སྡོམ་པ་གསུམ་གྱི་སྙིང་པོ་བསྟན་པ་ཞེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Revision as of 22:15, 3 March 2013 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །སྡོམ་པ་གསུམ་གྱི་སྙིང་པོ་བསྟན་པ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐོས་པའི་ལག་རྩེར་ལེན་འོས་བདུད་རྩིའི་ཕུལ། །ཀུན་དགའི་གཉེན་དུ་ཡང་དང་ཡང་སྟེར་བས། །རྒྱ་མཚོའི་ཁེངས་བསྟུངས་ཆོས་ཀྱི་རྗེ་བླ་མ། །དཔག་བསམ་འཁྲི་ཤིང་དེ་ལ་བདག་འདུད་དོ། །གང་ལས་འཁྲུངས་པ་ལུང་གི་མེ་ཏོག་ནི། །བསླབ་གསུམ་དྲི་བཟང་རྒྱས་དང་དེར་ཞུགས་པའི། །བསྟན་འཛིན་རྐང་དྲུག་ལྡན་པའི་དཀྱིལ་འཁོར་ལ། །མངོན་པར་འདུད་པའང་བདག་གི་ལས་སུ་བགྱི། །རིན་ཆེན་ཟླ་བར་དྲི་མེད་རི་བོང་དང་། །པདྨ་ཅན་ལ་ངང་པའི་རྒྱལ་པོ་བཞིན། །དེ་དག་ཕྱོགས་སུ་ལྷུང་བ་བདག་གི་དད། །ཀུན་དང་དེ་བར་མཚམས་སྦྱོར་ཕོ་ཉ་གཏོང་།། །།འདིར་སྟོན་པ་ཟས་གཙང་སྲས་ཀྱི་རིང་ལུགས་ལ་འཇུག་པ་དག་ལ་དེས་བཅས་པའི་ཁྲིམས་ནི་རྣམ་པ་གསུམ་སྟེ། སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། རིག་པ་འཛིན་པའི་སྡོམ་པའོ། །དེ་གསུམ་ཡང་ཇོ་བོ་ལྷ་ཅིག་གིས། དང་པོའི་སྡོམ་པ་ནི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བར་མའི་སྡོམ་པ་ནི་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །སྔགས་ཀྱི་སྡོམ་པ་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་པའོ། །ཞེས་གསུངས་པ་འདི་ལྟ་བུའི་རྒྱུ་མཚན་གྱིས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་འདུལ་བ་ཞེས་བསྒྲགས་པ་ལས། དང་པོ་སོ་སོ་ཐར་པའི་སྡོམ་པའི་མཚན་ཉིད་ནི། ལུས་ངག་གི་ཉེས་པ་ཙམ་སྤོང་བར་བྱེད་པའི་ཚུལ་ཁྲིམས་སོ། །ལུས་ངག་གི་ཉེས་པ་ཞེས་པ་ནི། མི་དགེ་བ་བཅུའི་ནང་གི་ལུས་དང་ངག་གི་ཁ་ན་མ་ཐོ་བ་གཟུང་ངོ་། །ཙམ་ཞེས་པ་ནི་ཡིད་ཀྱི་རྣམས་མི་སྤོང་བར་སྟོན་པ་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལོགས་སུ་བཀར་བའི་ཆེད་དུའོ། །སྤོང་བ་ཞེས་པ་ནི། །གཉེན་པོའི་མིང་སྟེ་ལུང་དུ་གཉེན་པོའི་ཆུ་ལོན་ཞེས་གསུངས་པའོ། །དེ་ཡང་དཔེར་ན་གནོད་པ་ཅན་གྱི་ཆུའི་རྒྱུན་དེ་རགས་ཀྱིས་གཅུན་ན་གནོད་པར་མི་འགྱུར་བ་བཞིན། གཉེན་པོས་ཉེས་པའི་རྒྱུ་བགགས་ནས་ཉེས་པ་དེ་བྱེད་དུ་མི་སྟེར་བའོ། །དེ་བྱེད་མི་རུང་བས་སྤོང་དགོས་པ་ལྟ་བུས་སྤོང་བར་མི་འགྱུར་ཏེ། གང་ལས་ལྟུང་བ་བྱུང་བའི་ཆོས་གོས་དེ་ཚགས་བྱེད་དུ་མི་རུང་བས་སྤོང་དགོས་ཀྱི་དེའི་སྤོང་བ་མི་འདོད་པ་བཞིན་ནོ། །དེ་བས་ན་ཆོ་གར་ཡང་ལུས་ངག་གིས་སྤངས་ཏེ་ཡིད་ཀྱིས་སླར་ལོག་པ་ཞེས་གསུངས་སོ། །འདིས་བར་མའི་ཚུལ་ཁྲིམས་བཅད་དོ། །ཚུལ་ཁྲིམས་ནི་ལེགས་པར་སྤྱད་པའི་དོན་ནོ། །རྒྱལ་པོ་རྣམས་འབངས་ལ་འདི་གྱིས་གནས་སྐབས་འདི་ལྟ་བུ་མ་བྱེད་ཅེས་བསྒྲགས་ན་དེ་དག་གིས་འགོང་མ་ནུས་པ་དེ་ལ་ཁྲིམས་ཟེར་བ་བཞིན། འདི་ཡང་ཆོས་ཀྱི་རྒྱལ་པོའི་བཀའ་ཁྲིམས་ཡིན་པས་ན་ཁྲིམས་ཞེས་ཀྱང་བྱའོ། །ངེས་པར་འབྱུང་བའི་ཁྱད་ཆོས་མི་སྦྱར་བ་ནི། འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ཐམས་ཅད་བར་མ་ཁོ་ནའོ་ཞེས་སྟོན་འདོད་པ་སྟེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བྱ་བའི་ལུང་སོ་སོ་ཐར་པ་སོགས་ལ་དགོངས་ལ། དེ་མཐོ་དམའ་གར་ཡང་ཁས་ལེན་ནུས་ཏེ། སྐྱབས་སུ་འགྲོ་བ་ཉིད་ལས་ངེས་འབྱུང་སྒྲུབ་དགོས་པས་སོ། །དེ་ཡང་འདོད་པའི་སས་བསྡུས་སོ། །དབྱེ་བ། དེ་ཡང་རྟེན་གྱི་དབྱེ་བས་དགེ་སློང་ཕ་མ། དགེ་སློབ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཏེ། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། ཅེས་པའོ། །ངོ་བོས་དབྱེ་བ་ནི། རྫས་སུ་རྣམ་པ་བཞི་ཡིན་ནོ། །ཞེས་དགེ་སློང་། དགེ་ཚུལ། དགེ་བསྙེན། བསྙེན་གནས། དགེ་སློབ་མ་དགེ་ཚུལ་དུ་འདུས། འགའ་ཞིག་བར་མར་འདོད་པ་ལུང་དང་འགལ་ལོ། །ཁས་ལེན་ཚུལ་གྱིས་ཕྱེ་བས། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །ཞེས་གསུངས་པའོ། །དེ་ཡང་དགེ་སློང་གི་སྡོམ་པ་རྣམ་དག་ནི་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་སོ། །སྤོང་བ་བདུན་ནི། ལུས་ཀྱི་མི་ཚངས་སྤྱོད། མ་བྱིན་ལེན། སྲོག་གཅོད། ངག་གི་བརྫུན། ཚིག་རྩུབ། ཕྲ་མ། ངག་འཁྱལ་རྣམས་ཀྱི་སྤོང་བའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བའི་བཅས་པ་ཐམས་ཅད་ནི་དེ་དག་གི་ཤན་ནམ། ཆའམ། ལྷག་མ་ཡིན་པས་དེར་འདུའོ། །མི་འདུ་བ་འཁོར་བཅས་ཞེས་པས་བསྟན་ཏེ། བཅས་རྐྱང་རྣམས་སོ། །དེ་བས་ན་འདིས་ལུང་ལས་གསུངས་པའི་ལྟུང་བ་སྡེ་ལྔ་མ་ལུས་པར་སྤོང་བས་ཐམས་ཅད་དང་། དགེ་སློང་མན་གྱི་ལུས་འདྲ། ངག་གི་བརྫུན་ཁོ་ན་སྤོང་བས་སྤོང་བ་བཞི་པར་འོད་ལྡན་ལས་གསུངས། བཅས་པའི་དབང་དུ་བྱས་ནས་དགེ་ཚུལ་གྱི་བཅུ། དགེ་བསྙེན་གྱི་ལྔ། བསྙེན་གནས་ཀྱི་བརྒྱད་ཙམ་ལས་མི་སྤོང་བས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་ནོས་པ་ལས། །ཞེས་གསུངས་སོ། །དེ་དག་གང་ལས་ཐོབ་པའི་ཆོ་ག་ལ་ཡང་ལྔ་སྡེ་ངེས་པས་རྫོགས་པ་ནས། དགེ་སློང་རབ་བཟང་ཚུར་ཤོག་གིས་རྫོགས་པའི་བར་དུ་ཅི་ཡང་བྱུང་ཡང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དགེ་འདུན་ཁོ་ནས་བྱེད་པ་དང་། མཁན་སློབ་ལ་རག་ལས་པ་གཉིས་པོ་འདིའོ། །ཅིག་ཤོས་སྔར་བཅས་པས་སྔོན་ཆོག ཕྱི་མ་རྗེས་ལ་གནང་ཞིང་ད་ལྟ་ཚུན་ཡང་རུང་བས་ད་ཆོག རྟིང་མ་བཅས་ནས་སྔ་མའི་ཆོ་ག་དེ་བྱར་མི་རུང་ངོ་། །དེ་ཡང་། ད་ལྟར་བསྙེན་རྫོགས་སྒྲུབ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་པས་མངོན་སུམ་དུ་གྱུར་པ་བཅུ་ཚང་དགོས། དེའི་ལས་ནི་ཞེས་པ་གསོལ་བཞིའི་ལས་ཡིན། དེ་ལན་གསུམ་དུ་བསྒྲགས་པའི་ཐ་མ། ལས་དེ་ཡང་ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་གསུམ་ཡོད་པའི་བྱེད་པ་བརྗོད་པ། དེའི་སླད་དུ་ཞེས་པའི་ཚིག་ཐོས་པ་ན་སྡོམ་པ་སྐྱེ་བ་ཡིན་ནོ། །དེ་ཡང་སྐྱེ་ཁ་དེར་ང་སྡོམ་པ་མི་ལེན་བསམ་བྱུང་ན་ལེན་འདོད་ཕྱིར་ཕུལ་བ་ཡིན། དུས་འདིར་མ་ནིང་དུ་སོང་ན་རྟེན་ཉམས་པ་ཡིན་ནོ། །དེ་གཉིས་ལ་མི་སྐྱེ་བས། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ་ཞེས་གསུངས་པ་གློ་བུར་བའི་བར་ཆད་ཡིན་ནོ། །གཞན་གསུམ་སྐྱབས་འགྲོ་རྩོམ་བྱེད་དུ་བྱེད་པའི་ཆོ་གས་ཏེ། དེའི་ལན་གསུམ་པའི་སྐྱབས་བརྗོད་པ། བདག་བརྗོད་པ། གཞན་བརྗོད་པ་གསུམ་གྱི་གཞན་བརྗོད། དགེ་ཚུལ་དུ་ཞེས་བྱུང་བར་དགེ་ཚུལ་སྐྱེ་བ་བཞིན་ལྷག་མ་གཉིས་ལ་ཡང་འགྲེའོ། །སྡོམ་པ་སྐད་ཅིག་མ་དང་པོ་དེ་སྡིག་པ་ལས་ཐར་མ་ཐག་ཡིན་པས་སོ་སོ་ཐར་པ་དང་། སོ་སོ་ཐར་པའི་སྡོམ་པ་གཉིས་ཀ་ཡིན་པ། སྐད་ཅིག་གཉིས་པ་མན་དེ་ལྟ་བུ་མ་ཡིན་པས་སོ་ཐར་མ་ཡིན་ལ་སོར་སྡོམ་ཡིན་པ་ཚིགས་སྔ་མ་སྔོན་དུ་མ་བཏང་བའི་བར་མ་རབ་བྱུང་ལྟ་བུའི་སྐད་ཅིག་དང་པོ་སོ་ཐར་ཡིན་སོར་སྡོམ་མ་ཡིན་པ་དང་། གཉིས་པ་མན་གཉིས་ཀ་མ་ཡིན་པའོ། །དགེ་ཚུལ་སོགས་ཀྱི་ཆོ་ག་འདི་རྣམས་ནི་ལས་བརྒྱ་རྩ་གཅིག་ལ་མི་ཐེ་དེ་ནི་དགེ་སློང་ཁོ་ནའི་གསོལ་རྐྱང་། གསོལ་གཉིས། གསོལ་བཞིའི་ལས་ཀྱི་དབྱེ་བའོ། །བར་མ་རབ་ཏུ་བྱུང་བ་ནི་བར་མ་དགེ་བ་ཡིན་ལ་སྡོམ་པ་མིན། དེ་ལེན་པ་ཡང་། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་ཚུལ་གྱིས་སོ། །དེ་ལྟར་བླངས་པའི་དུས་ཀྱི་སྡོམ་པ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་པས། དེ་སྐད་ཅིག་དང་པོ་ལ། རྣམ་པར་རིག་བྱེད་ཀྱི་གཟུགས་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གཉིས་སྐྱེའོ། །དེ་ནས་ཇི་སྲིད་གནས་པ་ཚུན་རྣམ་པར་རིག་བྱེད་མ་ཡིན་པ་རྐྱང་པ་སྐྱེའོ། །ཆོ་ག་བརྗོད་པའི་ངག་དེ་དང་། དགེ་འདུན་གྱི་སྤྱོད་ལམ་གྱི་རྣམ་པར་རིག་བྱེད་གཉིས་ལས་བྱུང་བས་རྣམ་པར་རིག་བྱེད་ཅེས་བྱའོ། །དེ་ལྟ་བུ་མ་ཡིན་པས། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །སྡོམ་པའི་རིག་བྱེད་དེ་ཡང་ལུས་ལས་བྱུང་བ་དབྱིབས། ངག་ལས་བྱུང་བ་སྒྲར་བཤད་སྐད་ཅིག་དང་པོ་དེ་ཡང་སྡོམ་པ་མ་བཏང་གི་བར་ཐུག་རྒྱུད་ལ་རྫས་སུ་ལྡན་པ་བཞིན་རིམ་པས་འདས་པ་ཐམས་ཅད་དང་། ཡང་སྡོམ་པ་ཐོབ་མ་ཐག་ཏུ་དེའི་ཐོབ་པ་ཇི་སྲིད་གནས་པ་ཐུག་གི་སྐད་ཅིག་སྐྱེ་འགྱུར་ཐམས་ཅད་དང་ཡང་ལྡན་ཏེ་གྲུབ་མཐའ་སྨྲ་བ་འདི་དུས་གསུམ་རྫས་སུ་གྲུབ་པར་འདོད་པས་སོ། །སྡོམ་པ་ཇི་བཞིན་སོ་སོ་ཐར་པའི་སྡོམ་པའི་ཐོབ་པ་འདས་ད་ལྟར་ཡང་སྐད་ཅིག་དང་པོ་ནས་ཇི་སྲིད་གནས་པའི་མཐའ་ཚུན་དུ་གྲངས་དེ་སྙེད་ལྡན་ཚུལ་ཡང་དེ་བཞིན་ནོ། །དེ་ཡང་གང་ཟག་གླང་པོ་ལྟ་བུར། སྡོམ་པ་ཁལ་ལྟ་བུ་དེ། ཐོབ་པ་ཐག་པ་ལྟ་བུ་དེས་སྡོམ་པའོ། །ཐོབ་པ་ནི་ལྡན་མིན་འདུ་བྱེད། དོན་རྙེད་པ་དང་ལྡན་པ་ལ་བཏགས་པ་ཡིན་ནོ། །ཚིགས་གསུམ་རིམ་ཅན་པའི་རྒྱུད་ལ། ཚིགས་སྔ་མ་གཉིས་རྫས་ཐ་དད་བསླབ་པར་བྱ་བ་མི་འགལ་བས་དགེ་སློང་ཉིད་དུ་འཐུས་པས། ཐ་དད་དེ་དག་འགལ་བ་མེད། །སྔ་མ་གཉིས་སྔོན་དུ་མ་བཏང་ཡང་དེའི་རྒྱུད་ལ་དེ་གཉིས་ལྡན་པར་དྲིན་བསབ་ལས་བྱུང་ཞིང་། དགེ་སློང་གིས་དགག་དགོས་ཀྱི་དགེ་སློང་ཕུལ་དགེ་ཚུལ་དུ་འདུག་ན། སླར་ལེན་མི་དགོས་པའི་ཕྱིར་རོ། །དེ་ནི་བྱེ་བྲག་སྨྲ་བའི་ལུགས་སོ། །མདོ་སྡེ་པ་སྡོམ་པའི་ངོ་བོ་དེ་སེམས་ཀྱི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དེ། དེ་ཡང་ཤེས་པ་སྐད་ཅིག་དང་པོ་འགགས་ནས་སྐད་ཅིག་གཉིས་པར་འགྲོ་བའི་རྒྱུན་དེ་ལྟ་བུའོ། །གཞན་ནི་ལུགས་དེ་ཡང་སྡེ་པ་དུ་མར་གྱེས་པས་སོ་སོའི་ལུང་ན་ཇི་སྐད་བསྒྲགས་པ་ནི་བདག་གིས་མ་འཚལ་ལོ། །སེམས་ཙམ་པ་ནི་སྡོམ་པ་དེ་སེམས་བྱུང་སེམས་པར་འདོད་ཅེས་གྲག་གོ། །། ཇི་ལྟར་བསྲུང་བའི་ཚུལ་ནི། རང་གི་མིག་ལ་གཅེས་སྤྲས་སུ་བྱ་བ་ལྟ་བུ་སྟེ། མིག་ལ་གནོད་པ་ནི་ཐབས་དུ་མའི་སྒོ་ནས་སྤོང་། ཕན་པ་ནི་བསྒྲུབ། དེ་གཉིས་སུ་མ་གཏོགས་པ་ལ་བཏང་སྙོམས་པར་གནས་པ་བཞིན་དུ། འདིར་ཡང་ཚུལ་ཁྲིམས་རིན་པོ་ཆེ་ལ་གནོད་པའི་ལྟུང་བར་འགྱུར་བ་རྣམས་ནི་སྤང་། མཐུན་པའི་ཆོས་གོང་དུ་འཕེལ་བའམ་ཡངས་པའམ་དག་པར་བྱེད་པ་ནི་བླང་། དེ་གཉིས་ལས་གཞན་པ་ནི་བཏང་སྙོམས་སུ་བྱ་བས་དགག་པའི་བསླབ་བྱ་དང་བསྒྲུབ་པའི་བསླབ་བྱའོ། །དགག་སྒྲུབ་གནང་གསུམ་ཞེས་ཕྱེ་ཡང་གནང་བ་ནི་དེ་གཉིས་ཀྱི་ཞར་ཁོ་ནས་རྟོགས་པར་ནུས་སོ། །དེ་ཡང་སྡོམ་པ་ལེན་པའི་དུས་སུ་སློབ་དཔོན་གྱིས་བསླབ་པའི་གནས་ཆེ་ལོང་ཞིག་ལས་མ་བསྟན་པས། ལེགས་པར་ཤེས་པར་བྱ་བའི་ཕྱིར་མཁན་པོ་ཉིད་དམ། གཞན་གྱི་མཁན་པོར་འོས་པའི་དགེ་སློང་ཞིག་ལ་འཁྲིད་ཅིང་སྐྱོང་བར་བྱེད་པའི་གནས་ཞུས་ཏེ། བླ་མ་དང་སློབ་མའི་ཀུན་སྤྱོད་བསྔགས་པར་འོས་པས་དེ་ལ་དྲི་ཞིང་བྱ་བ་དང་སྤྱོད་ལམ་ལ་ཞུགས་ན་ཉེས་པ་འབྱུང་བའི་སྐབས་མེད་པ་དང་། ཕུན་སུམ་ཚོགས་པར་འགྱུར་ལ་དེར་ལེགས་པར་ལོབས་ལྔ་ཕྲུགས་ཐ་མ་དང་ལྡན་ནས་ལྟུང་བ་དང་ལྟུང་བར་མི་འགྱུར་བ་རང་གིས་དཔྱད་དེ་ཞུགས་པས་ཆོག་པས་ན། ཐོག་མར་བསྲུང་བའི་སྒོ་ནི་འདིའོ། །གནས་ཞེས་པ་ནི་མགོན་ནམ་བརྟེན་པ་ལ་བཞག་པ་དེའོ། །མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་ལ། བྱུང་བ། བཅས་པ། རྗེས་བཅས། གནང་བ། བཀག་པ་ཤེས་པ་ཞིག་དགོས་ལ། བྱུང་བ་ནི་དགེ་སློང་བཟང་བྱིན་གྱིས་མི་ཚངས་སྤྱོད་སྤྱད་པ་དེ་བྱུང་པ། གླེང་གཞི་དེ་ལ་བརྟེན་ནས་མི་ཚངས་སྤྱོད་སྤོང་བའི་བསླབ་པའི་གཞི་དང་པོ་བཅས་པ་ལྟ་བུ་གླེང་གཞི་ཤེས་པའོ། །བཅས་པ་ནི་དེ་ལ་བརྟེན་ནས། དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟན་ན་དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ། །ཞེས་བཅས་པ་ལྟ་བུ། རྗེས་སུ་བཅས་པ་ནི། བཅའ་བ་དེ་མཛད་ནས་དགེ་སློང་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པས། ཡང་དེ་ལ་བརྟེན་ནས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་སླར་བསྣན་བཀག་པ་ལྟ་བུ། གནང་བ་ཞེས་པ་ནི། དགེ་སློང་འོད་སྲུང་ལྟ་བུ་བགྲེས་པོ་ལ་ཆོས་གོས་ཀྱི་གནང་བ་མཛད་པས་འབྲལ་བའི་སྤང་བ་བག་ཡངས་སུ་མཛད་པ་ལྟ་བུ། བཀག་པ་ནི། དགྲ་བཅོམ་པ་ལེགས་འོངས་ལ་བརྟེན་ནས་ཆང་རྣམ་པ་ཐམས་ཅད་དུ་བཀག་པ་ལྟ་བུའོ། །མདོར་ན་དགག་པའི་བསླབ་བྱ་ཐམས་ཅད་ནི་བཀག་པ་བསྒྲུབ་པའི་བསླབ་བྱ་ཐམས་ཅད་ནི་གནང་བའོ། །རྗེས་བཅས་དེ་ལ། དགག་པའི་རྗེས་སུ་དགག་པ་བཅས་པ། གནང་བའི་རྗེས་སུ་གནང་བ། བསྒྲུབ་པའི་རྗེས་སུ་བསྒྲུབ་པ་བཅས་པ་ལ་བཅས་རིགས་མི་འདོར་བ། དགག་པའི་རྗེས་སུ་གནང་བའམ་བསྒྲུབ་པ། དེ་ནི་གཞན་གཉིས་ལ་ཡང་འགྲེ་བས་བཅས་རིགས་དོར་བ་དྲུག་སྟེ་མུ་དགུར་འདོད་དོ། །དགག་པའི་བཅས་པ་ཐམས་ཅད་རང་བཞིན་གྱིས་ཁ་ན་མ་ཐོ་བའམ། དེ་དང་འབྲེལ་བའི་ཕྱོགས་ལ་ཞུགས་པས་བཅས་པ་དང་། བཅས་པ་རྐྱང་པའོ། །རྐྱང་པའི་གོ་བ་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཆའམ་ཆ་ཅན་གང་ཡང་མ་ཡིན་ཞེས་པའོ། །དེ་བས་ན་སྤོང་བདུན་གྱི་སྤོང་བ་བདུན་ཡང་བཅས་པ་ནི་མ་ཡིན་ནོ། །དེའི་མི་མཐུན་ཕྱོགས་ཀྱང་ལྟུང་བ་སྡེ་ལྔའི་མིང་ཅན་རྣམས་ཏེ། ཕམ་པའི་སྡེ། དགེ་འདུན་ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེའོ། །ཕམ་པ་ཞེས་པ་གཉེན་པོ་མི་མཐུན་ཕྱོགས་ཀྱིས་ཕམ་པར་བྱས་པ་སྟེ། དཔེར་ན་ཆུ་རགས་ཆུས་ཁྱེར་བ་ལྟ་བུ། ཕས་ཕམ་པ་ཐུན་མོང་བའི་ཕམ་པ་འཆབ་བཅས་ལ་ཟེར། ཆུ་རགས་ཀྱི་ཕྱོགས་དུམ་བུ་ཆུས་ཁྱེར་བ་ལྟ་བུ་ཐུན་མོང་བའི་ཕམ་པ་འཆབ་མེད། དེ་ཕྱིར་ལྟུང་བ་འདི་གཉིས་ལ་ལྷག་མ་མེད་པ་དང་། ལྷག་མ་ཡོད་པ་ཞེས་བྱ་བའི་ཐ་སྙད་མཛད་དོ། །དེ་ཡང་མི་ཚངས་པར་སྤྱོད་པ། མ་བྱིན་པར་ལེན་པ། གསོད་པ། མི་ཆོས་བླ་མ་སྨྲ་བའི་བརྫུན་ཏེ་བཞིའོ། །དགེ་འདུན་ལྷག་མ་ཞེས་པ་ནི། ལྟུང་བ་བྱུང་ནས་སློང་བ་དགེ་འདུན་ལ་རག་ལས་པས་དང་། ཆད་པ་ཉམས་སུ་མྱོང་ཡང་ཤུལ་ན་ལྟུང་བ་ལས་པས་ལྷག་མ་དང་། ད་དེ་བཤགས་པ་ཙམ་གྱིས་འདག་པས་བཤགས་ཏེ་བྱུང་བ་བྱས་ཆོག་པ་ཡིན་ནོ། །ཤུལ་ན་སྡོམ་པའི་ལྷག་མ་ཡོད་པ་ཞེས་སྨྲ་བ་ནི་མདོ་སྡེ་པ་སོགས་ལ་རུང་གིས་འདིར་ཕམ་པ་ཡིན་པ་ཙམ་གྱིས་སྡོམ་པ་མི་གཏོང་བར་བཤད་པ་དང་འགལ་བར་འགྱུར་རོ། །དེ་ཡང་བཅུ་གསུམ་སྟེ། ཁུ་བ་འབྱིན་པ། ལུས་ཀྱིས་རེག་པ། འཁྲིག་པ་དང་ལྡན་པར་སྨྲ་བ། བསྙེན་བཀུར་བསྔགས་པ། སྨྱན་བྱེད་པ། ཁང་པ། ཁང་ཆེན། གཞི་མེད་ཀྱི་སྐུར་འདེབས། བག་ཙམ་གྱི་སྐུར་འདེབས། དགེ་འདུན་གྱི་དབྱེན་བྱེད་པ། དེའི་རྗེས་སུ་ཕྱོགས་པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བ། ཕྱི་མ་དྲུག་ནི་བཞམས་བསྒོ་བྱས་ནས་གསོལ་གཉིས་ཀྱི་ལས་བྱས་པའི་ཐ་མ་ལ་སྦྱོར་བ་དེ་མ་བཏང་ན་ལྟུང་བར་འགྱུར་རོ། །དེ་ལྟ་བུ་རྣམས་ལ་བསྒོ་འགྱུར་གྱི་ལྟུང་བ་ཞེས་ཟེར་རོ། །སོ་ཐར་མདོར། མ་ངེས་པ། དབེན་པ་སྐྱབས་ཡོད་འདུག་པ། ཞེས་བུད་མེད་དང་ལྷན་ཅིག་དབེན་པ་དང་བསྐྱབས་ཀྱིས་མ་སྒྲིབས་པར་གྲོགས་གཞན་མེད་པར་སྡོད་པ་དེ་གཉིས་ལ་ཕམ་པའམ། ལྷག་མ་གང་བྱས་སོམ་ཉི་ཟ་བས་མ་ངེས་པར་གསུངས་ཀྱི་དོན་ཕམ་ལྷག་སོགས་ལས་གཞན་དུ་མེད་དོ། །དེ་ལྟར་ཕམ་ལྷག་གཉིས་ལ་སྦོམ་པོ་དང་ཉེས་བྱས། སྦོམ་པོ་ཡང་སྦྱོར་བ་ལས་བྱུང་བ་དང་། ཡང་བ་དང་། ལྕི་བ། ཤིན་ཏུ་ལྕི་བ། འདིར་ཡོན་ཏན་གྱི་སྒྲའི་སྦོམ་པོ་དང་མིང་དུ་ཆགས་པའི་སྦོམ་པོ་ཞེས་དང་པོས་ཕམ་ལྷག་གི་དངོས་གཞི་ཡང་བསྟན་པར་འདོད་པ་ནོར་བ་ཡིན་ནོ། །ཡོན་ཏན་གྱི་ཞེས་པ་ཉེས་པ་མང་པོ་བསྡམས་པས་ཁོ་ལ་སྦོམ་པོ། སྡེ་ཆུང་ངུ་ཞིག་ལ་མངའ་ཞབས་འགའ་འཕར་བ་ན། ད་ཁོ་སྦོམ་པོར་སོང་ཟེར་བ་ལྟ་བུ་ཡིན། མིང་དུ་ཆགས་པ་ཕམ་ལྷག་གི་དངོས་གཞི་ལས་ན་སྨད་པའི་དོན་ཡིན། ན་སྨད་ཅེས་པ་ཕམ་པའི་ལྷག་མ་ལ་བལྟོས་ན་འདི་ཆུང་ངུ་ཞེས་པའི་དོན་ཏོ། །དེ་ནི་སྡེ་ཆུང་དེ་ལ་སྡེ་དཔོན་ཆེན་པོ་ཞིག་དང་བསྒྲིགས་ནས་ཨེ་འདྲ་ཞེས་ན། ཁོ་རང་ལ་བལྟོས་ན་སྦོམ་པོ་འདུག་སྟེ་དེ་ལྟ་བུ་དང་བསྡུར་ན་ཆུང་ཆུང་རང་ཡིན་མོད་ཟེར་བ་ལྟ་བུ། གསུམ་པ་ལྟུང་བྱེད་ནི་འདི་སྤྱད་པས་ཀྱང་ངན་འགྲོར་ལྟུང་བར་བྱེད་དོ། །དེ་ཡང་གཉིས་ཏེ། སྤང་ལྟུང་དང་། འབའ་ཞིག་པའོ། །སྔ་མ་ནི་གང་བཤགས་པའི་སྔོན་དུ་སྤང་བ་གཏོང་དགོས་པས་སྤང་ལྟུང་། སྤང་བ་སྔོན་དུ་གཏོང་བའི་དོན་ཡང་། འཆང་བའི་ལྟུང་བྱེད་བྱུང་ན། གང་ལས་བྱུང་བའི་གོས་དེ་དང་། དེའི་ཤན་རིགས་མཐུན་པ་གོས་གཞན་དང་། མི་མཐུན་པ་ཕོར་བུ་དྲ་བ་སོགས་ཀྱང་མེད་པོར་བཏང་ནས་བཤགས་ན་འདག གཞན་མི་འདག་པར་བཤད་པ་དེ་ལྟ་བུའོ། །དེ་ཡང་སུམ་ཅུ་སྟེ། འཆང་བ། འབྲལ་བ། འཇོག་པ། འཁྲུར་འཇུག་པ། ལེན་པ། སློང་བ། སློང་བར་རིགས་པ། དཔགས་པ་སློང་བ། སོ་སོ་བ། བསྐུར་བ། སྲིན་བལ། བལ་ནག་པོ་འབའ་ཞིག ཆ་གཉིས་བསྲེ་བ། ལོ་དྲུག་ཏུ་བཅང་བ། མཐོ་གང་བ། ལམ་ན་བལ་ཐོགས་པ། བལ་རྨེལ་དུ་འཇུག་པའི་སྤང་བ། གསེར་དངུལ་ལ་རེག་པ། མངོན་མཚན་ཅན་གྱིས་སྤྱོད་པ། ཉོ་ཚོང་བྱེད་པ། ལྷུང་བཟེད་འཆང་བ། ལྷུང་བཟེད་འཚོལ་བ། འཐག་ཏུ་འཇུག་པ། འཐག་པ་བསྐྱེད་པ། བྱིན་འཕྲོག བརྟད་པ་ལས་བྱུང་བ། ཞག་བདུན་ན་འབྲལ་བ། དབྱར་གྱི་རས་ཆེན། བསྔོས་པ་ལས་བསྒྱུར་བ། གསོག་འཇོག་རྣམས་སོ། །ཕྱི་མ་ནི་སྤང་བ་དེ་ལྟ་བུ་མི་དགོས་བཤགས་པ་འབའ་ཞིག་གིས་ཆོག་པས་ན་འབའ་ཞིག་པའོ། །དེ་ཡང་དགུ་བཅུ་སྟེ། བརྫུན། སྐྱོན་ནས་སྨྲ་བ། དགེ་སློང་ལ་ཕྲ་མ་བྱེད་པ། སྐྱོ་སྔོགས་བྱེད་པ། སྟོན་པ། འདོན་པ། གནས་ངན་ལེན་བརྗོད་པ། མིའི་ཆོས་བླ་མ་བརྗོད་པ། སྐུར་འདེབས། ཁྱད་དུ་གསོད་པ། ས་བོན་དང་། འབྱུང་པོའི་ཚོགས་འཇིག་པ། འཕྱ་བ། བསྒོ་བ་རྣར་གཟོན་པ། གནས་མལ། གདིང་བ། སྐྲོད་པ། ཕྱིས་གནོན་པ། རྩ་བ་དབྱུང་བ་ལ་འདུག་པ། སྲོག་ཆགས་དང་བཅས་པ་སྤྱོད་པ། རིམ་པ་གཉིས་སམ་གསུམ་དུ་བརྩིག་པ། མ་བསྐོས་པར་སྟོན་པ། ཉི་མ་ནུབ་ཀྱི་བར་དུ་སྟོན་པ། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ། གོས་བྱེད་པ། གོས་སྦྱིན་པ། དགེ་སློང་མའི་མགྲོན་པོ་མང་པོ་དང་ལྷན་ཅིག་འགྲོ་བ། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ། དབེན་པ་ན་འདུག་པ། དབེན་པ་ན་འགྲེང་བ། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ། ཡང་ཡང་ཟ་བ། འདུག་གནས་སུ་ཟ་བ། ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ། སྟན་གཅིག་པའི་ཟས་ཀྱི། ལྷག་པོར་མ་བྱས་པར་སྟོབ་པ། འདུས་ཤིང་ཟ་བ། དུས་མ་ཡིན་པར་ཟ་བ། གསོག་འཇོག བྱིན་ལེན་མ་བྱས་པར་ཟ་བ། ཟས་བསོད་པ་སློང་བ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ། ཉལ་པོ་བྱེད་པར་བཤོམ་པའི་ཁྱིམ་ན་གནས་པ། ཉལ་པོ་བྱེད་པར་བཤོམ་པའི་ཁྱིམ་ན་འགྲེང་བ། གཅེར་བུ་པ་ལ་སྦྱིན་པ། དམག་ལ་བལྟ་བ། དམག་གི་ནང་ན་གནས་པ། གཡུལ་བཤམས་པ་དཀྲུག་ཏུ་འགྲོ་བ། བརྡེག་པ། གཟས་པ། གནས་ངན་ལེན་འཆབ་པ། ཟས་གཅོད་དུ་འཇུག་པ། མེ་འབུད་པ། འདུན་པ་ཕྱིར་བསྒྱུར་བ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ། ལྟ་བར་གྱུར་པ་མི་འདོར་བ། ལྟུང་བྱེད་འདི་བསྒོ་འགྱུར་གྱི་ལྟུང་བ་ཡིན་ནོ། །སྤངས་པའི་རྗེས་སུ་ཕྱོགས་པ། བསྙིལ་བ་སྡུད་པ། ཁ་མ་བསྒྱུར་བའི་གོས་གྱོན་པ། རིན་པོ་ཆེ་ལ་རེག་པ། ཁྲུས་བྱེད་པའི་ལྟུང་བྱེད། དུད་འགྲོ་གསོད་པ། འགྱོད་པ་སྐྱེས་པ། འཛུབ་མོས་གག་ཚིལ་བྱེད་པ། ཆུ་ལ་རྩེ་བ། བུད་མེད་དང་ལྷན་ཅིག་ཉལ་བ། སྡངས་པར་བྱེད་པ། སྦེད་པ། ཕྱིར་མ་བླངས་བར་སྤྱོད་པ། གཞི་མེད་པར་སྐུར་པ་འདེབས་པ། སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་འགྲོ་བ། རྐུན་མ་དང་ལྷན་ཅིག་འགྲོ་བ། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ། ས་བརྐོ་བ། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ། ཉན་རྣ་ལས་གྱུར་པ། མི་སྨྲ་བར་འགྲོ་བ། མ་གུས་པའི་ཚུལ། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་འཐུང་བ། དུས་མ་ཡིན་པར་འགྲོ་བ། གྲོང་དུ་རྒྱུ་བ། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ། བསླབ་ཚིག་གི་དངོས་པོ་ལ་ཁྱད་དུ་གསོད་པ། ཁབ་རལ་འཆོས་པ། ཁྲིའི་རྐང་པ་འཆོས་པ། ཤིང་བལ་གྱི་གོས་པར་བྱས་པ། གདིང་བ་ལས་གྱུར་པ། གཡན་པ་དགབ་པ་ལས་གྱུར་པ། དབྱར་གྱི་རས་ཆེན་ལས་གྱུར་པ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་རྣམས་སོ། །སོར་བཤགས་ཀྱི་སྡེ་ནི་གཞན་བཞིན་དུ་བཤགས་མི་དགོས་ཀྱི་བདག་ལ་འདི་ལྟ་བུའི་ལྟུང་བ་བྱུང་ངོ་ཞེས་སྨྲེ་སྔགས་བཏོན་པ་དེ་ཁོ་ནས་འདག་པའི་ཕྱིར་སོ་སོར་བཤགས་པ་ཞེས་བྱའོ། །དེ་ཡང་བཞི་སྟེ། དགེ་སློང་མའི་ཟས་ལག་ཏུ་ལེན་པ། གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་ལ་མ་བཟློག་པར་ཟ་བ། ཁྲིམས་དྲལ་ཏེ་གྲོང་དུ་འགྲོ་བ། ནགས་ཚལ་བརྟག་པ་ལས་གྱུར་པ་རྣམས་སོ། །ཉེས་བྱས་ཀྱི་སྡེ་འདི་དག་ནི་སྔ་མ་རྣམས་ལྟ་བུ་མ་ཡིན་པར་སྤྱད་ན་ཉེས་བྱས་སུ་འགྱུར་བས་ཉེས་བྱས། དེ་ཡང་བརྒྱ་དང་བཅུ་གཉིས་ཏེ། ཤམ་ཐབས་ལ་ཟླུམ་པོར་མི་བགོ་བ། ཧ་ཅང་བརྩེངས་པ། ཧ་ཅང་འཇོལ་བ། གླང་པོ་ཆེའི་སྣ་ལྟར་ནར་བ། ཏ་ལའི་ལོ་མ་ལྟར་ལྟེབ་པ། འབྲུའི་ཕུར་མ་ལྟ་བུ། སྦྲུལ་མགོ་གདེངས་པ་ལྟ་བུ། ཆོས་གོས་ཧ་ཅང་བརྩེངས་པ། ཧ་ཅང་འཇོལ་བ། ཟླུམ་པོར་མི་བགོ་བ་སྟེ། གོས་བགོ་བའི་བཅུའོ། །ཤིན་ཏུ་མ་བསྡམས་པ། ལེགས་པར་མ་བགོས་པ། སྒྲ་མ་བསྐྱུངས་པ། མིག་གཡེངས་པ། གཉའ་ཤིང་གང་ཙམ་དུ་མི་བལྟ་བ། མགོ་བོ་གཡོགས་པ། བརྫེས་པ། གཟར་བ། གཉའ་གོང་དུ་བསྣོལ་བ། ཕྲག་པ་གཉིས་ག་ལ་གཟར་བ། བྲང་བས་འགྲོ་བ། འཇལ་ཐབས་སུ་འགྲོ་བ། མཆོང་བ། ཙོག་པུས་འགྲོ་བ། དཀུར་བརྟེན་ཏེ་འགྲོ་བ། ལུས་བསྒྱུར་བ། ལག་པ་ཀྱོག་པ། མགོ་བོ་བསྒྱུར་བ། ཕྲག་པ་སྤྲད་པ། ལག་པ་སྦྲེལ་བ་ཏེ་སྤྱོད་ཡུལ་དུ་འགྲོ་བའི་ཉི་ཤུའོ། །མ་བགོ་བར་སྟན་ལ་འདུག་པ། མ་བརྟགས་པར། ལུས་ཐམས་ཅད་ཀྱི་ལྗིད་ཕབ་པ། རྐང་པ་བསྣོལ་བ། བརླ་བསྣོལ་བ། ལོང་བུའི་སྟེང་དུ་ལོང་བུ་བཞག་པ། རྐང་པ་དགུག་པ། རྐང་པ་གདེངས་པ། འདོམ་སྣང་བ་སྟེ་སྟན་ལ་འདུག་པའི་དགུའོ། །ལེགས་པར་ཟན་མ་བླངས་པ། མུ་དང་ཁད་ཆད་དུ་ཡིན་པ། ཚོད་མ་དང་མཉམ་པ། མཐར་ཆགས་མིན་པ། ལྷུང་བཟེད་ལ་བལྟ་བ། བཟའ་བ་དང་བཅའ་བ་མ་འོངས་པར་ལྷུང་བཟེད་འཛེད་པ། ལྷག་པོར་འདོད་ནས་འབྲས་ཆན་གྱིས་ཚོད་མའམ་ཚོད་མས་འབྲས་ཆན་དགབ་པ། བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་བཟུང་བ་སྟེ་ཟས་བླང་བའི་བརྒྱད་དོ། །ལེགས་པར་མི་ཟ་བ། ཁམ་ཧ་ཅང་ཆུང་བ། ཁམ་ཧ་ཅང་ཆེ་བ། ཁམ་མི་རན་པ། ཁམ་མ་བཟས་པར་ཁ་གདང་བ། ཁ་ཁམ་གྱིས་བཀང་སྟེ་སྨྲ་བ། ཙུག་ཙུག ཅག་ཅག ཧུ་ཧུ། ཕུ་ཕུ། ལྕེ་ཕྱུང་སྟེ། འབྲུ་ནས་ཐ་དད་དུ། འཕྱས་གདགས་པ། མཁུར་བ་སྤོ་བ། རྐན་ཏོག་པ། ཁམ་འཕྲོ་བཅད་པ། ལག་པ་བལྡག་པ། ལྷུང་བཟེད་འབྱོག་པ། ལག་པ་སྤྲུག་པ། ལྷུང་བཟེད་བསྐྱོམ་པ། མཆོད་རྟེན་འདྲ་བར་སྦྲུས་ཏེ་ཟ་བ་སྟེ་ཟ་བའི་ཉེར་གཅིག། །། གཞན་གྱི་ལྷུང་བཟེད་འཕྱས་གདགས་པའི་ཕྱིར་བལྟ་བ། ལག་པ་ཟས་དང་འབགས་པས་ཆུ་སྣོད་འཛིན་པ། དགེ་སློང་གཞན་ལ་ཟས་དང་འབགས་པའི་ཆུ་གཏོར་བ། ཁྱིམ་པ་ལ་མ་དྲིས་པར་འབགས་པའི་ཆུ་ཁྱིམ་དུ་དབོ་བ། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་དོར་བ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་བཞག་པ། གད་ཁ་དང་། གཡང་ས་དང་། རྐན་གཟར་པོར་བཞག་པ། བསྒྲེང་སྟེ་བཀྲུ་བ། གད་པ། གཡང་། བཀན་གཟར་པོ། འབབ་ཆུའི་རྒྱུན་དྲག་པོ་ལ་བཀྲུས་པ་སྟེ་ལྷུང་བཟེད་ཀྱི་བཅུ་བཞིའོ།། །། ན་བ་མ་ཡིན་པར་ཉན་པ་པོ་འདུག་པ་ལ་བསྒྲེང་བས་དང་། ཉལ་བ་ལ་འདུག་པས་དང་། ཉན་པ་པོ་མཐོན་པོ་ལ་འདུག་པ་ལ་དམའ་བར་འདུག་པས་དང་། ཉན་པ་པོ་བཟང་པོ་ལ་འདུག་པ་ལ་ངན་པར་འདུག་པས་དང་། ཉན་པ་པོ་མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བཞིན་པ། ལམ་གྱི་དབུས་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བས་ཆོས་བཤད་པ། མགོ་བོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དང་ལྟག་པར་བསྣོལ་བ་ལ་བཤད་པ། ཞྭ། ཅོད་པན། འཕྲེང་བ། གོས་ཀྱིས་དཀྲིས་པ་དང་དོ་ཀེར་ཅན་རྣམས་ལ་བཤད་པ། གླང་པོ་ཆེ། རྟ། ཁྱོགས། ཞོན་པ། མཆིལ་ལྷམ་གྱོན་པ། ལག་ན་གདུགས་དང་། དབྱུག་པ་དང་། མདའ་གཞུ་དང་། རལ་གྲི་དང་། དགྲ་སྟ་ཐོགས་པ། གོ་ཆ་གྱོན་པ་རྣམས་ལ་ཆོས་འཆད་པར་བྱེད་པ་སྟེ་ཆོས་བསྟན་པའི་ཉེར་དྲུག་གོ། །། མི་ན་བར་བསྒྲེང་སྟེ་བཤང་གཅི་མི་བྱ། དེ་བཞིན་དུ། ཆུའི་ནང་། རྩྭ་སྔོན་པོ་ཡོད་པའི་སར། བསྒྲུབ་པའི་ཚུལ་གྱི་གསུམ་མོ། །གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་འཛེག་པ། རྒྱུ་བའི་གཅིག་རྣམས་སོ། །ཡང་ཕམ་པ་ནས་འབའ་ཞིག་པའི་བར་དུ་ན་སྨད་པའི་ཉེས་པ་རྣམས་ནི་རང་རང་གི་ཁོངས་སུ་གཏོགས་བསྒྲུབ་པའི་བསླབ་བྱར་འགལ་ཚབས་ཅན་ཞེས་གསུངས་པ་རྣམས་ནི་ཉེས་བྱས་ཡིན་མོད་ཀྱང་ཡིད་ཀྱིས་བསྡམ་བྱ་ཁོ་ན་ཡིན་ལ། འདི་དག་ནི་བཤགས་བྱའི་ཉེས་བྱས་ཡིན་པས་ཁྱད་ཡོད་དོ། །དགེ་ཚུལ་གྱི་ནི་སྲོག་དང་། ལོངས་སྤྱོད་ལ་གནོད་པ་དང་། འདོད་པའི་འདོད་ཆགས་དང་། འདུ་ཤེས་བསྒྱུར་ནས་བསླུ་བ་དང་། བག་མེད་ཀྱི་གནས་དང་། རྒོད་བག་དང་། རྒྱགས་པ་དང་། འདོད་ཞེན་ཆེ་བ་དང་། ཁ་ཟས་དོན་མེད་པ་དང་། ཡོ་བྱད་དོན་མེད་པ་ལས་བཟློག་པས་བཅུར་ཕྱེ་སྟེ། སྲོག་གཅོད་པ་དང་། མ་བྱིན་ལེན་དང་། མི་ཚངས་སྤྱོད་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བ་དང་། གར་སོགས་དང་། འཕྲེང་སོགས་དང་། མལ་ཆེན་པོ་དང་། མལ་མཐོ་བ་དང་། ཕྱི་དྲོའི་ཁ་ཟས་དང་། དངུལ་ལ་སོགས་པའི་རིན་པོ་ཆེ་ལེན་པ་སྟེ་རགས་སྡོམ་བཅུ་ཞེས་གྲགས་པའོ། །རེ་རེ་ལ་རྣམ་པ་དུ་མ་ཡོད་ཀྱང་མང་ཆེས་པས་བསྲུང་མི་ནུས་སྙམ་པ་བཟློག་པའི་ཕྱིར་བཅུར་བསྡུས་སོ། །དངོས་གཞི་ཕམ་འདྲའི་ཉེས་བྱས། དེ་ཡང་འཆབ་བཅས་འཆབ་མེད་ཀྱི་རྒྱུད་གསོར་མི་རུང་བ་དང་། རུང་བ་དགེ་སློང་དང་འདྲ་མོད། །འོན་ཀྱང་ཉེས་བྱས་སུ་འཇོག་པ་ནི་འཕགས་པ་ཉེར་སྦས་ཀྱིས་བསྙེན་པར་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་བསྟན་པའི་ཕྱིར་རོ། །ཞེས་དང་། ཟླ་ནོར། ཚུལ་ཁྲིམས་ཀྱི་མཐའ་མར་གྱུར་པའི་ཕྱིར་ཞེས་བཞེད། དིང་སང་འདུལ་བ་མི་ཤེས་པར་གཞན་བསྙེན་པར་རྫོགས་པར་བྱེད་པ་མང་པོ་དག སྔར་དགེ་ཚུལ་བླངས་པ་ཞིག་ན། ད་རེས་བསྐྱར་ན་དགའ། བསྐྱར་ན་སྡོམ་པ་དེ་གཙང་མར་འགྱུར་ཟེར་མཁན་ཡང་སྣང་སྟེ། ཕམ་འདྲ་འཆབ་མེད་པའང་ཕྱིར་བཅོས་པ་དགེ་སློང་དང་འདྲ། གཞན་ཕམ་པ་དང་འཆབ་བཅས་འདྲ་བས་བསྙེན་རྫོགས་རུང་བར་ལུང་ལས་ནི་མ་གསུངས། དེ་གཉིས་མ་ཡིན་པ་ནི་བཤགས་པས་གཙང་མར་འགྱུར་བའི་ཕྱིར་རོ། །ལྷག་མ་རྣམས་ནི་ཡན་ལག་གི་ཉེས་བྱས་ཏེ་བཤགས་བྱའོ། །བླངས་པའི་ཕྱོགས་མཐུན་རྣམས་ནི་བསྡམ་བྱའི་ཉེས་བྱས་སོ། །བླངས་པ་ཞེས་པ་ནི་བཅུ་པོ་དེའོ། །དེའི་ཕྱོགས་དང་མཐུན་པ་ནི་ཉེས་མེད་དུ་བཤད་པ་བཅུ་གསུམ་པོ་མ་གཏོགས་དགེ་སློང་གི་ཁྲིམས་སུ་ཇི་སྐད་བཤད་པ་དེ་ཐམས་ཅད་དོ། །འདི་ལ་བཅུ་སྤོང་དེ་ལ་དགེ་ཚུལ་གྱི་སྡོམ་པ་དང་དེས་སྔར་བར་མ་རབ་བྱུང་གི་དུས་ཁས་བླངས་པས་ཐོབ་པའི་ཆོས་འདི་པ་དག་གི་ཆ་བྱད་ལ་ནི་དགེ་ཚུལ་གྱི་བརཏལ་ཞུགས་ཞེས་སོ། །དགེ་བསྙེན་ལ་སྲོག་གཅོད། མ་བྱིན་ལེན། འདོད་པས་ལོག་གཡེམ། བརྫུན་རྣམས་རྩ་བ་བཞི། ཆང་ཡན་ལག བསྙེན་གནས་ལ། ཚུལ་ཁྲིམས་ཀྱི་ཡན་ལག བག་ཡོད་པའི་ཡན་ལག བརཏལ་ཞུགས་ཀྱི་ཡན་ལག་སྟེ། དང་པོ་བཞི་རང་བཞིན་གྱི་མི་དགེ་བ་སྤོང་བས་དང་པོའོ། །མྱོས་པར་འགྱུར་བ་འཐུང་བ་སྤོང་བ་གཉིས་པའོ། སྤོས། ཁ་དོག་བྱུག་པ། ཕྲེང་བ་ཐོགས་པ་སྤོང་བ། ཁྲི་སྟན་ཆེན་པོ་དང་མཐོན་པོ་སྤོང་བ། དུས་མ་ཡིན་པའི་ཟས་སྤོང་བ་གསུམ་ནི་གསུམ་པ་སྟེ། དེའི་ཕྱིར་ཡན་ལག་བརྒྱད་པ། གང་ཕྱིར་ཡིད་ཀྱི་དགེ་བ་གསོས་འདེབས་དེ་ཡི་ཕྱིར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བཤད་ཅེས་གྲག །ཅེས་པས་གསོ་སྦྱོང་གི་སྒྲ་བཤད་པ་དང་མཐུན་པས་གསོ་སྦྱོང་ངོ་། །བསྙེན་པ་མྱང་འདས་དེ་དང་ཅུང་ཟད་ཉེ་བར་གནས་པས་བསྙེན་གནས་སོ། །བསྒྲུབ་པའི་བསླབ་བྱ་ནི་བསླབ་པ་ཡོངས་སུ་སྦྱོང་བའི་ཚུལ། བདེ་བར་གནས་པའི་རྐྱེན་གཉིས་སུ་ཤེས་པར་བྱ་ལ། དང་པོ་ནི། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་གསོ་སྦྱོང་གི་གཞི། ཚུལ་རྣམ་པར་དག་པར་བྱ་བའི་ཕྱིར་དབྱར་གནས་ཀྱི་གཞི། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེའི་གཞི་གསུམ། དང་པོ་དེ་ལ་ཞི་གནས་དང་། མཐུན་པའི་གསོ་སྦྱོང་། དང་པོ་ནི། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས། གཉིས་པ་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པས་ན། བསླབ་གསུམ་གསོ་ཞིང་སྦྱོང་བས་གསོ་སྦྱོང་ཞེས་གསུངས་ལ། གསོ་བ་ཞེས་པ་བརྗེད་པ་གསོ་བ། སྦྱོང་བ་ཞེས་པ་བརྗེད་པ་གསོས་པ་དེ་ནན་ཏན་དུ་སྤྱོད་པའི་དོན། ཞི་གནས་ནི་རང་ཉིད་ཀྱི་རྣལ་འབྱོར་བསྒོམ་པ་འགྲུབ་པ་ཡིན་ལ། དགེ་འདུན་གྱི་བསྒྲུབ་པ་ནི་མཐུན་པའི་གསོ་སྦྱོང་ངོ་། །མཐུན་པ་ཞེས་པ་ཡང་འདིས་ཚོགས་མཐུན་པར་བྱེད་པས་སོ། །དེ་ལ་ཚེས་བཅོ་ལྔའི་ཉིན། འདུ་བར་འོས་པ་འདུས། མདོ་འདོན་པར་བསྐུལ། དང་པོར་ཕྱག བར་དུ་མདོ་འདོན། ཐ་མར་བསོད་ནམས་བསྔོ་བ་འདི་གསུམ་དུས་རྒྱུན་གྱི་དགེ་འདུན་འདུ་བའི་བྱ་བ་ཡིན་པས་རྒྱུན་ཆགས་གསུམ་པའོ། །དེ་ནས་དགེ་ཚུལ་གྱིས་བཤགས་པ་བྱས། ཡོངས་དག་འབུལ། ཕྱི་མ་འདི་ལ་དགེ་ཚུལ་གྱི་གསོ་སྦྱོང་གི་ཐ་སྙད་བྱས་སོ། །དེ་ནས་དགེ་འདུན་གྱི་ལས་ཐམས་ཅད་ལ་འདུ་བའི་སྔར་བཤགས་པར་འོས་པ་བཤགས། བསྡམ་པར་འོས་པ་བསྡམས། དེའི་ཉིན་རང་ལ་ཕྱིར་བཅོས་མི་ཐུབ་ན། ལྷག་མའི་དངོས་གཞི་ལྟ་བུ་བྱིན་གྱིས་བརླབས་ཏེ་འདུ། གལ་ཏེ་ཐམས་ཅད་ལྟུང་བ་ཅན་དུ་མཐུན་ན་གཞན་དུ་ཕྱིར་བཅོས་པར་འགྲོ། མ་མཐུན་ན་ལྟུང་མཐུན་བྱིན་གྱིས་བརླབས་པས་སོ། །ཐམས་ཅད་ལ་ལྟུང་བ་བྱུང་མ་བྱུང་སོམ་ཉི་དང་བཅས་པ། རྩོད་པ་དང་བཅས་པ། ངེས་པ་ཉིད་མ་ཡིན་པ། སོ་སོ་ལ་བྱིན་བརླབས་སོ་སོར་དགོས་ཀྱང་བོད་རྣམས་མཐུན་པ་ཁོ་ན་མཛད་གདའོ། །ལྟུང་བ་མི་མཐུན་ན་དག་པ་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པ་བྱས་པས་འགྲུབ་པ་ཡིན་ནོ། །གལ་ཏེ་འདུ་བར་འདུ་བར་འོས་པ་མ་འདུས་ན་བསྒུག་སྡོད་བྱས་འབོད་དོ། །དགག་དགོས་ཡོད་ངེས་པ་ལ་འདུན་པ་དང་ཡོངས་སུ་དག་པ་ལེན་པ་པོ་བསྐོས། དེས་ཀྱང་འདུན་པ་དང་ཡོངས་སུ་དག་པ་རིམ་པས་སམ་ཅིག་ཅར་དུ་བླངས། དེ་དགེ་འདུན་གྱིས་དབུས་སུ་འབུལ། དེ་ནས་གནས་ལ་བློ་མཐུན་བྱས། སོ་སོ་ཐར་པའི་མདོའི་བསྟོད་ར་དང་དང་པོར་བྱ་བ་སྟོན་ནས། གསོལ་བ་བྱས། གླེང་གཞི་རྣམ་པར་གཞག་པ་འཛིན་འཇུག་ནས་བརྩམས་ཏེ་གླེང་གཞི། ཕམ་པ། ལྷག་མ། མ་ངེས་པ། རིལ་བོར་འདོན་པ་དགག་དགོས་དང་བསྟུན་ནས་གང་ཡང་རུང་བ་བྱས། བསོད་ནམས་བསྔོ། དགེ་འདུན་གྲངས་མ་ཚང་ན་བྱིན་བརླབ་བྱའོ། །དེ་ལྟ་བུའི་གསོ་སྦྱོང་དེ་དུས་སྔ་མ་བྱས་ནས་ཟླ་བ་ཕྱེད་ཕྱེད་ན་ཡང་ཕྱི་མ་དེ་འབྱུང་བས་དུས་ཀྱི་གསོ་སྦྱོང་ངོ་། །དེ་ལ་ཞག་མི་ཐུབ་དོར་བའི་མར་ངོ་དྲུག་ལ་བྱུང་བ་ལ་བཅུ་བཞི་པ། གཞན་བཅོ་ལྔ་པ། གཅིག་དགག་དབྱེ། གལ་ཏེ་དགག་དབྱེ་མེད་ན་དེ་ཀ་བྱས་ན་ལོ་གཅིག་ལ་བཅོ་ལྔ་པ་བཅོ་བརྒྱད་དང་བཅུ་བཞི་པ་དྲུག་གོ །དེ་ལྟ་བུའི་གསོ་སྦྱོང་དེར་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲིའོ། །ཞེས་འབྱུང་བས་ལྟུང་བ་བྱུང་མ་བྱུང་དྲན་པར་བྱེད་པ་ཡིན། གལ་ཏེ་བྱུང་ན་ཕྱིར་མཐོལ་བར་བཤད་པ་དུས་དེ་ཉིད་དུ་མ་ཡིན། ཕྱིས་ཕྱིར་བཅོས་བྱེད་པ་ཡིན། དེའི་རྣམ་གཞག་མ་གོ་བར་གསོ་སྦྱོང་དེ་ཀས་ལྟུང་བ་དེ་དག་འདག་པར་སེམས་པ་ལུང་མི་ཤེས་པར་ཟད་དོ། །བཀྲ་ཤིས་པ་དང་གནོད་པ་བཟློག་པ་ནི་དུས་གར་དགོས་ཙ་ན་བྱེད། བསྡུམ་པའི་གསོ་སྦྱོང་ནི། ཁ་མཆུ་བསྡུམས་བྱེད་པའི་ངོ་སྤྲོད་ཟེར་བ་བཞིན། དགེ་འདུན་བྱེ་བ་རྩོད་པ་ཕྱིར་བཅོས་གྲུབ་ནས། ལྷན་ཅིག་ཚོགས་པའི་དོན་དུ་ཡིན་ནོ། །དགེ་འདུན་གྱི་ལས་གང་ཟག་བསྙེན་པར་མ་རྫོགས་པས་ཐོས་པར་བྱར་མི་རུང་བར་གསུངས་ནས་གཟུགས་ཅན་སྙིང་པོ་ལ་བརྟེན་ཏེ་ཁྱིམ་པ་དད་པ་ཅན་དགེ་འདུན་གྱི་གསོ་སྦྱོང་བྱེད་པའི་སོ་ཐར་མདོ་ཉན་པར་གནང་ངོ་། །ཚུལ་རྣམ་པར་དག་པར་བྱ་བའི་ཕྱིར་དབྱར་གནས་ཀྱི་གཞི་ཞེས་པ་དེ་ལ་དབྱར་སྦྱོར་དང་། གནས་པར་ཁས་བླངས་པ་གཉིས། དང་པོ་ནི། ཟླ་བ་ཕྱེད་ཙམ་ནས་སྦྱིན་བདག་ཞལ་ཏ་བ་སྤྱོད་ཡུལ་གྱི་གྲོང་། བསོད་སྙོམས་ནད་གཡོག་གནས་པ་དག་ལ་བླ་མ་ཡོད་པ་དང་། ཉི་མ་སྔ་མ་གནས་མལ་ཡོ་བྱད་སྟ་གོན་བྱ། དབྱར་ཟླ་འབྲིང་པོ་དེའི་ཉའི་གསོ་སྦྱོང་གི་དུས་གནས་མལ་སྟོབ་པ་བསྐོས། དེས་ཁྲིམས་སུ་བྱ་བ་བརྗོད་ནས་ཚུལ་ཤིང་བཀོད། དེའི་འོག་ཏུ་དེ་ལས་གཞན་པའི་དགེ་སློང་གཅིག་གིས་གསོལ་བ་བྱས་པ་གོ་བར་བྱའོ། །དེ་བྱས་མ་ཐག་ཁོ་ནར་ཚུལ་ཤིང་དོར་དབྱར་གནས་ན་བླང་། བླངས་པ་དེ་དག་དགེ་འདུན་ལ་གོ་བར་བྱས། དེ་ནས་གནས་མལ་བསྟབ། བརྗོད་པར་བྱའོ། །གནས་པར་ཁས་བླངས་པ་ནི་ཚེས་བཅུ་དྲུག་གི་ཉིན་པར་རང་གི་གནས་ཁང་དུ་དགེ་སློང་གཅིག་གི་མདུན་དུ་དབྱར་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །དབྱར་སྔ་མ་གནས་པ་ཁས་ལེན་མ་ཐུབ་པའམ། ཐུབ་ཀྱང་རལ་ན་ཕྱི་མ་ཁས་བླང་སྟེ། དབྱར་ཐུང་ངུའི་ཉིན་པར་རོ། །ཆོས་ལྡན་གྱི་དགག་དགོས་ཡོད་ན། ཞག་བདུན་དང་བཞི་བཅུ་གནང་བ་སྦྱིན་ལ་གཞན་དུ་བཏང་། ཕྱིར་དགག་དབྱེ་ལ་འདུ་བར་བྱའོ། །གསུམ་པ་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེའི་གཞི་ལ། ལྟུང་བ་དང་རྫས་ཀྱི་དགག་དབྱེ་གཉིས། དགག་པ་ནི་ལྟུང་བ། མཐོང་ཐོས་དོགས་པས་གླེང་བ་ནི་དབྱེ་བ་དེའི་ཕྱིར་དགག་དབྱེའོ། །ཇི་ལྟར་བྱ་བ་ནི། ཚེས་བཅུ་བཞིའི་ཉིན་ནས་ཚེས་བཅོ་ལྔའི་ནུབ་མོ་ཚུན་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་མོ་འདའ། འདི་ལ་ཡང་བཤགས་པར་འོས་པ་ནས་འདུན་པ་དགག་དབྱེ་བླང་བ་སོགས་གསོ་སྦྱོང་དང་འདྲ། གནས་ལ་བློ་མཐུན་མ་ཞིག་པས་བྱ་མི་དགོས། སྐྱ་རེངས་འཆར་བའི་མདུན་དུ་དགག་དབྱེ་བྱ་སྟེ། དགག་དབྱེ་བྱེད་པ་པོ་བཀོད། དེའི་འོག་ཏུ་དགེ་སློང་གཞན་ཞིག་གིས་གསོལ་བ་བྱ། དགག་དབྱེ་བྱེད་པས་རྩྭ་དར་བྷ་བྲིམས། དེ་གཉིས་གའི་པུས་མོས་མནན་ཞིང་ལག་པས་བཟུང་སྟེ་དགག་དབྱེ་བྱེད་པས་མདུན་དུ་བྱས་ནས་ཙོག་པུར་འདུག་ཅིང་ལྷམ་ཕུད་བླ་གོས་ཕྲག་པར་གཟར་ནས་དགག་དབྱེ་བྱ་བས་དགག་དབྱེ་གོ་བར་བྱ་བའི་ཚིག་བརྗོད། དེ་ཡང་སྤྱིར་བཏང་ལ་ལན་གསུམ། དམིགས་བསལ་ལ་གཅིག་གིས་ཀྱང་འགྲུབ། དགག་དབྱེ་བྱེད་པ་པོས་དགེ་སློང་གཞན་གཅིག་གི་མདུན་དུ་རང་གིས་བྱ། དེས་དགེ་འདུན་ལ་དགག་དབྱེ་མཛད་པས་གོ་བར་བྱ། དགེ་འདུན་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ་སོགས་བརྗོད། དེ་ནས་དགག་དབྱེ་བྱེད་པ་པོས་རྫས་ཀྱི་དགག་དབྱེ་བྱས་དབྱར་རྙེད་སྟོབ། དེ་ནས་དགེ་ཚུལ་བོས་ཏེ་དེ་རྣམས་ཀྱི་དགག་དབྱེ་བྱའོ། །དགེ་འདུན་མ་ལོངས་ན་བྱིན་བརླབ་བྱའོ། །དབྱར་ཟླ་བ་གསུམ་གནས་ནས་དགག་དབྱེ་བྱེད་པ་སྤྱིར་བཏང་། དམིགས་བསལ་གསོ་སྦྱོང་གསུམ་མམ་གཉིས་ཐལ་ནས། དུས་ཀྱི་དགག་དབྱེའི་ཉིན་དགེ་སློང་འཐབ་དཀྲོལ་ཅན་མང་པོ་བྱུང་ན་འཐེན་ནས་ཟླ་བ་ཕྱེད་སོང་བའི་གསོ་སྦྱོང་གི་དུས་དེར་བྱ་བ་རྣམས་སོ། །དེ་ལྟ་བུ་གསོ་སྦྱོང་དང་ཆོ་ག་མ་མཐུན་པ་ཙམ་མ་གཏོགས་དགོས་པ་གཅིག་སོང་བས་འདི་བྱས་པས་གསོ་སྦྱོང་བྱས་པར་སོང་ངོ་། །གཉིས་པ་བདེ་བར་གནས་པའི་རྐྱེན་དེ་ལ་སྲ་བརྐྱང་གོས་ཀོ་ལྤགས་སྨན་བཞི་ལས། སྲ་བརྐྱང་འདིང་བ་བོད་ན་སྔར་སྲོལ་མ་བྱུང་། གོས་བཞི་ལ་ས་ག་ལྷས་རྒྱུ་རུང་བ་བདུན་གསུང་ཏེ། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་སོ། །གོས་ལྔ་ནི། དུར་ཁྲོད་དུ་སྤྱོད་པའི་གོས། མི་ཤེས་པའི་གོས། ཤེས་པའི་གོས། སོང་བའི་གོས། མ་སོང་བའི་གོས་རྣམས་ལས་ཡོ་བྱད་བཅུ་གསུམ་བྱ་སྟེ། དེ་ཡང་། སྣམ་སྦྱར། བླ་གོས། མཐང་གོས། རྔུལ་གཟན། རྔུལ་གཟན་གྱི་གཟན། ཤམ་ཐབས། ཤམ་ཐབས་ཀྱི་གཟན། སྐྲ་བཟེད་ཁྲུས་རས། གདིང་བ། གཡན་པ་དགབ་པ། དབྱར་གྱི་གོས་རས་ཆེན། ཡོ་བྱད་ཀྱི་གོས་རྣམས་སོ། །ཞར་ལ་ཡོ་བྱད་གཞན་ནི་ལྷུང་བཟེད་དང་མཁར་གསིལ་རྣམས་སོ། །དང་པོ་གསུམ་ལ། ཆོས་གོས་རྣམ་པ་གསུམ་དེའི་སྣམ་སྦྱར་ལ་ཆེ་འབྲིང་ཆུང་གསུམ། དེ་རེ་ཡང་ཆེ་འབྲིང་ཆུང་གསུམ་སྟེ། སྣམ་ཕྲན་ཉེར་ལྔ་པ་ནས་དགུ་པའི་བར་གྲངས་ཟུང་རྣམས་སྤངས་པའོ། །ཆེ་ཚད་ལ་གླེགས་བུ་ཕྱེད་ལྔ། འབྲིང་ལ་ཕྱེད་བཞི། ཆུང་བ་ཕྱེད་དང་གསུམ་མོ། །ཞེང་ལ་ཁྲུ་གསུམ། སྲིད་དུ་ཁྲུ་ལྔས་ཆེ་ཤོས། ཞེང་ལ་ཕྱེད་གསུམ། སྲིད་དུ་ཕྱེད་དང་ལྔས་ཆུང་ཤོས། དེའི་བར་གང་ཡང་རུང་བ་འབྲིང་། ཇི་ལྟར་སྲིད་དུ་བསྟན་པའི་ཚལ་བུ་རྣམས་ཀྱི་སྣ་མཐོ་དམན་དུ་འདུག་པས་སྣམ་ཕྲན་སྣྲེལ་ཞི་ཉིད་དུ་གྱུར་པ་དང་མཐའ་སྐོར་དང་བཅས་པ་དེ་ལྟར་ཆོས་གོས་གྲུབ་ན་དྲས་དྲུབ་ཅེས་བྱའོ། །བླ་གོས་ཀྱི་ཆེ་འབྲིང་ཆུང་ཚད་དེ་དང་མཚུངས། སྣམ་ཕྲན་བདུན་པ་དང་གླེགས་བུ་ཕྱེད་དང་གསུམ་པ། མཐང་གོས་ཚད་སྤྱིར་བཏང་མཚུངས། ཞེང་དུ་ཁྲུ་དོ། སྲིད་དུ་ཁྲུ་བཞིའམ་ལྔ་པ་སྣམ་ཕྲན་ལྔ་པ་དང་གླེགས་བུ་ཕྱེད་གཉིས། མ་རྙེད་ན་འཁོར་གསུམ་ཁེབས་པ་ཙམ་ཡང་སྟེ། འཁོར་གསུམ་སྐེད་པ། མདོམས། པུས་མོ་གསུམ་མོ། །དེ་དག་གི་མདོག་ཀྱང་། ས་ག་ལྷས། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཚོན་ཆེན་དག་གིས་ཆོས་གོས་ནི། །ཁ་སྒྱུར་བྱེད་པ་བཀག་པ་ཡིན། །རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡྷུ་ར་དང་གུར་ཀུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་གསུངས་ལ། གོས་སྔོན་པོ་ཕལ་ཆེན་སྡེ་པའི་འོ་སྙམ་པ་ཡང་དེར་ཟད་དོ། །འོན་ཀྱང་ཡུལ་གང་དུ་མཐོང་ཆེ་བ་བཞག ཆུང་བ་དེ་བསྒྲུབ་པས། བོད་ལྟ་བུར་སྔོན་པོ་ལས་བཙོད་ལ་སོགས་པ་རུང་བར་འགྱུར་ཏེ་ཡུལ་ཆོས་ཀྱིས་འགྱུར་པ་མང་དུ་བཤད་དོ། །གལ་ཏེ་དྲས་ཏེ་དྲུབས་པར་མ་ནུས་ན་ལྷན་ཐབས་སུ་གླན་ནོ། །དེ་ཡང་སྣམ་ཕྲན་དུ་མ་དང་གླེགས་བུ་དུ་མར་བྱས་ཏེ་སྦྱར་བས་སྣམ་སྦྱར། བླ་ནི། སྟོད་དེ་སྐྱོབ་པར་བྱེད་པའི་གོས་ཡིན་པས་བླ་གོས། མཐང་ནི་མཐའ་སྟེ་སྨད་ཡིན་ལ་དེ་སྐྱོབ་པར་བྱེད་པའི་གོས་ཡིན་པས་མཐང་གོས་སོ། །ཀོ་ལྤགས་ཀྱི་གཞི་ལས་ཡུལ་ཁ་བ་ཅན་ལྟ་བུར་རུང་བ་ལྷམ་མལ་སྟན་གཉིས་མིག་ལ་ཕན་པའི་དོམ་ལྤགས་ཙམ་མོ། །སྨན་ནི་དུས་སུ་རུང་བ། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བའི་བར་དུ་བཅང་བ་སྟེ་བཞི། རང་གླིང་འདིའི་དགུང་ཚིགས་ཚུན་ཆད་དུ་བསྟེན་པར་བྱར་རུང་བས་དུས་སུ་རུང་བ་དེ་ཡང་བཟའ་བ་དང་བཅའ་བར་སྨོས་པ་རྣམས་སོ། །ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བས་ཐུན་ཚོད་དུ་རུང་བའོ། །ཤིང་གི་འབྲས་བུ་ལ་སོགས་པ་དང་དེའི་བཏུང་བ་གཞན་ཡང་རུང་ཆུས་བསླད་པ་དྭངས་པོ་བཞིན་སྣང་བར་བྱས་པ་ཐམས་ཅད་དང་། དུས་ཀྱི་ཟས་ཤིང་འབྲས། མར་བུ་རམ་ཧྭགས་ཏེ་ཀ་རའི་མིང་ཅན་རྣམས་ཏེ། ཞག་བདུན་གྱི་བར་དུ་རང་གིས་བྱིན་གྱིས་བརླབས་ཏེ། བསྟེན་པར་བྱ་བས་ཞག་བདུན་པ་སྟེ། བུར་སྦྲང་མར་ཀར་ཞག་དག་གོ །ཇི་སྲིད་ནད་དེ་འཚོ་བའི་མཐའ་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཡིན་པས་འཚོ་བའི་སྨན་ཏེ། ནད་དེ་ལ་བལྟོས་པའི་སྨན་ནོ། །ལག་ཉར་བླངས་པ་དང་། བྱིན་ལེན་མ་བྱས་པ་དང་། གསོག་འཇོག་བྱས་པ་དང་། ཞག་ལོན་པ་དང་། མཚམས་བཙོས་རྣམས་ལ་བྱིན་རླབས་མི་ཆགས་པའོ། །བྱིན་ལེན་བྱས་ནས་ཟས་ཟ་བའི་ཚེ། དང་པོ་ཆངས་བུ་གཅིག་སེམས་ཅན་ཐམས་ཅད་ལ་བསྔོ། གཉིས་པ་ལྷ་མོ་འཕྲོག་མ། གསུམ་པ་གཞི་དེའི་བདག་པོ་ལ་བསྔོས། དེ་ནས་བདག་ཉིད་ལ་ནད་པ། ཟས་དེ་ལ་འཚོ་བའི་སྨན་དུ་བསམས་ནས་དེ་དང་དེའི་དུས་སུ་བསྟེན་པར་བྱའོ། །མདོར་དེ་ལྟ་བུའི་དགག་སྒྲུབ་གནང་གསུམ་དུ་མ་གསུངས་པ་དག་ནི། དགེ་སློང་དག་ངས་ཁྱེད་ལ་གང་ཟག་གི་ཐོག་མ་ཉིད་ནས་གནང་བ་ཡང་མེད་ལ། བཀག་པ་ཡང་མེད། གལ་ཏེ་རུང་བ་དང་ཉེ་བ་ཡིན་ཞིང་། མི་རུང་བ་དང་ཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་གཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་རུང་བ་ཟློག་པར་བྱེད་པ་ཡིན་ན་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་གསུངས་པ་ལྟར་དེ་ལྟར་བསླབ་པ་བསྲུང་ཞིང་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་བསླབ་སྟེ། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་འབྱུང་བས་སོ། །དེ་ཡང་གཤེ་ཡང་སླར་མི་གཤེ་བར་བྱ། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ། མཚང་བྲུས་ཀྱང་སླར་མཚང་མི་འདྲུ་བར་བྱ། བརྡེག་ཀྱང་སླར་མི་བརྡེག་པར་བྱའོ། །ཉམས་ན་ཕྱིར་བཅོས་པ་ནི། སྤྱིར་ཉམས་པ་ཞེས་པ་ཕམ་པས་ཡིན་ལ། འདིར་ནི་བླངས་པ་ལས་འདས་པ་ཐམས་ཅད་ལ་དེའི་སྒྲ་བཞག་ནས་བཤད་དོ། །དེ་ལས་ཕམ་པས་ཉམས་པ་ནི་ཕམ་པ་བྱུང་བ་སྟེ། འདི་ལ་བསླབ་པ་བརྗོད་པར། དགེ་སློང་གི་གནས་འདི་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །ཞེས་གསུངས་པ་དེ་ཉིད་མདོ་སྡེ་པ་རྣམས་ཕམ་པས་སྡོམ་པ་གཏོང་བའི་ཤེས་བྱེད་དུ་ཁས་ལེན། ཕམ་པ་ཡང་འཆབ་བཅས་ཁོ་ནར་འདོད་དོ། །བྱེ་བྲག་སྨྲ་བའི་ནང་ནས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་ཅན་གཉིས་སུ་འདོད། །བྱུང་བ་ནི་ཕམ་པ་སྟེ། དེ་ལས་འཆབ་མེད་དང་འཆབ་བཅས་གཉིས་སུ་ཡོད་དེ་ཕམ་པར་འགྱུར་བ་ལ་འཆབ་སེམས་ཡན་ལག་ཏུ་མ་གསུངས་པ་དང་། ཕམ་པ་དེ་བྱུང་ནས་འཆབ་སེམས་སྐྱེས་པའི་ཕྱིར་རོ། །དེས་ན་མི་ཚངས་སྤྱོད་ཀྱི་ཕམ་པ་འཆབ་མེད་དེས། མི་ཚངས་སྤྱོད་ཀྱི་སྤོང་གཟུགས་ཉམས་པར་བྱས་ནས་དེ་མེད་པར་སོང་། གཞན་དྲུག་དེ་ཀར་འདུག་པས་ན་ཅིག་ཤོས་གསོར་རུང་བས། དེས་དགོས་པ་སྒྲུབ་ནུས་ཀྱི་སྡོམ་པ་མ་བཏང་བ་དང་། རྣམ་དག་བཏང་ངོ་། །བསམ་གཏན་པ་དགའ་བྱེད་ལ་བརྟེན་ནས་སྟོན་པས། དགའ་བ་ཅན་གྱིས་སྤྱོད་པར་བྱ་བ་མ་ཡིན་པར་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པ་འདིས་ཕས་ཕམ་པར་མ་གྱུར་གྱི། དགའ་བ་ཅན་དང་། གཞན་ཡང་འདི་ལྟ་བུ་ལ་བསླབ་པའི་སྡོམ་པ་སྦྱིན་ཞིག་ཅེས་དང་། བཅབ་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་བུ་ལོན་ཅན་ཡང་ཡིན། ནོར་ཅན་ཡང་ཡིན་པ་བཞིན་འཆབ་མེད་པ་དེ་ཡང་ཚུལ་ཁྲིམས་འཆལ་པ་དང་ཚུལ་ཁྲིམས་དང་བཅས་པའོ། །བསླབ་པ་བརྗོད་པར་བཤད་པ་ནི་ཕས་ཕམ་པ་ལ་དགོངས་སོ། །དེ་ནི་ཁྲེལ་མེད་པ་ཆེན་པོས་དགོས་པ་སྒྲུབ་ནུས་ཀྱང་མེད་པར་བྱས་པས་དེ་སྐད་དུ་གསུངས་སོ། །ཞེས་འདོད་པས། དེ་གཉིས་ཀ་ཐུན་མོང་པའི་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་གཏོང་པར་མཐུན་ཅིང་། དེ་ཀ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱིས། ཉམས་པ་དང་མ་ཆགས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ་ཞེས་གསུངས་སོ། །འདིའི་རྒྱ་ཆེ་འགྲེལ་པར། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་དེ་ཡོད་དུ་ཟིན་ཀྱང་དེ་ལྟ་ན་ཡང་དགོས་པ་མེད་པར་གྱུར་པ་ཞེས་གསུངས་པ་ལ་འཁྲུལ་ནས་ཕམ་པ་འཆབ་བཅས་པ་དེའི་རྒྱུད་ལ་དགེ་སློང་གི་སྡོམ་པ་བཟོ་བ་ཕལ་ཆེའོ། །དེ་ནི་མི་འཐད་དེ་དབྱིག་གཉེན་གྱིས་མཛོད་འགྲེལ་དུ་དེ་ལྟ་བུ་མི་སྲིད་པར་བཤད་པ་དང་། ཐོགས་མེད་ཀྱིས་བྱང་སར། འདི་ལྟ་སྟེ་ཕས་ཕམ་པའི་ཆོས་རྣམས་བྱས་པས་དགེ་སློང་གིས་སོ་སོ་ཐར་པའི་སྡོམ་པ་བཏང་བར་འགྱུར་བ་བཞིན་ཞེས་སོ། །འོ་ན་འགྲེལ་པའི་ལུང་དོན་གང་ཡིན་ཞེ་ན། དཔེར་ན་ཕྱུག་པོ་ཆེན་པོ་ནོར་བརླག་ནས་སྤྲང་པོ་བྱས་པ་དང་། དང་པོ་ནས་སྤྲང་པོ་ཡིན་པ་གཉིས་འཛོམ་པར་མིས་གཞན་ལ་བརྡ་སྤྲོད་པ་ན། འདི་ནི་ཕྱུག་པོ་ཡིན་ཀྱང་ད་ནོར་བརླག་པས་སྤྲང་པོར་སོང་བ་ཞེས་དང་། ཅིག་ཤོས་ལ་འདི་ནི་དང་པོ་ནས་ནོར་མེད་པའི་སྤྲང་པོ་ཞེས་པ་ལྟ་བུ་ཡིན་པ་མ་གོ་བར་ཟད་དོ། །དེ་བས་ན་ཉམས་པ་དེ་དང་མ་ཆགས་པ་དང་པོ་ནས་སྡོམ་པ་མེད་པ་གཉིས་སྡོམ་མེད་དུ་མཚུངས་པས་སྡེ་ལྔའི་གཞི་ལ་ཞུགས་ན་ལྟུང་བ་མི་བསྐྱེད་ཉེས་བྱས་ཙམ་དུ་འགྲོ་སྙམ་བྱུང་བ་ཡིན་ལ། ཉེས་བྱས་བསྐྱེད་པ་ཡང་རང་དགེ་སློང་དུ་རློམ་པས་སོ། །གཞན་ཡང་། དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱིས་རྒྱལ་དང་ལམ་སུན་འབྱིན། །ལམ་ཕྱིར་འཚོ་དང་ལམ་སྟོན་པ། །ཞེས་པ་ནི། དང་པོ་དོན་དམ་པའི་དགེ་སློང་དགྲ་བཅོམ་པ་རྣམས་ལ་བཞག་ལ། གཉིས་པ་ཉམས་པ་སྟེ་དགེ་སློང་གི་ཤ་ཚུགས་གཟུང་ཡང་མིང་ཙམ་གྱི་དགེ་སློང་དོན་སྡོམ་པ་མེད་པས་མིང་རྐྱང་ཞེས་པ། སློང་བའི་དགེ་སློང་ལུང་ལས་བཤད་པ་འདི་ཀ བཞི་པ་ཁས་འཆེ་བ་ནི་རྫོགས་པའི་སངས་རྒྱས་སོ། །འཆབ་བཅས་ཀྱི་སྤོང་བ་ལྷག་མ་དྲུག་མ་ཉམས་ན་ཅིའི་ཕྱིར་དེ་དག་གི་གཞི་ལ་ཞུགས་ན་དངོས་གཞི་མི་བསྐྱེད་པ་སོམས་ཤིག་གུ དེ་ལྟ་བུའི་ཕམ་པ་འཆབ་མེད་དེ་རྒྱུད་གསོར་རུང་བས་ཕྱིར་བཅོས་པ་ནི་བསླབ་པ་བྱིན་ཆགས་སྤྱོད་པ་ཡིན་ལ། དེ་ཡང་དགྲ་བཅོམ་པ་ཐོབ་ན་དེ་ནས་དབྱུང་བ་བྱས་ཆོག གཞན་ཚེ་ཇི་སྲིད་དུའོ། །དེ་ཡང་འགྱོད་པ་དྲག་པོ་སྐྱེས། དེས་ལྟུང་བ་ལས་སློང་གིས་ཆད་པའི་ལས་ཀྱིས་མ་ཡིན་པས། བསླབ་པ་དེ་འགྱོད་པ་དྲག་པོ་ཡོད་པ་ཞིག་ལ་བྱིན་ན་ཆགས། གཞན་མི་ཆགས་སོ། །དེ་ཡང་བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་ཐམས་ཅད་དུ་ཤེས་པར་བྱའོ། །དེ་བས་འདི་ད་དུང་ཕམ་པ་ཅན་དུ་འདོད་པ་ནི་ནོར་བ་སྟེ། ཕམ་པ་ཡོད་པའི་དུས་དེས་གང་ལས་ཕམ་པ་དེ་བྱུང་བའི་གཞི་ལ་ཞུགས་ཀྱང་དངོས་གཞི་མི་སྐྱེད། །དེ་དེའི་སྤོང་བ་དེ་བཏང་བས་ཡིན། བསླབ་པ་བྱིན་ཆགས་པ་གཞི་དེ་ལ་ཞུགས་ན་དངོས་གཞི་ཇི་ལྟ་བ་སྐྱེད། དེ་དེའི་སྤོང་བ་དེ་སོས་པས་ཡིན། དེས་ན་རྒྱུད་གསོར་རུང་བ་ལ་གསོ་བ་ཕྱིར་བཅོས། ལྟུང་བ་གང་ལའང་ཕྱིར་བཅོས་གྲུབ་ནས་ལྟུང་བ་དེ་གང་ཟག་གི་རྒྱུད་ལ་ལྡན་པ་ཐེག་པ་ཆེ་ཆུང་གི་ལུང་གར་ཡང་མ་གསུངས་སོ། །ལུང་ལས་མཐའ་ལས་ལྡང་བར་གསུངས་པའང་མ་གོ་བར་ཟད་དོ། །ལྷག་མའི་ལྟུང་བ་ལ་ཉིན་མཚན་གྱི་མཐའ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་། །ཞེས་པས་འཆབ་སེམས་སྐྱེས་ཀྱང་མཚན་གྱི་མཐའ་མའི་ཆ་ལ་མ་སླེབ་ན་འཆབ་པར་མི་འགྱུར་སྨྲ་བ་ཡང་མ་གོ་བ་སྟེ། འཆབ་སེམས་འགྱོད་སེམས་གཉིས་ཀ་མེད་པ་ལ་དུས་དེ་ཙམ་ན་དེ་ཀ་འཆབ་པར་སོང་བ་སྟོན་པ་ཡིན། གཞན་འགྲེལ་པར། བརྗོད་པའི་ཡན་ལག་ཡོད་ལ། གལ་ཏེ་མི་བརྗོད་དོ་སྙམ་དུ་མི་བརྗོད་པའི་བསམ་པ་སྐྱེས་ན་དེའི་ཚེ་འཆབ་པ་ཁོ་ནར་འགྱུར་རོ། །ཞེས་པ་འཆབ་སེམས་སྐྱེས་ན་ནམ་སྐྱེས་པ་དེ་ཉིད་དུའོ། །དེ་བས་ན་འཆབ་པ་མེད་པ་ལ་མགུ་བ་ཞག་དྲུག་སྤྱད། དེ་ནས་ལྟུང་བ་བཤགས། དེ་ནས་དབྱུང་བ་བྱས་པས་སོ། །འཆབ་བཅས་ཞག་ཅི་ཙམ་བཅབས་པ་དེ་ཙམ་སྤོ་བ་བྱས། དེ་ནས་མགུ་བ། དེ་ནས་དབྱུང་བ། གལ་ཏེ་ལྟུང་བ་དེའི་རིང་ལ་བསྐྱར་མ་བྱུང་ན། གཞི་ནས་མགུ་བ་དང་། ཡང་བསྐྱར་ན། ཡང་གཞི་ནས་མགུ་བ་བྱ། དེ་བཞིན་སྤོ་བ་ལ་ཡང་འདྲའོ། །བསྒོ་འགྱུར་གྱི་དྲུག་ལ་བསྡིགས། སྨད་བསྐྲད་དང་། ཕྱིར་འགྱེད། གནས་དབྱུང་། ཅི་རིགས་པར་བྱའོ། །སྤོ་བ་སོགས་ཀྱི་དོན་ཡང་ས་གཞན་ན་གནས་པའི་སྤྱོད་པ་སྐྱོང་དུ་འཇུག་པ་ལ་བྱེད་དོ། །ངོ་ཚ་ཤས་ཆེན་པོ་དང་སྡེ་སྣོད་འཛིན་པ་དག་ལ་ཆད་པའི་ལས་མེད་ཀྱང་དེ་ཀས་འདག་གོ །ཕམ་པའི་སྦོམ་པོ་མཚམས་ནང་གི་དགེ་འདུན་ཐམས་ཅད་དེར་ལྔ་ལས་མེད་ན་གཅིག་གཞན་ནས་བོས་ཏེ་དྲུག་ལ། ཡང་བ་བཞི་ལ། ལྷག་མའི་སྦོམ་པོ་ལྕི་བ་ལྔ་དང་། ཡང་བ་གཅིག་ལ་བཤགས་པས་འདག་གོ །གཞན་རྣམས་ནི་སྒྲ་བཤད་དུ་བསྟན་པ་བཞིན་ནོ། །དེ་ལྟ་བུའི་སྡོམ་པའི་གཏོང་རྒྱུ་ལ། བསླབ་པ་ཕུལ་བ། ཤི་འཕོས་པ། དགེ་བའི་རྩ་བ་ཆད་པ། མ་ནིང་དུ་གྱུར་པ། ཤེས་ཞིག ཕམ་པ་འཆབ་བཅས། བསྙེན་གནས་སང་གི་ཉི་མ་ཤར་བ་ན་གཏོང་ངོ་། །མ་གསུངས་པའི་ཉེས་དམིགས་ནི། ཆོས་བསྒྲགས་ཀྱི་མདོར། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི། སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སོ། །བསྲུངས་པའི་ཕན་ཡོན་དེ་ཉིད་དུ། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་ནོད། །སོགས་རྒྱས་པར་བསྟན་པ་དང་། མདོར་བསྡུ་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང་། མཐར་ཐུག་གི་འབྲས་བུ་སོ་ཐར་མདོར། གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་སོ།། །། གཉིས་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་ལ། མཚན་ཉིད་ནི། སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བར་བྱེད་པའི་ཚུལ་ཁྲིམས་སོ། །སྒོ་གསུམ་ནི། ལུས་དང་ངག་དང་ཡིད་གསུམ་མོ། །ཉེས་པ་ནི་སེམས་ཅན་ཐམས་ཅད་ལ་མི་ཕན་པའི་སྤྱོད་པའོ། །སྤོང་བའི་ཚུལ་ཁྲིམས་ནི། དེའི་གཉེན་པོ་དང་ལེགས་པར་སྤྱད་པ་ཡིན་པས་སོ། །དེ་ཡང་བྱང་སར། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལ་ཡང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་འབྱུང་བ་དང་། སྤྱོད་འཇུག་ལས་ཀྱང་། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་དང་། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་འབྱུང་བས་སོ། །ཐེག་པ་འདིར་སེམས་གཙོ་བས་ཡིད་ཀྱིས་དེ་མི་བྱེད་པར་དམ་བཅས་པ་ཙམ་གྱིས་སྤོང་བར་བཞག་ལ། དངོས་སུ་ནི་ལས་དང་པོ་པས་རང་གི་ནུས་པ་དང་བསྟུན་ནས་དང་དུ་ལེན་དགོས་པའི་ཕྱིར་ཇི་ཙམ་བཟོད་པ་ལ་བསླབས་ནས་མཐར་ཐམས་ཅད་ལ་བསླབ་པར་བྱའོ། །དེའི་ཕྱིར་གཏན་ལ་དབབ་པ་བསྡུ་བར་སྡོམ་པ་བརྒྱ་ལ་སོགས་པར་དབྱེ་ལ། དབྱེ་བ་དེ་ཡང་འདིར་བསྟན་གྱི་མཚན་ཉིད་དང་མི་མཐུན་པ་མ་ཡིན་ནོ། །བྱེ་བྲག་སྨྲ་བ་ལ་སྤོང་གཟུགས་སོ་སོ་ཁས་བླངས་པ་རང་གིས་བསྒྲུབ་མ་ནུས་པ་དེ་དག་འཆལ་ཚུལ་དུ་འགྲོ། དེ་བཞིན་འདིར་མི་འགྲོ། འདིར་དེ་ཀ་བཅས་པ་ཡིན་པས་སོ། །དེ་ཡང་མི་དགེ་བཅུ་ལྟ་བུའི་ཡིད་ཀྱི་གསུམ་གནང་བའི་སྐབས་མེད། ལྷག་མ་གཞན་དོན་དུ་འགྱུར་བའི་སྐབས་འདུག་ན་སྤྱད་ན་ཉེས་པར་མི་འགྱུར་བའི་ཁར་དགེ་བར་འགྱུར། དེ་ལས་གཞན་ན་མི་དགེ་བ་རང་ངོ་། །ཡང་ཉན་ཐོས་སམ་རང་རྒྱལ་དུ་སེམས་བསྐྱེད་པ་ལྟ་བུ་སྤྱི་ལྡོག་ནས་གཞལ་ན་དགེ་བ་ཡིན་མོད་ཀྱང་། འདིར་ཉེས་པར་བཞག་པ་ལྟ་བུས་སྤྱི་ཙམ་གྱི་དགེ་བ་དང་སྡིག་པས་འདིར་དགེ་སྡིག་ཏུ་མི་དབྱེ་བའང་ཤེས་པར་བྱའོ། །འགའ་ཞིག་ཉན་ཐོས་རྣམས་ལ་སེམས་བསྐྱེད་གསུམ། །དགྲ་བཅོམ་རང་རྒྱལ་སངས་རྒྱས་སོ། །ཟེར་བ་ནི། ཉན་ཐོས་ཀྱི་ལུང་འགར། ལ་ལ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་རང་སངས་རྒྱས་སུ། ལ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སེམས་བསྐྱེད་དོ་ཞེས་འབྱུང་བ་ལ་བསམས་པར་སྣང་མོད། རང་ཉིད་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དེར་འཆད་པ་ཤིན་ཏུ་མི་རིགས་ཏེ། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་སྙམ་ན་ནི་དེ་ཀ་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དུ་ལུགས་གཉིས་ཀས་བཤད་དེ། ཀུན་ལས་བཏུས་སུ་སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ་བདག་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ། །ཞེས་དང་། བསླབ་བཏུས་ལས་ཀྱང་། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སྨོན་པ་ལས་སྐྱེས་པ་ཡིན་ཏེ། དཔའ་བར་འགྲོ་བའི་མདོ་ལས། གཡོ་བྱས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྒྱུར་གསུངས་ན། དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་ན་ལྟ་ཅི་སྨོས་ཞེས་གསུངས་ལ། དེ་དག་རང་གི་སྡེ་སྣོད་དུའང་། སངས་རྒྱས་སུ་སེམས་བསྐྱེད་པ་དེ་སངས་རྒྱས་སུ་ལུང་བསྟན་གྱི་ཉན་ཐོས་སུ་ལུང་མ་བསྟན་པས་སོ། །དབྱེ་བ་ལ། ངོ་བོའི་སྒོ་ནས་སྨོན་པ་དང་འཇུག་པ་གཉིས་ཏེ། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་ལ། དེ་གཉིས་ཀྱི་ཁྱད་པར་ཡང་། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞེས་པས་བསྟན་པའི་ལམ་ལ་འགྲོའོ་སྙམ་པ་ལྟ་བུ་སྨོན་པ་ལམ་ལ་ཞུགས་པ་ལྟ་བུ་འཇུག་པ། དེའི་ཕྱིར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དེ་གཉིས་རིམ་པ་བཞིན་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དང་ཟིན་པ་ཞེས་གསུངས་པ་ཡིན་ནོ། །འོ་ན་སྨོན་པ་དེ་ཉེས་པ་དེ་དག་གི་གཉེན་པོར་ཇི་ལྟར་འགྱུར་སྙམ་ན། སེམས་དང་པོ་བསྐྱེད་པ་དེ་ཡང་བྱང་སར། སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་མི་མཐུན་པ་ཡིན་ནོ། །ཞེས་སོ། །སེམས་འདི་ཡང་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པའི་ཕྱིར་བསྐྱེད་པ་ཡིན་ལ། མི་ཕན་པ་བྱེད་པ་ལས་མ་བཟློག་པར་སུས་ཀྱང་དེ་བསྒྲུབ་པར་མི་ནུས་པས་སོ།། །། འཆད་ཚུལ་གྱི་སྒོ་ནས་དབྱེ་བ་ནི། ཤིང་རྟ་ཆེན་པོའི་སྲོལ་གཉིས་ཏེ། རྒྱ་ཆེན་སྤྱོད་པའི་ཕྱོགས་དང་། ཟབ་མོ་ལྟ་བའི་ཕྱོགས་སོ། །རྣམ་པ་གཉིས་སུ་འོང་བའི་རྒྱུ་མཚན་ཡང་། ཇོ་བོས། དེ་ལ་རེ་ཞིག་སྒྲུབ་པ་པོ་ནི་རྣམ་པ་གཉིས་ཏེ། ཟབ་མོ་ལ་མོས་པ་དང་། རྒྱ་ཆེ་བ་ལ་མོས་པའོ། །དེ་ཡང་། སྤྱོད་པ་གཉིས་ལ་གནས་པ་ནི། །ཐེག་པ་མཆོག་ལ་ཞུགས་པ་ཡིན། །ཞེས་གསུངས་སོ།། །། ཟབ་མོ་ལ་མོས་པ་རྣམས་ནི་ཇི་ལྟ་བུ་ཞེ་ན། བདེན་པ་འབའ་ཞིག་ལ་མོས་པའི་སྤྱོད་པས་འབྲས་བུ་སྒྲུབ་པར་བྱེད་པ་སྟེ། དེ་ཡང་སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་བསྒྲུབ་པར་བྱའོ་ཞེས་གསུངས་སོ།། །། རྒྱ་ཆེ་བ་ལ་མོས་པ་རྣམས་ནི་གཉིས་ཏེ། བསམ་པ་རྒྱ་ཆེ་བ་ལ་མོས་པ་དང་། སྤྱོད་པ་རྒྱ་ཆེ་བ་ལ་མོས་པའོ། །བསམ་པ་རྒྱ་ཆེ་བ་ལ་མོས་པ་ནི་ཇི་ལྟར་ཞེ་ན། སེམས་ཅན་གྱི་ཁམས་མ་ལུས་པ་ཉོན་མོངས་པའི་ཆུ་བོ་ལས་བསྒྲལ་བར་སྲིད་པ་སྟེ་དངོས་སུ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་རྒྱ་ཆེ་བ་ལ་མོས་པ་ཇི་ལྟར་ཞེ་ན། དེའི་དོན་དུ་དྲི་མ་མེད་པའི་སྤྱོད་པ་སྣ་ཚོགས་ལ་འཇུག་སྟེ། དངོས་སུ་ན་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་པས། དོན་དམ་པ་སྙིང་པོ་ལ་མོས་པ་དང་། རྒྱ་ཆེ་བ་ཀུན་རྫོབ་སྒྱུ་མ་ལྟ་བུའི་མངོན་པར་རྟོགས་པ་ལ་མོས་པ་སྟེ། ཤེར་ཕྱིན་འཆད་པའི་ཚུལ་གཉིས་འོང་བ་ཡང་རྒྱུ་མཚན་འདི་ལྟ་བུ་ལས་ཤེས་པར་བྱ་དགོས་སོ། །དེ་འཆད་པའི་ཤིང་རྟ་ཆེན་པོའང་། སྟོན་པ་ཉིད་ཀྱིས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་བྱེད། །ཅེས་ཟབ་མོ་ལྟ་བའི་སྲོལ་འབྱེད་པར་ལུང་བསྟན་པ་དང་། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོར་རབ་འབྱེད་བྱེད། །ཅེས་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་དུ་ལུང་བསྟན་པ་ཡིན་ནོ། །གཞན་དག་དང་པོ་ལ་དབུ་མ་དང་། ཕྱི་མ་ལ་སེམས་ཙམ་པའི་ཐ་སྙད་བྱེད་མོད། ཕྱི་མས་ནི་སེམས་ཙམ་པའི་གཞུང་མང་དུ་མཛད་ཀྱང་དེ་དག་གཅུང་འདུལ་བའི་ངོར་ཡིན་ནོ། །དོན་དབུ་མ་པ། དེའི་ནང་ནས་དབུ་མ་སྒྱུ་མ་ལྟ་བུ་ཞེས་བྱ་སྟེ། འཕགས་སེང་གཉིས་ཀྱང་དེའོ། །ཞེས་ཤེས་པར་བྱའོ། །དེ་ལས་ཀུན་རྫོབ་སྒྱུ་མ་ལྟ་བུའི་ལམ་དེ་དང་པོར་བསྟན་པ་ནི་རྒྱ་ཆེ་ལ། སྙིང་པོའི་དོན་སྟོན་པ་ནི་བསྡུས་ཤིང་ཟབ་པས་ཕྱི་མར་བསྟན་ཏོ། །ཞེས་སྟོན་འདོད་པ་གཞན་ལས་ཁྱད་པར་དུ་བྱས་སོ། །ཇི་ལྟར་ལེན་པའི་ཚུལ་ལ། དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་ལྟ་བ་ཐ་དད་པས་ཆོ་ག་ཐ་དད་ཡིན་པར་བསྒྲུབ་སྟེ། དེ་མི་རིགས་སོ། །རིགས་ན་རང་ཉིད་ད་ལྟ་ཐེག་ཆེན་གྱི་དགེ་སློང་བསྒྲུབ་པ་ལ་ཆོ་ག་ཉན་ཐོས་ཀྱི་དེ་ཀར་འདོད་པ་དང་འགལ་ལོ། །ལུགས་གཉིས་སེམས་བསྐྱེད་བསྒྲུབ་ཚུལ་མི་མཐུན་པ་བྱུང་སྙམ་ན་དེ་མ་བྱུང་སྟེ། སྨོན་པ་གོང་དུ་བཤད་ལ། བྱང་སར། འཇུག་པ་ལེན་པའི་ཚིག་ཏུའང་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པ་རྣམས་བདག་གིས་བླང་ངོ་། །ཞེས་པ་དང་། སྤྱོད་འཇུག་གི ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་གསུངས་པ་ལ་དོན་ལ་ཁྱད་པར་ཅི་ཡང་མ་བྱུང་བ་དང་། གནས་སྐབས་ཁྱད་པར་རེ་རེ་ཙམ་བྱང་ས་དང་། ཇོ་བོའི་ཆོ་ག་ལུགས་མཐུན་པ་ཡིན་ཀྱང་། འདི་ལ་སྨོན་པ་དང་པོར་བླངས། ཕྱིས་འཇུག་པ་ལེན་པའི་ཆོ་ག་རྒྱས་པས་དང་། བསླབ་བཏུས་དང་སྤྱོད་འཇུག་ཏུ་གསུངས་པ་དང་། དེར་ཁུངས་སུ་དྲངས་པའི་འཇམ་དཔལ་རྒྱལ་པོ་ནམ་མཁར་གྱུར་པས་ཐུགས་བསྐྱེད་པ་མི་འདྲ། དེས་མཚོན་སེམས་བསྐྱེད་པའི་ཆོ་ག་ནི་རྣམ་གྲངས་ཤིན་ཏུ་མང་ངོ་། །ཡང་ལུགས་གཉིས་པོ་དེར་སྔར་སྨོན་པ་མི་ལྡན་ན་དེ་གཉིས་ཅིག་ཅར་སྐྱེ་བར་ཡང་མཐུན་ཏེ། བྱང་སར། སྨོན་སེམས་འཇུག་པར་བསྡུས་པས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ་བརྡ་དང་ཐ་སྙད་ཀྱིས་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་ཡང་འགྲོ་བ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་འཇུག་པར་འདུ་བ་ཡིན་ནོ། །ཞེས་འབྱུང་བས་སོ། །འདིས་ནི་སྨོན་པའི་སེམས་སྐྱེས་མ་ཐག་ནས་ཐེག་ཆེན་གྱི་ལམ་ཞུགས་སུ་འགྱུར་བ་ཡང་བསྟན་ནོ། །སྔར་སྨོན་པ་བླངས་ཕྱིས་འཇུག་པ་བླངས་ན་སྨོན་པ་དེ་ད་འཇུག་པར་གཏོགས་སོ། །ཇི་ལྟར་བླངས་པའི་སེམས་བསྐྱེད་པ་དེ་གཉིས་ཀྱང་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བར་སྐྱེ་བས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་ཀྱི་སེམས་བྱུང་དུ་སྟོན་པའི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་དབྱིག་གཉེན་སེམས་བསྐྱེད་སེམས་བྱུང་དུ་འདོད་ཟེར་བ་ཡང་དེའི་མདོ་སྡེ་རྒྱན་འགྲེལ་དུ་བརྟགས་ན་ལེགས་པར་རྟོགས་སོ། །སེམས་དེ་ཡང་ས་མ་ཐོབ་པ་དེ་སྲིད་ཟག་པའི་སྒོ་དྲུག་དང་འབྲེལ་བའི་ཟག་བཅས། ས་ཐོབ་པ་ནས་དེ་སྤངས་པའི་ཕྱིར་ཟག་མེད། ས་གཉིས་པ་ཐོབ་པ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་སམ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཞེས་བྱ་བ་དེར་འགྱུར་ལ། སངས་རྒྱས་པ་ན་དེའི་ངོར་ཆོས་ཐམས་ཅད་ཤིན་ཏུ་སངས་རྒྱས་པ་ཉག་གཅིག་བདག་ཅག་གི་བློས་ཕར་གཞལ་ན་ས་དེའི་ཚུལ་ཁྲིམས་ཀྱི་ཕུང་པོར་འགྱུར་རོ། །སེམས་བསྐྱེད་པ་དང་པོས་ཀྱང་འཚང་མི་རྒྱ། མཐའ་མས་ཀྱང་མ་ཡིན་ཞེས་པའི་འགྲོས་ལ་བརྟགས་ནས་བྱང་སྡོམ་སངས་རྒྱས་ཐོབ་པ་དང་གཏོང་བར་སྨྲ་བ་ཡང་མི་ལེགས་ལ་བྱང་སེམས་ཀྱི་གནས་སྐབས་ལྟ་བུ་ཡོད་པར་སྨྲས་ཀྱང་མི་བདེ་བས་དེར་གནས་གྱུར་པ་ཞེས་བྱ་བར་ཁས་བླང་ངོ་། །ཟག་མེད་དུ་བཞག་པ་ཙམ་གྱིས་དོན་དམ་སེམས་བསྐྱེད་དུ་མ་སོང་། དོན་དམ་སེམས་བསྐྱེད་ནི་ས་དེ་པའི་མཉམ་བཞག་ཡེ་ཤེས། འདི་ནི་རྗེས་ཐོབ་སྟེ། ཤེས་སྒྲིབ་ཀྱི་ཟག་པ་དང་བཅས་པའོ། །སངས་རྒྱས་ཀྱི་སར་རྗེས་ཐོབ་ཟད་ཀྱང་སྐུ་གཉིས་བཟོ་བ་བཞིན་ནོ།། །། གཞན་ཡང་། སེམས་ཙམ་པ་ཡི་སེམས་བསྐྱེད་ནི། །བོད་ན་བྱེད་པ་མང་མོད་ཀྱིས། །དེ་ནི་སུ་ཡང་རུང་བ་ཡི། །གང་ཟག་རྣམས་ལ་བྱར་མི་རུང་། །ཞེས་དང་། ཅི་སྟེ་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ས་བོན་འཇོག་འདོད་ན། །ཆོ་ག་འཁྲུལ་པ་མེད་པ་ཡི། །དབུ་མ་པ་ཡི་གཞུང་བཞིན་གྱིས། །ཞེས་ཟེར་བ་ཡང་མ་ལེགས་པར་སྨྲ་བ་སྟེ། སེམས་ཙམ་པའི་རྟེན་དུ་སོ་ཐར་སྡོམ་པ་དགོས། དབུ་མའི་རྟེན་དུ་དེ་མི་དགོས་སྙམ་པར་འདུག་སྟེ། ཐེག་ཆེན་གྱི་རིགས་ཅན་སྐྱབས་སུ་འགྲོ་བ་ཉི་ཚེ་བྱས་པ་ལ་ཡང་སོ་ཐར་སྐྱེ། དེ་ཡང་འདིའི་རྟེན་དུ་བྱང་སའི་འགྲེལ་པ་རྒྱ་མཚོའི་སྤྲིན་དུ་གཟུང་བྱུང་ལ། ཉན་རང་ངམ་ལོག་སྲེད་ཅན་དུ་རེ་ཞིག་པའི་རིགས་ངེས་པ་རྣམས་ནི་དེ་ཉིད་ཀྱིས་མ་བཏུལ་བར་ཐེག་ཆེན་གྱི་སྣོད་དུ་དབུ་མ་པའང་མི་བཞེད། དེ་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་འཁྲུལ་མེད་མཛད་ཀྱང་མི་སྐྱེ་བའི་ཁར་གདུལ་བྱ་དེ་ཉམས་པའི་རྒྱུར་འགྱུར་ཏེ། ཇི་ལྟར་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ནམ་ཡང་མ་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །ཟླ་བ་གྲགས་པའི། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས་ཀྱང་གནོད་ལ། གང་སངས་རྒྱས་འདོད་པ་དེ་ཀས་སྐྱབས་སུ་སོང་བ་ཡང་བསྒྲུབ་ནུས་ཏེ། བསྙེན་པར་རྫོགས་འདོད་ལ་བསྟན་པ་ཇི་ལྟ་བས་སོ། །དབུ་མའི་སེམས་བསྐྱེད་ཀྱང་། སྡིག་པ་ཡོད་མེད་ཀུན་ལ་སྐྱེ། སྡིག་པ་ཀུན་ཏུ་དཀྲིས་པ་ལ་དེ་སྐྱེ་བར་མི་རིགས་ཏེ་མུན་པ་མངོན་གྱུར་ལ་སྣང་བ་བཞིན་དབང་དང་ལྡན་པའམ་ས་བོན་དང་ལྡན་པའོ་ཞེ་ན་ནི། དེ་ལྟ་བུ་ལ་སེམས་ཙམ་པའི་སེམས་བསྐྱེད་ཀྱང་སྐྱེ་བ་ལས་འོས་མེད། མི་སྐྱེ་ན་ནི་དེ་དག་གི་སེམས་བསྐྱེད་འཕགས་པ་ཁོ་ན་ལ་སྐྱེ་བའི་ལུང་རིགས་ཞུའོ། །གཞན་ཡང་ཉན་ཐོས་སུ་རིགས་རེ་ཞིག་ངེས་པ་དེ་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་བྱིན་ན། དེ་ནི་བསླབ་བཏུས་ལས། སྟེར་བ་པོ་ལ་ཉན་ཐོས་ཀྱི་ཐེག་པ་སྤངས་ནས་འདིར་སྦྱོར་བ་ཞེས་པའི་རྩ་ལྟུང་དེ་འབྱུང་བར་གསུངས་པས་ཐམས་ཅད་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་རུང་ངོ་དགོས་པ་ཡང་དེར་ཟད་དོ། །གཡོ་དང་སྒྱུས་སེམས་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྒྱུར་གཟུང་བ་མ་ངེས་པའི་རིགས་ཅན་རྐྱེན་ལ་རག་ལས་པར་བསྟན་པ་སྟེ། དེ་ནི་རྒྱ་ཆེན་སྤྱོད་པའི་ལུང་དུ་ཡང་། གྲོགས་སྟོབས་ཀྱིས་སེམས་བསྐྱེད་སྐྱེ་བ་སོགས་ཀྱིས་བསྟན་པ་ཉིད་དོ། །དོན་དམ་སེམས་བསྐྱེད་ལེན་པའི་ཆོ་ག་ཡང་ཀླུ་སྒྲུབ་ཀྱིས་གསུངས་ཤིང་། རྣམ་སྣང་མངོན་བྱང་གི་ལུང་དུ་ཤིན་ཏུ་གསལ་བས་དེ་མི་རིགས་ཞེས་དགག་པ་ནི་དེར་ཟད་ལ། སློབ་དཔོན་གྱི་ལྟར་སེང་གེ་བཟང་པོས་འགྲེལ་ཆེན་དུ། རིགས་ལ་སོགས་པའི་ནུས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ་སོགས་པས་སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་དོ། །ཞེས་གསུངས་སོ།། །། བླངས་པ་མི་ཉམས་པར་བསྲུང་བ་ལ་སྨོན་པ་དང་འཇུག་པ་གཉིས་ལས། དང་པོ་སྨོན་པ་ལ། སེམས་ཅན་བློས་མི་གཏོང་བ་དང་། སེམས་དེའི་ཕན་ཡོན་དྲན་པར་བྱ་བ་དང་། ཚོགས་གཉིས་བསག་པར་བྱ་བ་དང་། ཡང་དང་ཡང་སྨོན་པའི་སེམས་དེ་སྦྱང་བ་དང་། དཀར་པོའི་ཆོས་བཞི་བླང་། ནག་པོའི་ཆོས་བཞི་སྤོང་བ་རྣམས་སོ། །དཀར་པོའི་ཆོས་བཞི་ནི། སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱ་ཡི་གཡོ་དང་སྒྱུས་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ལ་མ་ཡིན་པ་རྣམས་སོ། །ནག་པོའི་ཆོས་བཞི་ནི། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། བསླབ་པ་ཡོངས་སུ་སྦྱོང་བ། མི་མཐུན་ཕྱོགས་ལྟུང་བར་འགྱུར་བའི་གནས་བཤད་པ་གཉིས་ལས། དང་པོ་ནི། ཇི་སྐད་བསྟན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་དང་རྣམ་པ་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །དེ་ལྟར་གསུམ་དུ་ངེས་པ་ཡང་རིམ་པ་བཞིན། བྱང་སར། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ་ཚེ་འདི་ལ་བདེ་བར་གནས་པའི་ཕྱིར་སེམས་གནས་པ་དང་། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད་དོ། །དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དེ། དེ་ལ་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱིས་ཀྱང་སློབ་པར་འགྱུར་ཏེ། ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གནས་པ་དག་ཀྱང་སློབ་བོ་ཞེས། དང་པོ་ནི་ཐེག་ཆེན་འདི་ཀའི་སོར་སྡོམ། སྔར་ཐེག་དམན་གྱི་སྡོམ་པར་ལྡན་ཡང་སེམས་བསྐྱེད་སྐྱེས་ནས་འདིའི་སྡོམ་པར་འགྱུར། བསླབ་པར་བྱ་བའང་། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་ལྟར་གཞན་དོན་དུ་འགྱུར་ན་སོ་ཐར་གྱི་ཁྲིམས་ཐམས་ཅད་བག་ཡངས་སུ་སྤྱད་པས་ཆོག འོན་ཀྱང་དགེ་སློང་ལ་མི་ཚངས་སྤྱོད་བྱ་བར་བྱང་ས་ལས་མ་གནང་། རབ་ཏུ་བྱུང་བའི་རྟགས་ཕུལ་ནས་བྱ་བར་སྤྱོད་འཇུག་ཏུ་བྱུང་ངོ་། །དེ་བཞིན་རྡོ་རྗེའི་ཐེག་པར་དགེ་སློང་ལ་དབང་གོང་མ་ཚིག་གིས་བསྐུར་བར་གསུངས་པ། དོན་མངོན་ཤེས་མ་ཐོབ་ཚུན་ཕམ་པ་བཞི་ལྟ་བུའི་གཞི་སྤྱད་པས་གཞན་དོན་དུ་འགྲོ་མི་འགྲོ་མི་ཤེས། དཔེར་ན་གཏུམ་པོ་མྱ་ངན་མེད་པ་ཕྱིས་ཆོས་རྒྱལ་མྱ་ངན་མེད་དུ་སོང་བ་དང་འདྲའོ། །མངོན་ཤེས་ཐོབ་ནས་རུང་ངོ་། །འཇུག་པ་རང་འགྲེལ་དུ་སྤོང་བ་བདུན་པ་གསུང་ལ། བྱང་སར་ཡང་སྤོང་བ་བདུན་པ་ལས་མང་བ་མ་བསྟན་པས་ཡིད་ཀྱི་གསུམ་ཚུལ་ཁྲིམས་ལྷག་མ་གཉིས་ལ་བལྟོས་པར་སོང་སྟེ། བརྣབ་སེམས་ཐབས་ཀྱི་མི་མཐུན་ཕྱོགས། ལོག་ལྟ་ཤེས་རབ་ཀྱི་མི་མཐུན་ཕྱོགས། གནོད་སེམས་སེམས་ཅན་གྱི་དོན་བྱ་བའི་མི་མཐུན་ཕྱོགས་ཡིན་པས་སོ། །དེ་བས་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་གྱི་སྐྱབས་གསུམ་འཛིན་པ་ནས་དགེ་སློང་གི་བར་བསྙེན་གནས་མི་ཐེ་བ་རྣམས་སོ། །འདི་ལྟ་བུའི་དགེ་སློང་ནི་ཤི་ཡང་དོན་སྤོང་བ་བདུན་པོ་མི་གཏོང་། ཐ་སྙད་དགེ་སློང་གི་མིང་དེ་གཏོང་པས་འཁོར་བཅས་རྐྱང་རྣམས་དེ་ལ་བལྟོས་པས་དེའི་བསྲུང་སྡོམ་མི་དགོས་ཏེ། བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པའི་སློབ་དཔོན་ས་ར་ཧ་དང་བིར་ཝ་པ་ལྟ་བུའོ། །གཉིས་པ་ནི། ཇོ་བོས། དེ་བས་ན་སེམས་དང་པོར་བསྐྱེད་པའི་མི་སྒྲུབ་པ་ལ་གནས་པར་བྱེད་དེ། དེ་ཡང་ཇི་སྐད་དུ། ཐམས་ཅད་མཁྱེན་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཞེས་གསུངས་སོ། །དེའི་འོག་ཏུ་དེ་བརྟན་ཞིང་བརླན་པར་བྱེད་པ་སྟེ་སྙིང་རྗེ་ཆེན་པོ་ལ་གནས་པར་བྱའོ། །དེ་ཡང་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ་ཞེས་སོ། །དེའི་འོག་ཏུ་ཟིལ་གྱིས་མནན་པའི་ལམ་ལ་གནས་པར་བྱ་སྟེ། དེ་ཡང་ཐབས་ཀྱི་མཐར་ཕྱིན་པ་ཡིན་ཞེས་གསུངས་སོ། །ཟིལ་གྱིས་གནོན་པའི་ལམ་ནི་མང་བ་ཉིད་དེ། ཐེག་པ་ཆེན་པོའི་སྤྱོད་པ་མཐའ་ཡས་པའི་ཕྱིར་རོ། །འོན་ཀྱང་མདོར་བསྡུ་ན་གཉིས་སྟེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་གཉིས་ཡིན་ཏེ། ཞེས་གསུངས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་གསུམ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་སྟེ་གསུམ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་གཉིས་ཏེ། བསམ་གཏན་དང་། ཤེས་རབ་བོ། །དེ་ཡང་ཇི་སྐད་དུ། བསོད་ནམས་རྒྱུ་ནི་གསུམ་ཡིན་ཏེ། །ཚིམ་བྱེད་དྲི་སྤང་ཤེས་པའོ། །རྩེ་གཅིག་བློ་ནི་ཡེ་ཤེས་རྒྱུ། །སྨྲ་བའི་སེང་གེས་དེ་སྐད་གསུངས། །ཞེས་པའོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སོ། །ཞེས་གསུངས་པ་སྟེ། རྒྱས་པར་ཐར་པ་རིན་པོ་ཆེའི་རྒྱན་དུ་དཔལ་ཟླ་འོད་གཞོན་ནུས་བཀའ་སྩལ་པ་ལྟར་རོ། །ཚུལ་ཁྲིམས་རྣམ་པ་གསུམ་དུ་བཞག་པ་འདི་ནི་རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱིས་གཙོ་བོར་བཏོན་ལ། ཟབ་མོ་ལྟ་བའི་གཞུང་བསླབ་བཏུས་ལས། གང་གི་ལྟུང་བར་མི་འགྱུར་བའི། །གནས་ཀྱི་གནས་རྣམས་འདིར་རིག་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་ལས་དང་པོ་པའི་གནས་སྐབས་རྒྱས་པར་བསྟན་ལ། གཉིས་ཀ་མཐུན་པ་སེམས་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་དུ་བསྐྱེད་པས་ལམ་དུས་སུ་བྱང་ཆུབ་སེམས་དཔའ་དང་པོར་སྙིང་རྗེའི་ལས་ཐམས་ཅད་བྱས་ནས་ཕྱིས་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་ངོ་། །དེ་བས་ན་སྙིང་རྗེས་ནི་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དག་པར་བྱེད་དོ། །སྙིང་རྗེས་ནི་ལས་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་སུ་བགྲང་ངོ་། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཀྱི་དོན་གྱི་ཕྱིར་བྱས་པས་ཡེ་ཤེས་ཀྱི་ཚོགས་སུའོ། །དེ་བས་ན་ཀུན་རྫོབ་འཛིན་པའི་སྙིང་རྗེ་དང་། དོན་དམ་འཛིན་པའི་ཤེས་རབ་ལ་གནས་ཏེ་གཅིག་གི་གྲོགས་གཅིག་གིས་བྱས་པ་ལས་སྒྱུ་མ་ཙམ་དུ་ཅིག་ཅར་འཇུག་ཅིང་བསྒྲུབ་བོ། །དེ་བཞིན་འབྲས་དུས་སུ་ཤེས་རབ་ཀྱིས་མངོན་པར་སངས་རྒྱས་པ་དང་། སྙིང་རྗེས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གཞན་དོན་མཛད་པ་རྣམས་སོ། །གསུམ་པ་ནི། མདོར་བསྡུ་ན་བདག་དང་གཞན་མཉམ་པ་དང་། བདག་བས་གཞན་ལྷག་པར་བལྟས་ཏེ་བདག་གཞན་བརྗེ་བ་གཉིས་སུ་འདུ་ལ། ཁ་ཅིག་བརྗེ་བའི་བྱང་ཆུབ་སེམས། །བསྒོམ་དུ་མི་རུང་ཞེས་སུ་སྨྲ། །ཞེས་སྨྲ་བའི་ཁུངས་ནི། རྗེ་སྐྱོབ་པ་ཆེན་པོས་བདག་གཞན་བརྗེས་བ་ཉེས་པར་འགྱུར་བའི་སྐབས་སྲིད་བྱ་བའི་རྡོ་རྗེའི་གསུང་འདི་བཞུགས་ཞེས་པ་དེ་ལ་ཟེར་བར་འདུག་སྟེ། འདིས་ནི་སྲིད་མཐའ་གཟུང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་ལས་དང་པོ་པས་བསྒྲུབ་མི་ནུས་པ་བསྒྲུབས་པ་ལྟུང་བར་གསུངས་པ་དང་གནད་གཅིག བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །དགེ་བ་ཡིན་ནམ་སྡིག་ཡིན་བརྟག །སོགས་ཀྱིས་སྐྱོན་ཐམས་ཅད་ནི་བདག་གཞན་བརྗེར་མི་རུང་ཟེར་ཁས་བླངས་འདུག་གོ་སྙམ་བྱས་ནས་བཏང་བས་ཕྱོགས་སྔ་མ་ལོན། སྐྱོན་གཏོང་ན་སྲིད་མཐའ་དེ་འགོག་པའི་རིགས་པ་དགོས་ལ་དེ་ཡོད་ན་འགྲོ་བར་སྣང་ངོ་། །དེ་ལྟ་བུ་བསླབ་པ་སྦྱོང་བ་མདོར་བསྡུས་པ་ཡིན་མོད། རྒྱས་པར་ནི་ཤིང་རྟ་ཆེན་པོའི་སྲོལ་གྱིས་ཤེར་ཕྱིན་དངོས་བསྟན་དུ་བཀྲོལ་བ་དང་སྦས་དོན་དུ་བཀྲོལ་བའི་གཞུང་ལུགས་སུ་ཇི་སྐད་བཤད་པའོ། །མི་མཐུན་ཕྱོགས་ལྟུང་བར་འགྱུར་བའི་གནས་བཤད་པ་ལ། བྱང་སར་བཞི་གསུངས། དེ་ཀ་བསླབ་བཏུས་སུ་དྲངས་པ་དེ་རྣམས་ནི། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའི་བློས་བདག་ལ་བསྟོད་གཞན་ལ་སྨོད་པ་དང་། སེར་སྣས་ཟང་ཟིང་དང་ཆོས་མི་སྟེར་བ་དང་། ཁྲོ་བས་གཞན་ལ་འཚེ་བ་ཤད་སྦྱངས་བྱས་ཀྱང་མི་བཟློག་པ་དང་། གཡོམ་བརྒྱུགས་ཀྱིས་ཆོས་ལྟར་བཅོས་པ་ལ་མོས་པར་སྟོན་པ་སྟེ་བཞིའོ། །སྤྱད་མ་ཐག་ཏུ་རྩ་བའི་ལྟུང་བ་བྱུང་བ་ཡིན་ཀྱང་ཕས་ཕམ་པ་མ་ཡིན་ཏེ། དེ་ནི་ཀུན་དཀྲིས་ཆེན་པོས་སྤྱད་པ་ལ་བྱ་བ་ཡིན་ལ། ཀུན་དཀྲིས་ཆེན་པོ་ཡང་བག་མེད་པའི་གནས་སྐབས་ཁོ་ན་ལ་བྱའོ། །ཡན་ལག་གི་ལྟུང་བ་ནི་བཞི་བཅུ་རྩ་དྲུག་སྟེ། མི་མཆོད་པ་དང་། འདོད་པ་དང་དུ་ལེན་པ་དང་། རྒན་པ་སོགས་ལ་མི་གུས་པ་དང་། དྲིས་པའི་ལན་མི་བློན་པ་དང་། མགྲོན་དུ་གཉེར་བར་མི་འགྲོ་བ་དང་། གསེར་སོགས་བསྟབས་པ་མི་ལེན་པ་དང་། ཆོས་འདོད་པ་ལ་མི་སྦྱིན་པ་དང་། ཚུལ་ཁྲིམས་འཆལ་བ་སོགས་འདོར་བ་དང་། དད་ཕྱིར་མི་སློབ་པ་དང་། སྙིང་ལས་ཆུ་ངུར་གནས་པ་དང་། སྙིང་རྗེ་མི་བགྱིད་པ་དང་། ལོག་འཚོ་བདག་གིར་སྤྱོད་པ་དང་། རྒོད་པ་དང་། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པར་སྨྲ་བ་དང་། ཚིག་མི་བཙུན་པ་དང་། དོན་དུ་འགྱུར་བར་བྱེད་པ་སྤོང་བ་དང་། གཤེ་ལན་གཤེ་བ་དང་། ཁྲོས་པས་འདོར་བ་དང་། ཁྲོ་བ་སླར་ལེན་པ་དང་། འདོད་ཕྱིར་འཁོར་སྡུད་པ་དང་། ལེ་ལོ་མི་སེལ་བ་དང་། འདུ་འཛིའི་གཏམ་ལ་ཆགས་པ་དང་། གདམས་ངག་མི་ནོད་པ་དང་། སྒྲིབ་པ་དང་དུ་ལེན་པ་དང་། བསམ་གཏན་གྱི་རོ་ལ་བལྟ་བ་དང་། ཉན་ཐོས་ཀྱི་ཐེག་པ་སྤོང་བ་དང་། ཐེག་པ་དེ་དང་། མུ་སྟེགས་བྱེད་ཀྱི་ལུགས་ལ་ཐེག་ཆེན་ལ་བརྩོན་པར་མ་བྱས་པར་བརྩོན་པ་དང་། མུ་སྟེགས་བྱེད་ཀྱི་ལུགས་དེ་ལ་དགའ་བ་དང་། ཐེག་ཆེན་ལ་སྐུར་པ་འདེབས་པ་དང་། བདག་བསྟོད་གཞན་སྨོད་དང་། ཆོས་ཀྱི་དོན་དུ་མི་འགྲོ་བ་དང་། ཆོས་སྨྲ་བ་ལ་ཁྱད་དུ་གསོད་པ་དང་། ཆོས་འདི་ཡི་གེ་ལ་རྟོན་གྱི་ཞེས་སྨྲ་བ་དང་། སེམས་ཅན་གྱི་བྱ་བའི་གྲོགས་མི་བྱ་བ་དང་ནད་པ་ལ་རིམ་གྲོ་བྲལ་བ་དང་། དེའི་སྡུག་བསྔལ་མི་སེལ་བ་དང་། བག་མེད་པ་ལ་རིགས་པ་མི་སྟོན་པ་དང་། ཕན་ལན་མི་འཇལ་བ་དང་། མྱ་ངན་མི་བསང་བ་དང་། འདོད་པ་མི་སྟེར་བ་དང་། འཁོར་གྱི་དོན་མི་བྱེད་པ་དང་། གཞན་དང་བློ་མི་བསྟུན་པ་དང་། གཞན་དེའི་བསྔགས་པ་མི་བརྗོད་པ་དང་། ཚར་བཅད་པར་འོས་པ་ཚར་མི་གཅོད་པ་དང་། རང་རྫུ་འཕྲུལ་དང་ལྡན་ལ་གཞན་དེས་སྐྲག་པར་འོས་ན་མི་བྱེད་པ་རྣམས་ས།ོ། །། མདོར་བསྡུ་ན་བྱང་ས་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་བྱུང་གི འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་དེ་ལ་དགོངས་པ་ནི་ཡིན་པར་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས། གང་ཅི་སྤྱོད་ཀྱང་རུང་དེ་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་ལ། བྱ་བར་རིགས་པར་བྱེད་པ་ནི་ཉེས་པར་འགྱུར་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡང་བ་ནི་བདག་དང་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །ཞེས་གསུངས་སོ། །བསླབ་བཏུས་རང་དུ། དེའི་སྟེང་དུ་ནམ་མཁའ་སྙིང་པོའི་མདོ་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཐོབ་པ་རྣམས་ལ་གཙོ་བོར་འབྱུང་བ་ལྔ། བློན་པོའི་ལྔ། གང་ཟག་ཕལ་པའི་བརྒྱད་དེ་བཅོ་བརྒྱད། བློན་པོའི་རྣམས་གཅིག་ཏུ་བསྡུས་པས་བཅུ་གཞི་གསུངས་ཏེ། དང་པོ་གསུམ་གྱི། དཀོར་འཕྲོག་པ་དང་། ཆོས་སྤོང་བ་དང་། ཚུལ་ཁྲིམས་དང་ལྡན་པའམ་འཆལ་བ་རྣམས་ལ་འཕྲོག་པ་ལ་སོགས་པ་དང་། མཚམས་མེད་པའི་ལས་བྱེད་པ་དང་། ལོག་པར་ལྟ་བ་སྟེ་ལྔའོ།། །། གཉིས་པ་ནི། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། གྲོང་རྡལ་དང་། ཡུལ་འཁོར་འཇོམས་པ་ལྔའོ།། །། གསུམ་པ་ནི། བློ་ཆུང་བ་ལ་སྟོང་པ་ཉིད་བརྗོད་པ་དང་། རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དང་། སོ་སོ་ཐར་པ་སྤངས་པ་དང་། ཉན་ཐོས་ཀྱི་ཐེག་པ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང་། ཕྲག་དོག་པས་བདག་བསྟོད་གཞན་སྨོད་པ་དང་། རྙེད་པ་དང་བཀུར་སྟིའི་ཆེད་དུ་བདག་འཚོང་བ་དང་། དགེ་སློང་ལ་ཆད་པས་གཅོད་དུ་འཇུག་པའི་ཕྱིར་གསུག་འབུལ་དང་། ཞི་གནས་འདོར་ཞིང་སྤོང་བ་པའི་ལོངས་སྤྱོད་ཀློག་པའི་ཆེད་དུ་བྱིན་པ་བརྒྱད་དོ། །ལུགས་གཉིས་ཀར་སྨོན་སེམས་གཏོང་བའི་རྒྱུར་ཉན་ཐོས་སམ་རང་རྒྱལ་དུ་སེམས་བསྐྱེད་པ་གསུངས་ཏེ། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་པའོ། །གཞན་རྣམས་ཀྱིས་འཇུག་སྡོམ་གཏོང་། སྨོན་པ་མི་གཏོང་ཡན་ལག་གི་ཉེས་པ་འདི་ཙམ་ཞེས་མ་གསུངས་ཏེ་མདོར་བསྡུས་པ་ཁོ་ན་ལ་རིག་པར་བྱའོ། །དེ་ཡང་བསླབ་བཏུས་རང་འགྲེལ་དུ། ཅི་ནུས་པར་རིགས་པ་དང་མི་རིགས་པ་མ་བརྟགས་པར་རྩོམ་པའམ། བཟློག་པའམ། བཏང་སྙོམས་སུ་འཇོག་པའམ། བརྟགས་ཏེ་གང་འོས་པ་ལས་འདའ་བར་བྱེད་ན་ཐ་ན་གདོལ་པའི་བྲན་གྱིས་བཅས་ན་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །གཡོ་མེད་པར་ལུས་དང་ངག་ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང་། ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར་དེའི་རྐྱེན་ཚོགས་པ་མི་འཚོལ་བ་དང་། དེའི་བར་དུ་གཅོད་པ་གཉེན་པོས་སྤོང་བ་ལ་མི་འབད་པ་རྣམས་ནི་ལྟུང་བར་འགྱུར་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་བསྐྱེད་པ་དང་། དོན་ཆེན་པོ་བསྒྲུབ་པའི་ཕྱིར་དོན་ཆུང་ངུ་ཉམས་པར་བྱེད་པ་ནི་ལྟུང་བའི་གཟུགས་བརྙན་ཞེས་བྱ་སྟེ། དོན་ལ་ལྟུང་བ་མེད་པ་ཡིན་ནོ། །རང་གིས་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་མེད་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར། རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་བ་མེད་པའི་གཟུགས་བརྙན་ཏེ། དོན་ལ་ལྟུང་བར་འགྱུར་བ་ཡིན་ནོ། །དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་གྲངས་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ། །ཞེས་གསུངས་སོ།། །། ཕྱིར་བཅོས་པ་ནི། ཕམ་པ་བྱུང་ན་འཆབ་སེམས་སྐྱེས་ཀྱང་སོ་ཐར་དང་མི་འདྲ། སྡིག་པ་སྟོབས་རྣམ་པ་བཞིས་བཤགས་ཤིང་སླར་ལེན། ཀུན་དཀྲིས་འབྲིང་གིས་སྤྱད་པ་གསུམ་གྱི་མདུན་དུ། ཆུང་ངུ་གཅིག་གི་མདུན་དུ་བཤགས་པར་བྱ་དེས་འདག་པར་བྱང་ས་ལས་སོ། །བསླབ་བཏུས་ལས། ལྷའི་བུ་སྐྱ་རེངས་ལ་གསོལ་བ་བཏབ་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བོས། དེ་མདུན་དུ་འདུག་ནས་འཆགས་སུ་འཇུག་པར་གསུངས་ལ། དོན་དུ་གཉིས་ཀ་སྟོབས་རྣམ་པ་བཞིའི་བཤགས་པས་འདག་པར་མཐུན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་ལ་སོགས་པ་ལ་འབད་པར་བྱའོ། །ཉམས་པའི་ཉེས་དམིགས་ནི། འཇུག་པ་ཉམས་པ་བྱང་སར། དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་འགྱུར་ཞིང་ལྷ་དང་མིའི་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྟུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོར་འཁོར་བ་ན་འཁོར་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་ཏེ། ཞེས་སོ། །འདིར་ཡུན་རིང་པོར་འཁོར་བ་ཙམ་ལས་མ་བཤད་པས་སྨོན་པ་མི་གཏོང་བར་གྲུབ་བོ། །སྨོན་པ་བཏང་ན་ཐབས་ལ་མཁས་པའི་མདོར། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དེ་མ་སྤངས་ན་སངས་རྒྱས་ཀྱི་ས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ་ཞེས་སོ། །བསྲུངས་པའི་ཕན་ཡོན་ནི་ཐེག་ཆེན་གྱི་ཡོན་ཏན་ཐམས་ཅད་འབྱུང་བའོ།། །། གསུམ་པ་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་ལ་མཚན་ཉིད་ནི། ལུས་ངག་ཡིད་གསུམ་ཐབས་ཤེས་ཟབ་མོའི་བདག་ཉིད་ཅན་དུ་བསྡམས་པའི་ཚུལ་ཁྲིམས་སོ། །ཕར་ཕྱིན་པ་དང་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣལ་འབྱོར་ཆེན་པོའི་ནང་ནས་ཕ་རྒྱུད་ཀུན་ཐབས་ཀུན་རྫོབ་ཀྱི་བདེན་པ་དང་། ཤེས་རབ་དོན་དམ་པའི་བདེན་པ་ལ་བྱེད་པར་མཐུན། འོན་ཀྱང་ཕར་ཕྱིན་པས་ཐབས་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སུ་བགྲང་བ་ལ་གཙོ་བོར་འཛིན། རྡོ་རྗེ་ཐེག་པ་བ་དེ་དག་ཏུ་ལྷ་བསྒོམ་སྔགས་བཟླ་ཕྱག་རྒྱ་འཆིང་བ་སོགས་ལ་གཙོ་བོར་འཇོག་པས་ཁྱད་བྱུང་། རྣལ་འབྱོར་མའི་རྒྱུད་དུ་ཀུན་རྫོབ་འདི་དག་ལ་སྟོང་ཉིད་དམ་ཤེས་རབ། དོན་དམ་པ་ལ་ཐབས་སམ་སྙིང་རྗེར་བཞག་གོ །ཕྱི་མ་སྔགས་ལུགས་དེ་ཉིད་ཀྱང་དབང་པོའི་རིམ་པ་ཇི་ཙམ་ཉམས་སུ་བླང་ནུས་པ་དེ་ཙམ་འཆད་པའི་སྒོ་ནས་ཕྲ་རགས་ལས། རྒྱུད་སྡེ་བཞིར་དབྱེ་བ་བཞིན་དུ་དམ་ཚིག་གམ་སྡོམ་པ་ཡང་ཐ་དད་དུ་དབྱེ་བ་ཡིན་ནོ། །བདག་ཉིད་དུ་བསྡམ་ཞེས་པ་ནི། སྒོ་གསུམ་ཐབས་དང་ཤེས་རབ་མི་ཕྱེད་པ་ལ་སྦྱོར་བའོ། །དེ་ཡིད་སྐྱོབ་པ་སྟེ། སྔགས་ཞེས་བྱ་བ་ཡང་དེ་ཉིད་ཀྱིས་ཡིན་པས། འདུས་པར། མན་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །གང་བཤད་དམ་ཚིག་སྡོམ་པ་ཉིད། །ཅེས་འབྱུང་བས་སོ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་དང་། ཨེ་ཝཾ་གི་རྣམ་པ་དེ་ཡང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་གསུངས་པ་སྟེ། ཐེག་ཆེན་ཐམས་ཅད་ལས་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་ཞེས་བཤད་པ་དེ་ཀའོ། །དེ་ཡང་རྒྱལ་དབང་རྗེས། མི་མཐུན་ཕྱོགས་སྡོམ་པའི་ཆ་ནས་སྡོམ་པ་དང་། མཐུན་ཕྱོགས་མི་འདའ་བའི་ཆ་ནས་དམ་ཚིག་ཅེས་གསུངས་སོ། །བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པ་ལ། དམ་ཚིག་སྡོམ་ལས་རྣམ་པར་གྲོལ་ཞེས་བསྲུང་བྱ་དང་བསྒྲུབ་བྱའི་ཐ་སྙད་ལ་བལྟོས་པ་རྣམས་ལས་གྲོལ་བར་གསུངས་ཀྱི། རང་གི་ངོ་བོ་གཏོང་བ་ནི་ག་ལ་ཡིན་ཏེ། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་སངས་རྒྱས་ཀྱང་འདི་དང་ལྡན་པར་བཤད་པས་སོ། །འོ་ན་དབུ་མ་པས། ལམ་དབུ་མ་ཐབས་ཤེས་གཉིས་མེད་ཅེས་འདོད་པ་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེ་དག་གི་རྒྱུའི་ཐེག་པར་གསུངས་པ་ནི་མཉམ་བཞག་ཏུ་ཤེས་རབ་དང་སྦྱོར་བའི་རྗེས་ཐོབ་ཏུ་སྦྱིན་སོགས་སྙིང་རྗེའི་བྱ་བ་ལ་འཇུག་པ་ལ་མཉམ་རྗེས་ཟུང་དུ་ཁྱེར་བའི་ཐ་སྙད་བཏགས་པར་ཟད་ཀྱི། འདིར་ནི་མཉམ་བཞག་གི་དུས་སུ་ཐབས་དེ་དག་མ་བཏང་ཞིང་། རྗེས་ཐོབ་ཀྱི་དུས་སུ་ཤེས་རབ་མ་དོར་བས། འདི་ནི་ཐབས། འདི་ནི་ཤེས་རབ་ཅེས་འཁྱག་པ་དང་ཆུ་བཞིན་རྣམ་པས་དབྱེ་རྒྱུ་དང་། དབྱེ་དུས་སུའང་ཡ་མ་བྲལ་བས་ཁྱད་ཆེ་ལ། དབུ་མ་པ་འདོད་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་བསམ་གཏན་པ་དེ་ནི་འཕགས་པ་ཡིན་པས། དེ་ཙམ་ནས་ཁྱད་པར་ཡོད་པ་ནི་མི་འདོད་དེ་མདོ་སྔགས་གཉིས་ཐེག་ཆེན་མཐོང་ལམ་ཐོབ་ནས་ཆོས་ཐམས་ཅད་སྦྱོར་བ་གཅིག་ཏུ་བྱེད་པ་མཐུན་པའི་ཕྱིར་རོ། །དེ་ཡང་རྡོ་རྗེའི་ཐེག་པ་རྣམས་ནི་ཉོན་མོངས་པ་ལམ་དུ་འཁྱེར་བར་མཐུན། ལམ་དུ་བྱེད་པའི་ཚུལ་ལ་དང་པོ་བྱ་རྒྱུད་ནས། རྣལ་འབྱོར་ཆེན་པོའི་མི་ཟབ་པའི་བསྐྱེད་རིམ་གྱི་ཉམས་ལེན་ཡན་དུ་བསྒྱུར་བ། དེ་ནས་རང་བཞིན་ཡོངས་སུ་ཤེས་པས་སྤྱོད་ལ། དེ་བླ་མེད་ཀྱི་ཉམས་ལེན་གཙོ་བོ་ཡིན་པས་ན་མཚན་ཉིད་ཀྱི་ཐེག་པ་མན་ཆད་སྤང་བྱ་སྤོང་བའི་ལམ་དང་། རྡོ་རྗེ་ཐེག་པ་རྒྱུད་སྡེ་ཕྱི་མ་རྣམས་ལ་བསྒྱུར་བ་དང་། ནང་མ་ལ་རང་བཞིན་ཡོངས་སུ་ཤེས་པའི་ལམ་ཞེས་རྗེ་བཙུན་མར་པས་གསུངས་ཤིང་རྒྱུད་སྡེ་ལེགས་པར་ཤེས་པ་གཞན་དག་ཀྱང་སྒྲོག་གོ །དེ་བས་ན་སྤོང་བ་ཞེས་མ་བསྟན་ལ། འོན་ཀྱང་གཞི་ལས་གཞན་དུ་གྱུར་པའི་ཡིད་ཀྱི་གཡོ་བ་འབའ་ཞིག་སྡོམ་པས་ན་སྤོང་བ་གཅིག་པར་བཞག་ཀྱང་འགལ་བ་མེད་དེ། ཇོ་བོ་རྗེས། སྔགས་ཀྱི་སྡོམ་པ་ནི་སྤོང་བ་གཅིག་གོ་ཞེས་གསུངས་སོ། །བདག་གི་རྗེ་བཙུན་བླ་མ་འབྲུག་པ་རིན་པོ་ཆེའི་ཞལ་ནས། སོ་སོ་ཐར་པ་དུག་སྤོང་བ་ལྟ་བུ། བྱང་ཆུབ་སེམས་དཔའ་དུག་སྨན་དུ་བསྒྱུར་བ་ལྟ་བུ། རིག་པ་འཛིན་པའི་སྡོམ་པ་ནི་དུག་རང་བཞིན་གྱི་ཟས་སུ་བྱེད་པ་ལྟ་བུ་ཐམས་ཅད་ཉེས་པས་མ་གོས་པར་བྱེད་པ་ལ་མཐུན། བྱེད་ཚུལ་མི་འདྲ་ཞེས་གསུངས་པའི་ཚེ་བྱང་སེམས་བསྒྱུར་བ་ལ་བཞག་པ་འདྲ་ཞིག་བྱུང་མོད། འདི་ནི་ཐར་པ་རིན་པོ་ཆེའི་རྒྱན་སོགས་སུ། སོ་ཐར་གཞན་གནོད་སྤོང་བ་དང་། བྱང་སྡོམ་དེའི་སྟེང་དུ་ཕན་པ་བསྒྲུབ་པར་བཤད་པ་དང་མཐུན་ཏེ། མི་དགེ་བ་བཅུ་ཞེས། སྤྱིར་བཞག་པ་ལྟ་བུ་ཉན་ཐོས་ལམ་དུ་སྤང་བྱ། བྱང་སྡོམ་དུ་ཐབས་མཁས་ཀྱིས་གཞན་དོན་དུ་བསྒྱུར་ནས་སྤྱད་ཆོག་པ་ལྟ་བུའོ། །དེ་བས་ན་སོ་ཐར་བྱང་སྡོམ་དུ་གནས་གྱུར་པ་ལྟར། དེ་གཉིས་ཀའང་འདིར་རིག་པ་འཛིན་པའི་བསླབ་པར་འགྱུར་བས་ངོ་བོ་གཅིག་པའི་ཐ་སྙད་དང་། ལྡོག་པ་ལྟོས་ས་སོ་སོ་ལ་བལྟོས་ནས་བཞག་པས་ཐ་དད་ཉིད་དུ་གྲུབ་ལ། སྤང་བྱ་སྤོང་བ་དང་བསླབ་བྱ་དང་དུ་ལེན་པ་ནི་སྔགས་ཁོ་ན་གཙོ་དགོས་ཏེ་དེར་དེ་གཉིས་འདུ་བས་སོ།། །། དབྱེ་བ་ལ། བྱ་བའི་རྒྱུད་ཀྱི་སྡོམ་པ། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྡོམ་པའོ། །རྒྱུད་དེ་དག་ལས་བཤད་པའི་ཞེས་སྦྱར་མི་དགོས་ཏེ། འདིར་བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྡོམ་པ་ལས་ལོགས་སུ་མི་འདོད་པས་སོ། །དེ་ལས་དང་པོའི་མཚན་ཉིད་ནི། ལུས་ངག་ཡིད་གསུམ་བྱ་བའི་རྒྱུད་ཀྱི་ཐབས་ཤེས་ཟབ་མོའི་བདག་ཉིད་ཅན་དུ་བསྡོམས་པའི་ཚུལ་ཁྲིམས། དབྱེ་ན། འཇུག་པའི་དམ་ཚིག་གི གནས་པའི་དམ་ཚིག་གི ལྡང་བའི་དམ་ཚིག་གི་གསུམ། དེ་དག་ཀྱང་ཕྱག་རྡོར་དབང་བསྐུར་ལས། ཚུལ་ཁྲིམས་བརཏལ་ཞུགས་སྤྱད་པ་སྤྱོད་པའི་མིང་ཅན་དུ་གསུངས་པ་སྟེ། ལེན་པའི་ཆོ་ག རིག་གཏད། རྗེས་གནང་། དབང་། རིག་གཏད་ནི་བཟླས་ལུང་འབོགས་པ་ཙམ་ཏེ། སློབ་དཔོན་པདྨའི་རྣམ་འཇོམས་འགྲེལ་པར་གསུངས། རྗེས་གནང་ལེགས་གྲུབ་ལས། གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །ཞེས་ལེགས་གྲུབ་ཀྱི་ལུང་འདིའི་བཟློག་པས་བསྟན་ནོ། །དབང་ནི་གསང་བ་སྤྱི་རྒྱུད་ལས། ལྷ་ཡི་རིགས་རྣམས་མཐོང་བ་ལས། །དབང་བསྐུར་བ་ནི་རྣམ་པ་བཞི། །ཞེས་པས་སྟོན་ནོ། །དེའི་དང་པོས་འཇུག་སྡོམ་ཙམ་དང་། གཉིས་པས་དེ་དང་གནས་པ་གཉིས་ཀ་དང་། གསུམ་པའི་དབང་དང་པོ་གཉིས་ཀྱི་གསུམ་ཀ དེ་ཡང་དེ་བཞིན་གཤེགས་རིགས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་རྫོགས་པ་དང་། སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེའི་རིགས་ལས་ཐམས་ཅད་ཀྱི་སློབ་དཔོན་མི་རུང་བས་མ་རྫོགས་པ་ཞེས་བྱའོ། །རྫོགས་མ་རྫོགས་ཀྱི་སྐད་ཀྱང་ལྡང་བའི་དམ་ཚིག་ཁོ་ན་ལས་བྱེད་དེ། ཐམས་ཅད་ཀྱི་བཟླས་བརྗོད་སྦྱིན་སྲེག་དབང་ལ་སོགས་པ་ཐམས་ཅད་བྱར་རུང་མི་རུང་གི་སྒོ་ནས་སོ། །བསླབ་པའི་གཞི་ཡོངས་སུ་གཟུང་བའི་ཚུལ་ལ། བསླབ་པར་བྱ་བའི་དམ་ཚིག་སུམ་ཅུ། །བསྲུང་བར་བྱ་བའི་རྩ་ལྟུང་བཅུ་དྲུག ཉམས་ན་ཕྱིར་འཆོས་པའི་ཚུལ་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་དད་པ་རབ་ཏུ་བསྐྱེད་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ཚོགས་ལ་དད་པ་དང་། ཐེག་ཆེན་ལ་ཁྱད་པར་དུ་མོས་པ་དང་། བླ་མ་ལ་སོགས་པ་ཞིང་མཆོག་ལ་གུས་པར་བྱ་བའི་དམ་ཚིག་དང་། ལྷ་ལ་དུས་མཚམས་སུ་མཆོད་པ་དང་། གློ་བུར་བ་མཆོད་པ་དང་། བསོད་ནམས་བསགས་པ་དང་། བཟླས་བརྗོད་སོགས་གསང་སྔགས་ཀྱི་སྤྱོད་པ་ལ་བརྩོན་པ་དང་། རང་རིགས་ཀྱི་དམ་ཚིག་ལྷག་པར་བསྟེན་པ་དང་། རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་དང་། སྒོ་གསུམ་ཉེ་བར་ཞི་བར་བྱ་བ་དང་། ཁྲུས་དང་གཙང་སྦྲ་བྱ་བ་སྟེ། རྒྱུད་རྣམས་སུ་བསྒྲུབ་ཚིག་གིས་གསུངས་པ་དང་། ཡོན་ཏན་གྱི་ཞིང་ལ་ཁྲོ་བ་སྤང་བ་དང་། གཞན་གཞུང་མི་མཆོད་པ་དང་། གསང་སྔགས་རང་བཟོར་མི་བྱ་བ་དང་། རྗེས་སུ་མ་གནང་བར་མི་ལེན་པ་དང་། ཀུན་སློང་ལོག་པས་ལས་སྦྱོར་སྤང་བ་དང་། ལས་སྤྱད་པ་གཞན་དུ་མི་བསྒྱུར་བ་དང་། དམ་ཚིག་མེད་པ་ལ་གསང་སྔགས་མི་སྦྱིན་པ་དང་། མི་འགོང་བ་དང་། ཟས་དང་སྤྱོད་ལམ་མ་བསྡམས་པར་མི་བྱ་བ་དང་། མ་གནང་བ་མི་ཟ་བ་དང་། བྱམས་པ་མི་གཏོང་བ་དང་། བཟླ་དུས་གཞན་ལ་མི་སྨྲ་བ་སོགས་སྦྱོར་བ་དང་འབྲེལ་བའི་དང་། ཁྲོས་ནས་དྲག་ཤུལ་མི་སྤྱོད་པ་དང་། བདག་མི་བརྙས་པ་དང་། གཞན་སུན་མི་འབྱིན་པ་དང་། གནས་ངན་ལེན་རྣམས་སྤོང་བ་དང་། སེར་སྣ་དང་གཡེར་བག་གི་སྤྱོད་ལམ་སྤང་བ་དང་། བག་མ་བསྡམས་པའི་སྤྱོད་པ་སྤང་བ་སྟེ་ཐམས་ཅད་དུ་དགག་ཚིག་གིས་གསུངས་པ་བཅོ་བརྒྱད་དོ། །དེ་དག་ལས་ཉམས་ན་ཡན་ལག་གི་ལྟུང་བར་འགྱུར་རོ། །གཉིས་པ་བསྲུང་བར་བྱ་བའི་རྩ་ལྟུང་བཅུ་དྲུག་ནི། ཆད་པར་ལྟ་བ་དང་། དཀོན་མཆོག་གསུམ་སྤོང་བ་དང་། ཀུན་རྫོབ་སེམས་བསྐྱེད་སྤོང་བ་དང་། དབང་བསྐུར་བ་སྤོང་བ་དང་། བླ་མ་ལ་འཁུ་བ་ལྔ་འཇམ་དཔལ་རྩ་རྒྱུད་ལས་བཤད། ཕྱི་མ་གཉིས་སྔགས་སྡོམ་རང་གི དགྲ་བཅོམ་པ་གསོད་པ་དང་། ཕ་གསོད་པ་དང་། མ་གསོད་པ་དང་། འཁོར་ལོའི་དབྱེན་བྱེད་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་སྐུ་མཚལ་འབྱིན་པ་སྟེ་མཚམས་མེད་ལྔ། བྱང་ཆུབ་སེམས་དཔའ་གསོད་པ། ཉན་རང་སློབ་པ་གསོད་པ། མ་སུན་འབྱིན་པ། དགེ་འདུན་གྱི་རྙེད་པ་འཕྲོག་པ། མཆོད་རྟེན་འཇིག་པ་སྟེ་གོང་མ་ལྔ་དང་རིམ་པ་བཞིན་ཉེ་བས་ཉེ་བའི་མཚམས་མེད་ལྔ། མངོན་དུ་རྒྱུའི་དཀོན་མཆོག་གསུམ་ལ་སྙིང་ནས་གནོད་པ་བྱེད་པ་རྣམས་དཔུང་བཟང་གིས་ཞུས་པ་ལས་བཤད་པས་བཅུ་དྲུག་གོ །དེ་ལས་བཟློག་པ་ནི་གཞིའི་དམ་ཚིག་ཡིན་ནོ། །དམ་ཚིག་སུམ་ཅུ་ཐུན་མོང་གི་དམ་ཚིག རིགས་སོ་སོ་དང་ལས་སོ་སོ་བ་ལ་བཅས་པ་བྱེ་བྲག་གི་དམ་ཚིག ཡུལ་དུས་ལ་ལར་བསྟན་པ་ལྷག་པའི་དམ་ཚིག་སྟེ། ཕྱི་མ་གསུམ་ཡན་ལག་གི་དམ་ཚིག་ཏུ་འཇམ་དཔལ་རྩ་རྒྱུད་དུ་གསུངས་སོ། །གསུམ་པ་ཉམས་ན་ཕྱིར་འཆོས་པ་ནི། རྩ་བའི་ལྟུང་བ་བྱུང་ན་རང་རིགས་ཀྱི་སྙིང་པོ་འབུམ་བཟླ་བ་དང་། མེས་རྨོངས་པར་བྱེད་པའི་སྙིང་པོ་སྟོང་བཟླ་བ་དང་། ཞི་བའི་སྦྱིན་སྲེག་དང་། དཀྱིལ་འཁོར་དུ་ཞུགས་ནས་དབང་བླངས་ནས་དག་པར་བྱེད་དོ།། །། གཉིས་པ་སྤྱོད་པའི་རྒྱུད་ཀྱི་སྡོམ་པ་ལ་མཚན་ཉིད་ནི། ལུས་ངག་ཡིད་གསུམ་སྤྱོད་པའི་རྒྱུད་ཀྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམས་པའི་ཚུལ་ཁྲིམས་སྟེ། དབྱེ་བ་ནི། འདུས་མ་བྱས་པ་དང་འདུས་བྱས་པའི་བསླབ་པ་གཉིས། དང་པོ་ནི། དོན་དམ་སེམས་བསྐྱེད་ལ་གནས་པ་སྟེ། དེ་ཡང་ཁྱད་པར་གསུམ་དུ་བཤད་དེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཀྱིའོ། །ལེན་པའི་ཆོ་ག ལས་དང་བྱ་བ་སྤངས་བ་ཕྱག་རྒྱའི་དབང་དང་། དེ་གཉིས་བྲིས་པར་ལས་དང་བྱ་བས་དང་། གསང་བའི་དཀྱིལ་འཁོར་དུ་ཡིད་ཀྱིས་བསྐུར་བ་གསུམ། བསྐུར་བྱའི་དབང་ནི་ཆུ་དབང་མིག་ཐུར་མེ་ལོང་ཆོས་འཆད་པ་བཞི་སྟེ་རྣམ་སྣང་མངོན་བྱང་ལས་དེ་ཙམ་ལས་མ་བྱུང་། ཡེ་ཤེས་ཐིག་ལེར། ཆུ་ཅོད་པན་རྡོར་དྲིལ་མིང་དབང་ཀུན་གསུངས། དེ་ཡང་ཆུ་དབང་གི་མཐར་དམ་ཚིག་སྦྱིན་པ་ནི་སྒྲུབ་པ་པོར་རུང་བ་ཙམ་སྟེ་འདིར་བསྟན་གྱི་སྔགས་སྡོམ་མ་རྫོགས། བཞི་པའི་མཐར་སྦྱིན་པར་གསུངས་པ་ལས་རྫོགས་པར་འགྱུར་བ་སྟེ། སྒྲུབ་པ་པོ་དང་སློབ་དཔོན་གཉིས་ཀར་བྱེད་མི་བྱེད་ཀྱིས་སོ། །ཇི་ལྟར་བསྲུང་བའི་ཚུལ་ལ། བསླབ་པར་བྱ་བའི་དམ་ཚིག་གསུམ། བསྲུང་བར་བྱ་བའི་རྩ་ལྟུང་གཉིས་ལས། དང་པོ་ནི། འདུས་བྱས་པའི་ཚུལ་ཁྲིམས། འཇུག་གནས་ལྡང་བའི་དམ་ཚིག་ཏུ་ཕྱེ་བ་དག་གོ །གཉིས་པ་ལ་རབ་ཏུ་བྱུང་བའི་དབང་དུ་བྱས་པ་དང་། ཁྱིམ་པའི་དབང་དུ་བྱས་པ། ཐུན་མོང་དུ་འཇུག་པ། དང་པོ་གནས་ངན་ལེན་དུ་གྱུར་པའི་མི་དགེ་བ་བཅུ། གནས་ངན་ལེན་ཞེས་བྱ་བ་ཡང་ཐབས་སུ་དེ་མི་འགྱུར་བ་བག་མེད་པ་ཉིད་ཀྱིས་སྤྱད་པ། གཉིས་པ་ལ། ལུས་ཀྱི་གསུམ། ངག་གི་བརྫུན། ཡིད་ཀྱི་ལོག་ལྟ། གསུམ་པ་ནི། དམ་པའི་ཆོས་སྤོང་བ། བྱང་སེམས་གཏོང་བ། སེར་སྣ་བྱེད་པ། སེམས་ཅན་ལ་གནོད་པ་བྱེད་པ་བཞིའོ། །འདིའི་བྱང་སེམས་ནི་སྔགས་སྡོམ་ལ་བྱེད་དགོས་ཏེ། དེ་དོན་དམ་སེམས་བསྐྱེད་དེ། དེ་ཡང་ཆོ་གས་ལེན་པར་བཤད་པས་སོ། །ཕྱིར་འཆོས་པ་ནི། རང་རིགས་ཀྱི་སྙིང་པོ་འབུམ་བཟླ་བ་དང་། སྦྱིན་སྲེག དབང་ནོད་པའོ།། །། གསུམ་པ་རྣལ་འབྱོར་རྒྱུད་ཀྱི་སྔགས་སྡོམ་གྱི་མཚན་ཉིད་ནི། ལུས་ངག་ཡིད་གསུམ་རྣལ་འབྱོར་རྒྱུད་ཀྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས། དབྱེ་བ་ནི། རིགས་ལྔའི་སྡོམ་པའོ། །ལེན་པའི་ཆོ་ག་ནི། རང་གི་ངོ་བོ་དང་དུས་སུ་ཐོབ་ལ། དབང་ཡང་ཆུ་དབང་སོགས་ལྔ་དང་། ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དྲུག་སློབ་དཔོན་གྱི་དབང་ཡིན་པས་དེ་དག་ལས་སོ། །ཇི་ལྟར་བསྲུང་བའི་ཚུལ་ལ། རིགས་ཀྱི་རྗེས་སུ་མཐུན་པའི་དམ་ཚིག དེའི་མི་མཐུན་ཕྱོགས་ཀྱི་ལྟུང་བ། ཉམས་སུ་བླང་བའི་དམ་ཚིག་གསུམ་ལས། དང་པོ་ནི། རྡོ་རྗེ་རྩེ་མོ་ལས་གསུངས་པ། རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དམ་ཚིག དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། མི་བསྐྱོད་པའི་རིགས་ལ་རྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་གཟུང་བ་བཞི། རིན་འབྱུང་གི་རིགས་ལ་ཞག་རེ་རེར་ལན་དྲུག་ཏུ་ཆོས། ཟང་ཟིང་། མི་འཇིགས་སྐྱབས། བྱམས་པའི་སྦྱིན་པ་བཞི། སྣང་བ་མཐའ་ཡས་ཀྱི་རིགས་ལ་ཕྱི་བྱ་སྤྱོད། གསང་བ་རྣལ་འབྱོར། ཐེག་པ་གསུམ་འཛིན་པ་སྟེ། གསུམ། དོན་གྲུབ་ཀྱི་རིགས་ལ་སྡོམ་པ་འཛིན་པ་དང་མཆོད་པ་གཉིས། འདིར་སྡོམ་པ་འཛིན་པ་ནི་སོ་ཐར་དང་བྱང་སྡོམ་བྱ་སྤྱོད་ལ་སོགས་པ་ནས་འབྱུང་བའི་དོན་དམ་སེམས་བསྐྱེད་ཀྱི་སྡོམ་པ་རྣམས་ཡིན་གྱི། རིགས་ལྔའི་སྡོམ་པ་དག་ནི་མ་ཡིན་ཏེ། ཡིན་ན་དུམ་བུ་བཞི་པའི་རྡོ་རྗེ་སློབ་དཔོན་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་དུ་འགྱུར་བར་ཐལ་བས་སོ། །གཉིས་པ་རྡོ་རྗེ་རྩེ་མོར། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཅེས་གསུངས་པས། དངོས་སུ་བླང་བའི་དམ་ཚིག་བཅུ་བཞི་པོ་ལས་གཞན་པ་བཅུ་བཞི་ནི་ཕས་ཕམ་པ་ཞེས་བྱའོ། །དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་ལྟ་བུས་དེར་འགྱུར་རམ་ཞེ་ན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། སྤང་ཞིང་དོར་བར་མི་བྱའོ། །ཞེས་པས་དེ་ལས་དེར་འགྱུར་བ་ཡིན་ནོ་ཞེས་གདམས་པས། དཀོན་མཆོག་གསུམ་སྤོང་བས་གཅིག རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་སྤོང་བས་བཞི། སྦྱིན་པ་རྣམ་བཞི་སྤོང་བས་བཞི། ཕྱི་དང་གསང་བ་ཐེག་གསུམ་སྤོང་བས་གསུམ། སྡོམ་པ་འཛིན་པ་དང་། མཆོད་པ་སྤངས་པ་གཉིས་ཏེ་བཅུ་བཞིའོ། །འདི་ལ་མི་མཐུན་པ་མང་བས་འདིར་ཀུན་དགའ་སྙིང་པོས་དེ་ཉིད་བསྡུས་པ་དུམ་བུ་དང་པོའི་འགྲེལ་པར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པར་ཕས་ཕམ་བཅུ་བཞི་ལས་བཟློག་པའི་མཚན་ཉིད་ཅན་ནོ་ཞེས་དང་། དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་ཆེན་ལས་ཀྱང་། བསམས་པ་ཙམ་གྱིས་འདི་དག་ཐམས་ཅད་འགྲུབ་པ་ཡིན་ཏེ་ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་དང་། བུ་སྟོན་གྱིས་སྤྱི་རྣམ་དུ་འདི་གཉིས་དྲངས་ནས་ལུགས་འདི་བསྒྲུབ་པར་མཛད་པ་དེའི་རྗེས་སུ་འབྲང་ངོ་། །དཀོན་མཆོག་གསུམ་མ་སྤངས་ཀྱང་བག་མེད་པས་སྐྱབས་སུ་མི་འགྲོ་བ་ལྟ་བུ་སོགས་ཡན་ལག་གི་ལྟུང་བ་དང་། རྡོ་རྗེ་རྩེ་མོ་དང་། རྟོག་པ་ཐམས་ཅད་བསྡུས་པ་དང་། དཔལ་མཆོག་ལ་སོགས་པ་ཤིན་ཏུ་མང་པོར་གསུངས་པ་རྣམས་ནི་རྗེས་སུ་མཐུན་པའི་དམ་ཚིག་དང་། ལྡོག་པ་ཕམ་པ་དང་ཡན་ལག་གི་ལྟུང་བ་ཅི་རིགས་པ་ཞེས་བྱའོ། །གསུམ་པ་ཉམས་སུ་བླང་བའི་དམ་ཚིག་ནི། སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་རྡོར་སེམས་ཀྱི་དང་། འདོད་ཆགས་ཆེན་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་གཤེགས་རིགས་དང་། དེ་བཞིན་གདུག་པའི་སྐྱེ་བོ་བསྡིགས་པའི་ཕྱིར་ཁྲོ་བོར་སྟོན་པ་རྣམས་རྡོ་རྗེའི་རིགས་ཀྱི་དང་། ལས་ཐམས་ཅད་རང་བཞིན་དག་པས་སྤྱོད་པས་པདྨ་དང་། འདོད་པ་ཐམས་ཅད་སྦྱིན་པ་རིན་པོ་ཆེ་སྟེ། དུམ་བུ་རང་རང་གི་གཞུང་ལས་བཤད་པ་རྣམས་སོ། །ཉམས་ན་ཕྱིར་འཆོས་པ་ནི། བཟླས་པ་སྦྱིན་སྲེག་དབང་ནོད་པ་སོགས་སོ།། །། བཞི་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྡོམ་པ་ལ་མཚན་ཉིད་ནི་ལུས་ངག་ཡིད་གསུམ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམས་པའི་ཚུལ་ཁྲིམས་སོ། །དབྱེ་བ་ནི། བུམ་དབང་གི་ངོ་བོར་གྱུར་པའི་སྔགས་སྡོམ་དང་། གསང་དབང་གི ཤེས་རབ་ཡེ་ཤེས་ཀྱི། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་གི་ངོ་བོར་གྱུར་པའི་ལམ། ཕྱི་མ་གཉིས་ལ་དབང་གསུམ་པའི་དང་། དབང་བཞི་པའི་ངོ་བོར་གྱུར་པ་ཞེས་གདམ་པའོ། །དེ་དག་གི་འཇོག་བྱེད་ཀྱང་། ལུས་ངག་ཡིད་གསུམ་བསྐྱེད་རིམ་གྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམས་པའི་ཚུལ་ཁྲིམས་དང་། ཐོག་མཐའ་འདྲ་བ་ལ། རྫོགས་རིམ་མཚན་མ་དང་བཅས་པའི་ཐབས་ཤེས། མཚོན་བྱེད་དཔེའི་ཐབས་ཤེས། མཚོན་བྱ་དོན་གྱི་ཐབས་ཤེས་སོ། །དེ་ཡང་བུམ་པའི་དབང་ནི། ལུས་དག་པ་དང་སྤྲུལ་སྐུ་མངོན་དུ་བྱེད་པའི་ངེས་པས། ཕུང་ཁམས་སྐྱེ་མཆེད་ལྷར་ངོ་སྤྲད་པ་ལས་བྱུང་བའི་རིགས་ལྔའམ་དྲུག་གི་དམ་ཚིག་དག་འཛིན་པ་ཡིན་ནོ། །གསང་དབང་དུ་ནི་ངག་རླུང་དག་པ་དང་། ལོངས་སྐུ་མངོན་དུ་བྱེད་པའི་ངེས་པས་རྩ་བ་ཡན་ལག་གི་རླུང་བཅུ་དབུ་མར་སྡོམ་པ་ཉིད་ཡིན་ནོ། །འདིར་ཕྱི་ནང་གི་རྟེན་འབྲེལ་ལས་ཕྱི་ནང་གསང་བའི་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ཡན་ལག་དང་བཅས་པ་དམ་ཚིག་ཏུ་འགྱུར་རོ། །ཤེས་རབ་ཡེ་ཤེས་སུ་ཡིད་ཐིག་ལེ་དག་པ་དང་ཆོས་སྐུ་མངོན་དུ་བྱེད་པའི་ངེས་པས་ཁམས་འཛག་པ་ཕྱི་ནང་གསང་བའི་བདག་ཉིད་ཅན་དུ་སྡོམ་པ་སྟེ་གཙོ་བོར་ཕྱག་རྒྱ་གསུམ་དང་འབྲེལ་བའི་དམ་ཚིག་རྣམས་སོ། །བཞི་པར་ཡེ་ཤེས་དག་པ་དང་ངོ་བོ་ཉིད་ཀྱི་སྐུ་གཞི་འབྲས་དབྱེར་མེད་ཉིད་མངོན་དུ་བྱེད་པའི་ངེས་པས་གཞི་ལས་གཞན་དུ་གྱུར་པའི་སེམས་ཀྱིས་འཕོ་བའམ་འཛག་པའམ་གཡོ་བ་དག་སྡོམ་པའོ། །འདིར་རྩ་རླུང་ཁམས་ཀྱི་མཚན་ཉིད་ཅན་གྱི་སྡོམ་པ་རྣམས་ལས་ཀྱང་བསྡམ་པར་བྱ་དགོས་ཏེ། གང་དུ་བསྡམ་བྱ་སྡོམ་བྱེད་ཕྲ་རགས་དེ་ཐམས་ཅད་ཀྱང་གཞིའི་གནས་ཚུལ་ལས་གཞན་དུ་གྱུར་པ་ཁོ་ན་ཡིན་པས་སོ། །དེ་བས་ན་མ་བཅོས་པ་ཉིད་དམ་ཚིག་ཐམས་ཅད་ཀྱི་རྩ་བ་དང་། འདི་ལ་དྲང་བའི་ཐབས་སུ་སྡོམ་པའི་རིམ་པ་ཇི་སྙེད་པ་དག་བྱུང་ཞིང་། སེམས་ཅན་གྱི་རྣམ་པར་རྟོག་པ་དེ་སྙེད་སོ་སོ་ལ་བལྟོས་ནས་སྡོམ་པ་རེ་རེར་ཡང་འགྱུར་བས་ས་མ་ཡ་འབུམ་སྡེ་ཞེས་རིག་པ་འཛིན་པའི་སྡེ་སྣོད་ལ་གྲགས་པ་ཡིན་ནོ། །དེ་དག་གང་ལས་ལེན་པའི་ཆོ་ག་ནི། བུམ་དབང་དང་། གསང་དབང་དང་། དབང་གསུམ་པ་དང་། དབང་བཞི་པ་ཞེས་བཞག་པའི་ཐབས་བསྡུས་པའམ་འབྲིང་ངམ་རྒྱས་པ་མོས་པ་དང་མཐུན་པ་ཁོ་ནས་འཐོབ་སྟེ། ཐོབ་པ་འདི་ཀ་དབང་། འདི་ཀ་སྡོམ་པ། འདི་ཀ་ཉམས་ལེན་ཞེས་བྱའོ། །འདི་ལ་ཡང་སྟ་གོན་གྱི་དུས་སུ་ཐོབ་པ་རྣམས་སྨོན་པ་དང་། འཇུག་པའི་དུས་སུ་ཐོབ་པ་ལ་འཇུག་པའི་ཐ་སྙད་བྱས་ཀྱི། སྡོམ་པ་རང་གི་ངོ་ཏི་ནི་དབང་གི་དངོས་གཞི་ལ་སྟེ། དུས་དེར་དབང་ཐོབ་པའི་བརྡ་སྤྲོད་པས་སོ། །ཇི་ལྟར་བསྲུང་བའི་ཚུལ་ལ། བསྲུང་བྱ་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ། བསྒྲུབ་བྱ་རིགས་དྲུག་གི་དམ་ཚིག ཉམས་སུ་བླང་བ་དང་འབྲེལ་བའི་དམ་ཚིག ཉམས་ན་ཕྱིར་འཆོས་པ་དང་བཞི་ལས། དང་པོ་ལ། རྩ་ལྟུང་དང་། ཡན་ལག་གི་ལྟུང་བ་གཉིས། དང་པོ་ནི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སློབ་དཔོན་ལ་བརྙས་པ་དང་། བདེ་བར་གཤེགས་པའི་བཀའ་ལས་འདས་པ་དང་། རྡོ་རྗེའི་སྤུན་ལ་ཁྲོ་བ་དང་། ཁྱད་པར་བཞི་ལྡན་གྱི་བྱམས་པ་སྤོང་བ་དང་། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤོང་བ་དང་། རང་ངམ་གཞན་གྱི་གྲུབ་པའི་མཐའ་ལ་སྨོད་པ་དང་། ཡོངས་སུ་མ་སྨིན་པ་ལ་གསང་བ་སྒྲོགས་པ་དང་། རང་གི་ཕུང་པོ་ལ་བརྙས་པ་དང་། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་དང་། གཡོ་སྒྱུའི་བྱམས་པའམ་གདུག་ལ་བྱམས་པ་དང་། མིང་སོགས་བྲལ་བའི་ཆོས་ལ་དེར་རྟོག་པ་དང་། དད་དང་ལྡན་པའི་སེམས་སུན་དབྱུང་བ་དང་། དམ་ཚིག་གི་རྫས་མི་བརྟེན་པ་དང་། བུད་མེད་སྨོད་པ་སྟེ་བཅུ་བཞིའོ། །དེ་དག་ལ་ཡུལ་གྱི་དང་། བསམ་པའི་དང་། སྦྱོར་བའི་དང་། དུས་ཀྱི་དང་། ཉེས་པའི་དང་། ལན་གྲངས་ཀྱི་བྱེ་བྲག་སྟེ་སྒོ་དྲུག་གིས་བསྒྱུར་བས་ལྟུང་བ་བརྒྱད་ཅུ་རྩ་བཞི། དེ་དག་ལྕི་འབྲིང་ཡང་བ་གསུམ་གྱིས་བསྒྱུར་བས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སོ། །ཡུལ་བསམ་སྦྱོར་བ་མཐར་ཐུག་གི་ཤན་འདྲ་བ་སོ་སོའི་ཆར་གཏོགས་ལ། ཕམ་པ་དང་ལྟུང་བར་གྱུར་པ་སྔ་མའོ། །ལྕི་བ་དང་སྦོམ་པོ་ཡན་ལག་དང་ཉེས་བྱས་ཕྲ་མོ་སྟེ་ལྔ་ནི་ཡན་ལག་ཏུ་གཏོགས་སོ། །རང་དབང་ཉམས་པ་དང་། དབང་ཐོབ་པ་ལས་ཉམས་པ་དང་། ནུས་པ་རྙེད་པ་དང་། གཞན་དོན་དུ་འགྱུར་བ་དང་། སྐྱེ་བ་མེད་པ་བརྟན་པར་བྱ་བའི་ཆེད་དང་། རྒྱུད་ལས་གནང་བའི་སྐབས་དང་། བླ་མ་ལ་སོགས་པའི་ལུང་ཐོབ་པ་དང་། སྲོག་གི་བར་ཆད་དུ་གྱུར་པའི་དུས་སྤྱད་པ་རྣམས་ཉེས་མེད་དོ། །དེ་དག་ནི་བུམ་དབང་གི་དུས་སུ་བསྒྲགས་པས་ཐམས་ཅད་བུམ་དབང་ལ་བལྟོས་པའི་རྩ་ལྟུང་དུ་སོང་སྙམ་པ་ལྟར་ག་ལ་ཡིན། བརྒྱད་པ་བུམ་དབང་གི་མི་མཐུན་ཕྱོགས། དགུ་པ་གསང་དབང་། བཅུ་པ་ཤེར་དབང་། བཅུ་བཞི་པ་བཞི་པའི། དང་པོ་གསུམ་སྐྱབས་སུ་འགྲོ་བའི། བཞི་པ་དང་ལྔ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི། དྲུག་པ་སྤྱིའི། བདུན་པ་དམ་ཚིག་རང་གི ལྷག་མ་གསུམ་སྤྱོད་པའི་མི་མཐུན་ཕྱོགས་སོ། །བུམ་དབང་གི་དུས་སུ་བསྒྲག་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྔོན་དུ་བསླབ་པའི་གནས་བརྗོད་པ་ལྟ་བུའོ། །ཕས་ཕམ་པ་དང་ལྟུང་བར་འགྱུར་མི་འགྱུར་དབང་སོ་སོ་ལ་བལྟོས་ལ། བུམ་དབང་དུ་ཡང་དེ་དག་ལས་ལོག་པར་བྱ་ནི་དགོས་སོ། །གཉིས་པ་ཡན་ལག་ལ། རིག་མ་བསྙེན་པ་ལ་དགའ་བ་དང་། ཚོགས་འཁོར་གྱི་ནང་དུ་རྩོད་པ་དང་། རིག་མའི་བདུད་རྩི་ལེན་པ་དང་། གསང་ཆོས་གཞན་ལ་མི་སྟོན་པ་དང་། དང་བས་དྲིས་པའི་ལན་གཞན་སྟོན་པ་དང་། ཉན་ཐོས་ནང་དུ་ཞག་བདུན་འདུག་པ་དང་། སྔགས་པར་སྨྲ་བ་དང་། སྣོད་མིན་ལ་བཤད་པ་སྟེ་བརྒྱད་དོ། །གཞན་ཡང་ཉེར་བརྒྱད་དང་བཞིར་བཤད་པ་དག་ཀྱང་ངོ་། །གཉིས་པ་བསྒྲུབ་བྱ་རིགས་དྲུག་གི་དམ་ཚིག་ནི། སྔར་བཤད་པའི་རྩེ་མོ་ལྟར་རམ། ལྷག་པར་དུས་ཀྱི་འཁོར་ལོ་དྲང་ངེས་མ་ཕྱེ་བར་གསུངས་པ། ཕྱེ་སྟེ་བཤད་པ་གཉིས་བྱུང་བའི་དང་པོ། རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་གཟུང་བ། རིན་པོ་ཆེ་ལ་སྦྱིན་པ། རྣམ་སྣང་གི་རིགས་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བ། དོན་གྲུབ་ལ་མཆོད་པ། པདྨའི་རིགས་ལ་སྡོམ་པ། རྡོ་རྗེ་སེམས་དཔའི་རིགས་ལ་སེམས་བསྐྱེད་དོ། །གཉིས་པ་ནི། སྲོག་གཅོད་པ། བརྫུན་སྨྲ་བ། མ་བྱིན་པར་ལེན་པ། གཞན་གྱི་བུད་མེད་འཕྲོག་པ། བདུད་རྩི་ལྔ་བསྟེན་པ། པདྨར་མི་སྨད་པ་དྲུག རྡོ་རྗེ། རལ་གྲི། རིན་པོ་ཆེ། པདྨ། འཁོར་ལོ། གྲི་གུག་རིགས་ཀྱི་དམ་ཚིག་ཏུ་གསུངས་པ་རྣམས་སོ། །གསུམ་པ་ཉམས་སུ་བླང་བ་དང་འབྲེལ་བའི་དམ་ཚིག་ལ། ཡོ་བྱད་ཀྱི་དམ་ཚིག ལོངས་སྤྱོད་ཀྱི་དམ་ཚིག མཉམ་བཞག་གི་དམ་ཚིག རྗེས་སྤྱོད་ཀྱི་དམ་ཚིག་བཞིའོ། །ཕྱིར་འཆོས་པ་ནི། ཉི་ཤུ་རྩ་ལྔ་སྙིང་པོ་རྒྱན་ལས་བཤད་པ་ལྟར་རམ། དཔལ་དུས་ཀྱི་འཁོར་ལོ་ནས་དབང་བདུན་ཙམ་ཐོབ་པ་ལ་རྩ་ལྟུང་བྱུང་ན་ལྷ་གྲངས་རེ་རེར་བཟླས་བརྗོད་སུམ་ཁྲི་དྲུག་སྟོང་བྱ་བ་དང་། ཕྱིས་གདམས་པས་དང་། བུམ་པ་དང་གསང་བའི་དབང་བསྐུར་ཐོབ་པ་ལ་བྱུང་ན་ཆད་པའི་ལས་དང་དཀྱིལ་འཁོར་དུ་ཞུགས་ནས་སླར་ནོད། དབང་གོང་མ་གཉིས་ལ་ཚོགས་བསགས་པ་དང་སྡིག་བཤགས་ལྷག་པར་སོ་སོ་རང་རིག་པའི་སྟོབས་ཀྱིས་སྦྱངས་སོ། །མ་བསྲུངས་པའི་ཉེས་དམིགས་ནི། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པའོ། །ཕན་ཡོན་ནི། ཚེ་གཅིག་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། ཕ་རྒྱུད་ལས། རིག་པའི་སྐྱེས་བུ། མ་རྒྱུད་ལས། རིག་མའི་སྐྱེས་བུ། དོན་ཟུང་འཇུག་མ་ནིང་གི་གོ་འཕང་ཞེས་བཞག་པ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་འཐོབ་པའོ།། །། སྡོམ་པ་གསུམ་གྱི་སྙིང་པོ་བསྟན་པ་ཞེས་བྱ་བ། རྗེ་བླ་མ་ངག་གི་དབང་ཕྱུག་གི་སྤྲུལ་པའི་སྐུ་ངག་དབང་པད་དཀར་དབང་པོའི་ཆེད་དུ། པདྨ་དཀར་པོས་དཔལ་བཀྲ་ཤིས་མཐོང་སྨོན་དུ་ཆོ་འཕྲུལ་གྱི་ཟླ་བ་ལ་སྦྱར་བ་ཚུལ་ཁྲིམས་རིན་པོ་ཆེ་ལ་ཐམས་ཅད་སྤྱོད་པར་གྱུར་ཅིག། །།སརྦ་མངྒ་ལཾ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net