volume 004 097

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


༄༅། །བསྡུ་སྒྲིག་གསལ་བཤད། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང༌། ཁྱད་པར་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་ཡོངས་སུ་གསལ་བར་མཛད་པའི། ཀུན་མཁྱེན་ཀློང་ཆེན་པ་ཆེན་པོའི་ཞལ་སྐྱིན་ནམ། མཁྱེན་རྟོགས་དགོངས«་»སྤྱོད་ཀྱི་ འདྲ་འབག །ཕྱི་དང༌། ནང་དང༌། དེ་ཁོ་ན་ཉིད་གནས་གསུམ་དུ་རྣམ་པར་གཞག་པའི་གསུང་རབ། མཛོད་ཆེན་བདུན། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། མུན་སེལ་སྐོར་གསུམ་སོགས་གསར་རྙིང་གི་ཆོས་བཀའ་དྲི་མ་མེད་པ་རྣམས་ཚུལ་བཞིན་བསྡུ་བསྒྲིག་འགྲེམས་སྤེལ་ཞུ་བ་སྟེ། དེ་ཡང་མཛོད་བདུན་དང་མུན་སེལ་སྐོར་གསུམ་སོགས་ནི་བླ་རུང་ནང་བསྟན་སློབ་གླིང་ནས་གསར་བསྐྲུན་ཇི་བཞིན་སོར་བཞག་དང༌། སྙིང་ཐིག་ཡ་བཞི་དང༌། ངལ་གསོ་སྐོར་གསུམ་སོགས་ནི་སྡེ་དགེའི་པར་མ་མ་ཕྱིའི་གཙོ་བོ་ལ། མི་གསལ་བ་དང་དོགས་གནས་མཆིས་པ་རྣམས། ཨ་འཛོམས་པར་མར་དག་བསྡུར་ཞུས་ཏེ་ཅུང་ཟད་མི་མཚུངས་པ་དག «(<»ཨ«>»མི་འདྲ་བའི་ཡིག་འབྲུ«)»གུག་རྟགས་འདིའི་ནང་བཅུག་ཡོད། འགྲེལ་མཆན་ཡོད་རིགས་རྣམས་ཤིང་པར་ཇི་བཞིན་གློག་ཀླད་འདིར་འཁྲིད་སྟབས་མ་བདེ་བས་དཀྱུས་ཚིག་དང་ཕྲེང་གྲལ་གཅིག་ཏུ་བཀོད་དེ་འགྲེལ་བྱེད་དུ་གང་འགྲོ་འགྲོའི་སྔ་བསྣུར་ཕྱིར་འཐེན་ཅུང་ཟད་རེས་དཀྱུས་མཆན་རྩིང་ཞིབ་སོ་སོར་ཕྱེས་ཡོད། ལྡེབ་བཟོ་དང་དཔེ་དེབ་ཀྱི་དུམ་མཚམས་ཀྱང་གཙོ་བོ་སྡེ་དགེ་དང་ཨ་འཛོམས་པར་མ་གཉིས་ལས་ཆེ་ཆུང་འཚམས་པ་ཕྱི་མ་ལ་གཞིར་བྱས། བི་མ་སྙིང་ཐིག་དང་མཁའ་འགྲོ་སྙིང་ཐིག་ལྟ་བུའི་སྡེ་ཚན་རང་རང་གི་ནང་ཕན་ཚུན་གྱི་ལེ་ཚན་འགའ་རེ། མ་ཕྱིའི་པོད་དུམ་ལས་ཡར་བསྣན་མར་དབྲིས་པོད་དུམ་ཆེ་ཆུང་སྙོམས་ཐབས་བྱས་ཡོད། དཔེ་དེབ་ཐམས་ཅད་ཀྱི་མགོར་ཆོས་ཚན་སོ་སོར་གཟིགས་པ་སྟབས་བདེའི་དཀར་ཆག་ལྡེབ་གྲངས་ད་ལྟའི་དཔེ་དེབ་སྤྱི་འགྲོས་ཙམ་ལས་གཞུང་ངོ་མར་མ་དཔེ་སོར་འཇོག་ལས་དཔེ་གསར་འགའ་ཞིག་ལྟར་གྱི་ལྷད་འཛུད་གསར་པ་གང་ཡང་བྱས་མེད། དེ་དག་ལས་གཞན་དུས་རྐྱེན་འཕོ་འགྱུར་ཅི་རིགས་པས། གང་ཐོད་ཐོད་དུ་འཐོར་གྱར་སོང་ནས་མ་ཕྱི་རེ་རེ་ཙམ་རྙེད་པའི་དཔེ་དཀོན་དང༌། དོ་དམ་དཔེ་མང་གི་མཛོད་དུ་བསྐྱིལ་བའི་རྙེད་འཚོལ་དཀའ་བ་རྣམས་ཀྱང་གང་ནུས་ཅི་ལྕོག་གིས། འགྲོ་སོང་དང་ངལ་བ་ལ་མ་འཛེམས་པར་བཙལ་འཚོལ་བགྱིས་ཁུལ་དུ། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང༌། གཞོན་སྐྱེས་རིག་གནས་ལྷུར་ལེན་པ་ཚོའི་བསམ་བློའི་དཔལ་ཡོན་དང༌། ཐམས་ཅད་ཞི་བདེ་འཆམ་མཐུན་གྱི་གྲོགས་སུ་འགྲོ་བ་སོགས་མདོར་ན་ད་ལྟའི་སྤྱི་ཚོགས་འདི་ལ་ཕན་དུ་རེ་བ་དང༌། རིན་ཐང་ཆེ་བའི་དཔེ་རྒྱུན་འདི་ཉིད་ཚང་ལ་མ་འཐོར་བ། མ་འོངས་མི་རབས་ཕྱི་མར་ཡུན་དུ་གནས་པའི་རྐྱེན་གྲོགས་སུ་འགྱུར་ན་སྙམ་པའི་རེ་འདུན་གྱིས། རྩིས་འཕྲུལ་གྱི་པར་གཞིར་བཅུག་སྟེ་འགྲེམས་སྤེལ་ཞུས་པ་ལགས་ན། རྒྱ་ཆེའི་གཟིགས་པ་པོ། བློ་དཀར་གཞུང་དྲང་གི་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་རོག་འདེགས་ཅི་ལྕོག་གང་འོས་གནང་བ་ཐུགས་རྗེ་ཆེ་ཞུ། བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་འགྲོ་འདུལ་རྡོ་རྗེས་ཟླ་༡༠པའི་ཚེས་བཟང་པོར་ཕུལ་བ་དགེ། །།«བསྡུ་སྒྲིག་གསལ་བཤད།«བསྡུ་སྒྲིག་གསལ་བཤད།»- PAGE 2 -- PAGE 3 -- PAGE 1 -