ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བཅུ་པ

From Rangjung Yeshe Wiki Texts
Revision as of 12:13, 27 July 2010 by Cfynn (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༈ བཻ་རོ་ཙ་ནས་རྒྱ་གར་དུ་མན་ངག་གི་ཆོས་བཙལ་བ།

དུས་དེ་ཙ་ན་པའུ་གན་ཇག་གི་ཨ་ཁུ་པ་གོར་ཧེ་འདོད་སྐད་པ་དེས༔ འདུན་པ་ཆེན་པོ་བྱས་ཏེ་རྒྱལ་པོ་སྤྱན་དྲངས་ནས༔ པའུ་གན་ཇག་རྒྱ་གར་དུ་འགྲོ་བ་བཅགས་པར་ཞུ་ཞུས་པས༔ རྒྱལ་པོའི་ཞལ་ནས༔ ང་ལས་གང་བྱེད་ཀྱང་དད་པ་ཅན་བཙུན་པར་འཇུག་པ་དང་༔ བརྩོན་འགྲུས་ཅན་ཆོས་ལ་འགྲོ་བ་མི་གཅོག༔ ཁྱི་ར་ཉ་བཤོར་གྱི་ཁ་འཛིན་མི་བྱེད༔ རྐུན་བྱི་དང་ལག་ངན་བྱེད་པའི་རྒྱབ་རྟེན་དང་དཔུང་གཉེན་མི་བྱེད་གསུངས་ནས༔ ཕྱག་རྒྱབ་ཏུ་བསྐྱུར་ལ་ཁབ་ཏུ་གཤེགས་སོ༔ ཨ་ཁུ་ཧེ་འདོད་ཀྱིས་ཚ་བོ་ལ་ཁྱོད་མ་འགྲོ་འགྲོ་ན་ཤི་སྟེ་འོང་བས་སྡོད་ལ་ཆུང་མ་ལོངས་ལ་ངེད་ཚོའི་དཔོན་གྱིས་བྱས་པས༔ པའུ་གན་ཇག་ཐང་ཏས་མ་ཉན་ནོ༔ ཨ་ཁུ་ན་རེ་བུ་མ་འགྲོ་འབྲུ་བཏབ་ཚད་སྐྱེ་བའི་ཞིང་ལུང་མོ་ལུང་རིང་ལའང་མི་ཆགས་སམ༔ བུ་སྐྱེས་པའི་དོན་ཕ་མེས་ཀྱི་རབས་དང་ཡུལ་གཞིས་བསྲུང་བ་ཡིན་བྱས་པས༔ བཻ་རོས་ལན་གསུངས་པ༔ ཨ་ཁུ་ཅི་དང་ཅི་མི་གསུང་༔ ཧེ་འདོད་ཅི་དང་ཅི་མི་གསུང་༔ ཆུང་མ་འཁོར་བའི་འདམ་རྫབ་ཡིན༔ བུ་ཚ་འཁོར་བའི་བཤལ་ཐག་ཡིན༔ ཕ་ཚན་འཁོར་བའི་ལག་སྟོས་ལགས༔ ནོར་རྫས་འཁོར་བའི་ལྕགས་སྒྲོག་ལགས༔ ཆབ་སྲིད་འཁོར་བའི་བཙོན་ར་ཡིན༔ ཨ་ཁུ་འདི་སྐད་ཅང་མི་གསུང་༔ དེ་ལ་མོས་པ་སྙིང་རེ་རྗེ་གསུངས་པས༔ ཨ་ཁུ་ཧེ་འདོད་འདི་སྐད་ལོ༔ བུ་མ་ཟེར་ངའི་ཕུ་བོ་གན་ཇག་རྡོ་རྗེ་རྒྱལ་པོ་དང་༔ ཕ་རྒན་པའུའི་བློ་ཆེན་འཕགས་པ་དང་༔ སྔོན་གྱི་ཕ་མེས་བཟང་པོས་ཀྱང་ཡུལ་ཁྱིམ་དང་ཚ་ཞང་གི་གཉའ་བསྲང་༔ ད་ལྟ་ང་ཡང་དེའི་རྗེས་འཛིན༔ ད་བུ་ཚ་ཁྱོད་ཚོས་ཀྱང་ཕ་བླ་མ་འཚོང་བྱས་པས༔ ཡང་དེའི་ལན་མགུར་འདི་གསུངས་སོ༔ ཨ་ཁུ་ཅི་དང་ཅི་མི་གསུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ སྐྱེས་ནས་ཁྱིམ་དང་མཁར་བརྩིགས་ཀྱང་༔ ཤི་ནས་མི་དབང་སྒོ་རུ་འདོན༔ ཁྱིམ་མཁར་བརྩིགས་པ་དོན་རེ་ཆུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ ཡུལ་གཞིས་བསྲུང་ཕྱིར་སྡིག་སྤྱད་ཀྱང་༔ ཤི་ནས་ཉལ་ས་འདུག་ས་མེད༔ ཡུལ་ཁམས་སྲུང་བ་དོན་རེ་ཆུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ སྐྱེས་ནས་ཡུལ་དང་ཞིང་སྤྱད་ཀྱང་༔ ཤི་ཁར་རོ་ཁུང་རང་ཤོང་ཙམ༔ ཡུལ་གཞིས་སྤྱད་པ་དོན་རེ་ཆུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ བུ་སྨད་གསོ་ཕྱིར་སྡིག་སྤྱད་ཀྱང་༔ རྣམ་སྨིན་སྤྱད་མཁན་རང་ལ་སྨིན༔ ནངས་ཀྱི་གཉེན་བཤེས་བུ་སྨད་ཀྱང་༔ གཤིན་ལ་མི་སེམས་གསོན་གྲོས་བྱེད༔ བུ་སྨད་བསོས་པ་དོན་རེ་ཆུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ སྐྱེས་ནས་ནོར་རྫས་བསགས་ལགས་ཀྱང་༔ ཤི་བའི་ནང་པར་གཅེར་བུར་འགྲོ༔ རྫས་ནོར་བསགས་པ་དོན་རེ་ཆུང་༔ སྔ་རབས་འདས་ཀྱི་ཕ་མེས་ཀྱིས༔ སྐྱེས་ནས་ཉེ་འབྲེལ་འཁོར་བསྐྱངས་ཀྱང་༔ ཤི་ནས་རང་ཉིད་གཅིག་པུར་འགྲོ༔ བག་ཆགས་ཙམ་ཞིག་འཁོར་ལགས་ཀྱང་༔ རྔན་བསྒྲང་བརྡུང་བཙོགས་འཚོལ་ཐབས་བྱེད༔ ཉེ་འཁོར་བསྐྱངས་པ་དོན་རེ་ཆུང་༔ ཨ་ཁུ་མ་གསུངས་ཞལ་གྲོན་ཆེ་གསུངས་པས༔ ཡང་ཧེ་འདོད་ན་རེ༔ ཆོས་རང་ལ་བདེན་ངེས་ཅི་ཡོད་དམ་ཟེར་བས༔ ཡང་གན་ཇག་ཏང་གིས་མགུར་བཞེངས་པ༔ ཨ་ཁུ་གསོན་དང་ཧེ་འདོད་གསོན༔ ཁྱོད་རང་བདག་གི་རྗེས་སུ་གཤེགས༔ ཁྱིམ་ཐབས་སྤོངས་ལ་དགེ་བཅུ་སྤྱོད༔ དགེ་བཅུ་སྤྱད་པའི་འབྲས་བུ་ནི༔ མཐོ་རིས་ལྷ་དང་མི་རུ་སྐྱེ༔ མི་རུ་སྐྱེས་པའི་ཡོན་ཏན་ནི༔ སྨྲ་བསམ་གཉིས་ལ་རང་དབང་ཐོབ༔ དེ་ནས་སེམས་བསྐྱེད་སྡོམ་པ་བླང་༔ ཐོས་བསམ་བྱས་པའི་འབྲས་བུ་ནི༔ བསྒོམས་ན་བླ་མེད་བྱང་ཆུབ་ཐོབ༔ དེ་ཡང་འགྱུར་བའི་སྡུག་བསྔལ་ཆེ༔ དེ་བས་མཐོ་བ་ལྷ་ཡི་ལུས༔ འདོད་པའི་ཁམས་ཀྱི་ལྷ་དྲུག་ནི༔ གཟུགས་དང་ཚེ་ཚད་ཁྱད་པར་ཆེ༔ ལོངས་སྤྱོད་སྣ་ཚོགས་བསམ་མི་ཁྱབ༔ འདོད་འཇོའི་བ་དང་ཅང་ཤེས་རྟ༔ མ་བཏབ་ལོ་ཏོག་ཁྲུས་ཀྱི་རྫིང་༔ འདོད་ཡོན་ལྔ་པོ་བསམ་པས་འགྲུབ༔ དེ་ནས་སོ་ནམ་ཁེ་སྤོགས་མེད༔ དེ་ན་གཙེ་ར་དགྲ་རྐུན་མེད༔ འདུ་བ་ནད་ཀྱིས་གནོད་པ་མེད༔ ཨ་ཁུ་མོས་པ་དེ་རུ་མཛོད༔ ལར་ནམ་ཡང་འཁོར་བར་འཁྱམས་པའི་མི༔ ཕྱིན་ཅི་ལོག་ལ་དབང་པོ་གསལ༔ ཉོན་མོངས་ལྔ་ལ་བརྩོན་འགྲུས་ཆེ༔ འཁོར་བའི་གནས་སུ་ནམ་ཡང་འཁྱམས༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ གཟུགས་ཁམས་གནས་རིགས་བཅུ་བདུན་ནི༔ ཏིང་འཛིན་ཟས་སྤྱོད་གཉིད་དང་མི་དགེ་མེད༔ ཕོ་མོ་འདོད་མེད་ཉོན་མོངས་ལྔ་ཡང་མེད༔ ནད་མེད་རོ་མེད་འཇའ་ཚོན་ཡལ་བ་འདྲ༔ མོས་པ་མཛད་ན་དེ་རུ་མཛོད༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ རྒྱུ་འབྲས་གཉིས་ལ་བརྟེན་པའི་ཐེག་པ་བརྒྱད༔ ང་རྒྱལ་དྲེགས་པའི་སྤྱོད་པ་མེད༔ དེ་ན་སྤངས་དོན་འདོད་སྲེད་མེད༔ མོས་པ་མཛད་ན་དེ་རུ་མཛོད༔ དབང་པོ་མཐའ་མས་སྤྱོད་པའི་ལྷ་མིའི་ཐེག་པའོ༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ རྒྱུ་འབྲས་གཉིས་ལ་རྟེན་པའི་ཐེག་པ་བརྒྱད༔ སྟོན་པ་ཤཱཀྱ་ཐུབ་པའི་གཤེགས་ཤུལ་ནི༔ བདེན་བཞིའི་སྒོར་ཞུགས་ཉིས་བརྒྱ་ལྔ་བཅུ་བསྲུང་༔ འཕགས་པའི་ལམ་ལྔ་ས་བརྒྱད་བགྲོད་པའི་མཐར༔ སྐྱེས་བུ་ཟུང་བཞི་ཡ་བརྒྱད་ཐོབ་པར་འདོད༔ མོས་པ་མཛད་ན་དེ་རུ་མཛོད༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ འཕགས་པ་རང་རྒྱལ་གཤེགས་ཤུལ་ནི༔ རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས༔ སློབ་དཔོན་མི་དགོས་རང་གིས་རྟོགས༔ སྨྲ་བ་བཅད་པའི་བརྟུལ་ཞུགས་ཀྱིས༔ འབྲས་བུ་བསེ་རུ་ལྟ་བུ་ཐོབ༔ མོས་པ་མཛད་ན་དེ་རུ་མཛོད༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ བྱང་ཆུབ་སེམས་དཔའི་གཤེགས་ཤུལ་ནི༔ བདེན་པ་གཉིས་ཀྱི་སྒོར་ཞུགས་ནས༔ ལམ་ལྔ་ས་བཅུ་བགྲོད་པར་བྱེད༔ ཀུན་ཏུ་འོད་ཀྱི་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ ཨ་ཁུ་ལན་གཅིག་བདག་ལ་གསོན༔ གསང་སྔགས་རྡོ་རྗེ་ཀྲི་ཡ་བ༔ དག་པ་རྣམ་གསུམ་སྒོར་ཞུགས་ནས༔ རིགས་གསུམ་དཔོན་དང་གཡོག་ཏུ་བལྟ༔ པདྨ་ཅན་གྱི་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ གཉིས་ཀ་སྤྱོད་པའི་ཨུ་པ་ཡ༔ ཀྲི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ༔ ངེས་པ་མེད་པའི་ཁེ་པ་འདྲ༔ རྡོ་རྗེ་འཛིན་པའི་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ ཡོ་ག་སེམས་དཔའི་རྣལ་འབྱོར་ནི༔ འཇུག་སྒོ་མངོན་པར་བྱང་ཆུབ་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་པོ་ལ༔ མཉམ་ཉིད་གྲོགས་པོར་ལྟ་ཞིང་སྒྲུབ༔ སྟུག་པོ་བཀོད་པའི་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ གསང་སྔགས་མཧཱ་ཡོ་ག་ནི༔ ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས༔ སེམས་ཀྱི་ཆོ་འཕྲུལ་ལྟར་སྣང་བ༔ ཕྱི་ནང་གསང་བའི་ལམ་ནས་བགྲོད༔ འཁོར་ལོ་ཚོགས་ཆེན་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ གསང་སྔགས་ཨ་ནུ་ཡོ་ག་ནི༔ དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས༔ དྲངས་མདོག་མ་ངེས་སྐུ་གསུང་ཐུགས༔ སེམས་ཀྱི་རྩལ་ནི་སྐུ་གསུམ་གསལ༔ ཀུན་བཟང་དབྱེར་མེད་ས་ཡང་ནོན༔ མོས་པ་མཛད་ན་དེ་རུ་མཛོད༔ གྲོས་འདེབས་མཛད་ན་དེ་རུ་མཛོད༔ ལར་ཕྱིན་ཅི་ལོག་ལ་དབང་པོ་གསལ༔ ཉོན་མོངས་ལྔ་ལ་བརྩོན་འགྲུས་ཆེ༔ ངན་སོང་གསུམ་དུ་ནམ་ཙམ་ལྟུང་༔ དེ་སྐད་གསུངས་པས༔ ཨ་ཁུ་ཁོ་ཐག་ཆོད་ཡིད་ཆེས་ནས༔ བུ་རང་གང་དགྱེས་མཛོད་ཅེས་ཟེར་རོ༔ དེ་ནས་ཕ་མ་གཉེན་འདུན་འཁོར་དང་ལོངས་སྤྱོད་ཐམས་ཅད་སྤངས་ཏེ༔ ལོ་བཅོ་ལྔ་ལ་སྟག་ལོ་དཔྱིད་ཟླ་ར་བའི་ལོ་གསར་གྱི་ཚེས་གསུམ་ལ༔ གྲོགས་པོ་གཙང་ལེགས་གྲུབ་དང་གཉིས་ཁལ་མཚའ་ལུ་བྱ་གདོང་དང་གསུམ་ཆས་ཏེ༔ རྒྱ་གར་མཐའི་ཡུལ་བཤུལ་ཐག་རིང་བ་འཕྲང་སྲུང་ལ་སོགས་པས་བགྲོད་པར་དཀའ་བའི་སར༔ མཚོན་པའི་ལམ་མཁན་མེད་པར་འགྲོ་བ་ཤིན་ཏུ་དཀའ་བ་འགྲོ་བར་ཆས་པས་དཀའ་བ་གཉིས་པའོ༔ དེར་ཆས་ནས་ཨཱརྻ་པ་ལོའི་གླིང་དུ་དཔག་སྟེ་གཟིམས་པ་ལས༔ བཻ་རོའི་རྨི་ལམ་ནི་བཞི་བྱུང་སྟེ༔ བུ་མོ་ལོ་བརྒྱད་མ་ཞིག་གིས༔ གསེར་གྱི་གྲི་འོད་འབར་བ་ཞིག་ཐོགས་ཏེ༔ བཻ་རོའི་ཁོག་པ་བཤགས་ནས་སྙིང་བཏོན་ཏེ་ཆུ་སེར་རྣམས་ཕྱིར་འཛགས་པ་རྨིས་སོ༔ ཡང་ནམ་ཕྱེད་ཀྱི་རྨི་ལམ་ན་རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་གི་སྙིང་ཕྱུང་ནས་བཻ་རོས་ཟོས་པ་རྨིས་སོ༔ དགུང་ཡོལ་གྱི་རྨི་ལམ་ན་རྒྱ་གར་གྱི་མི་དཀར་པོ་སྐྱ་ལྡེམ་པ་ཞིག་གིས་བཻ་རོའི་སྤྱི་བོར་ཡི་གེ་ཨ་གཅིག་བཞག་པ་དེ་མེར་གྱུར་ནས་ལུས་ཐུལ་གྱིས་འཚིགས་ནས་མི་སྣང་བར་བྱས་པ་རྨིས་སོ༔ ཐོ་རངས་ཀྱི་རྨི་ལམ་ན་རྒྱ་གར་གྱི་ཡུལ་ན་དཔག་བསམ་གྱི་ཤིང་རྒྱས་ནས་འདུག་པ་དེ་རྩད་ནས་ཕྱུང་སྟེ་བཻ་རོས་བོད་དུ་ཁུར་འོང་བ་རྨིས་སོ༔ དེ་ལྟར་ལོ་གསར་གྱི་ནུབ་མོ་ནམ་ལངས་ཁར་ལེགས་གྲུབ་ལ་རྨི་ལམ་མགུར་དུ་གསུངས་སོ༔ འོ་སྐོལ་སྐྱིད་དོ་ལེགས་གྲུབ་ཡར་ལ་བཞེངས་དང་༔ མདང་སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས༔ སྲོད་ལ་ཐུམ་གཅིག་ལོག་པའི་རྨི་ལམ་ན༔ ན་ཆུང་གཞོན་ནུ་ལོ་བརྒྱད་ལོན་པ་ཡིས༔ གྲི་འོད་འབར་བས་བདག་གི་ལུས་ཧྲལ་ཏེ༔ སྙིང་ཕྱུང་ཆུ་སེར་ཕྱི་ལ་ཟག་པ་རྨིས༔ ནམ་ཕྱེད་རྒྱ་གར་མཁས་པ་ཉེར་གཅིག་གི༔ སྙིང་ཕྱུང་བདག་གིས་རྩད་ནས་ཟོས་པ་རྨིས༔ དགུང་ཡོལ་རྒྱ་གར་མི་རང་དཀར་པོ་ཡིས༔ སྤྱི་བོར་ཨ་བསྟིམས་ལུས་ཀུན་བསྲེགས་པ་རྨིས༔ ཐོ་རངས་རྒྱ་གར་དཔག་བསམ་ཤིང་ཆེན་དེ༔ རྩད་ནས་བཅད་དེ་བོད་དུ་ཡོང་བ་རྨིས༔ གྲོགས་པོ་རྨི་ལམ་དེ་དོན་ཇི་ལྟར་ལགས༔ གསུངས་པས༔ ལེགས་གྲུབ་རིག་པ་ཅན་གྱིས་རྨི་ལམ་གྱི་དོན་བཤད་པ༔ སྲོད་ལ་རྨི་ལམ་སྔོན་གྱི་བག་ཆགས་རྨིས༔ ན་ཆུང་ལོ་བརྒྱད་གྲི་འོད་འབར་བ་ཡིས༔ ཁོང་ཧྲལ་སྙིང་ཕྱུང་ཆུ་སེར་ཟག་པ་ནི༔ འཇམ་དཔལ་སྤྲུལ་པས་སྒྲིབ་པ་སྦྱོང་བའི་རྟགས༔ ནམ་དགུང་རྨི་ལམ་སྔོན་གྱི་ལས་འཕྲོ་རྨིས༔ རྒྱ་གར་མཁས་པའི་སྙིང་རྣམས་ཟོས་པ་དེ༔ སྔོན་གྱི་ལས་འཕྲོ་རྒྱ་གར་མཁས་པ་ཡི༔ མན་ངག་བདེ་ཆེན་རྩད་ནས་ཐོན་པའི་རྟགས༔ དགུང་ཡོལ་རྒྱ་གར་མི་རང་དཀར་པོ་དེས༔ སྤྱི་བོར་ཨ་བསྟིམས་ལུས་ཕུང་བསྲེགས་པ་དེ༔ ཨ་ནི་སྐྱེ་མེད་ཆོས་ཀུན་དག་པ་སྟེ༔ སྐྱེ་མེད་བྱང་ཆུབ་བདེ་ཆེན་རྟོགས་པའི་རྟགས༔ ཐོ་རངས་རྒྱ་གར་ཡུལ་གྱི་དཔག་བསམ་ཤིང་༔ རྩད་ནས་ཕྱུང་ནས་བོད་དུ་འོང་བ་དེ༔ མན་ངག་བདེ་ཆེན་རྩད་ནས་ཐོན་པའི་རྟགས༔ རྨི་ལམ་བཟང་བས་ད་ནི་མྱུར་དུ་གཤེགས༔ དེ་ནས་ཕར་ཟང་ཐལ་གྱིས་ཕྱིན་པས་དཀར་ལ་ལ་ཐོག་ཏུ་སླེབ་པ་དང་༔ དེར་ཁ་བ་ཆེན་པོ་བྱུང་ནས་ཞག་གསུམ་གཟིམས་པས༔ བཻ་རོའི་ཐོ་རངས་ཀྱི་རྨི་ལམ་ན༔ ནུབ་ཕྱོགས་ནས་བོད་ཡུལ་དུ་ཉི་ཟླ་གཉིས་ཤར་བ་ལས་ཟླ་བ་སྔོན་ལ་ཤར་ནས་བོད་ཡུལ་གསལ་མ་ནུས་པར་ནམ་མཁར་ནུབ་བོ༔ ཉི་མ་ཕྱིས་ནས་ཤར་ཏེ་ཧས་པོ་རི་གཅིག་པུ་ལ་ཤར་ཏེ༔ དེ་ནས་ཤར་ལྷོ་མཚམས་སུ་ཚ་བའི་རོང་དུ་ནུབ་བོ༔ དེ་ནས་ཡང་ཉི་མའི་ཟེར་གཅིག་མས་ཤར་ཏེ་བོད་གསལ་བར་བྱས་ནས༔ ཉི་ཟེར་དེའི་རྗེས་ལ་ཉི་མ་ཤར་ནས་ཉི་མ་དེས་བཻ་རོའི་ལུས་ཐམས་ཅད་བསྲེགས་ཏེ༔ ཉི་མ་དེས་བོད་ཐམས་ཅད་གསལ་བར་བྱས་པ་རྨིས་སོ༔ མནལ་སད་ནས་ལེགས་གྲུབ་ལ་བཟླས་པ༔ ཡང་དག་དོན་ལ་དགོངས་པའི་གྲོགས་པོ་ཁྱོད༔ བཞེངས་ཤིག་བཞེངས་ཤིག་གྲོགས་པོ་ཡར་བཞེངས་དང་༔ ཐུམ་གཅིག་ལོག་པའི་རྨི་ལམ་འདི་ལྟར་རྨིས༔ ནུབ་ནས་བོད་དུ་ཉི་ཟླ་གཉིས་ཤར་བས༔ ཟླ་བ་ནམ་མཁའི་དཀྱིལ་དུ་ནུབ་པ་རྨིས༔ ཉི་མ་ཧས་པོ་རི་ལ་ཤར་བྱས་ནས༔ དེ་ནས་ཚ་བའི་རོང་དུ་ཤར་བ་རྨིས༔ དེ་ནས་ཉི་ཟེར་བོད་དུ་ཤར་བ་ཡི༔ རྟིང་ལ་བོད་ཡུལ་ཉི་མས་གསལ་བ་ལས༔ བདག་གི་རྒྱགས་ཕྱེ་དངོས་པོ་བསྲེགས་ནས་ནི༔ ཉི་མ་བོད་དུ་གསལ་ཞིང་གནས་པ་རྨིས༔ གྲོགས་པོ་རྨི་ལམ་དེ་དོན་ཇི་ལྟར་ལགས༔ ཞེས་གསུངས་པས༔ ལེགས་གྲུབ་ཀྱིས་རྨི་ལམ་གྱི་དོན་བཤད་པ༔ ནུབ་ནས་ཉི་ཟླ་རྣམ་པ་གཉིས་ཤར་བ༔ འོ་སྐོལ་གྲོགས་པོ་སྤུན་གཉིས་ཡིན་པར་བཤད༔ ཟླ་བ་ནམ་མཁའི་དཀྱིལ་དུ་ནུབ་པ་དེ༔ ལེགས་གྲུབ་ལམ་དུ་མི་རྟག་གུམ་པའི་རྟགས༔ ཉི་མ་ཕྱིས་ཤར་ཧས་པོ་རི་གསལ་བ༔ རྒྱལ་བའི་སེམས་ལ་གདམས་ངག་གསལ་བའི་རྟགས༔ དེ་ནས་ཚ་བ་རོང་དུ་ཤར་བ་དེ༔ བཻ་རོ་ལན་གཅིག་ཚ་བའི་རོང་སྤྱུགས་ནས༔ ཚ་བ་རོང་དུ་བསྟན་པ་དར་བའི་རྟགས༔ ཡང་གཅིག་བོད་དུ་ཟེར་དང་ཉི་ཤར་བ༔ ཟེར་ནི་སྤྲུལ་པས་བོད་དུ་བསྒྱུར་བའི་རྟགས༔ ཉི་མ་བཻ་རོ་བོད་དུ་བྱོན་པ་ནི༔ རྩོལ་མེད་བསྟན་པ་བོད་དུ་དར་བའི་དུས༔ ཉི་མས་བཻ་རོའི་ལུས་དང་པུར་བསྲེགས་པས༔ ཉོན་མོངས་བག་ཆགས་ཐམས་ཅད་བསྲེགས་བྱས་ནས༔ ཚེ་འདིར་རྩོལ་མེད་མངོན་སངས་རྒྱས་པའི་རྟགས༔ རྨི་ལམ་བཟང་བས་ད་ནི་མྱུར་དུ་གཤེགས༔ ཞེས་གསུངས་ནས་ཕྱིན་པས༔ ལམ་ནི་ཁ་བས་གང་བཞིན་སོང་ནས་འགྲོ་ས་མ་རྙེད་པ་ལ༔ སློབ་དཔོན་བཻ་རོ་ཙ་ནས་རྟའི་ཁ་མཐུར་ནས་བཟུང་སྟེ་ཁ་བ་བཤགས་ཤིང་ལམ་བཙལ༔ ལེགས་གྲུབ་ཀྱིས་རྟ་གཞུག་ནས་བཟུང་སྟེ་གོམ་གང་འགྲུལ་ན་འཆི་བའི་ལམ་ལ་ཕྱིན་པས༔ རྒྱང་གྲགས་གཅིག་གི་ལམ་ལ་ནམ་ལངས་ནས་ནམ་སྲོད་ཐུག་པ་སོང་ངོ་༔ དོ་ཤི་དོ་ཆད་བྱས་ཏེ་དཀའ་བ་གསུམ་པའོ༔ དེ་ནས་མར་ཕྱིན་པས་ལམ་ལ་འགྲོ་དབང་མེད་ནས་བཟུར་སྟེ་བལ་ཡུལ་དུ་འགྲོ་ས་མ་རྙེད༔ སྐྱི་རོང་དུ་བསྡད་པའི་དབང་མེད་པ་ལ་ཞག་གཅིག་བསྡད་པ་ལ༔ གནོད་སྦྱིན་གཏུམ་པོ་གདུག་པ་ཅན་གྱིས་མི་ཤ་རློན་པ་ཟ་བས༔ གདུག་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་བར་དུ་གཅོད་པ་བྱུང་བ་ལ༔ ཞི་བའི་ངག་བདེན་པའི་ཚིག་བརྗོད་པས་མ་ཉན་ཏེ༔ བདུད་ཀྱི་སྟོབས་ཀྱིས་ཁམས་ཟི་ཟི་བྱུང་བ་ལ༔ བཻ་རོས་རྫུ་འཕྲུལ་བསྟན་ཏེ་གནོད་སྦྱིན་དབང་དུ་བསྡུས་དམ་ལ་བཏགས་སོ༔ དེ་ལྟ་བུའི་མི་མ་ཡིན་གྱི་བར་ཆོད་ཐར་བར་དཀའ་བ་ལས་ཐར་ཏེ་དཀའ་བ་བཞི་པའོ༔ དེ་ནས་བལ་ཡུལ་ནས་མར་ཕྱིན་ཏེ་རྟ་དང་གསེར་ལ་ཇག་པ་བྱུང་གིས་དོགས༔ མཚན་འགྲོས་བྱེད་པ་ལ་ཁ་བ་ཆེན་པོ་བྱུང་སྟེ༔ རྗེས་སྦ་བའི་ཕྱིར་རྟ་སྦངས་ཕྱིར་ལ་མི་འབྲུལ་བར་འདོམས་སུ་སྒྱེའུ་ཁ་བརྒྱང་ཅན་བཏགས༔ བཻ་རོས་རྐང་ལག་བཞི་ལ་གཅན་གཟན་གྱི་སྡེར་མོའི་སྤར་ཁབ་གྱོན་ནས་བསྒུར་ཏེ་རྟ་ཁྲིད་ནས་ཕྱིན༔ ལེགས་གྲུབ་ཀྱང་དེ་ལྟར་བྱས་ཏེ་རྟའི་རྗེས་སུབ་ཀྱིན་ཕྱིན༔ མི་ངན་ལས་ཐར་བར་དཀའ་བ་ལས་རྗེས་སྦས་ཏེ་ཐར་བར་དཀའ་བ་ལྔ་པའོ༔ དེ་ནས་ཡང་བལ་པོ་དང་རྒྱའི་སོ་མཚམས་ན་བྲག་ར་སྨུག་པོར་ཕྱིན་ཙ་ན༔ རྐང་ཕྲན་མང་པོ་དང་གཅན་གཟན་གདུག་པ་ཅན་མང་པོ་འཚོགས་པའི་སར་མི་ཤ་དངོས་སུ་ཟར་འོང་བའི་གསེབ་ནས་ཐོན་པར་དཀའ་བ་ལས་རྫུ་འཕྲུལ་བསྟན་པས་ཐོན་ཏེ་དཀའ་བ་དྲུག་པའོ༔ དེ་ནས་ལམ་བསྙགས་ཏེ་ཆུ་འཕྲང་དང་ཤིང་འཕྲང་གཟུར་ས་མེད་པའི་འཕྲང་ལ༔ འཕྲང་བསྲུངས་ཀྱིས་བཟུང་སྟེ་མི་གསོད་དུ་འོངས་ནས་རྟ་དང་གསེར་འཕྲོག་ཏུ་བྱུང་བ་ལས༔ བཻ་རོས་རྫུ་འཕྲུལ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་ལྕགས་ཀྱི་སྤུ་གྲི་ངར་མ་ཞིག་ཏུ་བརྫུས་ཏེ་བསྡད་པ་ལས༔ འཕྲང་སྲུང་དཔོན་པོ་ཀུ་ཧ་ར་ད་དུ་བྱ་བ་དེས་སྨྲས་པ༔ ངོ་མཚར་ཆེ་བའི་རྫུ་འཕྲུལ་ཅན་འདི་ཞོག་ལ༔ ཟླ་བོ་འདི་གསོད་ལ་གསེར་རྣམས་ཕྲོགས་ཟེར་རོ༔ དེར་བཻ་རོས་ལེགས་གྲུབ་མཐའི་མོན་པ་སྤྱི་ཟླུམ་ཞིག་ཏུ་སྤྲུལ་ཏེ༔ འཕྲང་སྲུང་ལ་འདི་སྐད་ཅེས་མགུར་བཞེངས་པ༔ སྐྱེ་ཤི་གཉིས་མེད་ནམ་མཁའ་ལྟ་བུའི་སེམས༔ སྣང་གསལ་མུན་སེལ་སྤྱིར་ཡང་སྤྲུལ་པའི་སྐུ༔ འཛམ་གླིང་མུན་སེལ་ཉི་མ་ཇི་བཞིན་དུ༔ དམ་ཆོས་བཙལ་ནས་ཉམས་མྱོང་བྱ་དགོས་པས༔ གསལ་ཁྱབ་ནམ་མཁའ་ལྟ་བུའི་སེམས་འདི་ལ༔ གསང་དང་མ་གསང་ཤི་དང་མ་ཤི་མེད༔ སྒྱུ་མའི་ལུས་འདི་བསད་ན་ཁྱེད་ལ་སྡིག་པ་འོང་༔ དེ་བས་སྒྱུ་མའི་གསེར་ཕྱེ་རྔན་པ་འདི་བྱིན་གྱིས༔ ལམ་རྒྱུས་ཇི་ལྟར་ཡིན་པ་དྲང་པོར་སྟོན༔ ཞེས་གསུངས་ནས༔ གསེར་ཕྱེ་ཁྱོར་གང་བྱིན་པས༔ འཕྲང་སྲུང་དགའ་སྟེ་ལམ་རྒྱུས་ལེགས་པར་བསྟན་ནོ༔ གཟུར་ས་མེད་པའི་གཅན་འཕྲང་དང་པོ་ལས་ཐར་ཏེ་དཀའ་བ་བདུན་པའོ༔ དེ་ནས་ཕར་ཡོད་མོའི་མདོ་བགེགས་འཕྲང་ཆེན་པོའི་ལམ་ལ་ཕྱིན་པས༔ བརྡའ་འཕྲད་པར་དཀའ་བའི་འཕྲང་སྲུང་མང་པོ་དང་ཕྲད་དེ༔ འོད་མའི་རལ་གྲི་མགོ་དང་སྐེ་ལ་བརྒྱབ་པ་ལས༔ པ་ཏྲ་མགོ་དང་སྐེ་ལ་དཀྲིས་པས་མ་ཕོད་དེ༔ དེས་ཞི་བས་བརྡའ་བཀྲོལ་ཏེ་རྔན་པ་བྱིན་པས་བརྡའ་ཕྲད་པར་ཡང་འོད་མའི་རལ་གྲི་རྒྱག་ཏུ་བྱུང་བ་ལས༔ བཻ་རོའི་རྫུ་འཕྲུལ་གྱིས་དཀའ་བ་ལས་ཐར་ཏེ་དཀའ་བ་བརྒྱད་པའོ༔ དེ་ནས་ཕར་ཆུ་འཕྲང་དང་ཤིང་འཕྲང་འཇིགས་ཤིང་སྐྱི་གཡའ་བའི་སར་རྟ་མཚའ་ལུ་བྱ་གདོང་བཻ་རོ་དང་ལེགས་གྲུབ་གཉིས་ལ་བལྟས་ནས་མཆི་མ་སྤུང་གིས་བྱུང་ནས་ཤིའོ༔ དེར་གཉིས་པོའང་མཆི་མ་ཕྱུང་སྟེ་བཤུམས་སོ༔ དེར་རྟ་རོའི་དྲི་མ་ལ་གཅན་གཟན་དང་༔ ལྕེ་སྤྱང་དང་༔ ཀངྐ་མཆུ་རིང་དང་༔ གདུག་པ་ཅན་མང་པོ་འདུས་ཏེ༔ རྟ་རོ་བཟོས་ཏེ་མི་ལའང་ཟར་བྱུང་ནས་གསེར་རྣམས་ས་ལ་སྦས་ཏེ་གཉིས་པོས་བྲོས་སོ༔ དེ་ལྟ་བུའི་ཐར་བར་དཀའ་བ་ལས་སྲོག་ཐར་ཏེ་དཀའ་བ་དགུ་པའོ༔ དེ་ནས་མ་ག་དྷ་འཇིགས་པའི་ལྕགས་འཕྲང་ཆེན་པོ་ལ་གཟུར་ས་མེད་དེ་མི་འགྲོ་བའི་དབང་ནི་མེད་པར་ཕྱིན་པས་བརྡའ་སྤྲད་པར་དཀའ་བའི་འཕྲང་སྲུང་དང་ཕྲད་དེ༔ གསེར་ཡོད་ཟེར་ནས་བརྡུང་བཙོགས་བྱས་གོ་ལག་རྣམས་བཤུས་པས༔ གསེར་མེད་ནས་ལུས་ཀྱི་ཉ་སུལ་ཚོ་བཤགས་ཏེ་འཚོལ་དུ་བྱུང་བས༔ ཟླ་བ་ཕྱེད་དུ་དོ་ཤི་དོ་ཆད་བྱས་ཏེ་དཀའ་བ་བཅུ་པའོ༔ དེ་ནས་ཡང་འཕྲང་སྲུང་བས་གསེར་མེད་པར་ཐག་ཆོད་པ་ལས༔ རང་གི་གསེར་སྦས་པ་བཏོན་ཏེ་ཁྱེར་ཕྱིན་པས༔ ཀྲི་ཡ་ཏྲི་ཤའི་ཡུལ་དུ་ཕྱིན་ནས་གསེར་ས་ལ་སྦས་ཏེ༔ གྲོང་དུ་རྒྱགས་འཚོལ་དུ་ཕྱིན་ལམ་ཡང་དྲིས་པས་མཐའི་སོ་ཡུལ་རྟོག་མི་འབྱུང་ངོ་ཟེར་ནས༔ བརྡུང་བཙོགས་བྱས་ཏེ་སྦྲུལ་དང་སྦལ་པའི་དོང་དུ་ཞག་བདུན་བསྐྱུར་རོ༔ དེ་ཡང་ཞག་གཅིག་ལ་ཤི་བ་ལ་ཞག་བདུན་དུ་མ་ཤི་བས་ངོ་མཚར་ཆེའོ་ཟེར་ཏེ་བཏོན་ནོ༔ སྦལ་དོང་སྦྲུལ་དོང་ཤིན་ཏུ་ཐར་བར་དཀའ་བ་ལས་ཐར་ཏེ་དཀའ་བ་བཅུ་གཅིག་པའོ༔ དེ་ནས་ཡང་གསེར་བཏོན་ཏེ་ཕྱིན་པས་རྒྱ་གར་པྲ་སུ་ཏའི་གླིང་དུ་ཕྱིན་པ་ལ༔ སྟག་དང་༔ དོམ་དང་༔ སྦྲུལ་གདུག་པ་ཅན་གྱི་ནང་དུ་བསླེབས་ཏེ་དོ་ཤི་དོ་ཆད་བྱས༔ དེ་ནས་བྷི་བྷི་རའི་ཚལ་དུ་སྙེག་སྟེ༔ གསེར་སྦས་ཏེ་རྒྱལ་པོའི་གྲོང་དུ་ཟས་འཚོལ་དུ་ཕྱིན་པས༔ རྒྱལ་པོའི་གཙང་ཁང་དུ་སོང་སྟེ༔ རྒྱལ་པོས་ཆད་པ་ཞག་དྲུག་ཏུ་བཅད་དེ་དོང་དུ་བཅུག་ནས་ཟས་མ་བྱིན་པས་སྣ་ཞོམ་དོ་ཤི་དོ་ཆད་དོ༔ སྟག་དང་དོམ་དང་སྦྲུལ་དང་རྒྱལ་པོའི་ཆད་པ་ལས་ཐར་བར་དཀའ་བ་ཐར་ཏེ་དཀའ་བ་བཅུ་གཉིས་པའོ༔ དེ་ནས་ཡང་གསེར་བཏོན་ནས་ཁུར་ཏེ་མ་ག་དྷའི་ཡུལ་དུ་སྙེག་པ་ལས༔ མུ་ཟིའི་དུག་མཚོ་ལས་བརྒལ་དགོས་པ་ལས་གཞན་གྱིས་སྒྲོལ་མཁན་མེད་དེ༔ རས་དང་དབྱུག་པ་ལ་གྲུ་བྱས་ཏེ་ཕྱིན་པས༔ དོ་ཤི་དོ་ཆད་ལ་ཕ་གར་ཐོན་ཏེ་དཀའ་བ་བཅུ་གསུམ་པའོ༔ དེ་ནས་རྒྱ་གར་ཨ་བ་དྷཱུ་ཏིའི་ཡུལ་དུ་ཕྱིན་པས༔ མཐའི་མོན་བུ་འཇིགས་སུ་རུང་བ་མང་པོས་དབྱུག་པས་ཁོ་རང་རྟུག་མ་ཆད་བར་ལ་ཆར་བཞིན་དུ་བརྡུངས་ཏེ་དོ་ཤི་དོ་ཆད་བྱས་ཏེ་ཐར་བར་དཀའ་བ་བཅུ་བཞི་པའོ༔ དེ་ནས་རྒྱ་གར་ཨཱརྻ་པ་ལོའི་གླིང་དུ་ཕྱིན་པ་དང་༔ དུག་སྦྲུལ་མང་པོས་ལུས་ལ་འཁྲིལ་ཞིང་ལྡགས་ཏེ་ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་སྟེ་དོ་ཤི་དོ་ཆད་དོ༔ འབག་དང་དུག་སྦྲུལ་ཐར་བར་དཀའ་བ་ལས་ཐར་བ་དཀའ་བ་བཅོ་ལྔ་པའོ༔ དེ་ནས་ཨེ་བྷ་ཀོ་ཤའི་གླིང་དུ་ཕྱིན་པ་ལས༔ བརྡའ་འཕྲོད་པར་དཀའ་བའི་བུད་མེད་མང་པོས་ཟས་ལ་དུག་སྦྱར་ནས་བྱིན་པས༔ དུག་ནད་ཀྱིས་ཟླ་བ་ཕྱེད་དུ་དོ་ཤི་དོ་ཆད་བྱས་པ་ལས་ཐར་ཏེ་ཐར་བར་དཀའ་བ་བཅུ་དྲུག་པའོ༔ དེ་ནས་གསེར་ཀུན་ས་ལ་སྦས་ཏེ༔ ཨུ་རྒྱན་རྣམ་ཐར་ཆེན་པོ་ལས༔ དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བརྟོལ༔ རྒྱ་གར་ཡུལ་གཅིག་མ་ལུས་ཁྱི་བཞིན་འཁྱམས༔ མི་དང་ཕྲད་ཚད་མཐུ་ཆོས་སུ་མཁས་དྲི༔ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་རྙེད༔ ཅེས་གསུངས་པས༔ ༼པྲ་བྷ་ས་ཏ༔ ཤྲཱི་ལ་དྲ་བྷོ་དྷི༔ ཛི་ཎ་མི་ཏྲ༔ ཤི་མ་ལེ༔ ཛྙཱ་ན་སུ་ཏྲ༔ ཨ་ནནྟ༔ སུ་རནྡྲ༔ དྷརྨཱ་ཤྲཱི༔ དྷ་ན་ཤི་ལ༔ ཙནྡྲ་གོ་མི༔ པཉྩ་ཛྙཱ་ན༔ ཀ་ན་ཀ༔ ཤཱཀྱ་ཤྲཱི་བྷ་དྲ༔ པྲ་ཛྙཱ་བརྟེ༔ ཀ་ལ་གྷ་ལ་བྷ༔ བི་མ་མི་ཏྲ༔ གྷ་ལ་བྷ་ཏ༔ ཨཱརྻ་དྷེ་བ༔ དྷརྨཱ་གྷིརྟི༔ ཤཱནྟ་དྷེ་བ༔ ཤྲཱི་བ་ལ་དྷ་ར༔ ཙིནྟྲ་མ་ནི༔ ཨ་བྷནྟ༔ ཤི་ལ་མཉྫུ༔ བུདྡྷ་ཀུ་ཏའོ༔ བླ་མ་ཉི་ཤུ་རྩ་ལྔ་པོའི་མཚན་ཡིན༔ ༽ རྒྱ་གར་གྱི་མཐིལ་དུ་བསླེབས་ནས༔ ཚོང་འདུས་དང་༔ གྲོང་ཡུལ་དང་༔ མགྲོན་ཁང་དང་༔ ཀུན་དགའ་ར་བ་ལ་སོགས་པར་ཟླུམ་གཅིག་ཟླ་བ་གསུམ་དུ་ཐབས་ཀྱི་མན་ངག་དང་ཆོས་ལ་སུ་མཁས༔ ཆོས་གྲྭའི་མཁན་པོ་སུ་ཡིན་གྲུབ་པ་ཐོབ་པ་སུ་ཡོད་དྲིས་པས༔ སྤྱིར་མཁས་པ་ལ་སོགས་མང་དུ་ཡོད་ཀྱང་ཀུན་ཁ་མཐུན་པར༔ ཤྲཱི་སིངྷ་ལ་གདམས་ངག་ཐམས་ཅད་ཡོད་པར་ཐོས་སོ༔ དེའི་དུས་ན་རྒྱ་གར་གྱི་ཡུལ་ཟ་ཁ་བྷུ་ཧའི་གླིང་ཞེས་བྱ་བར་བྱོན་པས༔ དེ་ན་རྒྱལ་པོ་ཀུ་མཱ་ཤ་དུ་ཁ་ཞེས་བྱ་བ་གཅིག་འདུག་པས༔ དེ་ལ་དྷ་ཧེ་ནའི་འདུ་ཁང་བྱང་ཆུབ་ཤིང་བྱ་བ་གང་ན་ཡོད་ཅེས་དྲིས་པས༔ རྒྱལ་པོས་ལན་བཏབ་པ༔ མདང་སུམ་བདག་ལ་རྨི་ལམ་འདི་ལྟར་བྱུང་༔ བོད་ཀྱི་རྒྱལ་ཁམས་ཟེར་བའི་གངས་བར་ནས༔ མུན་ནག་སྨག་ཏུ་གྱུར་པའི་འཇིག་རྟེན་ན༔ ཡིད་བཞིན་ནོར་བུ་ལྟ་བུའི་རྒྱལ་པོ་ཞིག༔ རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བུ༔ དགེ་སློང་ཨ་བ་དྷཱུ་ཏི་ཚེ་འཕོས་པ༔ བོད་ཀྱི་རྒྱལ་པོར་གྱུར་ནས་མུན་སེལ་ཕྱིར༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཉིས༔ དྷ་ཧེ་ན་ཡི་ཉི་ཟླ་གཉིས་བླངས་ནས༔ གངས་བར་བོད་ཀྱི་མུན་པ་བསལ་བར་རྨིས༔ བན་དྷེ་ཁྱེད་གཉིས་མན་ངག་འཚོལ་བའི་རྟགས༔ དྷ་ཧེ་ན་ཡི་འདུ་ཁང་བདག་མི་སྟོན༔ ཅེས་ཟེར་བས༔ བཻ་རོ་ཙ་ནས་ལན་བཏབ་པ༔ ཡེ་ནས་མ་བཅོས་དབྱིངས་ཀྱི་རང་བཞིན་འདི༔ འདུ་འབྲལ་མེད་པར་མཉམ་པ་ཆེན་པོ་སྟེ༔ གཉིས་མེད་བྱང་ཆུབ་སེམས་སུ་ཡེ་ཤར་བས༔ ལུང་དང་མན་ངག་འཚོལ་དུ་བདག་མ་འོངས༔ ལྷོ་བལ་མོན་གྱི་ཡུལ་ཕྱོགས་ཇི་ལྟ་བུ༔ བོད་ཀྱི་ཡུལ་དུ་སྨྲ་ཕྱིར་དྲི་བ་ཡིན༔ ཞེས་གསུངས་པས༔ རྒྱལ་པོས་ཞབས་སྤྱི་བོར་བླངས་ཏེ༔ ལམ་རྒྱུས་ཞིབ་ཏུ་བསྟན་ནས་བཏང་ངོ་༔ དེར་དྷ་ཧེ་ནའི་རྩར་ཕྱིན་པ་དང་༔ དེའི་དུས་སུ་སྨད་འཚོང་མ་བདག་ཉིད་མ་དང་༔ དགེ་སློང་མ་ཀུན་དགའ་མ་གཉིས་ཀྱིས་དྷ་ཧེ་ནའི་མདུན་དུ༔ ཐིག་ལེ་ཉག་གཅིག་ལ་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་སྟེ་རྩོད་པ་བྱས་པས་ཀུན་གྱིས་མཐོང་ངོ་༔ དེར་པཎྜི་ཏ་རྣམས་འདུས་ཏེ་རྨིས་ལྟས་ལོག་པར་ཐམས་ཅད་མཐུན་པར་བཟླས་སོ༔ འདི་དགེ་སློང་མ་གཉིས་ཀྱིས་རྩོད་པ་བྱས་པས་ལན་ཏེ༔ མན་ངག་གི་ཆོས་བོད་དུ་འཆོར་བའི་རྟགས་ཡིན་པས༔ ད་སུས་ཀྱང་བསྟན་དུ་མེད་ཟེར་ཏེ༔ ཐུན་མོང་དུ་མ་གྲགས་པའི་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པ་རྣམས༔ དགའ་རབ་དང་འཇམ་དཔལ་ཤྲཱི་སིངྷ་ལ་སོགས་པའི་ཐུགས་ལ་གབ་སྟེ་ཡོངས་སུ་རྫོགས་པར་བཞུགས་སོ༔ པཎྜི་ཏ་དང་རྒྱལ་པོ་ལ་ཐུན་མོང་དུ་གྲགས་པའི་རྒྱུད་སྡེ་ཆེན་པོ་དྲུག་ཅུ་མན་ངག་དང་བཅས་པ་རྣམས་ནི༔ རྒྱ་རུ་སྤྲོད་དུ་བཏབ་ནས་རྡོ་རྗེ་གདན་ན་སྦས་ནས༔ མན་ངག་ལ་ཕག་ཚོང་དང་ལྐོག་ཚོང་བྱས་པ་བྱུང་ན་རྒྱལ་པོའི་ཆད་པ་འོང་ངོ་ཞེས་བགྲོས་པས༔ བོད་ཀྱི་བན་དྷེ་གཉིས་ཀྱིས་ཐོས་པས་ཞལ་ནག་ཏིང་གིས་སོང་ངོ་༔ དེར་བན་དྷེ་གཉིས་པོས་དྷ་ཧེ་ནའི་སྒོ་དྲུང་དུ་བསྡད་པས༔ འཇམ་དཔལ་གྱི་སྤྲུལ་པ་རྒན་མོ་ཅིག་དང་ཕྲད་དེ༔ དྷ་ཧེ་ནའི་འདུ་ཁང་དང་པོ་དང་བར་པ་གང་ཡིན༔ ཤྲཱི་སིངྷ་གང་ན་བཞུགས་དྲིས་པས༔ རྒན་མོས་ང་ལ་རྔན་པ་བསླང་ངས་བཟླ་ཡི་ཟེར་ནས༔ མཚོ་ཀུ་ཏྲའི་འགྲམ་དུ་ཕྱིན་ཏེ་མོ་ལ་རྔན་པ་བྱིན་པས་རྒན་མོས་མཚོའི་ནང་དུ་ཞུགས༔ ཙན་དན་གྱི་ལོ་མས་བྱད་བཀབ༔ སྙུག་མའི་ཨུ་བྷི་རིང་པོ་ཞིག་གི་ནང་ནས་སྨྲས་པ༔ འཇམ་དཔལ་དཔལ་བཟང་རྨི་ལམ་འདི་སྐད་སྨྲ༔ ཀུན་དགའ་མ་དང་བདག་ཉིད་མ་གཉིས་ཀྱང་༔ ཆོས་རྣམས་ཐམས་ཅད་གཅིག་ལས་མེད་པ་ལ༔ འཁྲུལ་པའི་དབང་གིས་རྒྱུད་དང་ལུང་དུ་ཕྱེ༔ ཇི་བཞིན་མ་བཅོས་རང་བཞིན་མེད་པ་དེ༔ དབང་པོ་རབ་འབྲིང་ཐ་མ་གསུམ་པོ་ཡིས༔ ཇི་བཞིན་མ་བཅོས་ཆོས་དེ་གསུམ་དུ་ཕྱེ༔ རྒྱུད་དང་ལུང་དང་མན་ངག་གསུམ་པོ་ཡང་༔ གཅིག་གིས་ངང་ལ་དབང་པོ་སོ་སོ་ལ༔ འཁྲུལ་པས་བཏགས་ནས་གསུམ་དུ་འཛིན་པ་འདི༔ འདོད་ཆགས་ཤས་ཆེ་རྟོག་པ་རླུང་གནས་པས༔ མ་ཧེ་བུད་མེད་ཁྱི་ལ་སོགས་པ་འདི༔ འཁྲུལ་པའི་རྒྱ་མདུད་འཛིན་པ་དམ་པོ་ཡིས༔ ལྔ་ཕུང་གཟུགས་ཀྱི་ཕུང་པོ་བསྡམས་ལགས་པས༔ རྟོག་ལས་འདས་པའི་རང་བཞིན་ངོ་བོ་ལ༔ ནན་གྱིས་མནན་ནས་གསུམ་དུ་ཕྱེ་བ་འདི༔ སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མཁས་པའི་མན་ངག་གསང་བའི་ཊཱི་ཀ་རྣམས༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་རྒྱལ་པོ་ལ༔ རྣ་བའི་ཁུང་བུར་གསང་སྔགས་བླུགས་པ་རྨིས༔ དེ་སྐད་བཟླས་པ་རྒན་མོ་བདག་གིས་ཐོས༔ བོད་ཀྱི་བན་དྷེས་དོན་ཆེན་འགྲུབ་པར་ངེས༔ ཞེས་བྲམ་ཟེ་མོ་རྒན་མོས་བཟླས་སོ༔ ཁྱིའི་མཁན་པོ་དྷ་ཧུ་ནས་འདི་སྐད་གསུངས༔ སྐྱེ་བ་འདི་ལ་འབྲས་བུ་མངོན་ཐོབ་པའི༔ རྒྱུ་འབྲས་གཉིས་འདས་ཨ་ཏི་ཡོ་གའི་ཆོས༔ ལས་དང་ཐུགས་རྗེས་འབྲེལ་བའི་རྣལ་འབྱོར་པ༔ སྣོད་དང་སྐལ་བར་ལྡན་པའི་བན་དྷེ་གཉིས༔ མ་འོངས་རྒྱལ་ཁམས་འབྲས་བུ་ཐོབ་བྱའི་ཕྱིར༔ འོ་སྐོལ་རྒྱལ་ཁམས་འདི་རུ་འོང་བ་ཡིན༔ བུད་མེད་བྱ་བའི་རིགས་ངན་རྟོལ་ཐབས་སྨྲས༔ རྩ་བའི་དམ་མེད་གསང་བ་མི་ཐུབ་པ༔ ཐང་ལ་སྨིག་རྒྱུ་རི་ལ་འཁྱགས་པ་ཆགས༔ གསང་སྔགས་མཐའ་འཁོབ་ཡུལ་དུ་ཁྱེར་བ་རྨིས༔ དེ་སྐད་བཟླས་པ་རྒན་མོ་ང་ཡིས་ཐོས༔ བོད་བན་གཉིས་པོས་དོན་ཆེན་འགྲུབ་པར་ངེས༔ བདག་ཉིད་མ་ནི་རྨི་ལམ་འདི་སྐད་བཟླས༔ ཆོས་ཀྱི་རང་བཞིན་མཉམ་པ་ཆེན་པོ་ལ༔ ཆགས་པ་ཤས་ཆེ་གསང་ཚིག་མི་ཐུབ་པས༔ སྨོན་གནས་མ་དག་བུད་མེད་ལུས་བླངས་པས༔ འཇིག་རྟེན་འཁོར་བའི་ཆོས་བཞིན་འཁྲུལ་པར་བཏགས༔ མཉམ་པ་ཆེན་པོ་གསུམ་དུ་ཕྱེ་སྐྱོན་གྱིས༔ ཉོན་མོངས་ལྔ་པོ་ཟས་ནོར་བྱེད་པ་ཡིན༔ སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་པོ་ལ༔ དབྱིབས་རྒྱུད་མས་ནག་ཤ་བྲི་རིད་པ་ཡིས༔ སྐྱེ་བ་འདི་ཡིས་མཐའ་མའི་ལུས་བོར་བ༔ བྱང་ཆུབ་སེམས་དཔའ་མི་ལུས་བླངས་པ་ཡིས༔ གསང་སྔགས་ཐེག་ཆེན་མཁས་པའི་མན་ངག་རྣམས༔ སྲིན་པོ་གདོང་དམར་རྒྱལ་པོའི་རྣར་བཤད་ནས༔ གསང་སྔགས་འཆོལ་བར་བོད་དུ་སོང་བ་རྨིས༔ བུད་མེད་རྣམས་ལ་གསང་ཚིག་མི་སྨྲ་བ༔ དགའ་རབ་རྣམས་ཀྱིས་གསུངས་པའི་ལུང་རྣམས་བདེན༔ དེ་སྐད་བཟླས་པ་རྒན་མོ་ང་ཡིས་ཐོས༔ བོད་བན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས༔ ཁྱི་ཡི་མཁན་པོ་ཕྱི་མའི་རྨི་ལམ་ནི༔ རིག་པ་འགྱུར་མེད་དུས་གསུམ་སངས་རྒྱས་དེ༔ འཁོར་བའི་ཆོས་ལ་སྲེད་པ་མ་སྤངས་པས༔ གཉིས་སུ་འབྱེད་པ་བུད་མེད་རང་བཞིན་ཏེ༔ ས་བརྒྱད་ནོན་ཡང་འཁོར་བར་ལྷུང་ཉེན་ཡོད༔ སྟོན་པས་གསུངས་པ་མཁས་པའི་མན་ངག་རྣམས༔ ཇི་བཞིན་མ་བཅོས་མཁའ་ལྟར་དག་པའི་སེམས༔ ཡེ་ནས་དམིགས་མེད་མཉམ་པའི་རྒྱལ་པོ་སྟེ༔ རྒྱུད་ལུང་མན་ངག་གསུམ་དུ་དབྱེར་མེད་དེ༔ འཇིག་རྟེན་སྒྱུ་མའི་ཆོས་ལྟར་སེམས་འཁྲུལ་བས༔ གཅིག་ལ་གསུམ་དུ་ཕྱེ་བའི་སྐྱོན་འདོམས་པས༔ སྟོན་པ་ཐུགས་རྗེ་བྲི་འགོལ་མི་འཛད་དེ༔ བོད་ཀྱི་རྒྱལ་ཁམས་མཐའ་འཁོབ་མཐའ་མ་རུ༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཉི་ཤར་བས༔ ཀུན་ལས་འཕགས་པའི་རྒྱལ་པོ་གདོང་དམར་གྱིས༔ ས་གནས་བྱང་ཆུབ་སེམས་དཔའི་བན་དྷེ་ལ༔ གསེར་ཕྱེ་བརྫངས་ནས་འདིར་ནི་མཆིས་པ་ལས༔ མན་ངག་ཕྱགས་མས་བཏབ་ནས་སོང་ཞིང་རྨིས༔ གསང་སྔགས་རྩོད་པའི་གཞིར་གྱུར་འདི་ཀས་ཉེས༔ དེ་སྐད་སྨྲ་བ་རྒན་མོ་བདག་གིས་ཐོས༔ བོད་ཀྱི་བན་དྷེ་དོན་ཆེན་འགྲུབ་པར་ངེས༔ དྲང་སྲོང་བྷི་ཤ་ཏི་ཡི་རྨི་ལམ་ནི༔ གཅིག་ལས་མེད་པའི་ཆོས་ཉིད་བྱང་ཆུབ་སེམས༔ རྒྱུད་དང་ལུང་དང་མན་ངག་གདགས་སུ་མེད༔ སྨྲ་བསམ་ཚིག་ལས་འདས་པ་ཡིན་པ་ལ༔ རྩོད་པས་གལ་ཏེ་རྩོད་པའི་གཞིར་གྱུར་པ༔ བུད་མེད་གསང་བའི་བཀའ་ལ་མི་བསྡམ་པར༔ སྟོན་པའི་ཞལ་ནས་གསུངས་པའི་ལུང་ངག་བདེན༔ དེ་ཡི་སྐྱོན་དུ་གྱུར་པ་འདི་ལྟར་རྨིས༔ ལས་དང་ཐུགས་རྗེས་འབྲེལ་བའི་རྒྱལ་པོ་དང་༔ སྣོད་དང་སྐལ་བར་ལྡན་པའི་བན་དྷེ་གཉིས༔ མངའ་འོག་རྒྱལ་ཁམས་འབྲས་བུ་ཐོབ་བྱའི་ཕྱིར༔ འོ་སྐོལ་རྒྱ་གར་ཡུལ་དུ་མཆིས་ལགས་པས༔ རྩ་བའི་དམ་ཚིག་ཉམས་ཤིང་གསང་བ་མ་ཐུབ་པས༔ ཐ་མ་སྨིག་རྒྱུ་འཁྱགས་པ་ཆགས་ཡུལ་དུ༔ གསང་སྔགས་འཆོལ་བར་བོད་དུ་སོང་ཞིང་རྨིས༔ དེ་སྐད་བཟླས་པ་རྒན་མོ་བདག་གིས་ཐོས༔ བོད་ཀྱི་བན་དྷེ་དོན་ཆེན་འགྲུབ་བར་ངེས༔ ཤྲཱི་སིང་ཧས་རྨི་ལམ་བཟླས་པ་ནི༔ བུད་མེད་བྱ་བ་རྒྱུ་ངན་ངོ་ཆོད་མཁན༔ ཀུན་རྫོབ་སྒྱུ་མའི་ཚིག་གིས་དོན་དམ་བྱེད༔ སྨྲ་བཞིན་མི་བྱེད་ཁྲེལ་མེད་ཡིད་ཆེས་དཀའ༔ གསང་ཚིག་མི་ཐུབ་རྩོད་པའི་གཞིར་གྱུར་པས༔ དེ་ཡིས་གཞི་བྱས་རྨི་ལམ་འདི་ལྟར་བྱུང་༔ འདི་ན་ཉི་མ་ཟླ་བ་གཉིས་ཡོད་པ༔ ཉི་མ་རྣམ་ཕྲག་བཅུག་ནས་ཁྱེར་བ་རྨིས༔ ཟླ་བ་འོ་སྐོལ་རང་ལ་ལུས་པ་རྨིས༔ མཁས་པའི་མན་ངག་བོད་དུ་འཆོར་བར་ངེས༔ དེ་སྐད་བཟླས་པ་རྒན་མོ་བདག་གིས་ཐོས༔ བོད་ཀྱི་བན་དྷེ་དོན་ཆེན་འགྲུབ་པར་ངེས༔ ཀུན་དགའ་མོ་ནི་རྨི་ལམ་འདི་སྐད་བཟླས༔ ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ༔ རང་བཞིན་མ་བཅོས་སེམས་ཉིད་ཡིན་པ་ལ༔ ཉོན་མོངས་དབང་གྱུར་བུད་མེད་བསམ་པ་ཡིས༔ གཅིག་ལས་གཉིས་ཕྱེ་རྩོད་པའི་གཞིར་གྱུར་པས༔ མཉམ་པ་ཆེན་པོའི་དོན་ལས་ཉམས་པ་ཡིན༔ ཐུམ་གཅིག་ལོག་པའི་རྨི་ལམ་འདི་ལྟར་རྨིས༔ མཐའ་འཁོབ་བོད་ཡུལ་མུན་པའི་རྒྱལ་ཁམས་ན༔ འཇམ་དཔལ་སྤྲུལ་སྐུ་བོད་ཀྱི་རྒྱལ་པོ་ཡིས༔ བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཁྱེའུ་གཉིས༔ རྩོལ་མེད་བདེ་ཆེན་སངས་རྒྱས་མན་ངག་ཆོས༔ རྒྱ་གར་ཡུལ་དུ་འཚོལ་དུ་མཆིས་པ་ལས༔ སྒྲོན་མེ་འབར་བ་ནོར་བུ་རིན་ཆེན་གཅིག༔ རྒྱ་གར་མཁས་པ་ཀུན་ལ་ཡོད་པ་ལས༔ ནོར་བུ་རྩད་བཅད་བོད་དུ་ཁྱེར་བ་རྨིས༔ གསང་བའི་མན་ངག་བོད་དུ་འཆོར་བའི་རྟགས༔ དེ་སྐད་སྨྲ་བ་རྒན་མོ་བདག་གིས་ཐོས༔ བོད་ཀྱི་བན་དྷེ་དོན་ཆེན་འགྲུབ་པར་ངེས༔ ཞེས་སྨྲས་སོ༔ རྨི་ལམ་དང་པོ་ལོག་པའོ༔ དེར་རྒན་མོས་སྨྲས་པ༔ དྷ་ཧེ་ནའི་འདུ་ཁང་བར་པར་སྡོད་ལ༔ དེར་བྲམ་ཟེ་ཤེལ་གྱི་བློ་གྲོས་བྱ་བ་ཞིག་ཆུ་ལེན་དུ་འོང་གིས༔ དེར་འཕྲད་ལ་འཕྲིན་ཐོང་ལ༔ ང་ཡིས་སྨྲས་ཟེར་མ་ཟེར་ཏེ་མི་སྣང་བར་སོང་ངོ་༔ ཕྱིས་དེ་སུས་སྨྲས་ཞེས་པྲ་ལ་སོགས་བརྟགས་ཀྱང་མ་ཤེས་སོ༔ དེར་དྷ་ཧེ་ནའི་ཆུ་ལེན་པར་བསྒུགས་པས༔ བྲམ་ཟེ་མོ་ཆུ་འཆུ་བ་དང་ཕྲད་ནས་འཕྲིན་བརྫངས་པས༔ ལན་གསུམ་དུ་བརྗེད་ཟེར་ནས་མ་བྱུང་༔ དེར་བཻ་རོས་སྒྱུ་མའི་སྦྱོར་སྔགས་ཀྱིས་ཆུའི་བུམ་པ་ས་ལ་སྦྱར་བས་ཆུ་བུམ་ས་ལས་མ་ཁོགས་པས༔ དེར་སྨྲས་པ༔ ཁྱོད་རྫུ་འཕྲུལ་སྟོན་ན་ང་ཡང་སྟོན་ཟེར་ཏེ༔ བཛྲ་བྷན་དྷ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་དེ༔ མོ་རང་གི་བྱང་ཁོག་འདྲལ་བས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀྲ་ལམ་མེ་འདུག་ནས༔ བཻ་རོ་ཙ་ནས༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷ་ཡ༔ དེ་བོད་སྐད་དུ་བསྒྱུར་བས༔ སངས་རྒྱས་ལ་སོགས་སྐྱབས་ཀྱི་མགོན༔ དམ་ཆོས་ལ་སོགས་ལམ་གྱི་གཞི༔ དགེ་འདུན་ལ་སོགས་ས་བཅུ་ནོན༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཞེས་པ་ཡིན༔ དེར་བྲམ་ཟེ་མོ་ལ་གསེར་ཚོམ་གཅིག་དང་༔ གསེར་གྱི་པ་ཏྲ་རྔན་པ་ཞིག་བྱིན་ནས༔ ཆུའི་བུམ་པར་རྡེའུ་གཅིག་བཅུག་ཡིག་འཕྲིན་བསྐུར་ནས་བཏང་ངོ་༔ དེར་ཆུ་ཟངས་སུ་བྱོ་བས་རྡེའུ་ཁྲོལ་ཟེར་ཏོ༔ སློབ་དཔོན་གྱིས་ཐོས་ནས་ཅི་ཡིན་གསུངས༔ བོད་ཀྱི་བན་དྷེ་ནུས་པ་ཕྲ་མོ་སྟོན་པ་གཉིས་ཀྱིས་འཕྲིན་གྱི་བརྗེད་ཡིག་ཡིན་ཟེར་ནས་སློབ་དཔོན་ལ་གཏད་དོ༔ ཡིག་འཕྲིན་དེའི་ནང་ན་མར༔ མཧཱ་ཀཱ་རུ་ཎ༔ བུདྡྷ་དྷརྨཱ༔ སཾ་གྷ་ཛྙཱ་ན་མོ་ཡ༔ བོ་དྷི་སཏྭ་ཀཱ་རུ་ཎ་ས་མ་ཡ༔ ཛྙཱ་ན་གརྦྷ་ཀུ་རུ་བྷསྨིན༔ ཅེས་བྱ་བའི་འཕྲིན་བརྫངས་པས༔ དེ་སྒྲ་ལ་མཁས་པ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བས༔ རྗེ་ཤྲཱི་སིངྷ་ལ་བསྟོད་པ༔ འཕགས་པའི་འཕགས་པ་བྱང་ཆུབ་སེམས་དཔའ་ཁྱེད༔ འགྲོ་བ་རིགས་དྲུག་བསོད་ནམས་མི་ལུས་སྐུ༔ ནོར་བུ་རིན་ཆེན་སྡེ་སྣོད་གསུམ་གྱི་དབྱིག༔ ཡིད་བཞིན་ནོར་ལྟར་ཐུགས་རྗེའི་སྟོབས་མཆོག་ཅན༔ གསལ་ཁྱབ་ཐུགས་རྗེའི་ཉི་མ་ལྟ་བུའི་སྐུ༔ སྐྱེ་བ་བརྒྱུད་ནས་མི་ལུས་ཐོབ་པ་ཡིས༔ བོད་ཀྱི་དགེ་སློང་དངོས་ངན་བདག་དངོས་གཉིས༔ སྒྲིབ་པ་སྦྱང་ཕྱིར་དཀོན་མཆོག་རིན་ཆེན་ལ༔ རྟག་པར་མཆོད་ཅིང་ཡུན་དུ་ཞབས་འཁོར་ཡང་༔ མུན་པ་བསལ་ནས་བསོད་ནམས་ཚོགས་བསྐྱེད་ཞུ༔ ཐུགས་རྗེ་མ་སྨིན་སྨོན་ལམ་མ་དག་པས༔ འཕགས་པའི་ཐུགས་རྗེ་ཞུགས་གནས་སེམས་ཅན་གནས་སུ་འགྱངས༔ མཐུག་པོའི་ཐིབས་བསལ་འཕགས་པའི་ཉི་ཞལ་འཁུམས༔ ཐབས་ཀྱིས་འོད་སྟོན་ཐུགས་རྗེའི་ཞགས་པས་བཟུང་༔ ཞེས་བྱ་བ་བྱུང་༔ ཤྲཱི་སིང་ཧས་ལན་བསྐུར་བ༔ ས་མ་ཡ་ཨ་པཱ་ར་མི་ཏ་ཛྙཱ་ན་བྱ་བ་ཞིག་བསྐུར་ཏེ༔ དེ་བཻ་རོ་ཙ་ནས་བོད་སྐད་དུ་བསྒྱུར་བས༔ དམ་ཚིག་ཆེན་པོས་བདག་བསྐུལ་ན༔ མི་འཕྲད་པ་ཡི་རང་དབང་མེད༔ འགྲོ་བའི་སེམས་ཉིད་དེ་བཞིན་གཤེགས་པ་ཡིན༔ སྲིན་འབུ་ཡན་ཆོད་རྫོགས་པའི་སངས་རྒྱས་ཡིན༔ འགྲོ་བ་རིགས་དྲུག་སངས་རྒྱས་མཉམ་གྱུར་ཀྱང་༔ འཕགས་པས་འཕགས་པ་མཆོད་པ་ཁྱོད་ཀྱིས་གཉེར༔ དཀོན་མཆོག་རིན་ཆེན་བླ་མེད་མཆོད་གནས་ལ༔ དམ་པར་མཐོང་བས་ཚོགས་རྣམས་སྐྱེ་བའི་རྒྱུ༔ སེམས་ཀྱི་རུས་པས་ཡན་ལག་ཐང་བཅད་ནས༔ དཀའ་བས་བྱོན་པས་བདག་ཀྱང་དགའ་བའི་མཆོག༔ ཤེས་པ་བསྡུར་ལ་ཁད་ཀྱིས་འཕྲད་པར་བགྱི༔ ཞེས་བྱ་བར་བྱུང་ནས་བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ལ་ནམ་གྱི་དགུང་ལ་འཕྲད་ཀྱིས་གསུངས་ནས་ལན་བསྐུར་རོ༔ དེ་ནས་ནམ་དགུང་ལ་མཇལ་ནས་ཕྱག་དང་སྐོར་བ་བྱས་ཏེ༔ གསེར་སྲང་སྟོང་ཕུལ་ནས༔ རྗེ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ཀྱང་ཞིབ་ཏུ་བརྗོད༔ དགེ་སློང་བོ་དྷི་སཏྭ་དང་༔ སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་ན་བཞུགས༔ ལས་རྒྱུ་འབྲས་ཀྱི་ཆོས་གསུངས༔ བསྟན་པ་གཉིས་ལྡན་དུ་གསལ་བར་མཛད༔ རྒྱལ་པོ་རྒྱུ་འབྲས་ཀྱི་ཆོས་ཀྱིས་མ་ཚིམས་ཏེ༔ རྒྱ་གར་དུ་ཅི་ཞིག་ལས༔ སྙོག་གེ་ལས༔ ཐོས་སེ་ལས་ཟེར་ནས་ལུང་དྲངས་པའི་ཆོས་ཚོ་འཚོལ་བར་བཏང་བ་ཡིན༔ སྐྱེ་བ་འདི་ཉིད་ལ་སངས་རྒྱས་པའི་ཆོས་རྩོལ་མེད་ཨ་ཏི་ཡོ་གའི་ཆོས་ཐུགས་ལ་གདགས་འཚལ་ལོ་ཞེས་གསོལ་པས༔ སློབ་དཔོན་ཤྲཱི་སིང་ཧའི་ཞལ་ནས༔ སྨད་འཚོང་མ་བདག་ཉིད་མ་དང་༔ ཀུན་དགའ་མོ་གཉིས་ཀྱིས་རྩོད་པ་བྱས་པས་བཀའ་བླ་མེད༔ པཎྜི་ཏ་ཐམས་ཅད་ཀྱི་རྨི་ལམ་ལོག༔ པཎྜི་ཏ་རྣམས་བཀའ་བགྲོས་ཏེ༔ བཀའ་བསླད་པ་རྣམས་ནི་མེ་ལ་བསྲེགས་ཏེ༔ བཀའ་ཡང་དག་པ་རྣམས་བསྡེབས་ཏེ་རྡོ་རྗེ་གདན་དུ་སྦས་ཏེ༔ པཎྜི་ཏ་རྣམས་དང་ཆོས་སྐྱོང་བའི་རྒྱལ་པོ་གཉིས་རྒྱ་རུ་སྤྲོད་དུ་བཏབ་སྟེ་ཡོད་པས་བསྟན་པར་དཀའ༔ འོན་ཀྱང་རྒྱལ་བའི་བཀའ་ལས་མཐའ་འཁོབ་བོད་ཡུལ་དུ་ཨ་ཏིའི་བསྟན་པ་འབྱུང་བའི་དུས་ལ་བབ་འདུག༔ ངས་རྨི་ལམ་ཡང་བརྟག་གིས་གསུངས་ཏེ༔ སློབ་དཔོན་མཉམ་པར་བཞག་ནས་བརྟགས་པས་མཚན་མ་བཟང་༔ བོད་དུ་རྩོལ་མེད་ཀྱི་བསྟན་པས་བོད་ལ་ཕན་ཐོགས་པར་འདུག་གིས་གསུངས་ནས༔ ད་ནི་བོད་ལ་བསྐུར་བའི་དུས་ལ་བབ་འདུག་པས་བསྐུར་བར་བྱའོ༔ བསྐུར་ཐབས་ནི་ལེགས་པ་ཞིག་དགོས་པས༔ མ་ལེགས་ན་རྒྱལ་པོས་ཚོར་ན་ནི་འོ་ཅག་གསུམ་ཀའི་སྲོག་ལ་འོང་༔ མན་ངག་རང་ཡང་རྩད་ནས་མེད་པར་བྱེད་པས༔ ཁྱེད་གཉིས་ཀྱིས་པཎྜི་ཏ་ལྔ་བརྒྱ་པོ་གཞན་ལའང་རྒྱུ་འབྲས་ཀྱི་ཆོས་རྫོགས་པར་ཉོན་ཅིག༔ པཎྜི་ཏ་ཕྱི་མ་རྣམས་ལའང་གསེར་ཕུལ་ལ་གསང་སྔགས་འབྲས་བུའི་ཆོས་རེ་ཉོན་ཅིག༔ དེ་ནས་མ་ཚོ་བར་ནམ་གྱི་དགུང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་དོན་བཤད་ཀྱིས་གསུང་ངོ་༔ ཨུ་རྒྱན་རྣམ་ཐར་ཆེན་པོ་ལས༔ པྲ་བྷ་ས་ཏ༔ ཤྲཱི་ལ་དྲ་བྷོ་དྷི༔ ཛྙཱ་ན་སུ་ཏྲ༔ ཨ་ནནྟ༔ སུ་རནྡྲ༔ དྷརྨཱ་ཤྲཱི༔ དྷ་ན་ཤི་ལ༔ ཙནྡྲ་གོ་མི༔ པཉྩ་ཛྙཱ་ན༔ ཀ་ན་ཀ༔ ཤཱཀྱ་ཤྲཱི་བྷ་དྲ༔ པྲ་ཛྙཱ་བརྟེ༔ ཀ་ལ་གྷ་བྷ༔ བི་མ་མི་ཏྲ༔ གྷ་ལ་བྷ་ཏ༔ ཨཱརྻ་དྷེ་བ༔ ཀ་མ་ལ་ཤི་ལ༔ དྷརྨཱ་གྷིརྟི༔ ཤཱནྟ་དྷེ་བ༔ ཤྲཱི་བྷ་ལ་དྷ་ར༔ ཙིནྟྲ་མ་ནི༔ ཨ་བྷནྟ༔ ཤི་ལ་མཉྫུ༔ བུདྡྷ་ཀུ་ཏ༔ རྒྱ་གར་མཁས་པ་པཎ་ཆེན་འདི་དག་ནི༔ སྐུ་ལ་ཁྲོ་བ་མི་མངའ་ཞི་བར་བཞུགས༔ པཎ་ཆེན་ཀུན་དང་མཇལ་ཚུལ་ཟུར་ཙམ་ནི༔ ཞེས་གསུངས་པས་པཎྜི་ཏ་དང་པོ་རྣམས་ལ་རྒྱུའི་ཆོས་ཐམས་ཅད་རྫོགས་པར་ཞུས༔ དེ་ནས་གསང་སྔགས་ཀྱི་ཆོས་ཐམས་ཅད་རྫོགས་པར་ཞུས༔ དེ་ནས་ཕྱི་མ་བདུན་ལ་ཕྱི་ནང་གསང་གསུམ་གྱི་དབང་རྫོགས་པར་ཞུས༔ གསང་སྔགས་ནང་གི་ཆོས་ཀྱང་མང་དུ་ཞུས་སོ༔ དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་༔ འཇམ་དཔལ་བཤེས་གཉེན་གཉིས་དང་ཞལ་མཇལ་ནས༔ གསེར་ཕྱེ་དང་པ་ཏྲའི་མེ་ཏོག་ཕུལ་ཕྱག་དང་སྐོར་བ་བྱས་ནས་ཞབས་སྤྱི་བོར་བླངས་ཏེ༔ མན་ངག་གི་ཆོས་ཞུས་པས་དབང་བསྐུར་བྱིན་གྱིས་བརླབས༔ མན་ངག་གི་ཆོས་རྣམས་རྫོགས་པའི་གནང་བ་བྱིན་ཏེ༔ སློབ་དཔོན་ཤྲཱི་སིང་ཧ་ལ་ཉོན་ཅིག་པར་ལུང་བསྟན་ཏོ༔ དེ་ནས་སློབ་དཔོན་ཤྲཱི་སིང་ཧའི་དྲུང་དུ་ཕྱིན་ཏེ་མན་ངག་གི་ཆོས་ཞུས་པས༔ དང་པོ་ཤྲཱི་སིང་ཧས་མན་ངག་གི་ཆོས་རྣམས་ལེན་པ་ལ་རྫུ་འཕྲུལ་བསྟན་ཏེ༔ གནོད་སྦྱིན་དཀར་མདའི་གདོང་དུ་སྤྲུལ་ཏེ༔ བཻ་རོ་ཙ་ནས་སེང་གེ་རབ་བརྟན་དུ་སྤྲུལ༔ གཙང་ལེགས་གྲུབ་ཀྱིས་བྱ་ངང་པ་ཞིག་ཏུ་སྤྲུལ་ཏེ༔ ནམ་གྱི་དགུང་ལ་མན་ངག་གི་ཆོས་རྣམས་རྒྱ་རུ་སྤྲོད་དུ་བཏབ་ནས་རྡོ་རྗེ་གདན་དུ་སྦས་པ་འདོན་དུ་ཕྱིན་ཏོ༔ དེར་རྒྱ་བཤིག་སྟེ་མན་ངག་གི་ཆོས་རྣམས་བཏོན་པས༔ གསང་སྔགས་ཕྱི་ནང་གི་ཆོས་སྐྱོང་ཐམས་ཅད་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས༔ ཤྲཱི་སིང་ཧ་དང་བཻ་རོ་ཙ་ན་ལ་གཡས་ཕྱོགས་ནས་སྐོར་བ་བྱས་ནས༔ ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས༔ བདག་ཅག་མི་མ་ཡིན་ཆོས་སྐྱོང་བའི་སྲུང་མ་གཉེར་གཏད་པ་རྣམས་ནི༔ བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ༔ ཤིན་ཏུ་ཡང་རྗེས་སུ་འབྲེང་ངོ་༔ བདག་ཅག་ལ་ལ་ནི་ཁོང་པའི་སྙིང་བཏོན་པ་སྙམ་བྱེད༔ ལ་ལ་ནི་དཔྲལ་གྱི་མིག་བཏོན་པ་སྙམ་བྱེད༔ ལ་ལ་ནི་ཕ་བསད་པ་སྙམ་པ་དང་༔ ལ་ལ་ནི་མ་བསད་པ་སྙམ་པ་དང་༔ ལ་ལ་ནི་ནོར་བུ་རིན་པོ་ཆེ་སྟོར་བ་སྙམ་བྱེད་དོ༔ མན་ངག་གི་བཀའ་འདི་ནི་རྗེས་སུ་བསྒྲུབ་ཅིང་གཞུང་བཞིན་སྤྱོད་པ་རྣམས་ལ་ནི་བདག་ཅག་མི་མ་ཡིན་རྣམས་ཀྱང་གཙུག་གི་ནོར་བུ་ལྟར་གཉན་པར་ཁུར་ཞིང་བྲན་བཞིན་དུ་བྱ་བ་རྣམས་བྱེད་དོ༔ དགོངས་པ་ཐམས་ཅད་བསྒྲུབ་བོ༔ བདག་ཅག་རྣམས་ནི་བཀའི་བྱ་ར་བ་ལགས་པས༔ མན་ངག་འདི་རྣམས་གཅེས་པར་ལོངས་ཤིག༔ གཞུང་བཞིན་དུ་སྒྲུབས་ཤིག༔ ཀུན་གྱི་ཐུན་མོང་མ་ཡིན་པས་ཤིན་ཏུ་གསོངས་ལ་སྤྱོད་ཅིག༔ ཅེས་ཟེར་ཏེ་མི་སྣང་བར་གཤེགས་སོ༔ དེ་ནས་རྒྱ་བཤིག་པ་རྣམས་སྔར་བཞིན་དུ་བསྡམས་ནས་བཀའ་བརྒྱུད་མན་ངག་དང་བཅས་པ་ཁྱེར་ནས་དྷ་ཧེ་ནའི་འདུ་ཁང་དུ་བྱོན་ནོ༔ སྐབས་དེར་རྨིས་ལྟས་བར་པ་ལོག་སྟེ༔ པཎྜི་ཏ་ཕྱི་མ་བདུན་ལ་སོགས་པ་འཚོགས་ནས་ཀུན་ཀྱང་རྨི་ལམ་བཟླས་ཏེ༔ འཇམ་དཔལ་བཤེས་གཉེན་གྱིས་རྨི་ལམ་བཟླས་པ༔ ཐེག་པའི་ཡང་རྩེ་རྒྱལ་བ་ཀུན་གྱི་ཐུགས༔ མཉམ་ཉིད་ལྷུན་རྫོགས་བདེ་བ་ཆེན་པོའི་ངང་༔ རྟོག་པའི་རླུང་དུ་མི་ཡེངས་གནས་པ་ལ༔ དགོངས་པའི་ཉམས་ལ་རྨི་ལམ་འདི་ལྟར་རྨིས༔ རྒྱ་གར་མཁས་པ་ཀུན་ལ་དགོངས་པ་ཡི༔ སྒྲོན་མེ་འབར་བའི་རིན་ཆེན་མཆོད་སྡོང་ཞིག༔ རྡོ་རྗེ་གདན་དུ་རྒྱ་བཏབ་བཙུགས་པ་ལ༔ བོད་ཀྱི་བན་དྷེ་འཁྱམས་པོ་མི་གཉིས་ཀྱིས༔ སྒྲོན་མའི་མཆོད་སྡོང་རྩད་ནས་ཕྱུང་ཞིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་བཟླས་སོ༔ ཁྱིའི་རྒྱལ་པོ་དྷ་ཧེ་ནའི་རྨི་ལམ་ནི༔ མཁའ་ལྟར་མཉམ་པའི་བདེ་ཆེན་ཀློང་ཡངས་ནས༔ རང་བྱུང་གཉིས་མེད་གདོད་ནས་དག་པའི་ངང་༔ འགྱུར་མེད་མ་བཙལ་རང་བཞིན་བཞག་པ་ལ༔ དགོངས་པའི་ཉམས་ཀྱི་རྨི་ལམ་འདི་ལྟར་རྨིས༔ འཇམ་དཔལ་སྤྲུལ་པ་བོད་ཀྱི་རྒྱལ་པོ་ཡིས༔ སེམས་དཔའི་སྤྲུལ་པ་བན་དྷེ་མི་གཉིས་ཀྱིས༔ རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་གི༔ དབང་པོའི་དྭངས་མ་མིག་རེ་མཆིས་པ་དེ༔ དཔྲལ་ནས་ཕྱུང་ནས་བོད་དུ་ཁྱེར་ཞིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་སྨྲས་སོ༔ ཁྱིའི་རྒྱལ་པོ་ཕྱི་མའི་རྨི་ལམ་ནི༔ ཇི་བཞིན་མ་བཅོས་མཉམ་པ་ཆེན་པོའི་དོན༔ གཉིས་མེད་ཕྱོགས་བྲལ་སྐྱེ་བ་མེད་པའི་ངང་༔ ཚིག་ལས་འདས་པའི་དོན་ལ་དགོངས་ལགས་པས༔ ཉམས་དང་རྨི་ལམ་དག་ལ་འདི་ལྟར་བྱུང་༔ རྒྱ་གར་ཆོས་ཀྱི་འབྱུང་གནས་བསྟན་པའི་གཞི༔ སྟོན་པའི་སྐུ་རྟེན་བྱང་ཆུབ་ལྗོན་ཤིང་དེ༔ བོད་ཀྱི་བན་དྷེ་ཁྱེའུ་ཆུང་མི་གཉིས་ཀྱིས༔ བྱང་ཆུབ་ལྗོན་ཤིང་རྩད་ནས་བཏོན་པ་ནི༔ བོད་ཀྱི་ཡུལ་དུ་ཐམས་ཅད་ཁྱེར་བ་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་སྨྲས་སོ༔ སྨད་འཚོང་མ་བདག་ཉིད་མའི་རྨི་ལམ་ནི༔ གཉིས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས༔ རྟོག་བྲལ་བསམ་མེད་དམིགས་དང་བྲལ་བའི་ངང་༔ རང་བྱུང་བདེ་ཆེན་མ་བཙལ་བཞག་པ་ལས༔ དགོངས་པའི་ཉམས་སུ་རྨི་ལམ་འདི་ལྟར་རྨིས༔ འོ་སྐོལ་མཁས་པ་རྣམས་ཀྱིས་བཤད་པའི་དོན༔ དགོས་དགུ་འབྱུང་བའི་ཡིད་བཞིན་ནོར་བུ་དེ༔ སྲིན་པོ་གདོང་དམར་བོད་ཀྱི་བན་དྷེ་ཡིས༔ ནོར་བུ་རྩད་ནས་བོད་དུ་ཁྱེར་ཞིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་སྨྲས་སོ༔ དྲང་སྲོང་བྷ་ཤི་ཏའི་རྨི་ལམ་ནི༔ རང་བྱུང་ལྷུན་རྫོགས་སྐྱེ་བ་མེད་པའི་ངང་༔ དམིགས་མེད་ཚིག་ལས་འདས་པའི་དོན་འདི་ལ༔ གསལ་ལ་མ་ཡེངས་ངང་དུ་བཞག་པ་ཡིས༔ དགོངས་པའི་ཉམས་སུ་རྨི་ལམ་འདི་ལྟར་བྱུང་༔ རྒྱ་གར་དབུས་ནས་དཔག་བསམ་ལྗོན་ཤིང་གཅིག༔ ལོ་འདབ་མེ་ཏོག་འབྲས་བུ་རྒྱས་པ་ལས༔ མཐའ་འཁོབ་བོད་ཀྱི་ཟོར་ཐོགས་མི་གཉིས་ཀྱིས༔ དཔག་བསམ་ལྗོན་ཤིང་རྩད་ནས་བསྒྱེལ་ནས་སུ༔ རྩ་གསུམ་རྒྱ་གར་ཡུལ་དུ་བཞག་ནས་སུ༔ ལོ་འབྲས་བོད་ཀྱི་ཡུལ་དུ་ཁྱེར་ཞིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་སྨྲས་སོ༔ ཤྲཱི་སིང་ཧའི་རྨི་ལམ་ནི༔ དམིགས་མེད་གསང་བའི་མཁའ་ཀློང་བདེ་ཆེན་ནས༔ ཅིར་ཡང་སྣང་བ་ཆོས་ཉིད་རང་བྱུང་ལ༔ གསལ་ལ་མ་ཡེངས་རང་བཞིན་བཞག་པ་ལས༔ དགོངས་པའི་ཉམས་སུ་རྨི་ལམ་འདི་ལྟར་བྱུང་༔ ཞལ་ནས་གསུངས་པའི་བདུད་རྩིའི་རྒྱ་མཚོ་དེ༔ རྡོ་རྗེ་གདན་དུ་རྒྱ་ལྔས་བཏབ་པ་ལས༔ མུན་པའི་གླིང་བར་མཐའ་འཁོབ་བོད་ཡུལ་ནས༔ སེམས་དཔའི་སྤྲུལ་པ་བན་དྷེ་མི་གཉིས་ཀྱིས༔ དམ་ཆོས་བདུད་རྩི་བོད་དུ་ཕྱགས་ཤིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་བཟླས་སོ༔ དགེ་སློང་མ་ཀུན་དགའ་མའི་རྨི་ལམ་བཤད་པ་ནི༔ རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏིའི་དོན༔ མཉམ་ལ་མ་འདྲེས་ཀུན་བཟང་དགོངས་པའི་བཅུད༔ རྟོགས་པའི་ངང་ལས་མ་ཡེངས་བཞག་པ་ལས༔ དགོངས་པའི་ཉམས་སུ་རྨི་ལམ་འདི་ལྟར་བྱུང་༔ དུས་གསུམ་རྒྱལ་བའི་དགོངས་པའི་བཅུད་ཕྱུང་ཞིང་༔ སྐྱེ་མེད་དོན་ལ་མཁས་པ་པཎྜི་ཏའི༔ ཐུགས་ཀྱི་ཡང་སྙིང་རིན་ཆེན་གླེགས་བམ་གཅིག༔ རྡོ་རྗེ་གདན་དུ་རྒྱས་བཏབ་སྦས་པ་ལས༔ བོད་ཀྱི་བན་དྷེ་སྤྲུལ་པ་མི་གཉིས་ཀྱིས༔ རིན་ཆེན་གླེགས་བམ་བོད་དུ་ཁྱེར་ཞིང་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ༔ ཞེས་སྨྲས་སོ༔ དེར་པཎྜི་ཏ་རྣམས་ཀྱི་ནང་ནས་གང་ཚང་མ་ཚང་དང་༔ རྡོ་རྗེ་གདན་དུ་གང་སོང་རྩད་བཅད་པས་རྩད་མ་ཆོད༔ རྡོ་རྗེ་གདན་དུ་ཆོས་སྐྱོང་བའི་རྒྱལ་པོ་དང་༔ དཀོན་གཉེར་ལ་སོགས་པ་རྣམས་ལ་འདིར་མན་ངག་རྒྱས་བཏབ་པའི་རྩ་རུ་སུ་བྱུང་ཞེས་དྲིར་བཏང་ཡང་༔ འདིར་སུ་ཡང་མ་བྱུང་ཟེར་ཏེ་རྩད་མ་ཆོད་དོ༔ དེར་པཎྜི་ཏ་རྣམས་བཀའ་བགྲོས་ཏེ་རྡོ་རྗེ་གདན་གྱི་མན་ངག་རྣམས་སུས་ཀྱང་མ་ལེན་ཅིག༔ གང་གིས་བླངས་པ་ལ་པཎྜི་ཏ་རྣམས་དང་༔ ཆོས་སྐྱོང་བའི་རྒྱལ་པོས་ཆད་པ་གཅོད་ཅེས་བཀའ་ཁྲིམས་ཆེན་པོ་བཅས་སོ༔

བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ མན་ངག་གི་ཆོས་བཙལ་བའི་སྐབས་ཏེ་བཅུ་པའོ༔