ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བཅུ་གཉིས་པ

From Rangjung Yeshe Wiki Texts
Revision as of 12:50, 27 July 2010 by Cfynn (talk | contribs) (Created page - added text of twelth chapter)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༈ བཻ་རོ་ཙ་ནས་རྒྱལ་པོ་རཱ་ཧུ་ལ་བྷི་བྷི་བཏུལ་བ།

དེ་ནས་སློབ་དཔོན་བཻ་རོ་ཙ་ནས་འཕྲང་སྲུང་གི་དཔོན་ཀུ་ཧ་ར་དྷ་དུ་བཙལ་བས་མ་རྙེད་ནས༔ དེ་ནས་རྐང་མགྱོགས་ཀྱི་དཔོན་པོ་ཀུ་མཱ་ར་ལ་གསེར་གྱི་པ་ཏྲ་གཅིག་བྱིན་ནས་གྲོགས་པོ་བྱས་མནའ་ཐོ་བྱས་ཏེ༔ རྐང་མགྱོགས་རྟག་ཏུ་ཕས་ཀྱང་བུ་ལ་བསྟན་དུ་མེད༔ འདི་ནས་བོད་དུ་སླེབ་པ་ཙམ་ཞིག་བྱིན་ནོ་ཟེར་ནས་གནང་ངོ་༔ རྒྱ་གར་བ་ལ་གླག་ཁྲ་མོ་གཟན་ལ་འཛུམ་པ་ཙམ་ཡོད་པ་དེ་ལས༔ བཻ་རོ་ལ་མགོ་བོ་རི་རྩིབས་གཅོད་པ་ཙམ་བྱིན་ནོ༔ དེ་ནས་ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་བྱ་བར༔ རེ་མ་ཏཱིའི་རྐང་མགྱོགས་བསྒྲུབ་ཏུ་ཕྱིན་པས༔ ཡུལ་མི་དེའི་རྒས་པོ་དང་བྷ་ཤིག་མང་པོས་གང་ནས་འོང་༔ ཁྱེད་ལ་དགོས་པ་ཅི་ཡོད་ཅེས་དྲིས་པས༔ བཻ་རོ་ཙ་ནས་མགུར་གསུངས་པ༔ བདག་ནི་བཻ་རོ་ཙ་ན་སྟེ༔ དམིགས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས༔ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཡངས་ནས༔ ཡ་མཚན་རྨད་བྱུང་བདག་གི་ལུས་འདི་རྙེད༔ མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས་ནས་འོང་༔ འཇིག་རྟེན་འདི་ཡི་དགོས་གཏམ་མི་བགྱིས་ཏེ༔ ཀུན་གཞི་མ་བཅོས་བདེ་ཆེན་ལྷུན་རྫོགས་པའི༔ མཁའ་ལྟར་དག་པའི་བྱང་ཆུབ་སེམས་ཉིད་འདི༔ རིག་པའི་ཀློང་ནས་ཐུགས་རྗེའི་ཉི་ཤར་བས༔ དུས་གསུམ་རྒྱལ་བའི་དགོངས་པ་བདག་གིས་རྙེད༔ སྐྱེ་མེད་མི་དམིགས་ཡི་གེ་ཨ་གཅིག་ལས༔ དགོངས་པའི་དོན་དུ་བྱ་བ་དེ་ལས་མེད༔ ཨ་ནི་ཡེ་ནས་མི་དམིགས་སྐྱེ་མེད་དེ༔ སྐྱེ་མེད་ཆོ་འཕྲུལ་དགོས་དགུ་འབྱུང་བའི་ཕྱིར༔ ཡི་གེ་ཨ་ནི་དགོངས་པའི་འབྱུང་ཁུངས་ཏེ༔ དེ་ལས་བྱུང་བའི་དེ་ནི་འདི་རྣམས་སོ༔ ནོར་ནི་མ་མཆིས་མཁས་པའི་མན་ངག་འཆང་༔ བླ་མ་མ་མཆིས་པཎ་ཆེན་ཉེར་ལྔ་ཡིན༔ འཁོར་ནི་མ་མཆིས་ལྷ་སྲིན་སྡེ་བརྒྱད་འཁོར༔ ཆུང་མ་མ་མཆིས་ཀུན་ཏུ་བཟང་མོའི་མཁའ༔ གྲོགས་ནི་མ་མཆིས་མ་མོ་མཁའ་འགྲོའི་གྲོགས༔ ཟས་ནི་མ་མཆིས་སེམས་ཉིད་དབྱིངས་ན་ཟ༔ རྟ་ནི་མ་མཆིས་ཚོགས་བརྒྱད་ཡིད་ཀྱི་རྟ༔ བུ་ནི་མ་མཆིས་རིག་པ་ཡེ་ཤེས་བུ༔ ལྷ་ནི་མ་མཆིས་རང་གི་སེམས་ཉིད་ལྷ༔ མཐུ་ནི་མ་མཆིས་དུག་གསུམ་རྩད་ནས་གཅོད༔ རྟེན་ས་མ་མཆིས་དོ་ནུབ་རྟེན་ས་ཞུ༔ བྱས་པས་ཀུ་ཤའི་ཡུལ་གྱི་མི་རྣམས་རབ་ཏུ་དགའ་ནས༔ ཕྱག་དུས་གཅིག་ལ་བཙལ་ནས་ཞབས་ནས་བཏེག་སྟེ༔ དེར་ལོ་གཅིག་ཏུ་ལྕགས་ཀྱི་དྲེལ་རྟ་བསྒྲུབས་པས་གྲུབ་སྟེ༔ དེ་ནས་ཐོན་ནས་ཡུལ་ཀོ་ཤ་ཙན་དན་གྱི་གླིང་དུ་ཕྱིན་པས༔ ད་ཀོའི་རྒྱལ་པོ་རཱ་ཧུ་ལ་བྷི་བྷི་འོད་བྱ་བ་ན་རེ༔ བོད་ཀྱི་བན་དྷེ་སྐྱེ་བ་མེད་པའི་ཆོས་ཞེས་བྱ་བ་ཇི་ལྟ་བུ་ཞིག་མཆིས༔ བཀའ་སྩོལ་ཞེས་བྱས་ནས་རས་ཀྱི་པར་ཀ་ཏ་གཅིག་ཕུལ་བ་དེ་སྐུ་ལ་གསོལ་ཏེ་ལན་མགུར་དུ་གསུངས་པ༔ བདག་ནི་རྣམ་པར་སྣང་མཛད་དེ༔ འགྲོ་བ་རྣམ་པ་སྣ་ཚོགས་ལ༔ གསལ་ཁྱབ་ཉི་མ་བྱ་དགོངས་ནས༔ དཀའ་བ་བཅུ་དྲུག་དཀའ་ལས་བགྱིས༔ སྒྱུ་མའི་གཟུགས་ཕུང་ལུས་རྒས་ཏེ༔ སྟོན་པའི་ཐུགས་རྗེ་བདག་ལ་ཤར༔ ཀུན་ལ་རྣམ་པར་སྣང་མཛད་པས༔ མིང་ཡང་རྣམ་པར་སྣང་མཛད་ཡིན༔ མིང་དང་དོན་དུ་བདག་མཐུན་ཏེ༔ ཆོས་དབྱིངས་མཁའ་ལྟར་དག་པའི་སྟེང་རྫོགས་པས༔ སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེད༔ སྟོན་པའི་ཞལ་སྐྱིན་བདག་གིས་བཤད་པར་བགྱི༔ རྒྱལ་པོ་སེམས་ལ་གོ་བར་བྱ་ཡིས་བག་ཙམ་ཉོན༔ དམིགས་སུ་མེད་པའི་བྱང་ཆུབ་སེམས༔ གཟུང་དང་འཛིན་པ་གཉིས་དང་བྲལ༔ ཐ་སྙད་ཚིག་གི་སྒྲ་སྤངས་ནས༔ དེ་ཉིད་གསལ་ལ་མ་ཡེངས་པས༔ སྐྱེ་བ་མེད་པའི་ཆོས་དབྱིངས་ཡིན༔ དགོངས་པའི་དོན་དུ་དེ་བཞིན་གོ༔ དེ་ཉིད་མ་ནོར་བསྒོམས་པས་ན༔ སྐྱེ་བ་ཕྱིས་མི་ལེན་པར་བཤད༔ ཅེས་གསུངས་པས༔ ད་ཀོའི་རྒྱལ་པོས་ཡང་ཞུས་པ༔ སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་ཏེ༔ དེ་ཉིད་གནས་སུ་དག་ན་ལོངས་སྤྱོད་རྫོགས་པའི་སྐུ་ལོངས་སྤྱོད་དང་འདྲའམ་མི་འདྲ་ཞེས་པས༔ བཻ་རོས་ལན་གསུངས་པ༔ ཀུན་གཞི་རྣམ་ཤེས་རང་གི་བློ་ཡིན་ཏེ༔ མ་བཅོས་བློ་ལས་ཆོས་དབྱིངས་གུད་ན་མེད༔ དེ་ཕྱིར་དབྱིངས་དང་ཀུན་གཞི་ཐ་དད་མེད་པའི་ཆོས༔ ཞེ་རྩ་བཅད་པས་གཉིས་སུ་མེད་པར་གདའ༔ གཉིས་མེད་མ་བཅོས་ཐམས་ཅད་རྫོགས་པའི་ལུང་༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་ཞུས་པ༔ རིག་པ་ཡེ་ཤེས་དབྱིངས་ལས་གཡོས་པ་མེད༔ མ་རིག་བསླད་ཀྱང་དབྱིངས་དང་ཐ་དད་མེད༔ ཅེས་བགྱི་བ་ཇི་ལྟར་ལགས་ཞུས་པས༔ བཻ་རོས་ལན་གསུངས་པ༔ རིག་པའི་དུས་ན་ཡེ་ཤེས་དབྱིངས་སུ་སྣང་༔ མ་རིག་དུས་ན་ཡེ་ཤེས་འཁོར་བར་སྣང་༔ རིག་དང་མ་རིག་ཁྱད་པར་ཆེ་ཡིས་ཀྱང་༔ དབྱིངས་ཆེན་ཉིད་ལས་གཞན་དུ་འཕོས་པ་མེད༔ རིག་དང་མ་རིག་ཁྱད་པར་བསམ་ཡས་ཀྱང་༔ རིག་པར་གྱུར་ན་བདེ་ཆེན་ཆོས་ཀྱི་སྐུ༔ ཀུན་གཞིའི་དབྱིངས་ལས་གཞན་དུ་འགྱུར་བ་མེད༔ ཅེས་གསུངས་སོ༔ རྒྱལ་པོས་ཞུས་པ༔ གསང་བས་ཡང་གསང་རྣལ་འབྱོར་ཐེག་མཆོག་འདི༔ ལྟ་བའི་ལམ་ཆེན་སྤྱད་ན་ཇི་ལྟར་ལགས༔ ཞེས་ཞུས་པས༔ བཻ་རོས་ལན་གསུངས་པ༔ ཐེག་ཆེན་གསང་སྔགས་འབྲས་བུའི་ཆོས་ཆེན་པོ༔ ཐུན་མོང་མ་ཡིན་མཆོག་ཏུ་གསང་བའི་ཆོས༔ མངོན་དུ་སྣང་ཡང་ཀུན་གྱིས་རྟོགས་དཀའ་བས༔ གསང་སྔགས་རྨད་བྱུང་བསྟན་པའི་སྙིང་པོའི་ཆོས༔ ཆོས་ཀུན་ཕྱོགས་བྲལ་མཉམ་ཉིད་རང་སྣང་དུ༔ མངོན་སུམ་ངོ་སྤྲོད་ཕྱོགས་རིས་ཐེ་ཚོམ་གཅོད༔ གསང་སྔགས་ཐེག་མཆོག་འདི་ནི་དམ་པར་གསུངས༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་ཞུས་པ༔ ཡོ་ག་དང་༔ མཧཱ་ཡོ་ག་དང་༔ ཨ་ནུ་ཡོ་ག་དང་༔ ཨ་ཏི་ཡོ་ག་བཞིའི་དོན་དམ་པ་ལ་ཁྱད་པར་མཆིས་སམ་མ་མཆིས་ཞེས་ཞུས་པས༔ བཻ་རོས་ལན་གསུངས་པ༔ རང་བཞིན་མི་དམིགས་ཆོས་དབྱིངས་གཅིག་ཉིད་ཀྱང་༔ ཡོ་ག་རྣམ་གསུམ་ལྟ་སྤྱོད་མ་འཕྱུགས་ན༔ ཆོས་ཉིད་གསལ་བའི་གཏིང་མཐའ་མི་དཔོག་པས༔ ལྟ་སྤྱོད་ཡན་གར་གྱུར་ན་འགྲུབ་མི་སྲིད༔ ཨ་ཏི་ཡོ་ག་རྫོགས་ཆེན་བྱང་ཆུབ་འདི༔ ལྷུན་གྱིས་རྫོགས་པས་ལྟ་སྤྱོད་གཉིས་དང་བྲལ༔ བཅོས་སུ་མེད་པས་ཡེ་ནས་རྣམ་པར་དག༔ གང་ཡང་མ་འགག་བདེ་ཆེན་ལྷུན་རྫོགས་པས༔ ལྟ་དང་སྤྱོད་ཅེས་བྱ་བའི་ཐ་སྙད་ལ༔ དབྱིངས་དང་ཡེ་ཤེས་བྱ་བའི་ཚོགས་ལས་འདས༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་ཞུས་པ༔ སྟོན་ཆེན་གཉིས་དང་ཨ་ཏི་ཡོ་གའི་ལྟ་བ་གང་མཐོ་ཞུས་པས༔ ཡང་བཻ་རོས་གསུངས་པ༔ ལྟ་ཕུགས་ཆོས་ཀྱི་དབྱིངས་སུ་གཅིག་ན་ཡང་༔ དང་པོ་འཇུག་པའི་སྒོ་ནས་མ་མཉམ་སྟེ༔ སྟོན་ཆེན་ལ་སོགས་སྟོང་སྒོམ་རྣམ་གསུམ་པོ༔ འགྲོ་བ་ཐབས་ཀྱིས་འདྲེན་པའི་བསྟི་གནས་སུ༔ ད་ལྟ་ཉིད་དུ་འབྲས་བུ་ཐོབ་དཀའ་གསུངས༔ མཐར་ཐུག་སྟོང་པར་བརྟགས་པ་རྒྱུ་ཡི་ཆོས༔ འཁོར་བའི་ཆོས་རྣམས་ཐབས་ཀྱིས་སྤོང་བྱེད་ཅིང་༔ སྟོང་པའི་ཆ་ཡིས་སྒྲིབ་པ་གཉིས་སྦྱངས་ནས༔ བསྐལ་པར་བརྒྱུད་ནས་བྱང་ཆུབ་དོན་འདོད་པས༔ ཐེག་པ་ཆེན་པོར་ཡིད་སྨོན་འཁས་ཆེས་ཀྱང་༔ རྫོགས་པ་ཆེན་པོའི་གཏིང་མཐའ་ག་ལ་དཔོག༔ ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྩེ༔ རྣམ་ཐར་ཀུན་གྱི་ཐེག་པའི་མཐར་གཏུགས་པ༔ རང་བཞིན་ལྷུན་རྫོགས་ཡིད་བཞིན་ནོར་བུའི་སྐུ༔ ནམ་མཁའ་བཞིན་དུ་ཡོངས་ཀྱི་གཞིར་གྱུར་པ༔ མཉམ་ལ་མ་འདྲེས་ཁྱད་པར་བསམ་ཡས་ཏེ༔ སྟོན་ཆེན་སྟོན་པར་ཁུངས་འབྱིན་དེ་ཉིད་དང་༔ ལྟ་སྤྱོད་ལ་སོགས་ཁྱད་པར་ཀུན་འཕགས་ཏེ༔ ལྟ་བ་སྟོང་ཞེས་བྱ་བའི་ཚིག་ལས་འདས༔ སྤྱོད་པ་ཀུན་བཟང་རོལ་པ་ཀུན་ལ་གདལ༔ ལྟ་སྤྱོད་གཉིས་ཀྱང་མ་བཅོས་ལྷུན་གྱིས་རྫོགས༔ ཞེས་གསུངས་སོ༔ རྒྱལ་པོས་ཡང་ཞུས་པ༔ མཧཱ་ཡོ་གའི་རྣལ་འབྱོར་པས་ཉམས་སུ་བླངས་ནས་བསྒོམས་ན་ཇི་ལྟར་བསྒོམ་ཞེས་ཞུས་པས༔ བཻ་རོས་གསུངས་པ༔ སྐྱེ་མེད་དབྱིངས་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ སྣང་སྲིད་ཕྱག་རྒྱའི་ལྷ་རུ་གསལ་བ་ལས༔ ལུས་ཀྱི་སྒུལ་སྐྱོད་ཕྱག་རྒྱའི་སྐུར་སྣང་ཞིང་༔ ངག་གིས་ཅི་སྨྲས་ཐམས་ཅད་ཆོས་ཀྱི་སྒྲ༔ ལག་ཏུ་ཅི་བཟུང་ཐམས་ཅད་ཕྱག་རྒྱ་སྟེ༔ ཕྱག་རྒྱ་ཆེན་པོའི་ལྷ་ཡི་སྐུ་རྣམས་སུ༔ སྣོད་བཅུད་གཉིས་ཀ་གསལ་བར་གྱུར་ཙམ་ན༔ མ་བཅོས་རང་བཞིན་དབྱིངས་སུ་གསལ་བ་ནི༔ མཧཱ་ཡོ་གའི་དགོངས་པ་མཐར་ཐུག་པའོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཡོ་གའི་ཐེག་པ་མཐའ་དག་ཨ་ཏི་ཡོ་གར་རྫོགས་ན༔ ཨ་ཏི་ཡོ་ག་ནི་ཡེ་ནས་ཚིག་ལས་འདས་ཏེ་སངས་རྒྱས་པ་ཡིན་ན༔ ཁམས་གསུམ་སངས་རྒྱས་པར་བསྒོམས་ན་ཇི་ལྟར་བསྒོམ་ཞེས་ཞུས་པས༔ ཡང་གསུངས་པ༔ ཀུན་གཞི་མ་བཅོས་ཡེ་ནས་ལྷུན་གྱིས་རྫོགས༔ འགྱུར་མེད་ཀུན་གཞི་གདལ་བས་ཡེ་སངས་རྒྱས༔ འགྲོ་བའི་ཀུན་གཞི་ཡེ་ནས་དམིགས་པ་མེད༔ ཡེ་ནས་ལྷུན་གྱིས་རྫོགས་པས་ཡེ་སངས་རྒྱས༔ འགྲོ་བ་ཀུན་གཞི་མ་བཅོས་ཆོས་ཉིད་ལ༔ ངང་ལས་མ་བཅོས་དེ་ཉིད་དེ་བཞིན་ཡིན༔ ཁམས་གསུམ་ཡེ་སངས་རྒྱས་པར་བསྒོམ་པའོ༔ ཞེས་གསུངས་པས༔ རྒྱལ་པོའི་དྲེགས་པ་ཆག་ནས་ཕྱག་ལན་སྟོང་དུ་བཙལ་ནས༔ དེ་རྣམས་ཀྱི་དོན་དྲིལ་ཏེ་ད་ལྟ་ཉིད་དུ་འཆར་བ་ཅིག་ཞུ་ཞེས་པས༔ བཻ་རོས་གསུངས་པ༔ བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་ལོ༔ སྲིད་པ་གསུམ་ནི་ཡེ་ནས་དག་པའི་ཞིང་༔ སྙིགས་མ་ལྔ་ཉིད་ཡེ་ནས་བདེ་བའི་ཞིང་༔ སྣང་སྲིད་འཁོར་འདས་བྱང་ཆུབ་སེམས་ཀྱི་སྲས༔ སྣོད་བཅུད་ཐམས་ཅད་རང་གི་ངོ་བོར་དག༔ སྲིད་གསུམ་ཡེ་ནས་རྣམ་དག་ཆོས་ཀྱི་དབྱིངས༔ སྲིད་གསུམ་རྣམ་དག་དགོངས་པ་འདིས་མཛོད་ཅིག༔ ཅེས་གསུངས་པས༔ རྒྱལ་པོ་རབ་ཏུ་མཉེས་ཤིང་ཡི་རངས་ནས༔ དེའི་དོན་གཅིག་ཀྱང་ཞུ་འཚལ་ཞེས་ཞུས་པས༔ ཡང་བཻ་རོས་གསུངས་པ༔ ནམ་མཁའ་ཀློང་ཡངས་སྲིད་གསུམ་གདལ་བ་ལ༔ སྣང་སྲིད་ཀློང་ཡངས་མི་སྲིད་དགུ་སྲིད་པ༔ སྐྱེ་མེད་བྱང་ཆུབ་སེམས་སུ་རྣམ་པར་དག༔ སེམས་ཉིད་རྣམ་དག་ཀློང་ཆེན་ཡངས་པ་ནས༔ སྲིད་གསུམ་སེམས་ཅན་མ་ལུས་སྣང་བ་ཡང་༔ བྱང་སེམས་རང་གི་ངོ་བོར་རྣམ་པར་དག༔ དེ་ཕྱིར་ཕྱོགས་བྲལ་རྣམ་དག་བདེ་ཆེན་ཀློང་༔ ཡེ་ནས་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་པས༔ དེར་རྒྱལ་པོ་རཱ་ཧུ་ལ་བྷི་བྷི་རབ་ཏུ་མཉེས་ནས༔ བཻ་རོའི་ཞབས་སྤྱི་བོར་བླངས་ཏེ་ཕྱག་བཙལ་ནས༔ འཕགས་པ་བྱམས་པའི་སྐུ་གསེར་ལས་བྱས་པ་གཅིག་ཕུལ་ཏེ༔ སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད་ཀྱིས་ཀྱང་༔ སྒྲིབ་གཉིས་སྦྱང་ཞིང་ཚོགས་གཉིས་རྫོགས་པའི་སྐུ༔ སྐུ་གསུམ་མཆོག་གྱུར་རྣམ་པར་སྣང་མཛད་ལ༔ དུས་གསུམ་རྒྱལ་བའི་གཟུགས་སྐུར་བྱར་མེད་ཀྱང་༔ རྒྱལ་པོ་བདག་གི་སྒྲིབ་པ་སྦྱང་བའི་ཕྱིར༔ ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུ་གཅིག་འབུལ༔ དབྱིངས་ཀྱི་ཐུགས་རྗེ་བདག་ལ་ཤར་བར་མཛོད༔ ཅེས་ཕུལ་ལོ༔

བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ བཻ་རོ་ཙ་ནས་རྒྱལ་པོ་རཱ་ཧུ་ལ་བྷི་བྷི་དྲེགས་པ་བཅགས་པའི་རྒྱུད་བཏུལ་བའི་སྐབས་ཏེ་བཅུ་གཉིས་པའོ༔

རྒྱ་རྒྱ་རྒྱ༔