ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བདུན་པ

From Rangjung Yeshe Wiki Texts
Revision as of 04:10, 27 July 2010 by Cfynn (talk | contribs) (Created page - added text of seventh chapter)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

༈ ལེའུ་བདུན་པ་ཨུ་རྒྱན་གྱིས་བོད་ཀྱི་ལྷ་འདྲེ་བཏུལ་བ།[edit]

དེ་ནས་སློབ་དཔོན་དཔོན་གཡོག་ཚོས་ཡར་བྱོན༔ མང་ཡུལ་སྟོན་ལ་ཁར་དུ་བྱོན་པས༔ ཞང་ཞུང་དགྲ་ཛ་མུན་གྱིས་སློབ་དཔོན་དཔོན་གཡོག་རི་བྲག་གཉིས་ཀྱི་བར་དུ་བཅར་བས༔ སློབ་དཔོན་གྱིས་བྲག་ལ་ཕྱག་འཁར་བཙུགས་ལམ་བཏོད༔ བྲག་གི་ཁ་ལ་བྱོན་པས༔ མོ་སྔངས་ཏེ་བྲེད་ནས་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་གཡུ་བུན་མར་བཏགས་སོ༔ དེ་ནས་བྱང་གནམ་ཐང་མཁར་ནག་ལ་བར་བྱོན་པས༔ གནམ་སྨན་དཀར་མོས་སློབ་དཔོན་ལ་ཐོག་ཕབ་པར་བྱས་ཙ་ན༔ སློབ་དཔོན་གྱིས་ཕྱག་གཡོན་པའི་མཐིལ་དུ་ཆུ་མེ་ལོང་གང་ཙམ་བཞག་པས༔ སྭོ་ཟེར་ཙ་ན་ཐོག་རྣམས་ཁྲག་སྐམ་སྲན་མའི་དོག་པོ་བདུན་ཙམ་དུ་སོང་འདུག་གོ༔ མོ་བྲེད་ནས་དཔལ་མོ་དཔལ་མཚོར་བྲོས༔ སློབ་དཔོན་གྱིས་མཚོ་མེ་དཔུང་དུ་བསྒོམས་པས་མཚོ་འཁོལ་མོའི་ཤ་རུས་བྱེ༔ མོས་བྲོས་པས་སློབ་དཔོན་གྱིས་རྡོ་རྗེ་བརྒྱབ་པས་མིག་གཡས་པ་བཅར༔ དེར་སྤྱན་སྔར་ཡོང་སྟེ་ཞུ་བ་གསོལ་པ༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བར་ཆད་མི་བགྱི་ཐུགས་དམ་དགོངས་པ་གློད༔ ཅི་བགྱི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ ཞེས་ཟེར་ཞིང་སྲོག་སྙིང་ཕུལ་དམ་ལ་བཏགས༔ གསང་མཚན་ཤ་མེད་རྡོ་རྗེ་གཡུ་སྒྲོན་མར་བཏགས༔ གཏེར་ཁ་ཆེན་པོ་གཅིག་གི་གཉེར་གཏད་དོ༔ དེ་ནས་འུ་ཡུག་ཏུ་བྱོན་བརྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་ཕབ༔ རིའི་བར་དུ་བཙིར་བས་སློབ་དཔོན་གྱིས་རི་བྲག་ཐམས་ཅད་ཕྱག་འཁར་གྱིས་བོར༔ བརྟན་མའི་གནས་ཐམས་ཅད་བཤགས་པས་ཐོག་ཐམས་ཅད་སོལ་དུམ་དུ་གྱུར༔ དེར་བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་རེ་རེའི་གཉེར་གཏད་དོ༔ དེ་ནས་འུ་ཡུག་བྱེ་ཚང་རྫོང་ཁར་ཕེབས་དུས༔ དགེ་བསྙེན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསུ་བ་བྱས༔ དམ་ལ་བཏགས་ནས་གཏེར་གྱི་གཉེར་གཏད༔ དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན༔ ཡར་ལ་ཤམ་པོས་གཡག་དཀར་པོ་རི་ལོགས་ཙམ་དུ་སྤྲུལ་ཏེ༔ ཁ་རླངས་དང་སྣ་རླངས་སྤྲིན་དུ་འཐིབས༔ ཁ་ཆུ་སྣ་ཆུ་ཁ་བ་བུ་ཡུག་ཏུ་ཕབ་ནས་བར་ཆད་བརྩམས༔ སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་༔ ཞགས་པའི་ཕྱག་རྒྱས་བཅིངས༔ ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས༔ དྲིལ་བུའི་ཕྱག་རྒྱས་བརྡུངས་པས༔ ཁྱེའུ་དར་དཀར་གྱི་རལ་ཁ་ཅན་ཅིག་ཏུ་སོང་སྟེ༔ སྲོག་སྙིང་ཕུལ་དམ་ལ་བཏགས་གཏེར་གྱི་གཉེར་གཏད་དོ༔ དེ་ནས་གཉན་ཆེན་ཐང་ལྷའི་རྩར་བྱོན་པས་ཐང་ལྷས་གནོད་སྦྱིན་ཆེན་པོ་ཅིག་ཏུ་སྤྲུལ་ཏེ༔ མགོ་བོ་གྲུ་གུའི་ཡུལ་དུ་སླེབ་པ༔ གཞུག་མ་ཁམས་ཀྱི་གཡར་མོ་ཐང་དུ་སླེབ་པའི་སྦྲུལ་དཀར་གཅིག་གིས་ལམ་འཕྲང་བཅད་པས༔ སློབ་དཔོན་གྱིས་སྦྲུལ་གྱི་སྐེད་པར་ཕྱག་འཁར་བཙུགས་ནས༔ ཀླུའི་རྒྱལ་པོ་མེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཁྱོད་ཕར་སོང་ལ་ཚོགས་འཁོར་གཤོམ་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས༔ སློབ་དཔོན་གྱིས་གངས་བཞུ་ནས་གཡའ་སྔོ་ཉིལ་གྱིས་བྱུང་༔ མ་བཟོད་པར་བྱིས་པ་གཡུའི་ཟུར་ཕུད་ཅན་དར་དཀར་རལ་དཀར་གོན་པ་ཅིག་ཏུ་གྱུར་ནས༔ ཞལ་ཟས་སྣ་ཚོགས་ཚོགས་འཁོར་དུ་དྲངས༔ ཕྱག་དང་བསྐོར་བ་བྱས་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་བཏགས༔ གཏེར་གྱི་གཉེར་གཏད་དོ༔ དེ་ནས་བྱང་འཕན་ཡུལ་ཡུ་མོ་ཐང་ལ་བྱོན༔ བྱང་གི་ཏིང་ཏིང་ཏིང་ལོ་སྨན་དང་༔ རྟག་སྨན་གྱི་དོང་དང་༔ བྱང་ཕུག་མ་རྣམས་ཀྱིས་བྱང་གི་ལྷགས་པ་ཐམས་ཅད་དུས་གཅིག་ལ་བསྡུས་ནས༔ སློབ་དཔོན་འཁོར་བཅས་ལ་བརྒྱབ་པས་འཁོར་རྣམས་སྒྲིབ་ལ་ཁད༔ སློབ་དཔོན་ཡང་བསིལ་ལ་ཁད་བྱུང་ཙམ་ན༔ སློབ་དཔོན་གྱིས་མེ་རླུང་མནན་པས་གནོད་སྦྱིན་གྱེན་ནས་ཐམས་ཅད་མར་ལ་ཉི་མ་སོང་བའམ༔ རྡོ་ཚན་ལ་ཁ་བ་འབབ་པ་ལྟར་སོང་ནས༔ ཏིང་ལོ་སྨན་དང་གནོད་སྦྱིན་ཕོ་མོ་ཐམས་ཅད་དམ་ལ་བཏགས་སྲོག་སྙིང་ཕུལ༔ གཏེར་གྱི་གཉེར་གཏད་དོ༔ དེ་ནས་གནམ་གྱི་ཤུ་སྡོང་གླང་སྒྲོམ་དུ་བྱོན༔ བླ་མེད་དོན་རྫོགས་ཀྱི་ཕོ་བྲང་ཞལ་ཕྱེ༔ སྒྲུབ་པ་ཞག་བདུན་མཛད༔ ཞག་ཐ་མའི་ནམ་དགུང་ལ་ཐུགས་སྔངས་ཡེད་ཀྱིས་བྱུང་བས༔ བདུད་ཀྱི་དམག་དཔོན་རྣམས་རུ་དར་རེ་རེ་ཕྱར༔ སློབ་དཔོན་ཐུགས་སྔངས་པ་བཟོད་པར་གསོལ་ཅེས་སྲོག་སྙིང་ཕུལ་དམ་ལ་བཏགས་གཏེར་གཅིག་གཏད་དོ༔ དེ་ནས་ཁམས་ཀྱི་བླ་བ་རྐང་གཅིག་ཏུ་བྱོན༔ ཐེ་བྲང་ཐམས་ཅད་དམ་ལ་བཏགས་སོ༔ དེ་ནས་ཁམས་ཀྱི་སེང་གེ་བྲག་ཏུ་བཞུགས་པས༔ མ་སངས་གཡའ་སྤང་སྐྱེ་གཅིག་རྒད་པོ་བྱ་ཡུའི་ཞྭ་གྱོན་ནས༔ མགོ་བོ་སློབ་དཔོན་གྱི་པང་དུ་བཞག༔ རྐང་པ་ཁམས་ཀྱི་གཡར་མོ་ཐང་ལ་བསྐྱལ༔ ལག་པ་གངས་དཀར་ཏི་སེའི་མཚོ་ལ་འཕང་དུ་བརྐྱང་༔ མི་མ་ཡིན་བསམ་གྱིས་མི་ཁྱབ་པ་ལྷགས་ནས་མཚོན་གྱི་ཆར་ཕབ༔ དེར་སློབ་དཔོན་གྱིས་གུ་རུ་དྲག་པོ་རིགས་ལྔར་སྤྲུལ༔ གཡའ་སྤང་དང་ལྷ་འདྲེ་ཐམས་ཅད་བཏུལ༔ ཆུ་བོ་རི་དང་ཁ་རག་ཏུ་མ་མོ་སྲིན་མོ་ཐམས་ཅད་དམ་ལ་བཏགས༔ དེ་ནས་གཙང་གི་སིལ་མ་ལ་ཁར་བྱོན༔ སྨན་མོ་ལྷ་སྨན་ཐམས་ཅད་དམ་ལ་བཏགས༔ ལྷོ་ཧ་ལུང་པ་ཁྲ་མོར་བྱོན་མ་ཡམ་བཏུལ༔ རུ་འདོད་ནག་པོར་སྲིན་པོ་ཐམས་ཅད་བཏུལ༔ མལ་དྲོའི་ནང་དུ་ཀླུ་རིགས་ཐམས་ཅད་བཏུལ༔ སྤ་གྲོ་ཅལ་དུ་བྱོན་བཙན་ཐམས་ཅད་དམ་ལ་བཏགས༔ སྟག་ཚང་སེང་གེར་ཀླུ་བདུད་ཐམས་ཅད་དམ་ལ་བཏགས༔ གཡུ་འཛིན་ཕུག་མོར་ཕོ་རྒྱུད་ཐམས་ཅད་བཏུལ༔ དུག་མདོག་བྲག་དམར་དུ་དྲི་ཟ་ཐམས་ཅད་བཏུལ༔ གན་ས་ཆུ་མིག་ཏུ་དགེ་བསྙེན་ཐམས་ཅད་བཏུལ༔ བྱེ་མ་རབ་ཁར་ལྷ་སྲིན་ཐམས་ཅད་བཏུལ༔ གངས་དཀར་ཏི་སེར་རྒྱུ་སྐར་ཉེར་བརྒྱད་བཏུལ༔ གླང་ཆེན་སྦས་ཕུག་ཏུ་གཏེར་གཅིག་སྦས༔ ལྷ་རྒོད་གངས་སུ་གཟའ་ཆེན་བརྒྱད་བཏུལ༔ གཏེར་ཁ་གཉེར་གཅིག་སྦས༔ བུལ་ལེ་གངས་སུ་ལྷ་འདྲེས་ཚོགས་འཁོར་བཤམས༔ འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་ཕུལ༔ བུལ་ལེ་གངས་དང་ལྷ་རྒོད་གངས་སུ་གཏེར་རེ་རེ་སྦས༔ གློ་བོར་དུ་བརྟན་མ་སྤུན་དགུ་དམ་ལ་བཏགས༔ ཕོ་མོ་གངས་སུ་ཇོ་བོས་གདན་དྲངས་དམ་ལ་བཏགས༔ རྩེ་ལྷ་གངས་སུ་གདན་དྲངས་དམ་ལ་བཏགས༔ མཁའ་རི་བཙན་གྱིས་གདན་དྲངས་དམ་ལ་བཏགས༔ དེ་དག་ཀུན་ལ་གཏེར་རེ་རེ་གཏད་དོ༔ དེ་ནས་ཟབ་བུ་ལུང་དུ་བྱོན་བདུད་ཐམས་ཅད་དམ་ལ་བཏགས༔ དེ་ནས་གཡའ་རི་གོང་དུ་བྱོན་རྒྱལ་པོ་དང་འགོང་པོ་ཐམས་ཅད་དམ་ལ་བཏགས༔ དེ་ནས་ཡང་རྒྱལ་པོའི་བསྐྱར་ཆོག་པ་བྱུང་ནས༔ སྟོད་ལུང་འགྲམ་བུ་ཚལ་དུ་འཛོམས་དུས་བཏབ༔ རྒྱལ་པོ་ཁེངས་དྲེགས་ཀྱིས་ཕོ་ཉ་བ་བཏང་ཡང་མ་བྱོན་པས༔ ལ་ལ་བྲག་རིར་དགུན་གཅིག་ངང་ཡོལ་ལ་བཞུགས༔ ཇོ་རང་འགོང་པོ་དང་༔ སོ་ཤ་དམ་སྲི་བཏུལ་ལོ༔


བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ ཨུ་རྒྱན་གྱིས་བོད་ཀྱི་ལྷ་འདྲེ་བཏུལ་བའི་སྐབས་ཏེ་བདུན་པའོ༔