ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བཞི་པ

From Rangjung Yeshe Wiki Texts
Revision as of 06:19, 27 July 2010 by Cfynn (talk | contribs) (Created page - added fourth chapter)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༈ ལེའུ་བཞི་པ་རྩོལ་མེད་ཀྱི་བསྟན་པ་མིའི་ཡུལ་དུ་བྱུང་ཚུལ།

དེ་ནས་རྩོལ་མེད་ཀྱི་ཐེག་པ་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི༔ རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ༔ དྷ་ན་ཀོ་ཤའི་གླིང་༔ མཚོ་ཀུ་ཏྲའི་འགྲམ༔ རྡོ་རྗེ་གླིང་ཕུག་གི་གནས་སུ་ཡོན་ཏན་ཚར་བའི་རིགས༔ ཡབ་རྒྱལ་པོ་ཨུ་པ་ར་ཛ་དང་༔ ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་ཤིན་ཏུ་མཚན་དང་ལྡན་པ་དགེ་བའི་སེམས་དང་བྱང་ཆུབ་ཀྱི་སེམས་ལྷག་པར་ཆེ་བ༔ སྐྱོན་བྲལ་གཡོ་སྒྱུ་སྤངས་ནས་རབ་ཏུ་བྱུང་སྟེ༔ དགེ་སློང་མའི་ཁྲིམས་རྣམ་པར་དག་པ་སྲུང་ནས་སྐྱེས་པའི་འཁོར་སྤངས་ཏེ༔ དགེ་སློང་མ་ལྔ་བརྒྱས་བསྐོར་ཏེ་གནས་པ་ལ༔ ཤིང་མོ་གླང་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རངས་རྨི་ལམ་ན༔ དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་ནས༔ ཉི་མ་སྤྱི་བོ་ནས་མར་ཐིམ་པ་རྨིས༔ ཟླ་བ་རྐང་མཐིལ་ནས་ཡར་ཐིམ་པ་རྨིས་སོ༔ ནངས་པར་རྟོག་པ་སྐྱེས་ནས་མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ཏེ༔ ཁ་ཤར་ཕྱོགས་སུ་བལྟས་ནས་ཡོད་པ་ལ༔ ཕྱག་ན་རྡོ་རྗེས་བྱའི་རྒྱལ་པོ་གསེར་གྱི་ངང་པ་ཞིག་ཏུ་སྤྲུལ་ནས༔ སེམས་ལྷག་ཅན་ཡི་གེ་ཧཱུྂ་གཅིག་ཏུ་བསྡུས་ཏེ༔ སྤྲུལ་པའི་བྱ་ངང་པ་བཞིར་སྤྲུལ་ཏེ་ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་ནས༔ སྤྲུལ་པ་བཞི་ནམ་མཁར་འཕུར༔ གསང་བདག་གི་སྤྲུལ་པའམ་བྱ་སྲས་མོའི་ཐུགས་ཀར་ཆགས་ཏེ༔ མཆུ་ལན་གསུམ་གཏུགས་ནས་ཧཱུྂ་འོད་འབར་བ་ཞིག་བསྟིམས་ཏེ་འཕུར་ནས་སོང་༔ དེར་སྲས་མོ་ཡ་མཚན་སྐྱེས་ཏེ༔ ཡབ་དང་འཁོར་རྣམས་ལ་བྱ་ངང་པ་ལ་སོགས་པའི་ལོ་རྒྱུས་རྣམས་བསྙད་པས༔ ཡབ་རྒྱལ་པོ་ཡ་མཚན་ཞིང་དགྱེས་ནས༔ སངས་རྒྱས་ཀྱི་སྤྲུལ་པ་ཞིག་འབྱུང་ངེས་གསུངས་ནས༔ བྱ་དགའ་དང་རིམ་གྲོ་ཆེར་མཛད་དོ༔ ལོ་དུས་ན་སྲས་མོའི་ཐུགས་ཀ་ནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་འོད་འབར་བ་ཞིག་བྱུང་བ་ལས་ཐམས་ཅད་ཡ་མཚན་དུ་གྱུར་ཏོ༔ རྡོ་རྗེ་དེ་རང་ཞིག་པ་ལས་ཁྱེའུ་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་ན་རྡོ་རྗེ་ཐོགས་པ༔ གཡོན་པ་ན་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ་༔ དེར་ཐམས་ཅད་དགྱེས་ཏེ་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས༔ བྲམ་ཟེ་ཤིན་ཏུ་ངོ་མཚར་ཏེ༔ སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་གོ་གསུངས༔ མཚན་ཡང་དགའ་རབ་རྡོ་རྗེར་བཏགས་སོ༔ དེ་གཞོན་ནུ་ནས་རོལ་རྩེད་ལ་སོགས་པ་ཐམས་ཅད་མཆོག་ཏུ་གྱུར་པ་མཛད་པ་ཐམས་ཅད་རྫོགས་ཏེ་རྒྱལ་སྲིད་བཟུང་བ་ལས༔ དེར་ཕྱག་ན་རྡོ་རྗེ་སྐུ་དངོས་སུ་བྱོན་ནས༔ རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་ལ་སོགས་པའི་དབང་རྣམས་རྫོགས་པར་བསྐུར༔ ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་ནས༔ པུ་ཏྲ་རྣམ་པ་གསུམ་བཀུག་དབང་བསྐུར་དམ་ལ་བཏགས་ནས༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དབང་མན་ངག་ཐམས་ཅད་དུས་མཐའི་སྐད་ཅིག་ལ་རྫོགས་པར་གཏད་དེ༔ དགའ་རབ་ཉིད་ལ་བསྟན་པའི་སྒྲོན་མེར་དབང་བསྐུར༔ དམ་ཅན་རྣམས་ནི་རྣལ་འབྱོར་གྱི་གྲོགས་མཛད་པར་གཉེར་གཏད་ཅིང་བསྟན་པའི་སྲུང་མར་བསྐོས་སོ༔ དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད་དུས་མཐའི་སྐད་ཅིག་མ་ཉིད་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར་ནས༔ སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ལྷག་མ་མེད་པར་ཐུགས་སུ་ཆུད༔ ཁྱད་པར་དུ་རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་རྩ་བའི་རྒྱུད་ཀུན་བཟང་གིས་གསུངས་པ༔ ཀློང་དགུ་བམ་པོ་ཉི་ཁྲི་ཡན་ལག་དང་བཅས་པ༔ རྒྱལ་བ་རིགས་ལྔ་དང་གསང་བདག་གིས་གསུངས་པ་བཤད་པའི་རྒྱུད་དང་༔ ཡན་ལག་གི་རྒྱུད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེ་ཆེན་པོ་རྣམས་དང་༔ རྒྱལ་བ་སྐུ་བཞིའི་དགོངས་པ་མངོན་དུ་ཕྱུང་བ༔ རྒྱལ་བའི་བཀའ་མན་ངག་རང་གྲོལ་མངོན་སུམ་དུ་སྟོན་པ་དང་༔ རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་རྒྱལ་བ་སྐུ་བཞིའི་དབང་གི་ཆུ་བོ་ལ་སོགས་ཏེ་བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་ནས༔ རྩོལ་མེད་རང་བྱུང་རྫོགས་པ་ཆེན་པོའི་བསྟན་པ༔ འཁོར་ཐུན་མོང་མ་ཡིན་པ་འགའ་ཞིག་ལ་སྒྲོག་ཅིང་བཞུགས་པ་ལ༔ དེའི་དུས་ན་ཤེས་རབ་ཀྱི་མཆོག་ཏུ་གྱུར་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཕ་བྲམ་ཟེ་དཔལ་ལྡན་བདེ་སྐྱོང་དང་༔ མ་བྲམ་ཟེ་མོ་ཀུ་ཧ་ན་ཞེས་བྱ་བའི་བུ་ཁྱེའུ་མཚན་དང་བློ་གྲོས་ལྡན་པ་ཞིག་བྱུང་ངོ་༔ བྲམ་ཟེ་སྙིང་པོ་གྲུབ་པ་ཞེས་ཀྱང་བྱ༔ བདེ་མཆོག་སྙིང་པོ་ཞེས་ཀྱང་བྱ་བ་ཞིག་དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔ རྒྱུ་འབྲས་ཀྱི་ཆོས་རྣམས་ལ་མཁས་པ་ཕུལ་དུ་གྱུར་པ༔ པཎྜི་ཏ་ལྔ་བརྒྱའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་བཞུགས་སོ༔ དེའི་དུས་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཉིད་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ལ་མཁས་ཤིང་ཁྱད་པར་དུ་འཕགས་པ་རྨད་བྱུང་བསྟན་པའི་སྙིང་པོ༔ རྒྱུ་འབྲས་ལས་འདས་པའི་ཆོས་རྩོལ་མེད་རྫོགས་པ་ཆེན་པོ་ཞེས་བྱ་བ་སྒྲོག་ཅིང་འདུག་གོ་ཞེས་བྱ་བ་པཎྜི་ཏ་ཀུན་གྱིས་ཐོས་སོ༔ དུས་དེ་ཙ་ན་བྲམ་ཟེ་སྙིང་པོ་གྲུབ་པ་ལ༔ འཇམ་དཔལ་གྱིས་ལུང་བསྟན་པ༔ ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་༔ མཚོ་ཀུ་ཏྲའི་འགྲམ་དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བའི་དབུས༔ རྡོ་རྗེ་གླིང་ཕུག་གི་གནས་ན་རྡོ་རྗེ་སེམས་དཔའི་སྤྲུལ་པ༔ སངས་རྒྱས་ཐམས་ཅད་ཀྱི་རྩོལ་མེད་བསྟན་པའི་སྒྲོན་མེར་དབང་བསྐུར་བ༔ སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཡོད༔ དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་བ་མེད་པར་སྐད་ཅིག་མ་ལ་འཚང་རྒྱ་བ་ཡོད་དོ༔ དེ་ལོངས་ལ་སྤྲུལ་པའི་སྡུད་པ་པོ་གྱིས་ཤིག་པར་ལུང་བསྟན་ཏོ༔ པཎྜི་ཏ་གཞན་རྣམས་ཀྱིས་རྒྱུ་འབྲས་ཀྱི་ཆོས་འདི་ལས་ལྷག་པ་ཡོད་དོ་ཞེས་པ་ནི་ཤིན་ཏུ་མི་རིགས་པས་སུན་དབྱུང་བར་བགྲོས་སོ༔ དེར་བྲམ་ཟེ་སྙིང་པོ་གྲུབ་པས་ཀྱང་མཁྱེན་བཞིན་དུ་སྤྲུལ་པའི་ཆེ་བ་འདོན་པའི་ཕྱིར་སུན་དབྱུང་བར་བགྲོས་སོ༔ དེ་ནས་པཎྜི་ཏ་རྣམས་ཀྱིས་འགྲོ་ཞེས་བཀའ་བགྲོས་པས༔ ཨུ་རྒྱན་གྱི་ཡུལ་ཐག་རིང་བ་དང་བགྲོད་པར་དཀའ་བས༔ གཞན་རྣམས་ཀྱིས་མི་བགྲོད་པར༔ སྙིང་པོ་གྲུབ་པ་དང་༔ ཐུ་བོ་ར་ཛ་ཧ་ཏི་ལ་སོགས་པ་བདུན་བཏང་ངོ་༔ བདུན་པོ་རྡོ་རྗེ་གླིང་ཕུག་ཏུ་ཕྱིན་ནས༔ སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་མཇལ་ནས༔ ཉམས་སད་པའི་ཚུལ་དུ་རྒྱུ་འབྲས་ཀྱི་ཐེག་པའི་ཆེ་བ་བརྗོད་དེ༔ རྒྱུའི་ཆོས་ཀྱི་བགྲོ་གླེང་བྱས་པས་ཀྱང་དགའ་རབ་རྡོ་རྗེར་མ་ཐུབ༔ འབྲས་བུའི་ཆོས་གསང་སྔགས་ཕྱི་ནང་གཉིས་ལ་བགྲོ་གླེང་བྱས་ཀྱང་མ་ཐུབ༔ དེར་པཎྜི་ཏ་རྣམས་ཀྱིས་རྒྱུ་འབྲས་ཀྱི་ཐེག་པའི་གྲུབ་མཐའ་བཟུང་༔ སྤྲུལ་སྐུ་དགའ་རབ་རྡོ་རྗེས་རྒྱུ་འབྲས་ལས་འདས་པ་ཨ་ཏིའི་ཕྱོགས་བཟུང་ཆོས་ཀྱི་བགྲོ་གླེང་མཛད་པས༔ པཎྜི་ཏ་བདུན་པོས་མ་ཐུབ་སྟེ༔ བདེ་མཆོག་སྙིང་པོ་ནི་མཁྱེན་བཞིན་དུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཞུའམ་མི་ཞུ་ཞེས་པཎྜི་ཏ་གྲོགས་རྣམས་ལ་བགྲོས་བྱེད་པའི་ཚུ་གྱིས་དྲིའོ༔ པཎྜི་ཏ་ལ་ལ་ན་རེ༔ འོ་ཅག་སྐྱེངས་པར་གྱུར་ཏོ་ཞེས་ངོ་ནག་པར་གྱུར༔ ཐུ་བོ་ར་ཛ་ཧ་ཏི་ལ་སོགས་པ་ནི་ཞུ་བར་དགོངས་ཀྱང་༔ འོ་སྐོལ་གྱིས་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཞེས་ཟེར་རོ༔ དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ༔ བདེ་མཆོག་སྙིང་པོ་ལ་སོགས་པས་བཤགས་པ་བྱ་བར་བགྲོས་བྱས་ཏེ༔ ལ་ལས་ཕྱག་དང་སྐོར་བ་བྱས༔ ལ་ལས་ངུས་ཤིང་མཆི་མ་ཕྱུང་༔ འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་མཆི་མ་ཕྱུང་སྟེ༔ རང་གི་ལྕེ་བཅད་ནས་བཤགས་པ་བྱ་བར་དགོངས་པ་ལ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཁྱེན་ཏེ་ཚངས་པའི་དབྱངས་ཀྱིས་ཚིག་འདི་གསུངས་སོ༔ མཉམ་ཉིད་ཕྱོགས་བྲལ་ལྷུན་རྫོགས་བདེ་བ་ཆེ༔ ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ༔ འགྲོ་དྲུག་རང་ལ་ཡུལ་བཟུང་ཞེན་པས་བཅིངས༔ མུ་སྟེགས་རྟག་ཆད་མཐར་འཛིན་ལོག་པར་ཞུགས༔ ཐེག་བརྒྱད་རང་གཞན་གཉིས་བཟུང་ཡིན་མིན་གྱིས༔ ཞེ་འདོད་ཕྱོགས་རིས་རང་རང་དབྱིབས་ལ་ཞེན༔ མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད༔ རང་ལ་ཡོད་བཞག་མེད་པ་གཞན་དུ་འཚོལ༔ ལྷུན་གནས་བདེ་བོར་རྩོལ་བས་དང་དུ་ལེན༔ རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས༔ མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་བ༔ འདི་ཡིན་ཐང་ཆད་ཡུས་བརྒྱལ་སྙིང་རེ་རྗེ༔ དེ་བས་ཕྱོགས་འཛིན་ཞེན་པའི་དུག་བཅོམ་ལ༔ མཉམ་ཉིད་ཕྱོགས་བྲལ་བདེ་བའི་ལམ་ལ་ཞུགས༔ ཞེས་གསུངས་ནས༔ སྙིང་པོ་གྲུབ་པ་ལ་ཁྱོད་ཀྱི་ལྕེ་བཅད་པས་སྒྲིབ་པ་མི་དག་ལ༔ རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་དུ་འཕགས་པའི་ཆོས་ཤིག་རྩོམས་ཤིག༔ དེས་དག་པར་འགྱུར་རོ་ཞེས་གསུངས་སོ༔ དེར་ལས་དང་སྐལ་བ་མི་ལྡན་པ་རྣམས་ནི་སླར་ལོག་གོ༔ འཇམ་དཔལ་བཤེས་གཉེན་ནི་བརྡའ་བསྟན་པ་ཙམ་ལ་སྐད་ཅིག་གིས་རྟོགས་པ་ཁོང་དུ་ཆུད་དོ༔ དེར་རྟོགས་པ་ཁོང་དུ་ཆུད་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གཏད་ནས༔ འཇམ་དཔལ་བཤེས་གཉེན་ཞེས་བྱ་བར་མཚན་བཏགས་སོ༔ དེར་དགའ་རབ་ཀྱིས་གདམས་པའི་དོན་རྣམས་ཧྲིལ་གྱིས་དྲིལ་ནས་ཚངས་པའི་གསུང་གིས་བཀའ་སྩལ་པ༔ སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ༔ སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ༔ ཆོས་ཀུན་མཉམ་ཉིད་སྐྱེ་འགག་མེད་རྟོགས་ན༔ དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན༔ ཅེས་གདམས་སོ༔ དེར་འཇམ་དཔལ་བཤེས་གཉེན་གྱིས་རྟོགས་པའི་དོན་ཁོང་དུ་ཆུད་དེ༔ བསྟན་པའི་སྙིང་པོ་རྫོགས་ནས་རྟོགས་པ་བརྗོད་པ༔ བདག་ནི་འཇམ་དཔལ་བཤེས་གཉེན་ཏེ༔ གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ༔ འཁོར་འདས་མཉམ་པ་ཆེན་པོར་རྟོགས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར༔ ཞེས་གསུངས་ནས༔ བྱང་སེམས་རྡོ་ལ་གསེར་ཞུན་བཤགས་པར་བརྩམས་ཏེ་སྡུད་པ་པོ་མཛད་དོ༔ རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་༔ སྲས་ཐུབ་བོ་ར་ཛ་ཧ་ཏི་དང་༔ སྲས་མོ་མེ་ཏོག་གསལ་དང་༔ ཀླུའི་རྒྱལ་པོ་འཇོག་པོ་དང་༔ གནོད་སྦྱིན་མོ་བྱང་ཆུབ་མ་དང་༔ ཀུ་ཀུ་ར་ཛ་སྔ་མ་ལ་སོགས་པ་རྣམས་ནི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་ཞལ་མཐོང་གསུང་ཐོས་ནས་ཉེ་འཁོར་ན་འཁོད་དོ༔ དེ་ལ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཡན་ཆད་རྒྱལ་བ་དགོངས་པས་བརྒྱུད་པའོ༔ བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ རྩོལ་མེད་ཀྱི་བསྟན་པ་མི་ཡུལ་དུ་བྱུང་བའི་སྐབས་ཏེ་ལེའུ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔