ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.
{{{1}}}

༄༅། །ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་བཞུགས་སོ།[1]

།ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །ལོངས་སྐུ་རྡོར་སེམས་གསང་བདག་རྡོ་རྗེ་འཛིན། །དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དགའ་རབ་རྡོ་རྗེ་མཉྫུ་མི་ཏྲ་དང་། །ཤྲཱི་སིང་ཛྙཱ་ན་སུ་ཏྲ་བི་མ་ལ། །བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ལྷུན་གྲུབ་སྣང་བཞི་མཐར་ཕྱིན་བྱིན་གྱིས་རློབས། །ཏིང་འཛིན་བཟང་པོ་བློ་གྲོས་དབང་ཕྱུག་དང་། །ལྡང་མ་ལྷུན་རྒྱལ་སིཾ་ཧེ་ཤྭ་རའི་ཞབས། །སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཟུང་འཇུག་གྲུབ་མཐའ་སྙོགས་པར་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྒྱའི་གཙུག་གི་རྒྱན་གཅིག་པུ། །སྔ་འགྱུར་བཀའ་བབས་བདུན་གྱི་ཤིང་རྟ་ཆེ། ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྐུ་གསུམ་མངོན་གྱུར་ཤོག །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །བརྒྱུད་གསུམ་ངོ་བོ་དྲན་པས་གདུང་སེལ་བ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་རྩལ་ཆེན་བསྐྱེད་དུ་གསོལ། །དེ་ལྟར་གསོལ་འདེབས་སྨོན་པའི་གནས་འགྲུབ་ནས། །དོན་གཉིས་ལྷུན་གྲུབ་སྐུ་གསུམ་མངོན་གྱུར་ཏེ། །ཟུང་འཇུག་འཕོ་ཆེན་དྭངས་མའི་སྐུར་འགྲུབ་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །ཅེས་པའང་སྔགས་རིག་འཛིན་པ་སྣ་ཚོགས་རང་གྲོལ་གྱིས་གང་ཤར་གསོལ་བ་བཏབ་པ་དགེའོ། །དགེའོ། །དགེའོ།། །།

View PDF Chetsun 5

Notes[edit]

  1. Sechen