བྱུང་ས་གར་འདུག» «།སེམས་སྐད་ཅིག་ཆ་མེད་དུ་དཔྱད་ལ་བྱུང་མཁན་ཇི་ལྟར་ཡིན་བརྟགས་པས། སེམས་སྐྱེ་མེད་རྩ་བྲལ་སྟོང་པར་རྟོགས་ཏེ། སྤྲུལ་པའི་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་དོ། ། ད་ལྟ་གནས་ས་གནས་མཁན་ལ་བརྟག་པ་ནི། དྲན་རྟོག་འཆར་བདོ་བ་འདི་ད་ལྟ་ཕྱི་ནང་བར་གསུམ་གར་གནས་སྔར་བཞིན་བརྟགས་པས། གནས་མེད་རྟེན་བྲལ་དུ་རྟོགས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །ཐ་མ་འགྲོ་ས་འགྲོ་མཁན་ལ་བརྟག་པ་ནི། དྲན་རྟོག་ཡལ་དུས་གར་འགྲོ་བརྟགས་པས། སེམས་རང་འགགས་པ་ཉིད་མེད་པས་འགག་མེད་མཐའ་བྲལ་དུ་རྟོགས་ཏེ། ཆོས་ཀྱི་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་ དོ། ། དེ་ལྟར་སེམས་ཀྱི་སྔོན་འགྲོ་ལ་དགོས་པ་གཉིས་ལས། ཐུན་མོང་གི་དགོས་པ་ནི། སེམས་ཐ་མལ་གྱི་མངོན་ཞེན་བཟློག་པ་དང༌། སེམས་ཀྱི་བར་ཆད་ཞི་བ་དང༌། དེ་གཉིས་ཀྱི་ཐུན་མོང་དུ་སེམས་ཀྱི་སྡིག་པ་འདག་པའོ། ། མཆོག་གི་དགོས་པ་ནི། སེམས་ཕྱིས་འཁོར་བར་མི་འཇུག་པ་དང༌། སེམས་ཆོས་ཀྱི་སྐུར་གྲོལ་བ་དང༌། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་སངས་རྒྱའོ། ། གཉིས་པ་རྣལ་དུ་དབབ་པ་ནི། ལུས་ངག་སེམས་གསུམ་གློད་ལ། ལུས་མི་འགུལ། ངག་མི་བརྗོད། སེམས་མི་རྟོག་པར་བདེ་ལུགས་སུ་ཉལ་ལོ། །དགོས་པ་ལ་གཉིས་ལས། ཐུན་མོང་ནི། ལུས་རྣལ་དུ་ཕབ་པས་བྱང་ཆུབ་ཀྱི་སེམས་རྒྱས། ངག་རྣལ་དུ་ཕབ་པས་བརྗོད་མེད་ཀྱི་དོན་ལ་གནས། སེམས་རྣལ་དུ་ཕབ་པས་མི་རྟོག་པའི་དོན་ལ་རེག་པའོ། །མཆོག་གི་དགོས་པ་ནི། ལུས་རྣལ་དུ་ཕབ་པས་སྤྲུལ་པའི་སྐུ་ལ་རེག །ངག་རྣལ་དུ་ཕབ་པས་ལོངས་སྤྱོད་རྫོགས་པའི་སྐུ་ལ་རེག །སེམས་རྣལ་དུ་ཕབ་པས་ཆོས་ཀྱི་སྐུ་ལ་རེག་པའི་དགོས་པ་ཡོད་དོ། ། གཉིས་པ་དངོས་གཞི་ངོ་སྤྲད་དེ་རྒྱུད་ལ་བརྟེན་པའི་ཚུལ་ལ་གཉིས་ཏེ། གཞི་ཁྲེགས་ཆོད། ལམ་ཐོད་རྒལ་ལ་ངོ་སྤྲད་པའོ། །དང་པོ་ནི། ཚོགས་གཏོར་བཤམ་བརྒྱུད་པའི་བཤར་གདབ། རང་རིག་ལ་ཅེར་གྱིས་བལྟས་ཏེ་ཆོས་ཟད་བློ་འདས་ཆེན་པོའི་དགོངས་པ་ལ་གསལ་གདབ་པའི་རྗེས་ལ། ད་ནི་དབང་པོ་ཡང་རབ་མ་བསྒོམས་པར་སངས་རྒྱ་བ་ཁྲེགས་ཆོད་ཡེ་ཡིན་ཀ་དག་ཆེན་པོའི་དགོངས་པ་ལ་ངོ་སྤྲད་པར་བྱ་སྟེ། འདི་ལ་མཚོན་ཚུལ་མང་ཡང་སྤྲུལ་པ་སྐུ་ཡི་འདས་རྗེས་ཀྱི་སྒོ་ནས་ཚིག་གསུམ་གནད་དུ་བསྡེགས་པ་རང་གྀ་རིག་པ་ཆོས་སྐུ་དྲི་མ་མེད་པར་ངོ་སྤྲད་པ་ལ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་གཅད་པ། གད»ི«ང་གྲོལ་ཐོག་ཏུ་བཅའ་བ་དང་གསུམ་ལས། དང་པོ་ནི། རང་རིག་ཡེ་སྟོང་རྩལ་བྲལ་དཔེ་ནམ་མཁའ་ལྟ་བུ་ཕྱི་ནང་བར་མེད་ཟང་ཐལ། སལ་ལེ་བ། སེང་ངེ་བ། ཧྲིག་གེ་བ། སང་ངེ་བ། ངོ་བོ་མ་གྲུབ་པ། གདངས་མ་འགགས་པ་འདི་ཉིད་ཐོག་མའི་ཀ་དག་ཆོས་སྐུ་རིག་སྟོང་རྗེན་པ་ཡིན་ཏེ། གསང་བའི་སྒྲ་རྒྱུད་ལས། སྔ་ཕྱིའི་དྲན་རྟོག་མེད་པ་ཡི། རིག་གེ་སང་ངེ་གསལ་ལེ་བ། ད་ལྟའི་ཤེས་པ་འདི་ཉིད་ལ། ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ༌། །ཞེས་གསུང་པས། ད་ལྟའི་རིག་པ་རང་བབས། དྲན་བསམ་སྔ་ཕྱིའི་འཕྲོ་འདུ་ཐ་མལ་གྱི་བཟང་རྟོག་ངན་རྟོག་གང་གི»ས«་ཀྱང་མ་བསླད་པ་འདི་ལ་ལྟོས་དང༌། སལ་ལེ་བ་ལ་རྟོག་པ་མེད་པ། རྟོག་པ་མེད་པ་ལ་སལ་ལེ་བ་ཞིག་འདུག་པ་འདི་ངོས་བཟུང་དང༌། ཆོས་སྐུ་ཟང་ཐལ་རྗེན་པའི་ངོ་བོ། སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བློ་ཡི་དྲི་མས་མ་གོས་པའི་ཀ་དག» «།ཉམས་ཀྱི་ཞེན་པས་མ་བཅིངས་པའི་ཡེ་གྲོལ། གཏན་ནས་ཡེ་སངས་རྒྱས་པའི་ཆོས་སྐུ། རིག་པ་གཅེར་བུ་ལྷིངས་པ་འདི་ཁོ་ན་རང་ཐོག་ཏུ་ངོ་སྤྲད་པའོ། །ཐག་གཅིག་ཐོག་ཏུ་གཅད་པ་ནི། ད་ལྟ་ངོ་སྤྲད་ཐོག་གི་ངང་ལ་མ་ཡེངས་པར་འཇོག་པ་ཉིད་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་མ་བསྒོམས་ལྷུན་གྲུབ་ཆེན་པོར་ངོ་ཤེས་ཐག་ཆོད་ཡིད་ཆེས་པས། རིག་པར་རང་གསལ་ཀློང་ཡངས་ཆེན་པོར་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་བ་བར་མེད་ཀློང་ཡངས་ཆེན་པོར་འཇོག་པ་ཙམ་ལས། དྲན་བསམ་ཡིད་ལ་བྱེད་པའི་སྒོམ་རྒྱུ་རྡུལ་ཙམ་ཡང་མེད་དོ། །ཤེས་པ་རང་བབས་སུ་གློད་པ་ཉིད་ཆོས་སྐུ་རང་མལ་དུ་གནས་པའི་དགོངས་པ་སྟེ། རང་བཞིན་སྐྱེ་བ་མེད་པ་ནམ་མཁའི་ངང༌། །ཀ་དག་ཆོས་སྐུ་ཡིད་ལ་བྱར་མེད་པ། །འདི་ལྟ་འདི་སྒོམ་མེད་པའི་ངང་ཉིད་ལ། །རང་བབས་བཅོས་བསླད་བྲལ་བར་ལྷུན་གྱིས་ཞོག» «། རིག་པ་ཟང་ཐལ་རྗེན་པའི་ངང་ལ་བསྒོམ་མེད་དུ་སལ་ལེ། རྩ་བྲལ་ཡེ་ཤེས་ལྷུག་པའི་ངང་ལ་རྩོལ་མེད་དུ་སལ་ལེ། གང་ལའང་གཟའ་གཏད་མེད་པའི་ངང་ལ་འཛིན་མེད་དུ་སང་ངེ༌། ཕྱལ་པ་བར་མེད་རྒྱ་ཡན་གྱི་ངང་ལ་སྟོང་གསལ་དུ་ཕྱལ་ལེ། སྒོ་ལྔ་ཧར་སངས་འཛིན་མེད་ཀྱི་ངང་ལས་རྒྱ་གྲོལ་དུ་ཕྱལ་ལེ། རང་བབས་གཉུག་མ་ལྷུན་གྲུབ་ཆེན་པོའི་ངང་ལ་བདེ་གདལ་དུ་ཤིགས་སེ་ཞོག་ ཅིག» «།སྟོང་གསལ་ཡངས་པ་ནམ་མཁའ་བཞིན་དུ་ཞོག །རང་གསལ་འཛིན་མེད་ཉི་མ་བཞིན་དུ་ཞོག» «།མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག» «།འཕོ་འགྱུར་མེད་པ་རི་བོ་བཞིན་དུ་ཞོག» «།སལ་ལེ་སེང་གེ་སྟོང་གསལ་གྱི་ངང་ལ་ཞོག» «།འབོལ་ལེ་ཤིག་གེ་ལྷོད་དེ་རང་གནས་ཀྱི་ངང་ལ་ཞོག །ཕྱེད་དེ་བུན་ནེ་སང་ངེ་བདེན་མེད་ཀྱི་ངང་ལ་ཞོག» «ཁྱབ་བེ་གདལ་ལེ་ཆོས་ཉིད་ཀྱི་ངང་ལ་ ཞོག» «།སྟོང་ངེ་མེར་རེ་ཁྱིལ་ལེ་རང་བབས་ཀྱི་ངང་ལ་ཞོག» «།མི་སྤྲོ་མི་བསྡུ་མི་ཡེངས་མི་བསྒོམ་རྩ་བྲལ་གྱི་ངང་ལ་ཞོག» «།རྟོག་མེད་དུ་སེང་ངེ༌། བདེན་མེད་དུ་བུན་ནེ། རྩོལ་མེད་དུ་ཤིགས་སེ། རྗེས་མེད་དུ་ཝལ་ལེ། སྒོམ་མེད་དུ་ཁྲེས་སེ། རང་གནས་སུ་ལྷོད་དེ། དགོངས་པ་ཐུན་མཚམས་ལས་འདས་པ། མ་བསྒོམས་ལྷུན་གྲུབ་ཆེན་པོའི་བསམ་གཏན། རིག་སྟོང་ཆོས་ཟད་ཀ་དག་གི་རང་མལ་དུ་ཐག་བཅད་པའོ། ། གད»ི«ང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟར་བཞག་པའི་ངང་ལས་གློ་བུར་གྱི་དྲན་བསམ་འཆར་སྒོ་མ་འགགས་པ་ཅི་ཤར་ཡང༌། སྣ་མི་བསྐྱིལ་རྗེས་མི་འབྲང༌། གཉེན་པོས་མི་འཇོམས། རང་སངས་སུ་བཞག་པས། འགྱུ་བ་དག་སངས། གང་ཤར་རང་གྲོལ། སྐྱེས་གྲོལ་དུས་མཉམ། ཤར་གྲོལ་སྔ་ཕྱི་མེད། རྩལ་གཞི་ལ་ཐིམ། མ་བུ་གང་འབྱོར། ཡེ་ཤེས་དབྱིངས་དང་འདྲེས། དྲན་གཞི་ཀ་དག་གི་དགོངས་པར་ཐུག་ནས། ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་གྲོལ་ནས། རྒྱ་མཚོ་ལས་རླབས་ཤར་བ་རང་མལ་དུ་ཐིམ་པ་ལྟར་གྲོལ་ཏེ། ཤར་བའི་སྐད་ཅིག་མ་ལ་ཐོག་མའི་གྲོལ་ས་ངོས་འཛིན་པས་གདེང་གྲོལ་ཐོག་ཏུ་བཅས་ཏེ། ཡེ་ཡིན་དུ་འདུག་པས་ཆིག་ཆོད་དུ་གྲོལ། རང་ཤར་དུ་འདུག་པས་ནང་གྲོལ་དུ་གྲོལ། གཏད་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཕྱོགས་མེད་དུ་འདུག་པས་རིས་མེད་དུ་གྲོལ། རང་གྲོལ་དུ་འདུག་པས་གང་ཤར་དུ་གྲོལ། ཐོག་བབས་སུ་འདུག་པས་ཅར་ཕོག་ཏུ་གྲོལ། རང་རྩལ་དུ་འདུག་པས་རང་མལ་དུ་གྲོལ། ངོ་བོ་སྟོང་པའི་རང་གདངས་ཤེས་རབ་རིག་པའི་རྩལ་དུ་ཤར་བ་ཀ་དག་ཆོས་སྐུའི་རང་མལ་དུ་གྲོལ། དུས་བཞི་ཆོས་ཉིད་ཀྱི་འཁོར་ལོར་འཁྱིལ་བས། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་རོ་གཅིག་སྟེ། གང་ཤར་ཡེ་ཤེས་ཀྱི་རོལ་པར་ཀློང་རྡོལ་བས། སེམས་ལས་འདས་པའི་ཡེ་ཤེས། ཡིད་ལས་འདས་པའི་ཤེས་རབ། ཀུན་གཞི་ལས་འདས་པའི་ཆོས་སྐུར་གདེང་ཆོས་པ་ནི། ངོ་བོ་ཡེ་གྲོལ་དུ་ཤེས་པས་བསྐྱར་ནས་གྲོལ་རྒྱུ་མེད་པའི་གདེང་འཆོས། རང་བཞིན་ཡོངས་གྲོལ་དུ་ཤེས་པས་གཉེན་པོས་གྲོལ་རྒྱུ་མེད་པའི་གདེང་འཆོས། ཐུགས་རྗེ་རང་གྲོལ་དུ་ཤེས་པས་སྔ་ཕྱི་དུས་ལ་མི་ལྟོས་པར་གྲོལ་བའི་གདེང་འཆོས། ཆོས་ཉིད་ཅེར་གྲོལ་དུ་ཤེས་པས་སྣང་ཤེས་གཉིས་མེད་དུ་གྲོལ་བའི་གདེང་འཆོས། མཚན་ཉིད་རང་གྲོལ་དུ་ཤེས་པས་འབད་རྩོལ་བྱར་མེད་དུ་གྲོལ་བའི་གདེང་འཆོས་ཏེ། རྩལ་གཞི་ཐོག་ཏུ་གྲོལ་བས་ཆོས་སྐུ་རྒྱལ་པོའི་ཕོ་བྲང་དུ་གཏན་སྲིད་ཟིན་པ་ནི། ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། གཅིག་ནས་གཅིག་ཏུ་སོང་བ་མེད། གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་དོན་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། ། དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་པས་རྩོལ་སྒྲུབ་མེད། ། དེ་ལ་གདེང་གིས་གྲོལ་བ་ནི། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་དོ། །ཞེས་གསུངས་སོ། ། དེ་ལྟར་ན་རང་རིག་ཆོས་སྐུར་ངོ་སྤྲད། ངང་གདངས་དགོངས་པར་ཐག་བཅད། ཤར་གྲོལ་ཀ་དག་ཏུ་གདེང་བཅའ་བ་གསུམ་གྱིས་གང་ཤར་ལྟོས་མེད་ཀྱི་ཤེས་པ་གཉེན་པོའི་བློ་དང་བྲལ་བ་གཞི་ཡེ་ཡིན་ཀ་དག་ཏུ་ཁྲ»ེ«གས་ཀྱིས་བཅད་པའི་ངོ་སྤྲད་དེ། འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །དེ་ཉིད་སངས་རྒྱས་རྣམས་ཀྱི་དགོངས་བབས་པས། ཞེས་སོ། ། དོན་གཉིས་པ་ཐོད་རྒལ་དུ་ངོ་སྤྲད་པ་ལ་བཞི་སྟེ། སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ། གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ། དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ །དང་པོ་ནི། ལུས་ཀྱི་གནད་དུ་བཞུགས་སྟངས་གསུམ་གང་རུང་འཆར་གཞུག» «།ངག་གི་གནད་ཅི་ཡང་མི་སྨྲ་བ་ལ་བསླབ། །སེམས་ཀྱི་གནད་ཕྱིའི་དབྱིངས་ཀྱི་ནང་དུ་རིག་པ་མ་ཡེངས་པར་གཏད་ལ་ཉི་མ་འགར་བསླབས་པས། རླུང་སེམས་ཁོད་སྙོམས་ཤིང་བཞུགས་སྟངས་དང་གཟིགས་སྟངས་ལས་སུ་རུང་བའོ། ། གཉིས་པ་ནི། གནད་བཞི་ལས་ངོ་སྤྲད་དེ། སྒོའི་གནད། ཡུལ་གྱི་གནད། རླུང་གི་གནད་«རིག་པ་དང་རླུང་གཉིས་གཅིག་ཏུ་བརྩིས་པས་གནད་གསུམ་ཟེར། «རིགས་པའི་གནད། ངོ་སྤྲད་པ་དངོས་ལས། སྒོའི་གནད། གཟིགས་སྟངས་གསུམ་གང་རུང་གིས་བལྟ་བ་སྟེ། ཡེ་ཤེས་སྙྀང་ནང་ན་གནས་པའི་རང་གདངས་ཆུའི་སྒྲོན་མར་ཐོན་པ་ཉིད་གཟིགས་སྟངས་གཅུན་པས་མངོན་པའི་ཕྱིར་རོ། ཡུལ་གྱི་གནད་ཕྱི་དབྱིངས་ནམ་མཁའ་སྤྲིན་མེད་ལ་གཏད་པས། ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་འཆར་བའི་ཕྱིར་གཏད་དོ། རླུང་གི་གནད་རབ་ཏུ་དལ་བས་ཁ་ནས་དྲངས་ཤིང་ཕྱིར་འཕངས། ནང་དུ་གཟུང༌། བར་དུ་གནས་པ་གསུམ་ལ་བསླབ་པོ། རིག་པའི་གནད་དབྱིངས་ལ་ཡེ་ཤེས་ཀྱི་སྣང་བ་འཆར་དུས་ལུ་གུ་རྒྱུད་ཤར་བ་ལ་མ་ཡེངས་པར་བཙོན་དུ་བཟུང་ནས་དེ་དག་མི་འབྲལ་བར་བྱེད་པའོ། །དེ་དག་ནི་སྔོན་དུ་གནད་གཟིར་བའི་རིམ་པའོ། །ངོ་སྤྲད་པ་དངོས་ནི། གནད་ཀྱི་མཐོང་བའི་འོད་གསལ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་སྟེ། ཕྱི་དབྱིངས་ནམ་མཁའ་དངས་པར། ནང་གི་དབྱིངས་འོད་ལྔ་ཤར་ཏེ། དེའི་ཁྲོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལ་ཐིག་ལེའི་འཕྲོ་འདུས་བརྒྱན་པ་འགྲོ་འོང་དུ་སྣང་བ་འདི་ཉིད། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་རང་སྣང༌། ཁམས་བདེ་གཤེགས་སྙིང་པོའི་རང་འོད་སྙིང་ཁ་དཔལ་གྱི་བེའུ་ན་རིག་པ་ཀ་དག་ཤེལ་གོང་ལྟ་བུ་ཕྱི་ནང་མེད་པའི་ནང་ན། ལྷུན་གྲུབ་གཏིང་གསལ་ཆེན་པོ་རང་གདངས་ལམ་རྩ་དར་དཀར་གྱི་སྣལ་མ་ལྟ་བུ་ནས་ཕྱིར་ཤར་ཏེ། སྒོ་ཆུའི་སྒྲོན་མ་ནས་དངོས་སུ་ཤར་བ་འདི་ཁོ་ན་མངོན་སུམ་ཡེ་ཤེས་ཀྱི་སྣང་བ་ཞེས་བྱ་སྟེ། །ཐོག་མའི་ཀུན་ཏུ་བཟང་པོ་དང་ཞལ་མཇལ། ཡེ་ཤེས་དག་པའི་སྣང་བ་མཐོང༌། དེ་རིང་དཔལ་རྡོ་རྗེ་སེམས་དཔའ་དང་སྐལ་མཉམ་པ་ཞེས་བྱ་སྟེ། སངས་རྒྱས་སྲས་གཅིག་ལས། ཐོག་མའི་ཀུན་ཏུ་བཟང་པོ་དང༌། སྐལ་པ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། མངོན་སུམ་གནད་འདི་སུས་མཐོང་བ། །འཁོར་བར་ལྡོག་པ་ག་ལ་སྲིད། །ཅེས་གསུངས་པས། ཆོས་ཉིད་བདེན་པའི་རང་སྣང་མཐོང་བས་མཆོག་ཏུ་འཕགས་པར་ངོ་སྤྲད་པ་ཡིན་ནོ། ། གསུམ་པ་དེ་ཉིད་ཉམས་སུ་བླང་བ་ལ། སྣང་བ་བཞིའི་འཆར་ཚུལ་བསྟན་པ་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ནི་བླ་མས་ངོ་སྤྲད་པའི་དོན་དེ་ཉིན་མཚན་དུ་སྔར་གྱི་གནད་གསུམ་གྱིས་ཉམས་སུ་བླངས་པ་ལས། དབྱིངས་སྣང་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་ལས་མཆེད་པས་ཁ་དོག་ལྔ་ལྡན་གྱི་ནང་དུ་ལུ་གུ་རྒྱུད་«བྲ»ེ«ེངས་ཆགས་པ་དང༌། ཐིག་ལེ་གསུམ་སྦྲེལ་དུ་སྣང་བ་ཚུན་ཆད་དོ། །དེའང་ཆོ༵ས་ཉ»ི༵ད«་ནི་རིག་པ་བྱང་ཆུབ་ཀྱི་སེམས་སྟོང་གསལ་ཀ་དག་ཆེན་པོའི་ཀློང་ན། ལྷུན་གྲུབ་གཏིང་གསལ་དུ་ཡོད་པའི་སྣང་བ་དེ་ཉིད། མངོ༵ན་པ་ནི་སྙིང་ནས་མིག་ཏུ་བརྒྱུད་དེ་དབྱིངས་རྣམ་ དག་གི་སྒྲོན་མར་འོད་ལྔ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པར་གསལ་བའོ། །གསུ༵མཔ་ནི་དེ་ཉིད་དཔེ་ལ་མི་ལྟོས། རྟགས་ལ་མི་བརྟེན། གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པ་རང་ལས་དངོས་ཤར་བའོ། །སྣང༵་བ༵་ནི་འོད་དང་ཁ་དོག་འགྲོ་འོང་འཕེལ་འགྲིབ་ལ་སོགས་པ་ད་ལྟ་དབང་པོའི་སྤྱོད་ཡུལ་དུ་བར་སྣང་གི་འཇའ་ཚོན་ལྟར་གསལ་བ་དེ་ཉིད་ལ་བལྟར་ཡོད་པའི་ཕྱིར། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ། །ཉམས་གོང་འཕེལ་གྱི་སྣང་བ་ནི། དེ་ནས་ཀྱང་བརྩོན་པས་ཉམས་སུ་བླངས་པ་ལས། འོད་གསལ་གྱི་སྣང་བ་དེ་དག་ཇེ་རྒྱས་སུ་འཕེལ་བས། འཁྲུལ་བའི་སྣང་བ་ཇེ་ནུབ་ལ་ཕྱོགས་པའོ། །ཉམས་ནི་གཉིས་ལས། ཤེས་པའི་ཉམས་བདེ་བ་གསལ་བ་མི་རྟོག་པ་ལ་སོགས་པ་སྣ་ཚོགས་སུ་འཆར་ཡང་མི་བརྟན་པའི་ཕྱིར་ན། འདིར་ལམ་གྱི་ཚོད་འཛིན་དུ་དངོས་སུ་མ་བསྟན་པར་སྣང་བའི་ཉམས་གཙོ་བོར་བཤད་དོ། །དེ་ཡང་དབྱིངས་ཀྱི་སྣང་བ་ནི། ཁ་དོག་ལྔ་འཇའ་ཚོན་ལྟ་བུའོ། །དབྱིངས་དེའི་རྒྱན་གྱི་སྣང་བ་ནི། འོད་ལྔའི་མུ་ཁྱུད་ཀྱི་ནང་ན་པདྨ་ལྟ་བུ་དང༌། མདའ་ལྟ་བུ་ལ་སོགས་པ་སྟེ། གཞལ་ཡས་ཁང་གི་རྒྱན་དང༌། ཕྱག་མཚན་དུ་གསལ་བའོ། །རིག་པའི་སྣང་བ་ནི་ལུ་གུ་རྒྱུད་དོ། །ལུ་གུ་རྒྱུད་དེའི་རྒྱན་གྱི་སྣང་བ་ནི། ཐིག་ལེས་ཚིགས་མཚམས་སུ་བརྒྱན་པ་དང༌། ཐིག་ཕྲན་འགྲོ་འོང་དུ་གསལ་བའོ། །དེ་ཡང་དབྱིངས་དང་རིག་པའི་སྣང་བ་གཉིས་སུ་འདུས་ལ། དབྱིངས་སྣང་སངས་རྒྱས་ཀྱི་ཞིང་ན་གཞལ་ཡས་ཁང་གདན་ཁྲིའི་བཀོད་པས་བརྒྱན་པ་འཆར་བའི་རང་བཞིན་ལ། རིག་སྣང་དེར་ལྷའི་བཀོད་པ་སོ་སོར་འཆར་བའི་རང་བཞིན་དུ་གནས་པའོ། །གོང་འཕེལ་ནི། སྣང་བ་རྒྱ་ཆེར་འཕེལ་བ་སྟེ། དང་པོ་སྨིན་མཚམས་དང་བྲལ་བ་ལས། ཡུལ་གྲུ་ཙམ་འོད་གསལ་གྱི་སྣང་བས་ཁྱབ་པའི་བར་རོ། །སྣང་བ་ནི་གཉིས་ལས། དབྱིངས་སྣང་དང་པོ་ལས་མཆེད་དེ། འོད་ལྔའི་སྣང་བ་རྩིབ་ཤར་དང༌། གྱེན་འགྲེངས་དང༌། མདུང་རྩེའི་རྣམ་པ་དང༌། རེ་ལྡེའི་རྣམ་པ་དང༌། པདྨ་སྟོང་ལྡན་དང༌། མཆོད་རྟེན་བརྩེགས་པ་དང༌། ཡེ་ཤེས་མཁར་ཐབས་དང༌། དྲ་བ་ལྟ་བུ་དང༌། དྲ་ཕྱེད་ལྟ་བུ་ལ་སོགས་པའོ། །རིག་པའི་སྣང་བ་ཐིག་ལེ་ཉ་མིག་ལྟ་བུ་དང༌། རྨ་བྱའི་མདོངས་ལྟ་བུ་ལས། མེ་ལོང་ལྟ་བུ་དང༌། འཁར་གཞོང་ཙམ་དང༌། བསེ་ཕུབ་ཙམ་གྱི་བར་དུ་ཤར་བ་རྣམས་ སོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་ཀྱང་ཉམས་སུ་བླངས་པས། དབྱིངས་སྣང་ཚད་དུ་ཕེབས་ཏེ། གང་བལྟས་འོད་ཀྱི་ཞིང་ཁམས་སུ་གསལ་བས་ས་རྡོ་རི་བྲག་གི་སྣང་བ་ནུབ་ནས། འོད་ལྔ་མུ་ཁྱུད་ཀྱི་གཞལ་ཡས་སུ་གསལ་བས་ཚོམ་བུའི་དཀྱིལ་འཁོར་སྣང་བར་རིག་སྣང་ཚད་ལ་ཕེབས་པས། རིག་པ་སྐུར་སྨིན་ཏེ། ལུ་གུ་རྒྱུད་ཀྱི་ཐིག་ལེ་དག་ཚོམ་བུའི་ཕོ་བྲང་དུ་རང་འབྱོར་ཏེ། རེ་རེའི་ནང་དུ་དང་པོ་རིགས་ལྔའི་སྐུ་རྐྱང་བ་ལས། དེ་ལས་ཡབ་ཡུམ་ཟུང་འབྲེལ་དང༌། འཁོར་གྱི་ཚོགས་སུ་སྣང་བས་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་སོ་སོའི་དཀྱིལ་འཁོར་རྫོགས་པའི་སྣང་བས་ནམ་མཁའ་ཁྱབ་པར་འཆར་པའོ། །དེའང་རིག་པ་ནི་གཞི་འཛིན་པའི་རིག་པ་ངོ་བོ་ཀ་དག ། མཚན་ཉིད་འཛིན་པའི་རིག་པ་ཡེ་ཤེས་ལྔ་སྟེ་རང་བཞིན་ལྷུན་གྲུབ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དང་ཡང་དབྱེར་མི་ཕྱེད་པའོ། །དེ་དག་ཀྱང་རིག་པ་ནང་གསལ་གྱི་དུས་ན། གཞི་གནས་ཀྱི་དུས་ན་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། གཞི་འཛིན་པའི་རིག་པ་ངོ་བོ་ཀ་དག །མཚན་ཉིད་འཛིན་པའི་རིག་པ་ཡེ་ཤེས་ལྔ་རྣམས་ངོ་བོ་གཅིག་ཏུ་ཡོད་པའི་རང་གདངས་ལས། རང་བཞིན་ལྷུན་གྲུབ་ཀྱི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང༌། ཐུགས་རྗེ་ཀུན་ཁྱབ་ཀྱི་གདངས་ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དང་ཡང་དབྱེར་མི་ཕྱེད་པར་ཤར་བའོ། །གདངས་ལ་རིག་པར་བཏགས་པ་ནི་རྒྱུ་རིག་པའི་མིང་འབྲས་བུ་གདངས་ལ་བཏགས་པ་སྟེ། འོད་ལ་ཉི་མར་བརྗོད་པ་བཞིན་ནོ། །ཚད་ནི་ཕྱི་ཡུལ་སྣང་ཡེ་ཤེས་སུ་འཆར་བ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བ། གསང་བ་ལྔ་ལྡན་སྐུར་སྨིན་པའོ། །ཕེབས་པ་ནི། ཉམས་ལེན་དང་བྲལ་བའི་ངང༌། བསྒོམ་དུ་མེད་པའི་དོན། བལྟར་མེད་པའི་ཡེ་ཤེས་ཆེན་པོ་ཐོག་ཏུ་ཁེལ་བས་ཕེབས་པ་ཞེས་བྱའོ། །སྣང་བ་ནི། ལམ་སྣང་ལོངས་སྐུའི་རང་སྣང་མཐོང་བས་གཞི་སྣང་གི་ཆ་མཐོང་པ་ལས། འཁྲུལ་འཛིན་གྱི་ཆ་ལོག་པས་ཁྱད་པར་དུ་བྱས་ཏེ། བཅོ་ལྔའི་ཟླ་བ་ཉ་གང་བ་ལྟ་བུ་ལ་དར་ཅིག་གནས་པའོ། །སྤྱིར་རིག་པ་ལས་རང་གདངས་ཇི་ལྟར་ཤར་ཡང༌། གཞི་སྣང༌། ལམ་སྣང༌། འབྲས་སྣང་གསུམ་དུ་འདུས་ཏེ། དང་པོ་དབྱིངས་ལས་རང་གདངས་ཤར་བ་དང། ལམ་ཉམས་སུ་བླངས་པས་ཤར་བ་དང༌། བར་དོར་ཤར་བ་དང༌། ལྷུན་གྲུབ་ཀྱི་སྦུབས་ནས་ཕྱིར་གསལ་དུ་ཤར་བ་རྣམས་རིག་པའི་རང་གདངས་སུ་གཅིག་ཀྱང༌། ཐ་དད་དུ་ཕྱེ་བ་ནི། རིག་གདངས་ཤར་ཡང༌། དྲི་བཅས་རང་ངོ་མ་ཤེས་པའི་ཆ་ནས། རིག་གདངས་ཤར་དུས་གཞི་སྣང་དུ་བཞག་སྟེ། ཐོག་མའི་རང་གདངས་དང་བར་དོའི་རང་གདངས་བཞིན་ནོ། །བླ་མས་རིག་པའི་ཡིན་ལུགས་ངོ་སྤྲད་ནས་གདངས་ལ་བལྟས་པས་མ་རིག་པ་རང་གྲོལ་ཏེ། ཡེ་ཤེས་ཀྱི་རང་སྣང་མཐོང་བས་ལམ་སྣང་ལྷུན་གྲུབ་ཡུལ་དུ་བྱས་པ་ཞེས་བྱའོ། །དབྱིངས་སུ་ཐིམ་ཞིང་གྲོལ་བ་ལས་མ་གཡོས་པར་ནང་གདངས་ཕྱིར་ཤར་བས། ལོངས་སྐུ་ཕྱེད་སྤྲུལ་སྐུ་དང༌། འགྲོ་འདུལ་སྤྲུལ་པ་ལ་སོགས་པས་དོན་མཛད་པས་འབྲས་བུའི་སྣང་བ་ཞེས་བྱའོ། །ཞར་ལ་འཕྲོས་ཏེ་བཤད་པའོ། །ཆོས་ཉིད་ཟད་པའི་སྣང་བ་ནི། བཅུ་དྲུག་ནས་གནམ་སྟོང་གི་བར་ཟླ་བ་མར་དབྲི་བས་དབྱིངས་སུ་འཇུག་པ་ལྟར། སྔར་གྱི་རྟགས་རྣམས་སྐྱེ་མེད་ཀྱི་ཀློང་དུ་མྱ་ངན་ལས་འདའ་བ་སྟེ། གཟུང་འཛིན་གྱི་ཞེན་པ་ཐམས་ཅད་ཟད་ནས། ཅིའི་ངོ་བོར་ཡང་མ་གྲུབ་པས། རང་གདངས་ནང་དུ་འཇུག་པ་སྟེ། འདི་ལས་གཞན་དུ་རྟགས་ཟད་པ་ཞེས་བྱའོ། །དེའང་ཆོས་ཉིད་ནི་སྟོང་གསལ་ཀ་ནས་དག་པའི་རིག་པའི་ནང་དབྱིངས་སུ། བླ་མས་ངོ་སྤྲད་པའི་ལྷུན་གྲུབ་ཀྱི་རང་གདངས་ཚད་དུ་ཕེབས་པ་རྣམས། ཟད་པ་ནི་དེར་ཐུག་པ་དེ་ཤེལ་གོང་འོད་ནང་དུ་ཡལ་བ་བཞིན་ནོ། །ཟད་ལུགས་གཉིས་ཏེ། རིམ་གྱིས་ཟད་པ་བརྩོན་འགྲུས་ཅན་ཉམས་སུ་བླངས་པས་འཕེལ་སྣང་ཟླ་བ་མར་འགྲིབ་ལྟར་ཟད་པ་དང༌། ཐོད་རྒལ་བ་ཅིག་ཆར་དུ་ཟད་པ་སྔ་མའི་སྦྱངས་པ་དང༌། བླ་མའི་བྱིན་རླབས་སྟོབས་སུ་གྱུར་པ་ལས། འཕེལ་སྣང་ཚད་དུ་མ་ཕྱིན་ཡང་ནང་དབྱིངས་ཀ་དག་ལ་ཐུག་པ་ཡོད་པར་གསུངས་ཏེ། ཟངས་ཡིག་ཅན་དང༌། རྟགས་ཚད་དུ་ཁ་ཅིག་ནི་སྣང་བ་འདི་ཀུན་ཚད་དུ་མ་ཕྱིན་པ་ལ་ཟད་པར་འགྱུར་བ་ཡང་ཡོད་དོ་ཞེས་གསུངས་སོ། །སྣང་བ་ནི་ངོ་བོ་ཀ་དག་གི་ཆ་ལས་ཐུགས་རྗེ་ཡེ་ཤེས་ཀྱི་མཛད་པ་རྒྱུན་མི་འཆད་པ་སྟེ། ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་ངང་དུ་དར་ཅིག་གནས་པའོ། །འདིའི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས་རྡོ་རྗེའི་སྐུ་འགྲུབ་སྟེ། སེམས་ཅན་གྱི་དོན་བྱེད་པར་འདོད་ན་འཕོ་བའི་སྐུར་བཞེངས་ཏེ་གང་ལ་གང་འདུལ་གྱི་སྤྲུལ་པས་དོན་མཛད་པའོ། །འཇུག་པ་ལ་རང་དབང་ཐོབ་པས་འཕོ་བའི་དུས་སུ་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་མཉམ་པ་ཉིད་དུ་གྲོལ་བ་དང༌། བེམས་པོ་རྣམས་ལ་རིག་པ་བཅུག་པས་འགུལ་བ་དང༌། སྐད་འབྱིན་པར་ནུས་པ་དང༌། ཡུལ་ཁམས་གཅིག་ནས་གཅིག་ཏུ་སྤོ་བ་དང༌། དངོས་པོ་ཕན་ཚུན་དུ་བསྒྱུར་བ་ལ་སོགས་པ་མཐུ་སྟོབས་དང༌། །རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་བརྙེས་པའོ། །དེ་ལྟར་སྣང་བ་བཞི་ཚད་དུ་ཕྱིན་ནས་ཀ་དག་གི་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས། ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་པས། ཡེ་སངས་རྒྱས་ལ་ཡང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བརྙེས་ནས། རང་དོན་ཆོས་སྐུ་དག་པ་གཉིས་ལྡན་གྱི་ངོ་བོར་རོ་གཅིག་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ། དངོས་པོ་དང་མཚན་མ་གང་དུ་ཡང་མ་གྲུབ་པ། ཤེལ་གོང་དྲི་མ་མེད་པ་གཏིང་གསལ་གྱི་ཆ་ཙམ་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཚུལ་དུ་དབྱིངས་ཀྱི་སྐུ་གསུམ་ཡེ་ཤེས་དང་བཅས་པར་བཞུགས་པའི་ངང་ལས། གཞན་དོན་དུ་ཤེལ་འོད་ཕྱིར་གསལ་བ་ལྟར་དབྱིངས་སྣང་ཡེ་ཤེས་ཕྲིན་ལས་ཀྱི་གཟུགས་སྐུ་གཉིས་གདུལ་བྱ་སྣང་བས་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་དབྱིངས་ཀྱི་སྐུ་དང༌། དབྱིངས་ནང་གི་སྐུ་ནང་གསལ་དང༌། ཕྱིར་གསལ་ཏེ། གཅིག་དང་ཐ་དད་ལས་འདས་པའི་རང་བཞིན་དུ་མཁས་པ་རྣམས་ཀྱིས་རིག་པར་བྱའོ།། །། བཞི་པ་མཐའ་རྟེན་གྱི་མན་ངག་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱི་ཚད་བཟུང་བ། ཐོབ་པ་གསུམ་གྱི་གཟེར་བཏབ་པ། གདིང་བཞིའི་གྲོལ་ཚད་གཟུང་བའོ། །དང་པོ་ནི། ཉམས་སུ་ལེན་པ་དངོས་གཞི་ལ་ཞུགས་ནས་ཉམས་ལེན་དང་མ་བྲལ་གྱི་བར་ལ་དགོས་པའི་གནད་ལ། མི་འགུལ་བ་གསུམ་ལ་གཞི་བཅས་པས། རླུང་སེམས་རང་དག་སྟེ་རིག་པ་རང་མལ་དུ་གསལ། གྲོལ་པ་ཅེར་ཚད་ཟིན་པའི་དགོས་པ་ཡོད་དོ། །དེ་ལ་ལུས། མིག །རླུང་རིག་མི་འགུལ་བ་གསུམ་ལས། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་གཡོ་བར་བྱེད་པ་ནི། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ལུས་འགྱིང་ཚུགས་སུ་བསྲང༌། རྐང་མཐིལ་ས་ལ་ཕབ། ལག་སོར་བསྒོངས་ཏེ་ས་ལ་ཕབ། རྩལ་མཇིང་པ་ལ་བསྐུལ་བས། ལས་ཀྱི་རླུང་རང་འགགས་ཏེ། ཡེ་ཤེས་ཀྱི་རླུང་ཟིན་ནས། ཆོས་ཉིད་ཀྱི་སྣང་བ་ལྷུག་པར་འཆར་བའི་གནད་དོ། །ལོངས་སྐུའི་བཞུགས་སྟངས་གླང་པོ་ལྟ་བུ་ནི། ཁ་སྦུབས་སུ་པུས་བྲང་སྦྱར། ལག་པའི་གྲུ་མོ་ས་ལ་བཙུགས། ལག་སོར་གྱིས་འགྲམ་པ་བཏེག །རྐང་པའི་སོར་མོ་བསྐུམས་ལ་ཕྱིར་བསྟན་པས། གཡོ་བྱེད་ཀྱི་རྟོག་པ་ནུབ་ནས། ཡེ་ཤེས་ཀྱི་དྲོད་འཕེལ་ཞིང༌། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་པའི་གནད་དོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། རྐང་པའི་ལོང་བུ་གཤིབས། ལག་པའི་གྲུ་མོ་བུས་མོའི་སྟེང་དུ་བསྣོལ། རྒལ་ཚིག་དྲང་བས། འབྱུང་བ་སྙོམས་ཤིང་རླུང་རིག་དག་པས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པའི་གནད་དོ། །མིག་མི་འགུལ་བ་གཟིགས་སྟངས་གསུམ་ལ་གནས་པ་ནི། ཡེ་ཤེས་ཀྱི་སྣང་བ་དངོས་སུ་འཆར་བའི་སྒོ་མིག་ཡིན་པས། གཟིགས་སྟངས་ཤེས་པ་གཅེས་ཏེ། ཆུ་ཡི་སྒྲོན་མ་དག་པ་ལས་ཡེ་ཤེས་ཀྱི་སྣང་བ་གསལ་བའི་ཕྱིར་རོ། ཆོས་སྐུའི་གཟིགས་སྟངས་དངས་མ་འདྲེན་བྱེད་ཀྱིས་གྱེན་ལ་བལྟ་བ་ནི། མིག་གཉིས་སྨིན་མཚམས་ཀྱི་སྟེང་གི་ནམ་མཁའ་ལ་ཧད་པོར་བལྟས་པས། རྣམ་རྟོག་དབྱིངས་སུ་ནུབ་ནས་ཡེ་ཤེས་དངོས་སུ་མཆེད་པའི་གནད་དོ། །ལོངས་སྐུའི་གཟིགས་སྟངས་ཟུར་གྱིས་བལྟ་བ་ནི། ཐད་སོར་མིག་དྲང་པོར་གཏད་ལ། དེ་ནས་བབས་ཀྱིས་ཟུར་ལ་ཁྲིད་པས། གསལ་སྣང་ཞིང་ཁམས་སུ་རྒྱས་པའི་གནད་དོ། །སྤྲུལ་སྐུའི་གཟིགས་སྟངས་ཐུར་ལ་བལྟ་བ་ནི། ཅུང་ཟད་ཐུར་ལ་བཙུམ་རབ་ཏུ་ཟིམ་བུར་བལྟས་པས། རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་གནད་དོ། །དེ་དག་ཀྱང་སྟེང་འོག་དང་ཐད་ཀའི་འོད་གསལ་འཕེལ་བར་བྱེད་པའི་གནད་དོ། །ཞར་ལ་ངག་གི་གནད་དུ་བསླབ་པ། གནས་པ། བརྟན་པ། ལ་བཟླ་བ་བཞི་ལས། དང་པོ་ནི། ཉི་མ་རེ་རེ་ཞིང་ཇེ་ཉུང་དུ་སྨྲ་བའོ། །གཉིས་པ་ནི་གཞན་དང་ཚིག་མི་འདྲེ་བའོ། །གསུམ་པ་ནི། མདོ་ཁ་ཏོན་ལ་སོགས་པའང་མི་བརྗོད་པའོ། །བཞི་པ་ནི། གང་ཡང་མི་སྨྲ་བའི་ངང་ལས་མི་འདའ་བར་སྒྲ་གཞི་མེད་དུ་རྟོགས་པར་བྱེད་པའོ། ། གཉིས་པ་སྡོད་པ་གསུམ་གྱི་ཚད་གཟུང་བ་ནི། དེ་ལྟར་ཉམས་སུ་བླངས་པས། ལམ་ཟབ་མོ་མངོན་དུ་གྱུར་པའི་བརྡར། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་ཤར། ནང་སྒྱུ་ལུས་སྡཽད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པའོ། །འདི་དག་གི་དུས། ཚད་རྨི་ལམ་གྱིས་གཟུང་བ་དང༌། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་གཏན་ནས་འགགས། འབྲིང་རྨི་ལམ་ཟིན། ཐ་མའང་ངན་རྟོག་ནུབ་པའི་རྟགས་སུ་རྨི་ལམ་ཐམས་ཅད་བག་ཆགས་བཟང་པོར་འགྱུར་རོ། །རྟགས་ལུས་ངག་ལ་འཆར་བ་ལའང། ཆོས་ཉིད་མངོན་སུམ་གྱི་དུས་སུ་ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར། འདུག་སྟངས་ལས་མི་གཡོ། ངག་ལྐུགས་པ་ལྟར་བརྗོད་སྙིང་མི་འདོད། །སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་རྟོག་པ་འཕྲོ་ཡང་རང་ཡལ་རང་གྲོལ་དུ་རིག་པའི་ངང་ལས་མི་འདའ་འོ། །ཉམས་གོང་འཕེལ་གྱི་དུས་སུ་ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར། ཁྲུས་དང་རྒྱན་ཆའི་སྒེག་ཆོས་ལས་གྲོལ། ངག་སྨྱོན་པའི་རང་ཚིག་ལྟར་གང་དྲན་བརྗོད་པ་ལ་རྗེས་འབྲང་དང་གཏད་བཟུང་མེད། སེམས་རྩི་དུག་ཐེབས་པ་ལྟར་དྲན་མེད་རྟོག་བྲལ་དུ་གནས་པའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་རི་བྲག་གང་ལའང་ཐོགས་པ་མེད་པར་ཟང་ཐལ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟར་དབྱངས་སྙན་པོས་ཅི་སྨྲས་ཆོས་ཀྱི་ཚིག་ཏུ་རང་རྡོལ། སེམས་རིམས་ནད་བྱང་བ་ལྟར་བཟང་ངན་གྱི་རྟོག་པ་གང་ཤར་བའི་བག་ཆགས་བསྐྱར་ནས་ཡིད་ལ་མི་འགྱུ་བའོ། །ཆོས་ཉིད་ཟད་པའི་དུས་སུ། ལུས་དུར་ཁྲོད་ཀྱི་རོ་ལྟར་གསོད་པའི་གཤེད་མ་བྱུང་ཡང་འཇིགས་པ་དང༌། སྐྲག་པ་མི་སྐྱེ། ངག་བྲག་ཆ་ལྟར་ཅི་སྨྲས་ཟུངས་མེད་པས་གཞན་གྱི་རྗེས་སུ་ཟློས། སེམས་ན་བུན་ཡལ་བ་ལྟར་གང་ཤར་སྐད་ཅིག་ལ་ཆོས་ཉིད་ཀྱི་ཀློང་དུ་རང་ཡལ་ཏེ་འཕྲོ་འདུའི་དྲན་རྟོག་ལས་འདས་པའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། དེ་ནས་ཕྱི་སྣང་བ་ལ་རང་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་གྲོལ། གསང་བ་རླུང་རིག་ལ་རང་དབང་ཐོབ་པས་འཁྲུལ་རྟོག་རང་འགག་པའོ། ། བཞི་པ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི། ཡར་སངས་རྒྱས་ཀྱི་ཡོན་ཏན་བཤད་ཀྱང་ཐོབ་དུ་རེ་བ་དང༌། མ་ཐོབ་ཀྱིས་དོགས་པ་གཉིས་མེད་དེ། རང་རིག་སངས་རྒྱས་སུ་ས་ཟིན། མར་འཁོར་བའི་སྡུག་བསྔལ་བཤད་ཀྱང་འཁོར་གྱིས་དོགས་པ་དང་མི་འཁོར་དུ་རེ་བ་མེད་དེ། རིག་པ་འཁྲུལ་རྟོག་ལས་གྲོལ་བའི་ཕྱིར་རོ། །དེ་ལྟར་ཉམས་སུ་ལེན་པ་དངོས་གཞི་ལ་ཞུགས་ནས། ཚེ་འདིར་གྲོལ་བའི་དབང་དུ་བྱས་ན། བརྩོན་འགྲུས་རབ་ལོ་གསུམ་དང་ཟླ་བ་གཅིག» «།འབྲིང་ལོ་བཞི་དང་ཟླ་བ་ལྔ་ཞག་དྲུག» «།ཐ་མ་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་ཤ་ཁྲག་གདོས་བཅས་ཀྱི་ལུས་འོད་གསལ་དུ་གྲོལ་ནས། ནང་དབྱིངས་ཀ་དག་གི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ལ་བྱང་ཆུབ་སྟེ། རབ་ཚེ་འདིར་གྲོལ་བའི་གདམས་ངག་གོ» «། སྤྱི་དོན་གཉིས་པ་བརྩོན་འགྲུས་འབྲིང་ཆོས་ཉིད་ཀྱི་བར་དོར་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱ་བའི་གདམས་ངག་ནི། དེ་ལྟར་བླ་མ་ལས་མངོན་སུམ་འོད་གསལ་གྱི་གདམས་ངག་ནི་ཐོབ། ཉམས་ལེན་དུམ་རེ་བྱས་ཀྱང་ཚད་དུ་མ་ཕྱིན་པ་རྣམས་ཆོས་ཉིད་བར་དོར་གཞི་སྣང་རིག་པའི་རང་གདངས་ཤར་བ་ལ་བཙན་ས་བཟུང་སྟེ། ཀ་དག་གི་ནང་དབྱིངས་སུ་གྲོལ་ལུགས་ཀྱི་གདམས་ངག་ལ་དོན་རྣམ་པ་བཞི་སྟེ། རང་བཞིན་གནས་པའི་བར་དོ་ལ་ཤེས་བྱའི་དྲས་ཐག་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་མན་ངག །འཆི་ཁའི་བར་དོར་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུའི་མན་ངག» «།ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་མན་ངག» «།ཞར་ལ་སྲིད་པའི་བར་དོར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་མན་ངག་གོ» «།དང་པོ་ནི། སྐྱེས་ནས་འཆི་ཁ་ལ་ཕྱོགས་པའི་བར་དུ་རང་བཞིན་གྱི་བར་དོ་ལ། ཕྱི་བླ་མའི་མན་ངག་དང་རྒྱུད་ལུང་ཟབ་མོ་ལ་ཐོས་པས་བློ་སྦྱངས། ནང་དེའི་དོན་ལ་བསམ་པས་ཚིག་དོན་གྱི་སྒྲོ་འདོགས་བཅད། གསང་བ་དོན་གྱི་རང་ཐོག་ཏུ་བསྒོམས་པས་ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་བ་ནི། དཔེར་ན་ཐི་བྱ་ཚང་དུ་འཇུག་པའི་སྔོན་དུ་རྒྱང་རིང་པོ་ནས་ཕན་གནོད་ཀྱི་སྒྲོ་འདོགས་བཅད་ནས། དེ་ནས་ཐེ་ཚོམ་མེད་པར་རང་གི་ཚང་དུ་འཇུག་པ་ལྟར། དང་པོ་ཐོས་པས་མངོན་སུམ་གྱི་དོན་ལ་ཡིད་ཆེས། བར་དུ་བསམ་པས་ཐེ་ཚོམ་གྱི་སྒྲོ་འདོགས་ལེགས་པར་ཆོད། ཐ་མ་མངོན་སུམ་དབང་པོའི་ཡུལ་དུ་བསྒོམས་པས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་དུ་ལ་བཟླ་བའོ། ། གཉིས་པ་འཆི་ཁའི་བར་དོ་གསལ་གདབ་པ་ནི། ཕྱི་ནང་གསང་བའི་འཆི་ལྟས་བརྟགས་ལ། བྱུང་ན་བཟློག་པའི་ཆོ་ག་བྱ། མི་བཟློགས་པར་འབྱུང་བའི་ཐིམ་ཚུལ་བྱུང་བའི་ཚེ། རང་ལ་གསལ་པོ་ཡོད་ན་དེས་ཆོག» «།མེད་ན་བླ་མ་འམ་གྲོགས་དམ་ཚིག་གཙང་བས་གདམས་པའི་གསལ་གདབ། འདེབས་འཕྲོ་ལ་ཕྱི་དབུགས་ཆད་ན་ནད་པ་དང་རང་གི་ཁ་སྣ་སྤྲད་དེ། རླུང་ཨཱོཾ་གྱིས་འཕངས། ཨཱས་དྲངས། ཧཱུཾ་གིས་གནས་པ་ལ་ལན་ལྔ་ལ་སོགས་པ་བྱས་པས་མིག་ཧྲིག་གིས་བྱུང་བ་དང༌། དབྱིངས་རིག་གི་སྣང་བ་ལྟར་བཅུག་ལ། འདི་ལ་མ་འགྱུར་བར་ལྟོས་ལ་བདེ་བར་གཤེགས་ཤིག །ཆོས་ཉིད་བར་དོར་རང་སྣང་ཆོས་ཉིད་ཀྱི་སྣང་བར་ངོ་ཤེས་པར་གྱིས་ཤིག །བདེ་བར་གཤེགས་ཤིག» «།མིག་ལ་རྡོ་རྗེ་སེམས་དཔའི་གསང་ལམ་ཐུགས་རྗེ་རྒྱུན་གྱི་ཐག་པ་ཤར་པ་ལ་མ་ཡེངས་པར་ལྟོས་ཤིག» «།བདེ་བར་གཤེགས་ཤིག །ཅེས་ལན་གསུམ་དུ་ངེས་ཤེས་བསྐྱེད་ལ་བརྗོད་དོ། །དེ་ཡང་དཔེར་ན་སྒེག་མོས་མེ་ལོང་དུ་རང་གི་བྱད་ལ་བལྟས་པས་དྲི་མ་ཡོད་མེད་དང༌། རྒྱན་གྱི་བྱེ་བྲག་གསལ་བ་ལྟར། འཆི་ཁར་གདམས་པའི་དོན་གསལ་བར་ཡིད་ལ་བྱའོ། དེའང་ས་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་པག་བཞི་ས་ལ་ལྷུང༌། ལྡང་འདུག་མི་ནུས། ནང་དུ་ཤེས་པ་བན་»བུན་«དུ་སོང༌། ཆུ་ཆུ་ལ་ཐིམ་པའི་རྟགས་སུ། ཁ་སྣ་དང་མིག་ནས་ཆུ་དར་ཅིག་བྱུང་ནས་སྐམ། སོ་དྲེག་དང་སོ་ངད་ཆགས། ནང་དུ་ཤེས་པ་ལང་ལོང་དུ་སོང༌། མེ་མེ་ལ་ཐིམ་པའི་རྟགས་སུ། རྐང་ལག་མཐིལ་བཞི་ནས་དྲོད་སྡུད། སྨིན་ཕྲག་གི་བཀྲག་འཆོར། ནང་དུ་ཤེས་པ་ཉོག་ཐིབས་ཀྱིས་འགྲོ། རླུང་རླུང་ལ་ཐིམ་པའི་རྟགས་སུ། ཕྱི་དབུགས་རྒོད་ཅིང་བརྩེགས་མ་མང༌། ནང་དུ་ཤེས་པ་མི་གསལ་བར་འགྱུར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ། ཕྱི་དབུགས་ཧ་ཞེས་ཕར་སོང༌། ཧུ་ཞེས་ཚུར་འདྲེན། ཉམས་ཇེ་ཆུང་ལས་ཀྲོག་གིས་ཆད། ནང་དུ་ཤེས་པ་ཐིབས་ཀྱིས་སོང༌། རྣམ་ཤེས་ནམ་མཁར་ཐིམ་པའི་རྟགས་སུ། ནང་དུ་དབུགས་སྙིང་གར་འདུས། དྭངས་མ་དཀར་དམར་འདུས། རླུང་གིས་དྭངས་མ་བསྐྱོད་པ་སྲོག་རྩར་འདུས་པས། དངངས་ཡེངས་ལ་བྱུང་ཡང་ཕྱིར་མི་མངོན། དེའི་ཚེ་སྒཽ་གསུམ་འབྲེལ་གྱེས་ཏེ། ལུས་གདོས་བཅས་བེམ་པོར་སོང༌། རླུང་བར་སྣང་ལ་ཞ། རིག་པ་མེ་སྟག་ཡར་བའི་རྣམ་པ་ལྟར་མི་གནས་ཕྱིར་ཐོན་དུས། རྣམ་ཤེས་འོད་གསལ་ལ་འཇུག་ཏུ་ཉེ་བས། རྣམ་ཤེས་ནམ་མཁར་ཐིམ་པ་ཞེས་བྱ་བ་ཀ་དག་གི་སྣང་བ་སྤྲིན་མེད་པའི་ནམ་མཁའ་འདྲ་བ་དར་ཅིག་སྣང་དུས། དབྱིངས་རིག་གདོད་མའི་ཟད་ས་ངོ་ཤེས་པ་ཙམ་གྱིས་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ། ཉི་ཟླ་ཁ་སྦྱོར་ལས། དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། ། གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་མན་ངག་ནི། རིག་པ་རྒྱ་དང་བྲལ་བས་རང་གདངས་གཞི་སྣང་དུ་ཤར་བར་ཤེལ་འོད་ཕྱིར་གསལ་བའམ། བུམ་པ་ཆག་པས་མར་མེ་གསལ་བ་ལྟར། གསལ་བ་རང་སྣང་དུ་ཤེས་པར་བྱེད་པ་སྟེ། དེའང་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐད་ཅིག་དང་པོ་ལ། རང་གི་མིག་གཉིས་ནས་འོད་ཟེར་དཀར་དམར་སྐས་བཙུགས་པའམ་ཐག་པ་བརྐྱངས་པ་ལྟར་སྣང་བ་སྟེ། དེ་རང་གི་རིག་པའི་གདངས་སུ་ངོ་ཤེས་པ་ཙམ་གྱིས་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ། ངོ་སྤྲོད་སྤྲས་པ་ལས། དེའི་ཚེ་རང་གི་མིག་གཉིས་ནས་འོད་སྐས་བཙུགས་པའམ་ཐག་པ་བརྐྱངས་པ་ལྟར་སྣང་སྟེ། དེ་ངོ་ཤེས་པ་ཙམ་གྱིས་སྐད་ཅིག་མ་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །ཞེས་གསུངས་སོ། །དེར་ངོ་མ་ཤེས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱ་བ་སྣང་བ་ཐམས་ཅད་འོད་ལྔའི་རང་བཞིན་སོས་ཀའི་སྨིག་རྒྱུ་འགྱུ་བ་ལྟར་རང་བཞིན་གྱིས་བཀྲ་ལ་ཉམ་ང་བ་འཆར་ཏེ། འོད་ཀྱི་ནང་ནས་ཟེར་མཚོན་ཆའི་ཆར་འབབ་པ་ལྟར་ཁྲོ་བོའི་སྣང་བ་ནམ་མཁའ་གང་བ་ལ། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་བསྒྲགས་ཏེ། རང་སྣང་དུ་ངོ་ཤེས་པས་རང་རིག་ཁྲོ་བོའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱའོ། །དེར་བརྟན་པ་མ་ཐོབ་ན་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ། སྣང་བ་ཐམས་ཅད་རིག་ལྔའི་ཚོམ་བུར་གསལ་ཞིང༌། རང་གི་ལུས་ཀྱང་འོད་དུ་གསལ་བའི་སྙིང་ག་དང་ཚོམ་བུའི་ཐུགས་ཀར་འོད་ཀྱི་ཟེར་ཐག་གི«ས་སྦྲ»ེ«ལ་བས། བསམ་གཏན་གྱི་ཞག་ལྔར་རང་བཞིན་གྱི་ཏིང་ངེ་འཛིན་ལ་གནས་པ་འབྱུང་ངོ༌། སྣང་བ་འདི་དག་ཤར་བ་དུས་གཅིག་ལ་ཤར་ནས་ངེས་པ་རིམ་གྱིས་རྙེད་པ་སྟེ། ཞག་དང་པོར་རྣམ་སྣང༌། གཉིས་པར་མི་བསྐྱོད་པ། གསུམ་པ་ལ་རིན་འབྱུང༌། བཞི་པ་ལ་འོད་དཔག་མེད། ལྔ་པ་ལ་དོན་ཡོད་གྲུབ་པ། སོ་སོའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བ་ཙམ་དུ་འཆར་རོ། །འདི་དག་གི་དུས་སུ། དུས་གསུམ་གྱི་གནད་ཀྱི་གདམས་པ་དྲན་པར་བྱ་བ་ལས། འཇུག་པ་ཤེས་པའི་གནད་ལ་རང་གི་སྙིང་ག་ནས་འོད་ཟེར་གྱི་ཐག་པར་འབྲེལ་བ་ནི་རིག་པ་འོད་ལ་འཇུག་པ་སྟེ། དེའི་དུས་སུ་རང་སྣང་དུ་ངོ་ཤེས། ཤེས་ཐོག་ཏུ་འཇོག་པ་གནད་དོ། །འོད་ཀྱི་ཚོམ་བུའི་ཟེར་ཐག་རང་གི་སྙིང་གར་འཇུག་དུས་འོད་རིག་པ་ལ་འཇུག་པ་སྟེ། རིག་པ་རང་ས་ཟིན་པར་ཤེས་པ་གཅེས་སོ། །གྲོལ་བ་ལུས་ཀྱི་གནད་ནི། དེའི་ཚེ་རིག་པ་འོད་ཀྱི་ལུས་སུ་ཡོད་པས། སྣང་བ་རང་གདངས་ལ་བཞག་པས། ཤེལ་འོད་ནང་དུ་ཐིམ་པ་ལྟར་འོད་ལུས་ནང་དུ་རིག་པ་ཐིམ་པར་ཤེས་པར་བྱའོ། །མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། དེ་ལྟར་རང་གདངས་སུ་ཤེས། ཤེས་ཐོག་ཏུ་བཞག །བཞག་ཐོག་ཏུ་ཐིམ་པས། གང་དུའང་གྲུབ་པ་མེད་པའི་རིག་པ་སྟོང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་དར་ཅིག་གནས་པ་ཉིད་གདོད་མའི་ཟད་ས་ལ་མཐར་ཕྱིན་ཀ་དག་ཆེན་པོར་ངོ་ཤེས་པས་གྲོལ་བ་ཡིན་ནོ། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ནི། དེར་བརྟན་པ་མ་ཐོབ་ན། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ། ཟུང་འ»ཇུ«ག་གི་སྣང་བ་རང་ལ་འདུས་པའི་སྐད་ཅིག་ལ། ཡང་རང་གི་སྙིང་ནས་འོད་ཟེར་དཀར་པོ་གཅིག་ཤར། དེ་ལས་མཆེད་ནས་དབང་པོའི་སྤྱོད་ཡུལ་ཙམ་དུ་ཁ་དོག་དཀར་པོའི་སྣམ་བུ་ཤིན་ཏུ་གསལ་བའི་དཀྱིལ་དུ། ཡེ་ཤེས་ལྔའི་ཐེག་ལེ་མཆོག་ཏུ་གསལ་བའི་དབུས་མ་ཤེལ་གྱི་མེ་ལོང་འདྲ་བས་བརྒྱན་པ་འཆར་རོ། །དེའི་སྟེང་དུ་གསེར་གྱི་སྣམ་བུ་གྲུ་བཞིའི་དཀྱིལ་དུ་ཁ་དོག་ལྔའི་ཚོམ་བུ་ལྟར་བཀོད་པའི་དབུས་མ་གསེར་གྱི་མེ་ལོང་ལྟ་བུས་བརྒྱན་པ་འཆར་རོ། །དེའི་སྟེང་དུ་དམར་པོའི་སྣམ་བུ་གྲུ་བཞིའི་དཀྱིལ་དུ་ཡེ་ཤེས་ལྔའི་ཐེག་ལེའི་དབུས་མ་པད་མ་རཱ་ག་ལྟ་བུས་བརྒྱན་པ་འཆར་རོ། །དེའི་སྟེང་དུ་མཐིང་ཀའི་སྣམ་བུ་གྲུ་བཞིའི་དཀྱིལ་དུ་ཁ་དོག་ལྔའི་ཐིག་ལེ་བཀོད་པའི་དབུས་བཻཌཱུརྱའི་མེ་ལོང་ལྟ་བུས་བརྒྱན་པ་འཆར་རོ། །དེ་དག་ནི་མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོགས་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་གདངས་སོ། ལྗང་གུའི་སྣམ་བུ་མི་སྣང་བ་ནི། ཉི་ཟླ་ཁ་སྦྱོར་ལས། ལྗང་གུའི་སྣམ་བུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པའི་ཕྱིར་མི་སྣང་ངོ༌། །ཞེས་གསུངས་སོ། །འདི་དག་གི་དུས་སུ་ཡང༌། དང་པོ་སྙིང་ག་ནས་ཕར་མཆེད་པ་ལ་ལྟ་བ་རིག་པ་འོད་ལ་འཇུག་གོ» «། སྣང་བ་ཚུར་འདུས་པ་འོད་རིག་པ་ལ་འཇུག་པ། རང་གི་ལུས་འོད་དུ་གསལ་བ། རིག་གདངས་ལུས་དང་བཅས་པ་དབྱིངས་སུ་ཐིམ་པ་རྣམས་འབྱུང་བས། སྔར་གྱི་དུས་གསུམ་གནད་ཀྱི་གདམས་ངག་དྲན་པར་བྱའོ། །ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ནི། ཡེ་ཤེས་ཀྱི་སྣང་བ་ལ་བརྟན་པ་མ་ཐོབ་ན། ཡེ་ཤེས་བཞི་སྦྱོར་རང་ལ་ནུབ་པའི་སྐད་ཅིག་ལ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཞེས་བྱ་བ་སྟོན་ཁའི་ནམ་མཁའ་རྣམ་པར་དག་པ་ལ། འོད་ལྔའི་ར་བས་བསྐོར་བ་ལྟ་བུའི་སྟེང་འོག་ཕྱོགས་མཚམས་དབང་པོའི་སྤྱོད་ཡུལ་ཁྱབ་པར་ཤར་བའི། སྟེང་གི་འོད་ཟླུམ་གྱི་ནང་མཐིང་ཀ་མི་འགྱུར་བའི་གདངས་ན། ཆོས་སྐུ་ཀ་དག་གི་སྣང་བ་མཚོན་པ་ཀུན་བཟང་ཡབ་ཡུམ་གྱི་ཆ་དང༌། ཐད་ཀར་ལོངས་སྐུ་རིགས་ལྔའི་ཞིང་སྣང་དང༌། མར་གྱི་འོད་ཟླུམ་ན་འགྲོ་དྲུག་འཁྲུལ་པའི་རང་སྣང་ཆུ་ཟླ་ལྟར་སྣང་བའོ། །འདི་དག་གི་ནང་ལྷུན་གྲུབ་ཀྱི་རྒྱ་ཁ་ཕྱིར་རལ་ཏེ། རིན་པོ་ཆེའི་ག་འུའི་ཀློང་རྡོལ་བ་ལས། གཞི་སྣང་ཆེན་པོའི་སྣང་བ་ཤར་བ་ཞེས་བྱའོ། །འདི་ལ་རིན་པོ་ཆེ་གསང་བའི་སྦུབས་ཞེས་ཀྱང་བཏགས་སོ། །ནང་ཡེ་ཤེས་རིན་པོ་ཆེའི་སྦུབས་ཀྱི་སྒོ་ཕྱེ་བས། ལྷུན་གྲུབ་ཀྱི་སྒོ་བརྒྱད་ལས། ཤར་ལུགས་བརྒྱད་སྐད་ཅིག་ལ་འབྱུང་སྟེ། དེའང་ཐུགས་རྗེ་ལྟར་ཤར་བས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་འབྱུང༌། འོད་ལྟར་ཤར་བས་ཡེ་ཤེས་ལྔའི་རང་འོད་ཀྱིས་འསྔིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྣང༌། སྐུ་ལྟར་ཤར་བས་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རང་སྣང༌། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པ་རང་གི་དབང་པོའི་མངོན་སུམ་དུ་གསལ། གཉིས་མེད་ལྟར་ཤར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོགས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་འཁྲུལ་སྣང་གི་ཆོས་རྣམས་རྨི་ལམ་སྒྱུ་མ་ལྟར་རྟོགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་ཆ་ནང་དུ་གསལ་ལོ། དེའང་ལྷུན་གྲུབ་སྣང་ཚུལ་དང་སྦྱར་ན། མར་ཀ་དག་གི་སྣང་བ་ནི་དག་པ་ཡེ་ཤེས་ཀྱི་སྒོ་སྣང་བའོ། ། »ཐ«ད་ཀར་ལོངས་སྐུར་ཞིང་ཁམས་ཤར་བ་ནི། སྐུ་དང༌། ཡེ་ཤེས་དང༌། འོད་ཟང་ཐལ་དུ་ཤར་བས། མི་རྟོག་པའི་ཏིང་ངེ་འཛིན་ནི་གཉིས་མེད་ལ་ངང་གིས་གནས་པའོ། »།«མར་རིགས་དྲུག་གི་གནས་སྣང་དུས། བརྩེ་བའི་ཐུགས་རྗེ་སྣང་བས། རང་སྣང་དེ་ལྟར་གསལ་ཏེ། རྨི་ལམ་གྱི་སྣང་བ་ལྟ་བུའོ། །དེའི་དུས་སུ་དུས་གསུམ་གནད་ཀྱི་གདམངས་ངག་དྲན་པར་བྱ་བ་ལས། སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་པ་ལྟ་བུའི་གདམས་ངག་གི་རང་སྣང་ལ་ཡིད་ཆེས་པར་བྱ་བ་དང༌། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་གིས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པར་བྱ་བ་དང༌། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་གི་ཀ་དག་གི་གྲོལ་གཞི་ལ་ཟང་ཐལ་ཆིག་རྫོགས་སུ་རང་ས་ཟིན་པ་གཅེས་སོ། །དེ་ལྟར་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་སྣང་བ་མཐར་ཕྱིན་གྱི་གདེང་རྙེད་པའི་ཚེ། མངོན་པར་ཤེས་པ་དྲུག་ཕྲག་དྲུག་འབྱུང་བ་ནི། དབང་པོའི་མངོན་པར་ཤེས་པ་དྲུག» «།ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་པར་ཤེས་པ་དྲུག» «།ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག» «།སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག» «།ཟག་པ་མེད་པའི་ཕུང་པོའི་མངོན་པར་ཤེས་པ་ དྲུག» «།རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་གཟིགས་པ་དག་པའི་མངོན་པར་ཤེས་པས། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་དྲུག་སྟེ། སུམ་ཅུ་རྩ་དྲུག་གི་ཚེ། རྗེས་སུ་དྲན་པ་དྲུག་ཀྱང་འབྱུང་སྟེ། ལམ་རྗེས་སུ་དྲན་པ། ལྟ་བ་རྗེས་སུ་དྲན་པ། བསམ་གཏན་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ། སྐྱེ་གནས་རྗེས་སུ་དྲན་པ། གདམས་པ་རྗེས་སུ་དྲན་པ་རྣམས་ཀྱི་གནད་ལས། མར་མ་དག་པ་འཁོར་བའི་སྣང་བ་མཐོང་བས་འཁྲུལ་པ་ལས་ལྡོག་པའི་རྐྱེན་རང་ཤར། ཐད་ཀར་ལོངས་སྐུའི་ཚོམ་བུའི་སྣང་བ་མཐོང་བས་དག་པ་མྱ་ངན་ལས་འདས་པར་འཇུག་པའི་རྐྱེན་དུ་རང་ཤར། ཡང་ཀ་དག་ཆོས་སྐུའི་མཚན་ཉིད་གསལ་བར་མཐོང་བས་གྲོལ་ས་ནང་དབྱིངས་ཀྱི་རང་སར་ངོ་ཤེས་པ་ལས། མི་བརྗེད་པའི་གཟུངས་དང༌། རྒྱུན་གྱི་ཏིང་ངེ་འཛིན་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་མངོན་དུ་བྱེད་དོ། །འདིར་རང་ངོ་མ་ཤེས་ན་འཁོར་བའི་སྒོ་ལས་སྲིད་པར་འཇུག་པ་ཡིན་ལ། དེས་ན་དག་པ་མྱ་ངན་ལས་འདས་པའི་སྒོ་ནས་གྲོལ་བས། ལྷུན་གྲུབ་ཀྱི་སྣང་བ་ལ་ཤར་ལུགས་དྲུག་པོ་དེ་སྒོ་གཉིས་གང་རུང་ནས་འཇུག་པས། རིག་པ་ལ་གྲོལ་འཁྲུལ་འཁོར་འདས་གཉིས་ཀྱི་སྣང་བ་ཤར་བའི་གནད་ཐམས་ཅད་འདི་ལ་ཐུག་གོ» «།ད་རེས་རང་ངོ་ཤེས་དུས་དང་སྦྱར་ནས། སྔར་གྱི་ཤར་བ་རྣམས་དག་པ་ཡེ་ཤེས་ཀྱི་སྒོ་ནས་ནང་དབྱིངས་ཀ་དག་གི་གཞི་ཐིམ་ལུགས་བསྟན་པ་ནི། དེ་ལྟར་ཤར་ལུགས་རྫོགས་ནས་གདམས་པས་རང་ངོ་ཤེས་པའི་སྐད་ཅིག་ལ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་སྟེ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས། ཉི་མ་རྒས་པའི་ཟེར་ལྟར་གདུལ་བྱ་འདུལ་བྱེད་རྣམ་པར་དག» «།འོད་འོད་ལ་ཐིམ་པས་འཇའ་ཚོན་ལྟར་རིས་མེད། སྐུ་སྐུ་ལ་ཐིམ་པས་བུམ་སྐུ་ལྟར་མཁྱེན་པ་ནང་དུ་གསལ། ཡེ་ཤེ་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་རིག་པ་གཞི་ཐོག་ཏུ་གྲོལ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟར་ཆོས་ཅན་དང་ཆོས་ཉིད་འདྲེས། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་དམིགས་གཏད་གྱི་འཛིན་པ་ཐམས་ཅད་དང་བྲལ་ཏེ་ཆོས་ཉིད་རང་ངོ་ལ་གནས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་ནང་དུ་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ཏུ་འདུས་དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཆོས་ཉིད་ཀ་དག་གཅིག་གི་རང་ས་ཟིན་པའོ། །དེ་དག་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཀ་དག་ཏུ་ཐིམ་པ་ཞེས་བྱ་བ་སྟེ་གྲོལ་པའི་གཞི་ལ་མཐར་ཕྱིན་ པའོ། །དེ་འང་གཞི་ནང་དབྱིངས་ཀ་དག་གི་ངང་ནས་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་དེ། གཞི་སྣང་གི་ཐུགས་རྗེ་དང་འོད་ལ་སོགས་པ་ཐིམ་པས། ཕྱིར་གསལ་དུ་མེད་པར་ཤེལ་འོད་ནང་དུ་ཡལ་བ་ལྟ་བུ་སྟེ། ཕྱིར་གསལ་མ་དག་པ་འཁྲུལ་པའི་སྣང་བ་གདུལ་བྱ་ལྟར་སྣང་བ་ལ། ཐུགས་རྗེ་ཞུགས་པ་ཉིད་དག་པ་ཡེ་ཤེས་ཀྱི་སྒོ་དང༌། ནང་གི་ཐུགས་རྗཻ་ལ་ཐིམ་དུས་འཁྲུལ་སྣང་དང་དེ་ལ་འཇུག་པའི་ཐུགས་རྗེར་སྣང་བ་གང་ཡང་མེད་པས་གདུལ་བྱ་དང་འདུལ་བྱེད་རྣམ་པར་དག་པས་སོགས་པ་བཞིན་ནོ། །ཆོས་ཉིད་བར་དོའི་གྲོལ་ཚུལ་ལོ། ། བཞི་པ་སྲིད་པའི་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། ཆོས་ཉིད་བར་དོ་ལ་རང་སྣང་ངོས་མ་ཟིན་པས། སྲིད་པའི་བར་དོ་ལ་ལམ་ཐོན་ནས། རྨི་ལམ་གྱི་ཤེས་པ་དང༌། སྣང་བ་ལྷར་གསལ་བ་ལ་སྔ་ཕྱིའི་འབྲེལ་མེད་པ། ཐད་ཀའི་སྣང་བ་སྔར་གྱི་བག་ཆགས་ཀྱི་རྗེས་སུ་འབྲང་བས། སྔར་གྱི་ལུས་དེ་མེད་ཀྱང་ཡོད་པ་སྙམ་པ་བར་དོར་ཇི་ཙམ་གནས་ཀྱི་ཕྱེད་སྔ་མའི་ལུས་དང་སྣང་བ། ཕྱེད་ཕྱི་མ་གར་སྐྱེའི་སྣང་བ་ལ་སྤྱོད་པ། ཤེས་པ་ད་ལྟ་བས་བདུན་འགྱུར་གྱིས་གསལ་བ། མའི་མངལ་དང་རྡོ་རྗེ་གདན་ལས་གཞན་གང་ལ་འང་ཐོགས་མེད་དུ་འགྲོ་བ། ལས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་དང་སྟོང་གསུམ་དུས་གཅིག་ཏུ་མཐོང་བའི་སྤྱན་ཡོད་པས། ས་གཅིག་ཏུ་མི་ཚུགས་ཤིང་ཉམ་ང་བ་ན། ཆོས་འདིས་དབང་པོ་ཐ་མ་ནི་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་པར་དབུགས་འབྱིན་ལ། དབང་པོ་ཡང་མཐའ་ནི་«སྔ«ར་གྱི་བྱིན་རླབས་དང༌། «བླ»་«མའི་མོས་གུས་དང༌། དཀོན་མཆོག་གི་སྐྱབས་འགྲོ་དང༌། ལྷའི་བསྐྱེད་རིམ་སྒྱུ་མ་ལྟ་བུ་ལ་སོགས་པ་དྲན་པས། ཕྱི་མ་ལ་ཕ་མ་དད་པ་ཅན་གྱི་བུ་ཚ་དལ་འབྱོར་བཅོ་བརྒྱད་དང་ལྡན་པ་སྐྱེས་ནས། ལོ་ཉི་ཤུ་རྩ་ལྔའམ། སུམ་ཅུ་རྩ་ལྔ་ལ་སོགས་པ་ནས་ཆོས་འདི་དང་འཕྲད་ནས། ཚེ་འདི་ཉིད་དམ། བར་དོར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །དེའང་ད་ལྟ་»བླ«་མའི་མོས་གུས་དང༌། སྐྱབས་འགྲོ་དང༌། འཆི་ཁར་འཕོ་བའི་མན་ངག་ལ་སེམས་སྦྱོང་ངོ༌། །དེའང་སྙིང་ནང་ན་འོད་ལྔའི་ཐིག་ལེ་སྒོ་ང་ཙམ་ཡོད་པ་ཧིག་གིས་ཚངས་བུག་ལ་འཕངས་ཏེ། འཆི་ཁར་འཕོས་པས་གདམས་པའི་མཆོག་ཏུ་ཉི་ཟླ་ཁ་སྦྱོར་དང་དེའི་རྒྱུད་འགྲེལ་དུ་གསུངས་ སོ། །དེ་ནི་གནད་གལ་པོ་ཆེའོ། ། སྤྱི་དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་བར་དོ་མེད་པར་སངས་རྒྱས་པའི་གདམས་ངག་ནི། ད་ལྟ་ཉམས་ལེན་དུམ་རེ་བྱས་ཀྱང་འཁྲུལ་པས་ཡེངས་ཏེ་ཚད་དུ་མ་ཕྱིན་པ་རྣམས། ཆོས་ཉིད་དག་པའི་བར་དོ་མཐོང་ཡང་རང་སྣང་ངོས་མ་ཟིན་པས། སྲིད་པའི་བར་དོ་ལ་རྨི་ལམ་འཁྲུལ་པའི་ཆ་ཙམ་དུ་ལམ་ཐོན་ནས། སྔར་མངོན་སུམ་གནད་ཀྱི་མན་ངག་ལ་ཡིད་ཆེས་པས། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། སྲིད་པར་བར་དོའི་ལས་ཟད་དེ་རྨི་ལམ་སད་པ་ལྟར་རང་བཞིན་སྤྲུལ་པའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་གྲོལ་བ་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་གིས། ། རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་རང་བཞིན་སྤྲུལ་པའི་ཞིང༌། ། གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེའང་ཤར་ཕྱོགས་མངོན་པར་དགའ་བ་ཞེས་བྱ་བ། ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤེལ་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྐར་ཁུང་བཞི་དང་ལྡན་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་དང༌། མཚེའུ་ཁ་དོག་སྣ་ཚོགས་དང་ལྡན་པ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། རིན་པོ་ཆེའི་ལྕགས་རི་ཆོས་ཀྱི་གདན་དང་བཅས་པ། ཕྱོགས་བཞིར་དར་གྱི་བ་དན་དང༌། ཟུར་བཞིར་མཆོད་རྟེན་དྲིལ་བུ་གཡེང་ཁས་སྤྲེལ་བ་ལས་ཆོས་ཀྱི་སྒྲ་འབྱུང་བ། དེ་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་རིགས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོས་བསྐོར་ཞིང་ཆོས་སྟོན་པས་འཁོར་གྱི་རྒྱུད་ཡོངས་སུ་གྲོལ་བ། ནད་དང་སྡུག་བསྔལ་གྱི་ཟུག་རྔུ་མེད་པ། འདོད་པའི་ཡོ་བྱད་བསམ་པ་ཙམ་གྱིས་འབྱུང་བ་དེར་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཞལ་བལྟ་ཞིང་ཆོས་ཉན་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་དཔལ་དང་ལྡན་པ་ཞེས་བྱ་བ། ཞིང་ཁམས་དང་གཞལ་ཡས་ཁང་གསེར་ལས་གྲུབ་པ། སྔ་མ་ལྟར་གནས་པ་ན། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རིན་ཆེན་རིགས་ཀྱི་འཁོར་བྱེ་བ་མང་པོས་བསྐོར་ཞིང་ཆོས་སྟོན་པར་དབང་བསྐུར་རོ། །དེ་བཞིན་དུ་ནུབ་ཕྱོགས་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་སྔ་མ་ལྟ་བུ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་པདྨ་རིགས་ཀྱི་འཁོར་ལ་ཆོས་སྟོན་པར་ལུང་སྟོན་ཏོ། །དེ་བཞིན་དུ་བྱང་ཕྱོགས་ལས་རབ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་མར་གད་ལྟར་གསལ་བ་སྔ་མ་ལྟ་བུ་ན། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལས་ཀྱི་རིགས་ཀྱི་འཁོར་ལ་ཆོས་སྟོན་པར་དབུགས་ཕྱུང་སྟེ། ཁྲོ་བོའི་ཞིང་ཁམས་མི་མཇེད་བརྩེགས་པའི་ཞལ་མཐོང་བ་ཙམ་གྱིས་བར་དོ་མེད་པར་ཀ་དག་གི་ནང་དབྱིངས་སུ་སངས་རྒྱའོ། །སློབ་དཔོན་སྔ་མ་དག་ཞིང་དེར་ལོ་བརྒྱ་ཉི་ཤུ་རྩ་ལྔ་སོང་བའི་རྗེས་ལ་གྲོལ་བར་བཞེད་ཀྱང༌། ཞིང་དེ་དག་གི་ཚེ་ལོ་ལྔ་བརྒྱ་ཡན་ཆད་དུ་བཤད་པ་དང༌། གཅིག་ནས་གཅིག་ཏུ་བརྫུས་ཏེ་སྐྱེ་བས་སྐྱེ་བ་བཞི་བརྒྱུད་པར་འགྱུར་བས། རྒྱུད་ཀྱི་དགོངས་པ་ནི། ཞིང་གང་སྐྱེ་དེར་སྟོན་པ་ལས་ཆོས་ཉན་དབང་བསྐུར་བའི་མཐར་ཁྲོ་བོའི་ཞིང་མཐོང་ནས་གྲོལ་བར་ཁོ་བོས་ལེགས་པར་རྟོགས་སོ། །དེ་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་པའི་དོན་ཏོ། དེ་དག་གིས་གསང་བ་བླ་ན་མེད་པའི་ཁྲིད་གཞུང་བླ་མ་དམ་པའི་ཕྱག་བཞེས་མན་ངག་དང་བཅས་པའི་དོན་ལེགས་པར་གཏན་ལ་ཕབ་ཟིན་ཏོ། ། ཐིག་ལེ་མཆོག་གསང་བླ་མེད་དོན་ཁྲིད་ལས། །ཡི་གེ་སྔ་མ་མི་གསལ་འཐོར་བ་དང༌། །བླ་མའི་མན་ངག་ཕྱག་བཞེས་གབ་པ་རྣམས། །འདིར་གཅིག་བསྡུས་ཏེ་ཕྱིར་རབས་དོན་དུ་བཀོད། །འགལ་འཁྲུལ་ནོར་པ་ཅུང་ཟད་མཆིས་སྲིད་ན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༌། །མཁས་གྲུབ་དམ་པ་བླཽ་མིག་ལྡན་རྣམས་དང༌། །སྲུང་མ་དམ་ཅན་རྣམས་ལ་བཟོད་པར་གསོལ། ། ཚུལ་འདི་སྐྱེ་བ་སྔོན་ནས་རབ་སྦྱངས་པས། །ཚེ་འདིར་ཐོས་བསམ་རྒྱ་མཚོའི་མཐར་སོན་ཞིང༌། །ཐེག་མཆོག་སྙིང་པོའི་དོན་གྱི་རྣལ་འབྱོར་པ། །སྣ་ཚོགས་རང་གྲོལ་བཟང་པོས་ལེགས་པར་སྦྱར། །སྙིང་པོའི་ཡང་ཞུན་རྒྱུད་སྡེ་བཅུ་བདུན་དང༌། །དེ་ཡི་མན་ངག་བརྒྱ་དང་བཅུ་དགུ་དང༌། །མཆོག་ཏུ་ཟབ་མོའི་པོད་བཞི་ངེས་པའི་དོན། །མ་ནོར་ཁོང་དུ་ཆུད་ནས་བཀོད་པ་ཡིན། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་དབྱིངས་གཅིག་གདོད་མའི་སར་གཞོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག» «།གསང་བ་བླ་ན་མེད་པའི་ཁྲིད་ཀྱི་ཡེ་གེ་ཆེན་པོ་སངས་རྒྱས་མཉམ་སྦྱོར་ཞེས་བྱ་བ། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གསང་བ་བླ་ན་མེད་པའི་རྒྱུད་ལུང་མན་ངག་རྣམས་ཀྱི་བཅུད་བསྡུས་ནས། གངས་རི་ཐོ་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང༌། ཀུན་ཏུ་བཟང་པོའི་ཁང་བཟང་དམ་པ། ཟླ་བ་ཆུ་ཤེལ་གྱི་འཚེར་བར་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༡༽ ཁྲིད་ཡིད་སངས་རྒྱས་མཉམ་སྦྱོར།

»-PAGE 136--PAGE 135--PAGE 132-