འཇམ་དཔལ་རྒྱུད་ལུགས་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས།

From Rangjung Yeshe Wiki Texts
Revision as of 08:01, 7 March 2019 by Eric (talk | contribs)
Jump to navigation Jump to search

༄༅། །འཇམ་དཔལ་རྒྱུད་ལུགས་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས།

ཁྱབ་བདག་དང་པོའི་སྟོན་པ་ཀུན་ཏུ་བཟང༌། །ངེས་པ་ལྔ་ལྡན་རིགས་ལྔ་གང་ཆེན་མཚོ། །སྒྱུ་འཕྲུལ་རོལ་མོ་རིགས་གསུམ་སེམས་དཔའ་ལ། །གསོལ་བ་འདེབས་སོ་རྒྱལ་བ་དགོངས་པའི་བརྒྱུད། །སེམས་ཉིད་སྤྲོས་བྲལ་འཇམ་དཔལ་ཡེ་ཤེས་སེམས། །གཟུང་འཛིན་གཉིས་མེད་དོན་དམ་ཇི་ལྟ་དང༌། །ཐ་སྙད་ཀུན་རྫོབ་མ་འདྲེས་ཇི་སྙེད་པའི། །མཁྱེན་གཉིས་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །རྒྱལ་བའི་གདུང་འཚོབ་རིགས་ཅན་དྲ་མ་ལྔ༌། །དགའ་རབ་ཤྲཱི་སེངྷ་རྒྱལ་པོ་ཛཿ རིག་འཛིན་རྣམ་བརྒྱད་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་རིག་འཛིན་བརྡ་ཡི་བརྒྱུད། །སེམས་ཉིད༴ སོགས། ཚངས་པའི་མེ་ཏོག་རྗེ་འབང་ཉི་ཤུ་ལྔ༌། །གྲུབ་པའི་དབང་ཕྱུག་གཏེར་སྟོན་བརྒྱ་རྩ་བརྒྱད། །འཇམ་དཔལ་གྲུབ་པ་མི་ཕམ་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་གང་ཟག་སྙན་ཁུང་བརྒྱུད། །སེམས་ཉིད༴ རིག་སྟོང་གདོད་མའི་མགོན་པོ་འཇམ་དཔལ་དབྱངས། །རྣམ་ཀུན་མཆོག་ལྡན་ལྷ་མོ་དབྱངས་ཅན་མ། །མཁའ་ཁྱབ་ཞིང་གི་རྒྱལ་དང་དེ་སྲས་ཀྱི། །སྤྲོ་དང་བསྡུ་བའི་བྱེད་པོ་ཡེ་ཤེས་སེམས། །གསོལ་བ་འདེབས་སོ་ལྷག་པའི་ལྷ་མཆོག་དགོངས། །སེམས་ཉིད་སྤྲོས་བྲལ་འཇམ་དཔལ་ཡེ་ཤེས་སེམས། །གཟུང་འཛིན་གཉིས་མེད་དོན་དམ་ཇི་ལྟ་དང༌། །ཐ་སྙད་ཀུན་རྫོབ་མ་འདྲེས་ཇི་སྙེད་པའི། །མཁྱེན་གཉིས་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །གནས་ཡུལ་ཞིང་གི་བདག་པོ་མཁའ་འགྲོ་མ། །རྒྱལ་བའི་བསྟན་པ་སྲུང་བའི་དྲེགས་པ་ཅན། །ཁྱད་པར་འཇིགས་བྱེད་ལས་ཀྱི་གཤིན་རྗེ་ལ། །གསོལ་བ་འདེབས་སོ་མ་སྲིང་དམ་ཚིག་ཅན། །སེམས་ཉིད་སྤྲོས་བྲལ་འཇམ་དཔལ་ཡེ་ཤེས་སེམས། །གཟུང་འཛིན་གཉིས་མེད་དོན་དམ་ཇི་ལྟ་དང༌། །ཐ་སྙད་ཀུན་རྫོབ་མ་འདྲེས་ཇི་སྙེད་པའི། །མཁྱེན་གཉིས་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ཅེས་པའང་ཤཱཀྱའི་དགེ་ཚུལ་སྤོབས་པ་བརྩེགས་པས་བསྐུལ་ངོར་སྔགས་བཙུན་ཟིལ་གནོན་དགྱེས་པ་རྩལ་ཞེས་འབོད་པས་བྲིས་པ་དགེའོ།། །།ཙིནྟཱམཎིཔཱུ་ཛ་མཱ་ལ་སཾ་གྲཧྶསྟི།།


༄༅། །མཆོད་ཕྲེང་བསྡུས་པ་ཙིནྟཱ་མ་ཎི་བཞུགས་སོ། ། མཆོད་པ་རྣམས་ནམ་མཁའ་མཛོད་དམ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་ཀུན་ཏུ་བཟང་པོའི་མཆོད་སྦྱིན་བདེ་བ་ཆེན་པོར་བྱིན་གྱིས་བརླབས་ལ། ཨོཾ། འགྲོ་མགོན་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །ཕྱོགས་དུས་བདེ་བར་གཤེགས་པ་སྲས་དང་བཅས། །མཉམ་པ་ཉིད་གྱུར་ཡེ་ཤེས་ཆེན་པོའི་སྐུ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་པ། །དཀྱིལ་འཁོར་ལྷ་ཚོགས་རིག་འཛིན་མཁའ་འགྲོ་དང༌། །དམ་ཅན་སྲུང་མར་བཅས་པ་འདིར་གཤེགས་ཏེ། །མཆོད་པའི་སྤྲིན་འབྱུང་གཞལ་མེད་ཁང་གི་དབུས། །བདེ་བའི་གདན་ལ་དགྱེས་པར་བཞུགས་སུ་གསོལ། །དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །ཡིད་འོང་ཆོས་ཀྱི་མཆོད་པ་ཅི་མཆིས་པ། །སྣང་སྟོང་སྒྱུ་མ་བདེ་བའི་གཏེར་ཆེན་པོ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ལྷ་རྫས་འཁོར་ལོ་ནོར་བུ་བཙུན་མོ་བློན། །རྟ་མཆོག་གླང་པོ་དམག་དཔོན་རྒྱལ་སྲིད་བདུན། །ཁང་བཟང་མལ་ཆ་རལ་གྲི་ལ་སོགས་པ། །ཉེ་བའི་རིན་ཆེན་བདུན་བཅས་མཆོད་པར་འབུལ། །སྣ་ཚོགས་རིན་པོ་ཆེ་དང་གྲུབ་པའི་རྫས། །སྨན་མཆོག་བུམ་བཟང་ནོར་བུ་དཔག་བསམ་ཤིང༌། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང༌། །ལྷ་ཡི་སྐྱེད་ཚལ་འདོད་འབྱུང་གཏེར་གྱི་མཆོད། །མ་རྨོས་ལོ་ཏོག་གསེར་གྱི་སྙིང་པོའི་སྤྲིན། །འདོད་འཇོའི་བ་ཕྱུགས་བྲན་དང་གཞོན་པའི་གྲོང༌། །བཟའ་བཏུང་གོས་རྒྱན་ཡོ་བྱད་མཛོད་ལ་སོགས། །སྲིད་ན་གང་མཆིས་རྣམ་མང་འབྱོར་པས་མཆོད། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །མེ་ལོང་གི་ཝཾ་དུརྦ་བིལ་བ་ཞོ། །ལི་ཁྲི་ཡུངས་ཀར་དུང་སྟེ་བཀྲ་ཤིས་པའི། །རྫས་བརྒྱད་ལ་སོགས་དགེ་ཞིང་ཤིས་པ་ཡི། །རྣམ་མང་དངོས་པོས་དཀྱིལ་འཁོར་ལྷ་ཚོགས་མཆོད། །གདུགས་དང་གསེར་ཉ་བུམ་བཟང་པདྨ་དང༌། །དུད་དང་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་མཆོད་པར་བགྱི། །སྒེག་ཕྲེང་གླུ་གར་བདུག་སྤོས་མེ་ཏོག་དྲི། །སྣང་གསལ་པི་ཝཾ་གླིང་བུ་རྔ་རྫ་རྔ། གཟུགས་མཛེས་རེག་བདེ་རོ་མཆོག་ཆོས་ཀྱི་དཔྱིད། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད་པར་བགྱི། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་ཀུན། །ཟག་མེད་ཆོས་ཀྱི་མཆོད་པ་རྒྱ་མཚོའི་སྤྲིན། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགག་ལོངས་སྐུ་རིགས་ལྔའི་ཞིང༌། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་རྣམ་རོལ་བཞིན། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཕྱོགས་དུས་ཀུན་ཁྱབ་ཀུན་འབྱུང་རྣམ་པར་དག །ཟག་མེད་བདེ་བ་མཆོག་གིས་མཉེས་གྱུར་ཅིག །སྣང་སྲིད་གདོད་ནས་རྣམ་དག་བདེ་ཆེན་ཞིང༌། །ལྷུན་གྲུབ་རྒྱལ་བའི་འབྱོར་པ་བསམ་མི་ཁྱབ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །བླ་མེད་མཆོག་གི་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། འོག་ཏུ་འདི་བརྗོད་པས་མཆོད་པའི་སྤྲིན་རྒྱ་མཚོ་འབྱུང་བར་རྒྱུད་ལས་གསུངས་སོ། །བསྟོད་པ་ནི། ཞིང་གི་རྡུལ་སྙེད་ལུས་ལ་དེ་སྙེད་ལྕེས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རོལ་མོའི་སྒྲ། །སྲས་བཅས་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཉིད། །བསྔགས་པའི་བསྟོད་སྤྲིན་ཞིང་ཀུན་ཁྱབ་གྱུར་ཅིག །སྲིད་ན་སྙན་འཇེབས་སྒྲ་དབྱངས་ཅི་མཆིས་པས། །འཇིག་རྟེན་མགོན་ལ་བཀུར་སྟིར་བགྱིད་སླད་དུ། །དབྱངས་ཀྱི་རྒྱལ་མོའི་ཆོ་འཕྲུལ་རྨད་བྱུང་གིས། །རྒྱུན་མི་འཆད་པར་བསྒྲགས་ཤིང་བསྟོད་པར་བགྱི། །ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་ཏཱ། ཨ་བྷི་ཛྙཱ་ན་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། རིགས་སྔགས་འདི་བརྗོད་པས་ཡོན་ཏན་སྔགས་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བར་བྱེད་ཅེས་དམ་ཚིག་གསུམ་བཀོད་པའི་རྒྱུད་ལས་གསུངས་སོ། །འདོད་གསོལ་ནི། སྐྱབས་གནས་ཀུན་འདུས་ཡི་དམ་ལྷག་པའི་ལྷས། །སྲས་བཅས་རྒྱལ་བའི་བྱིན་རླབས་ཐུགས་རྗེའི་ཤུགས། །འགོག་མེད་སྤྲུལ་པའི་སྤྲིན་གྱིས་སེམས་ཅན་ཁམས། །ཕྱོགས་ཀྱི་མུ་དང་དུས་ཀྱི་མཐའ་གཏུགས་པར། །སྡུག་བསྔལ་ཀུན་ཞི་བདེ་བ་ཐམས་ཅད་སྒྲུབ། །ཟག་མེད་དགེ་བའི་སྦྱོར་བ་ཡང་དག་འབྱུང༌། །དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག །དེ་ཡིས་བདག་ཅག་གྲུབ་པ་ཉིད་སྩོལ་ཅིག །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོསྟུ་ཏེ་མ་ཧཱ་བཛྲ། སརྦ་སཏྭ་ཧི་ཏཾ་ཀ་ར་ཏིཥྛ་སརྦ་ཏྲ། སརྦྦེ་ཥཱཾ་དྷརྨཱ་ཎཱཾ་ཨ་དྷིཥྛ་ཡ་སྭཱ་ཧཱ། རིག་པའི་རྒྱལ་པོ་འདི་བརྗོད་པ་ཙམ་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་སྤྲུལ་པའི་སྤྲིན་ཆེན་པོ་སྤྲུལ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་རྣམ་པར་སྦྱོར་ཞིང་སྡུག་བསྔལ་རབ་ཏུ་ཞི་བ་དང༌། བདེ་བ་སྒྲུབ་པའི་མཛད་པ་བྱེད་པར་འགྱུར་རོ་ཞེས་དམ་ཚིག་གསུམ་བཀོད་ལས་གསུངས་སོ། །ཞེས་པ་འདི་ནི་ཤིང་སྦྲུལ་མགོ་ཟླའི་དམར་ཕྱོགས་ཀྱི་ཚེས་བཞིར་མི་ཕམ་པས་བཀོད་པ་མངྒ་ལཾ། ༈ །མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ་ནི། ཧོཿ སྣང་སྲིད་རྣམ་དག་མཉམ་པ་ཆེན་པོ་ལས། །མ་འགག་རང་སྣང་ཀུན་བཟང་མཆོད་པའི་སྤྲིན། །ལྷ་རྫས་ཉེར་སྤྱོད་བདུན་དང་འདོད་ཡོན་དྲུག །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུའི་གཏེར། །བདུད་རྩིའི་སྤྲིན་ཆེན་མ་རྨོས་ལོ་ཏོག་ཚལ། །འདོད་འཇོའི་བ་མཆོག་གྲུབ་པའི་དམ་རྫས་རིགས། །བཟའ་བཏུང་གོས་རྒྱན་ཉེ་བའི་རིན་ཆེན་སོགས། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཤིང༌། །རབ་འབྱམས་སྐུ་གསུམ་ཞིང་གི་བཀོད་པ་ཀུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དུས་གསུམ་རྒྱལ་བ་ཀུན་ནས་དགྱེས་བསྐྱེད་པའི། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་སྤྲོ་བ་ཡིས། །ཟག་མེད་བདེ་བའི་དཔལ་སྟེར་ཡིད་འོང་མ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱི་གླུ་གར་གྱིས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་ནས། །ལྷ་རྫས་མེ་ཏོག་ཚོགས་ཀྱི་ཆར་འབེབས་ཤིང༌། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་ཀུན། །ཟག་མེད་འབྱོར་པ་རྒྱ་མཚོའི་སྤྲིན་དུ་བཀོད། །ཆེ་བའི་ཡོན་ཏན་རྒྱ་མཚོར་བསྔགས་པ་ཡི། །བསྟོད་སྤྲིན་རྒྱ་མཚོའི་སྒྲ་དབྱངས་དང་བཅས་ཏེ། །སྣང་སྲིད་བདེ་སྟོང་མཆོད་པའི་ཕྱག་རྒྱ་རུ། །རྣམ་པར་སྤྲུལ་པའི་མཆོད་སྤྲིན་རབ་འབྱམས་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་རྣམ་རོལ་བཞིན། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ཀྱིས། །ཕྱོགས་དུས་ཀུན་ཁྱབ་ཀུན་འབྱུང་ཡིད་བཞིན་གཏེར། །ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་གྱུར་པས། །ཟག་མེད་བདེ་བའི་དཔལ་ཡོན་འཛད་པ་མེད། །གཟུང་འཛིན་མཚན་མ་ཀུན་ལས་རབ་འདས་པ། །རྨད་བྱུང་མཆོད་པ་ཆེན་པོ་ལྷུན་གྱིས་རྫོགས། །སྣང་སྲིད་གདོད་ནས་རྣམ་དག་བདེ་ཆེན་ཞིང༌། །ལྷུན་གྲུབ་རྒྱལ་བའི་འབྱོར་པ་བསམ་མི་ཁྱབ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པའང་མི་ཕམ་པས་སོ། ༈ །བླ་མེད་ལུགས་ཀྱི་མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ་ནི། ཧྲཱིཿ སྣང་སྲིད་རྣམ་དག་བདེ་ཆེན་ངང་ཉིད་ལས། མ་འགག་རང་སྣང་ཀུན་བཟང་མཆོད་པའི་སྤྲིན། །ལྷ་རྫས་ཉེར་སྤྱོད་བདུན་དང་འདོད་ཡོན་དྲུག །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །བུམ་བཟང་དཔག་བསམ་ཡིད་བཞིན་ནོར་བུའི་གཏེར། །བདུད་རྩིའི་སྤྲིན་ཆེན་མ་རྨོས་ལོ་ཏོག་ཚལ། །འདོད་འཇོའི་བ་མཆོག་གྲུབ་པའི་དམ་རྫས་རིགས། །བཟའ་བཏུང་གོས་རྒྱན་ཉེ་བའི་རིན་ཆེན་སོགས། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཤིང༌། །མཁའ་ཁྱབ་འཇིག་རྟེན་ཞིང་གི་བཀོད་པ་ཀུན། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨེ་ཡིག་སྟོང་པའི་དབྱིངས་དང་མཉམ་སྦྱོར་བ། །ཝྃ་ཡིག་བདེ་ཆེན་ཐིག་ལེའི་བཅུ་དྲུག་ཆ། །དགྱེས་སྐྱེད་གཟུངས་ཀྱི་ཕྱག་རྒྱར་ལེགས་ཤར་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་གླུ་གར་གྱིས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་ནས། །ལྷ་རྫས་མེ་ཏོག་ཚོགས་ཀྱི་ཆར་འབེབས་ཤིང༌། །སྣང་སྲིད་བདེ་སྟོང་མཆོད་པའི་ཕྱག་རྒྱ་རུ། །རྣམ་པར་སྤྲུལ་པའི་མཆོད་སྤྲིན་རབ་འབྱམས་འདི། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། །རྣམ་པར་དག་པའི་རང་བྱུང་མཆོད་རྫས་ནི། །དམ་རྫས་བདུད་རྩི་ལྔ་ལ་སོགས་པ་ཡི། །སྨན་རག་མཚོར་བསྐྱིལ་གཏོར་མ་ལྷུན་པོར་སྤུངས། །ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་དང༌། །སྣང་སྲིད་བདེ་ཆེན་ཞིང་དུ་སྦྱོར་བ་ཡི། །རྨད་བྱུང་གསང་བ་སྔགས་ཀྱི་དམ་ཚིག་རྫས། །མ་ཚང་མེད་པའི་འབྱོར་པས་བརྒྱན་པ་འདི། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པས། །ངན་རྟོག་མཚན་མའི་སྤྱོད་ཡུལ་ངང་གིས་མེད། །གཟུང་འཛིན་མཚན་མ་ཀུན་ལས་འདས་པ་ཡི། །མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱིས་ངང༌། །ཡེ་ནས་རྣམ་དག་འོད་གསལ་གཉུག་མའི་ཀློང༌། །མ་འགག་རང་སྣང་ཡེ་ཤེས་ཟེར་ཐིག་སྦྲེངས། །ལྷུན་རྫོགས་རྡོ་རྗེ་བཀོད་པའི་མཆོད་པ་འདི། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དེ་ལྟར་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །ཡིད་ལ་གང་འདོད་མཆོག་རྣམས་འགྲུབ་པ་དང༌། །འགྲོ་ཀུན་སྒྲིབ་གཉིས་བག་ཆགས་ཀུན་དག་ནས། །བླ་མེད་རྒྱལ་བའི་འབྱོར་མཆོག་ཐོབ་པར་ཤོག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པའང་འཇམ་དཔལ་དགྱེས་པས་སྤེལ་བ་དགེའོ། ༈ །མཆོད་པའི་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲེ་པཱ་ར་པྲ་མ་དྷ་ན་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛྭ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ་མ་ཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ༈ ཨོཾ་ག་ག་ན་སཾ་བྷ་བ་བཛྲ་བཱ་ཙ་ཧོ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་པཱུ་ཛྲ་མ་ཎི་པདྨ་བཛྲ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ་ས་མནྟ་པྲ་ས་ར་ཧཱུྃ། དེ་ལྟར་མཆོད་གཟུངས་དང༌། བྱང་སེམས་ནམ་མཁའ་མཛོད་ཀྱི་སྔགས་དང༌། གཟུངས་དང༌། དོན་ཡོད་མཆོད་པའི་སྙིང་པོའི་གཟུངས་འདི་རྣམས་གང་ཡང་མཆོད་པའི་སྔགས་ཁྱད་པར་ཅན་ཡིན་ནོ། །མཆོད་པའི་ཆོ་ག་འདི་དག་རྣམས། །བསོད་ནམས་ཚོགས་རབ་འཕེལ་བའི་ཕྱིར། །གཞན་ལ་ཕན་པར་འདོད་པའི་བློས། །ཤེས་རབ་འོད་གསལ་ཞེས་བྱས་བསྒྲུབས། །འདི་ལས་བྱུང་བའི་དགེ་བ་ནི། །དྲི་མེད་ཟླ་བའི་འོད་ཟེར་ལྟར། །རབ་ཏུ་དཀར་བ་གང་ཐོབ་པས། །མཐའ་ཡས་འགྲོ་བའི་ཚོགས་རྣམས་ཀྱིས། །སྐྱེ་བ་ཚེ་རབས་ཐམས་ཅད་དུ། །བསོད་ནམས་ཚོགས་ཆེན་ཐོབ་པ་དང༌། །རྒྱལ་བ་དགྱེས་པའི་ལམ་ལས་ནི། །རྫཽགས་པའི་སངས་རྒྱས་འགྲུབ་པར་ཤོག །རྣམ་དཀར་འདི་ཉིད་བགྱིད་པོ་དང༌། །འདི་ལས་འབྲེལ་བ་ཐོབ་པ་རྣམས། །རྒྱལ་བ་སྲས་བཅས་རྟག་མཆོད་ཅིང༌། །བསོད་ནམས་ཚོགས་ཆེན་རྫོགས་པར་ཤོག །ཅེས་བསྐུལ་བ་པོའི་ངོར་མི་ཕམ་པས་སོ། །མངྒ་ལཾ།། །།༄༅། །པཱུ ཛ བི དྷ མ ཎི མཱ ལ བི ཧ ར ཏི སྨ། །


༄༅། །མཆོད་ཆོག་ནོར་བུའི་ཕྲེང་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐལ་བཟང་སྐྱེས་བུ་ཚོགས་བསགས་པར་འདོད་པ་རྣམས་ཀྱིས་ཡི་དམ་ལྷག་པའི་ལྷ་གང་ཡང་རུང་བའི་དཀྱིལ་ཆོག་ལ་འདི་ཉིད་སྦྱར་བས་ཆོག་ཅིང༌། ཅི་འབྱོར་བའི་མཆོད་པ་གཙང་མ་བཀོད་ལེགས་པ་བཤམས་ལ། ཨོཾ་ཨཱཿཧཱུྃ་ཧོ། དངོས་སུ་བཤམས་ཤིང་ལྷ་རྫས་ལས་གྲུབ་པའི་མཆོད་པའི་ཚོགས་དང༌། བདེན་པའི་བྱིན་གྱིས་རླབས་དང༌། ཏིང་ངེ་འཛིན་དང་མོས་པའི་སྟོབས་ཀྱིས་སྤྲུལ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར། ནམ་མཁའ་མཛོད་དང་མཆོད་པའི་སྤྲིན་གྱི་གཟུངས་སོགས་ཀྱིས་བརླབ། ཨོཾ། རིན་ཆེན་ཁྲུས་ཁང་དྲི་ཞིམ་ཡིད་འོང་བར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་སྤོས་ཆུས་ལེགས་བཀང་བས། །གླུ་དབྱངས་རོལ་མོར་བཅས་ཏེ་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དྲི་ཞིམ་སྲབ་འཇམ་ཡང་བའི་ན་བཟའ་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་སུ་ཝཱ་སྟྲ་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ གཞལ་མེ་ཁང་བཟང་བཀོད་པས་ལེགས་བརྒྱན་པ། །ཡིད་མཐུན་གདན་དང་བདེ་བའི་ཡོ་བྱད་རིགས། །མ་ཚངས་མེད་འབྱོར་འདོད་དགུའི་སྤྲིན་ཕུང་འཁྲིགས། །གུས་པས་བསྟི་གནས་མཆོག་འདིར་ལེགས་བཞུགས་ནས། །ལྷར་བཅས་འཇིག་རྟེན་རྒྱ་མཚོའི་འགྲོ་བ་ཡི། །དང་བའི་སེམས་ཀྱིས་བསྟོད་པའི་དབྱངས་བཅས་པར། །རྡུལ་སྙེད་ལུས་ཀྱི་ཕྲེང་བས་རྣམ་བཏུད་ནས། །ཕྱག་འཚལ་མཆོད་པའི་སྤྲིན་གྱིས་མཉེས་བགྱིའོ། །ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། སྥ་ར་ཎ་ཁཾ་ས་མ་ཡེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་རྒྱ་མཚོ་དཔག་མེད་ན། །ཡིད་འོང་མཆོད་ཡོན་མཆོག་དང་ཞབས་བསིལ་དང༌། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ཇི་སྙེད་མཆིས་པ་དང༌། །བདག་གིས་གུས་པས་བཤམས་པ་དང་བཅས་ཏེ། །བདེན་པའི་མཐུ་དང་མོས་པའི་བློས་སྤེལ་བའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །ཡིད་འོང་ཆོས་ཀྱི་མཆོད་པ་ཅི་མཆིས་པ། །མ་ཚང་མེད་པར་མོས་པའི་བློ་ཡིས་ནི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕྱོགས་བཅུ་དུས་གསུམ་དག་གི་ཞིང་ཀུན་གྱི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པ་དེ་དག་གིས། །དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་གུས་པས་མཆོད། །ཨོཾ་ཥཥྟ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་སོགས། རྩིབ་སྟོང་འཁོར་ལོས་ས་ཀུན་རང་དབང་བསྒྱུར། །ནོར་བུས་ཡིད་བཞིན་འདོད་འཇོ་འོད་བཟང་འགྱེད། །ཡིད་འོང་བཙུན་མོས་ལུས་སེམས་བདེ་མཆོག་སྤེལ། །བློན་པོ་རིན་ཆེན་བཀའ་བཞིན་བཞེད་ཀུན་སྒྲུབ། །སྤྲིན་དཀར་ལྟར་མཛེས་བཞོན་མཆོག་གླང་པོ་ཆེ། །ཡིད་འོང་གཟུགས་ལྡན་མགྱོགས་འགྲོ་ཅང་ཤེས་རྟ། །ཕ་རོལ་དཔུང་ལས་རྣམ་རྒྱལ་དམག་དཔོན་ཏེ། །མི་དབང་འཁོར་ལོས་སྒྱུར་བ་མཆོག་རྣམས་ཀྱི། །བསོད་ནམས་ལས་གྲུབ་ལྷ་རྫས་རྒྱལ་སྲིད་བདུན། །སྲིད་འདིར་མངོན་མཐོའི་འབྱོར་པ་མཆོག་རྣམས་ཀྱིས། །ལྷ་ལམ་རབ་ཏུ་ཁྱབ་པའི་མཆོད་པའི་སྤྲིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཨོཾ་སཔྟ་རཏྣ་པཱུ་ཛ་སོགས། རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །གྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བུམ་བཟང་ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང༌། །མ་རྨོས་ལོ་ཏོག་ལྷ་ཡི་སྐྱེད་མོས་ཚལ། །འདོད་འཇོའི་བ་མཆོག་བྲན་དང་གཞོན་པའི་གྲོང༌། །འདོད་དགུའི་མཛོད་དང་གཏེར་གྱི་འབྱུང་ཁུངས་སོགས། །རྣམ་མང་འབྱོར་བས་ཞིང་འདི་ཡོངས་བཀང་ཞིང༌། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ཨོཾ་སརྦ་དྲ་བྱམ་བི་ཤྭ་པཱུ་ཛ་སོགས། ཞིང་གི་རྡུལ་སྙེད་ལུས་ལ་དེ་སྙེད་ལྕེས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རོལ་མོའི་སྒྲ། །སྲས་བཅས་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཉིད། །བསྔགས་པའི་བསྟོད་སྤྲིན་ཞིང་ཀུན་ཁྱབ་གྱུར་ཅིག །སྲིད་ན་སྙན་འཇེབས་སྒྲ་དབྱངས་ཅི་མཆིས་པས། །འཇིག་རྟེན་མགོན་ལ་བཀུར་སྟིར་བགྱིད་སླད་དུ། །དབྱངས་ཀྱི་རྒྱལ་མོའི་ཆོ་འཕྲུལ་རྨད་བྱུང་གིས། །རྒྱུན་མི་འཆད་པར་བསྒྲགས་ཤིང་བསྟོད་པར་བགྱི། །ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷ་བ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། མེ་ལོང་ཡེ་ཤེས་རྒྱ་མཚོ་རྣམ་དག་གསལ། །གི་ཝཾ་དུག་གསུམ་ནད་འཇོམས་སྨན་གྱི་མཆོག །ཞོ་ནི་ཀུན་གྱི་སྙིང་པོ་ཡོན་ཏན་བཅུད། །དུརྦས་ཚེ་འཕེལ་རྡོ་རྗེའི་ལང་ཚོ་འགྲུབ། །བིལ་བ་རྒྱུ་རྐྱེན་བཟང་ལྡན་བྱང་ཆུབ་འབྲས། །དུང་ནི་ཆོས་ཀྱི་སྒྲ་དབྱངས་ཀུན་དུ་ཁྱབ། །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཡུངས་དཀར་རྡོ་རྗེའི་རིགས་ཏེ་བགེགས་རྣམས་འཇོམ། །ཐུབ་མཆོག་དོན་ཀུན་གྲུབ་པས་བཀྲ་ཤིས་ཀྱི། །རྫས་སུ་བྱིན་བརླབ་དགེ་ལེགས་དཔལ་ཡོན་ཅན། །རིན་ཆེན་རྫས་མཆོག་བརྒྱད་ཀྱི་མཆོད་པའི་སྤྲིན། །དཔག་ཡས་ལྷ་ལམ་ཁྱབ་པ་དབུལ་བར་བགྱི། །ཨོཾ་ཨཥྟ་དྲ་བྱམ་པཱུ་ཛ་སོགས། རིན་ཆེན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །རྣམ་དག་མིག་ལྡན་བཀྲ་ཤིས་གསེར་གྱི་ཉ། །དགོས་འདོད་ཀུན་འབྱུང་དཔལ་གྱི་བུམ་པ་བཟང༌། །དྲི་མེད་ཡིད་འོང་འདབ་ལྡན་ཀ་མ་ལ། །སྙན་པའི་སྒྲ་དབྱངས་ཀུན་ཁྱབ་རིན་ཆེན་དུང༌། །ཡིད་ལ་བདེ་བའི་དཔལ་སྟེར་དཔལ་བེའུ། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་ཅན་མཐོ། །སྲིད་ལས་རྣམ་རྒྱལ་ལྷ་རྫས་འཁོར་ལོ་སྟེ། །རྒྱལ་བའི་མཚན་བཟང་བཀྲ་ཤིས་རྟགས་ཤར་བརྒྱད། །སྲིད་འདིར་དགེ་ལེགས་དོན་ཀུན་གྲུབ་བྱེད་པའི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་ལྷ་མོའི་ཚོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་འབུལ། །ཨོཾ་ཨཥྟ་མངྒ་ལ་པཱུ་ཛ་སོགས། རྡོ་རྗེ་སྒེག་མོ་ཕྲེང་ཐོག་གླུ་གར་དང༌། །བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་དང༌། །གཟུགས་མཛེས་རེག་བདེ་རོ་མཆོག་ཆོས་ཀྱི་དཔྱིད། །རྨད་བྱུང་དགའ་བ་སྐྱེད་པའི་ལྷ་མོ་རྣམས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་བས། །མཚུངས་མེད་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། གུས་པས་འདུད་ཅིང་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་དེ་ཝཱི་པཱུ་ཛ་སོགས། འདི་ནས་ཕྱི་མའི་མུ་མཐའ་ཇི་སྙེད་ཀྱི། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་ཡོངས་བཞེས་ཤིག །བླ་མེད་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིད་བཞིན་འདོད་དགུའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་དགྱེས་པར་འབུལ། །ཕྱོགས་དུས་བརྟན་དང་གཡོ་བའི་སྣང་ཆ་ཀུན། །སྣང་སྟོང་སྒྱུ་མ་བདེ་བའི་མཆོད་སྤྲིན་ཆེར། །མུ་མཐའ་མེད་པར་འབྱམས་སུ་ཀླས་པའི་དཔྱིད། །རྡོ་རྗེའི་དབང་པོར་ཐིམ་ཞིང་དགྱེས་གྱུར་ཅིག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་སོགས། མཉམ་ཉིད་མཁའ་དཀྱིལ་བྱང་སེམས་གཞལ་མེད་ཁང༌། །དད་པའི་མེ་ཏོག་ཚུལ་ཁྲིམས་དྲི་བསུང་འཐུལ། །ཤེས་རབ་སྣང་གསལ་སྙིང་རྗེའི་དྲི་ཆབ་ལྡན། །ཏིང་འཛིན་ཞལ་ཟས་བརྩོན་འགྲུས་རོལ་མོའི་སྒྲ། །སྦྱིན་པའི་མཆོད་ཡོན་བཟོད་པའི་ཞབས་བསིལ་རྒྱུན། །ཡང་དག་རིག་བཞིའི་གདུགས་སོགས་རྒྱན་གྱིས་མཛེས། །བསོད་ནམས་བུམ་བཟང་སྟོབས་མཆོག་ནོར་བུའི་གཏེར། །བྱམས་པའི་ཁྲུས་རྫིང་ཐབས་མཁས་དཔག་བསམ་ཤིང༌། །སྨོན་ལམ་དགའ་ཚལ་ཡེ་ཤེས་འདོད་འབྱུང་སྤྲིན། །མདོར་ན་ཟག་མེད་ཆོས་འབྱོར་མུ་མེད་པ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོར་ལེགས་ཤར་བས། །དཀྱིལ་འཁོར་ལྷ་ཚོགས་མཆོག་ཏུ་མཆོད་པར་བགྱི། །ཨོཾ་ལོ་ཀོཏྟ་ར་པཱུ་ཛ་སོགས། ཇི་ལྟར་འཇམ་དབྱངས་ཀུན་ཏུ་བཟང་པོ་སོགས། །བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱལ་བ་ལ། །མཆོད་པའི་སྤྲིན་གྱིས་མཉེས་པར་མཛད་པ་ལྟར། །མཆོག་གི་མཆོད་པས་རྒྱལ་རྣམས་མཉེས་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །སྣང་སྲིད་གདོད་ནས་རྣམ་དག་བདེ་ཆེན་ཞིང༌། །ལྷུན་གྲུབ་རྒྱལ་བའི་འབྱོར་པ་བསམ་མི་ཁྱབ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །བླ་མེད་མཆོག་གི་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨ་ནུཏྟ་ར་པཱུ་ཛ་སོགས། བར་འདིར་མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་མཐར། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགག་ལོངས་སྐུ་རིགས་ལྔའི་ཞིང༌། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །ཨོཾ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཇུག་བསྡུའི་སྨོན་ལམ་ནི། ཧོ། འདི་ལྟར་དངོས་སུ་བཤམས་དང་མོས་པའི་མཐུས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོར་བཀོད་པ་འདི། །ངོ་བོ་རྣམ་དག་ཡེ་ཤེས་རང་བཞིན་ལས། །རྣམ་པ་མ་ལུས་འདོད་དགུ་ཕུན་སུམ་ཚོགས། །བྱེད་ལས་ཟག་མེད་མཆོག་གི་བདེ་སྟེར་བ། །ཕྱོགས་ཀྱི་མཐར་ཁྱབ་དུས་ཀུན་རྒྱུན་མི་འཆད། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན། །མཚུངས་མེད་ཐུགས་རྗེས་ཆེན་པོས་ཡོངས་བཞེས་ནས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང༌། །ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང༌། །བླ་མེད་གྲུབ་མཆོག་བདག་ལ་སྩལ་དུ་གསོལ། །མཆོད་གཟུངས་བཟླ། མཉམ་མེད་མ་དང་ལྷ་སོ་སོའི་བསྟོད་པ་འདོན་པར་བྱའོ། །འདི་ནི་མཆོད་པའི་ཕྲེང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་གྱི་དོན་བསྡུས་ཏེ། མཆོད་ཕྲེང་འབྲིང་པོའི་ཚུལ་དུ་དགེ་བྱེད་ཆུ་སྟག་ཁྲུམ་ཟླའི་བཟང་པོ་དང་པོའི་ཚེས་གྲངས་ལ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །མཆོག་གི་ཞིང་ལ་ལེགས་མཆོད་བསོད་ནམས་ཀྱི། །རྫོགས་ལྡན་དུས་ཀྱི་སྤྲིན་ཆེན་རབ་རྒྱས་པས། །གནས་སྐབས་མཐར་ཐུག་དོན་ཀུན་འགྲུབ་སླད་དུ། །པར་འདི་བློ་བཟང་ཉི་མས་སྤེལ་བ་ལགས། །མངྒ་ལཾ།། །།༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར་བཞུགས་སོ། །


༈ ཤ་ཁྲག་གི་གཏོར་མ་དང་བདུད་རྩི་གསེར་སྐྱེམས་སོགས་བཤམས་ལ། དགྲ་བགེགས་འགུག་གཞུག་བསྒྲལ་ནས་བདུད་རྩི་བརླབས་ཏེ་འདི་སྐད་དོ། །ཧཱུྃ་ཛ༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །ལྷོ་ཕྱོགས་རིམ་པ་བདུན་གྱྀ་ས་འོག་ཏུ། །འཇིགས་རུང་སྒོ་མེད་ལྕགས་འཁར་བཅུུ་དྲུག་ནས། །འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས། །དྲག་པོའི་སེར་སྤྲིན་བཞིན་དུ་སྐུ་བསྐྱོད་ཅིག །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ནས། །ཚུར་གཤེགས་ཚུར་གཤེགས་འཆི་བདག་གཤིན་རྗེའི་རྒྱལ། །སྔོན་གྱི་དམ་ཚིག་གཉེན་པོ་རྗེས་དགོངས་ལ། །ཁྲག་ཞག་རྒྱ་མཚོའི་རྦ་ཀློང་ཀུན་ནས་འཁྱིལ། །དམར་ནག་བསྐལ་པའི་མེ་རླུང་འབར་ཞིང་འཁྲུགས། །རྡོ་རྗེ་ཐོག་གི་བུ་ཡུག་འཚུབ་པ་ཡི། །འབར་བའི་གནས་འདིར་དགྱེས་པར་བཞུགས་ནས་སུ། །འདའ་དཀའ་དམ་ཚིག་རྡོ་རྗེའི་བདུད་རྩི་བཞེས། །འབྲལ་མེད་སྙིང་གི་ཐིག་ལེར་དགོངས་མཛོད་ལ། །མཐུ་སྟོབས་ནུས་པ་ཐོགས་པ་མེད་པ་ཡི། །དྲག་པོ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་སྡུག་སྲིན་པོ་ཁྲོས་པའི་རྣམ་འགྱུར་སྐུ། །མདོག་ནག་དུས་མཐའི་ཆར་སྤྲིན་ལྟར་རྔམས་ཤིང༌། །རྡོ་རྗེའི་བཻ་ཆེན་གདོངས་ཤིང་ཐོད་ཁྲག་འཛིན། །དུར་ཁྲོད་དྲག་པོའི་རྒྱན་ཆས་ཡོངས་སུ་རྫོགས། །ཟ་གསོད་གཅོད་གཟིར་འཆིང་སོགས་དྲག་པོའི་ལས། །བསམ་པ་ཙམ་གྱིས་ཐོགས་མེད་སྒྲུབ་བྱེད་པའི། །མཐུ་རྩལ་མི་བཟད་མ་གཤིན་རབ་འབྱམས་དང༌། །སྲིད་གསུམ་གནས་པ་འབྱུང་པོའི་འཁོར་དང་བཅས། །ཁམས་གསུམ་ཚེ་སྲོག་མདོངས་ལ་དབང་མཛད་ཅིང༌། །དགེ་སྡིག་ཏིང་འཛིན་བཀའ་ཡི་བྱ་ར་བྱེད། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྒྱལ་པོ་ཆེ། །ལས་ཀྱི་མཐུ་ལྡན་རྡོ་རྗེ་ཁོལ་པོ་ཡི། །ཁམས་གསུམ་ས་ལེར་གཟིགས་པ་བགྲད་པའི་སྤྱན། །དུས་མཐའི་མེ་ལྟར་རབ་འབར་སྡང་མིག་གིས། །ཉེས་བྱེད་སྙིང་རྩ་བསྲེག་པའི་གློགས་འབུམ་འཁྱུག །དེང་འདིར་གཟིགས་སུ་གསོལ་ལོ་ཆོས་སྐྱོང་རྗེ། །སྲིད་གསུམ་སྲེག་དབུགས་རྔུབས་པའི་འཐོར་རླུང་གིས། །བཤུགས་པའི་འབྲུག་སྟོང་རི་རབ་བསྙིལ་མཛད་ཅིང༌། །དགྱེས་པའི་གར་གྱིས་སྡིག་ཅན་ཁྲག་ལ་འཐུང༌། །དགོངས་སུ་གསོལ་ལོ་ལེགས་ཉེས་སྟངས་འཛིན་མགོན། །ཁྲག་ལྡན་མཆེ་བའི་གངས་རི་སྐྱིན་ཐང་ཅན། །འབར་བའི་ལྗགས་འདྲིལ་དུག་མདའི་ཟེར་མ་འཚུབས། །སྟོང་གསུམ་གཡོ་བ་དྲག་པོའི་གད་རྒྱངས་ཅན། །གསོལ་ལོ་མཆོད་དོ་གསང་ཆེན་བྱ་ར་བ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་རུས་དོན་སྙིང་གཏོར་མ་རི་ལྟར་སྤུངས། །དྲོད་རླངས་དབུགས་ཀྱི་ན་བུན་འཐིབས་པ་ཡི། །ཁྲག་ཆེན་དུག་ཆུའི་ཨརྒྷཾ་མཚོ་ལྟར་འཁྱིལ། །སྣོད་བཅུད་རྣམ་དག་འོད་ལྔའི་ཟེར་མདངས་འཁྲུགས། །བདུད་རྩི་སྨན་གྱི་རྒྱ་མཚོ་ཆི་ལི་ལི། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་འཁྲིགས། །སྣ་ཚོགས་དབང་པོའི་མེ་ཏོག་འཇའ་ལྟར་བཀྲ། །རྐང་གླིང་དྲག་པོའི་རོལ་མོ་འབྲུག་ལྟར་སྒྲོགས། །འབར་བའི་དམ་རྫས་སྣ་ཚོགས་ཆར་ལྟར་འབེབས། །ངོ་བོ་བདེ་སྟོང་ཡེ་ཤེས་རང་བཞིན་ལ། །རྣམ་པ་མི་བཟད་དྲག་པོའི་མཆོད་པའི་སྤྲིན། །མ་ཚང་མེད་པ་ལྷུན་གྱི་གྲུབ་པ་འདིས། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྐྱོང་བ། །གསང་ཆེན་སྔགས་ཀྱི་སྲུང་མ་མཐུ་རྩལ་ཅན། །ཆོས་ཀྱི་རྒྱལ་པོ་འཁོར་འདས་མཉེས་གྱུར་ཅིག །འཇམ་དཔལ་དཔའ་བོ་བློ་ལྡན་མཆོག་སྲེད་སོགས། །རིག་འཛིན་རྩ་རྒྱུད་བླ་མའི་བཀའ་བཞིན་དུ། །རྒྱལ་བསྟན་སྤྱི་དང་ནང་རྒྱུད་སྡེ་གསུམ་སྲོལ། །ཁྱད་པར་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་གྱི། །བརྒྱུད་འཛིན་རྣལ་འབྱོར་སྙིང་གི་ཐིག་ལེར་སྐྱོང༌། །རྣམ་བཞིའི་ཕྲིན་ལས་ཡིད་ལ་གང་འདོད་པ། །དམིགས་པ་ཙམ་གྱིས་ཁྱོད་ལ་བཅོལ་བའི་བཀའ། །གུས་པས་གཙུག་ཏུ་ལོངས་ལ་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་ལ་འཚེ་བའི་དམ་ཉམས་དང༌། །ཡང་དག་ལམ་ལ་བར་དུ་གཅོད་པའི་བདུད། །གསང་སྔགས་བདག་ལ་གནོད་པའི་དགྲ་བགེགས་ཀྱི། །སྲོག་ལུས་དབང་ཐང་རིགས་བརྒྱུད་བཅས་པ་འདི། འཆི་བདག་ནག་པོ་ཁྱོད་ཀྱི་ཟས་སྐལ་དུ། །གཏད་དོ་གསོལ་ཅིག་རོལ་ཅིག་ཁ་རྃ་ཁཱ་ཧི། །རྗེས་ཤུལ་ལྷག་མ་མེད་པ་སྐད་ཅིག་ལ། །རོལ་ཞིང་དགྱེས་པའི་གད་རྒྱངས་འབྲུག་སྟོང་ལྟར། །བསྒྲགས་པས་བདག་ཅག་དཔོན་སློབ་སྡེ་དང་བཅས། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་བསྐྱེད་ཅིང༌། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །ཟུང་འཇུག་ཧེ་རུ་ཀ་དཔལ་གྲུབ་པར་མཛོད། །ཅེས་པ་འདི་ཡང་རང་ཉིད་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་བསྒྲུབས་ལ་གནས་པའི་ཚེ། དགོས་པའི་ཡན་ལག་ཏུ་མཐོང་ནས། ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་པའི་ཉིན་ཕྱཻད་ཐུན་གསེང་ལ་བྲིས་པ་དགེ་ལེགས་འཕེལ་ལོ། །ཧཱུྃ། འཇམ་དཔལ་བཀའ་ཉན་ཡ་མ་ར་ཛ་ནི། །གཏུམ་མོ་དུག་ཧྲུལ་གཤེད་ཆེན་སྡེ་བཞི་དང༌། ཕྱོགས་སྐྱོང་བཅུ་གཉིས་ལས་མཁན་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །ལས་གཤིན་གསོལ་བསྡུས་མི་ཕམ་པས་སོ།།༄༅། །དེ་ལ་འདིར་འཕགས་མཆོག་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་ལ་སྦྱར་ཆོག་པའི་མར་མེའི་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ནི། རིན་པོ་ཆེ་ལ་སོགས་པ་ལས་གྲུབ་པའི་ཀོང་བུ་བྱི་དོར་དང་གཙང་སྦྲ་ཐོན་པ་ཤིན་ཏུ་གལ་ཆེ་བས་མཆོད་པའི་དངོས་པོ་སེར་སྣ་སོགས་སྐྱོན་གྱིས་མ་སྦགས་པ་བཀའ་གདམས་པའི་མན་ངག་ལྟར་རྒྱུ་ཚོགས་ཕུལ་དུ་བྱུང་བ་ལ་འབད། དེ་ཡང་མར་མེ་ནི་གཙོ་བོ་འོད་འབུལ་བ་ཡིན་ཀྱང་རྒྱུའི་ཞུན་མར་དང་འབྲུ་མར་ཁ་དོག་ལེགས་པ་དྲི་རོ་ཕུན་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབས་ལྷག་པར་ཆེ་ཞིང༌། མར་མེའི་སྡོང་བུ་གསེར་དངུལ་གྱི་ཐུར་མ་སོགས་ལས་བྱས་པའམ། ཡང་ན་སྔོན་གྱི་མཁས་པ་འགའ་ཞིག་གིས་བཞེས་པ་ལྟར་ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་དུ་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲིས་ནའང་རུང་ཞིང༌། མ་མཐའ་དྲི་བཟང་པོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ་དྲང་ཞིང་རླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་སྙོམ་པ་རྩེ་མོ་ཕྲ་བར་དྲིལ་ཏེ། རིང་ཐུང་ཀོང་བུའི་ཚད་ལས་དཔགས་པའི་ཇི་ལྟར་འཚམ་པར་བྱ། མར་མེའི་སྡོང་བུ་ལ་སྲོག་ཤིང་དགོས་མི་དགོས་ཀྱི་དོགས་པ་བྱེད་ཀྱང༌། དེ་མེད་པར་རས་བལ་གྱིས་ཚོ་མི་ཟིན་པས་འོས་མེད་ཀྱིས་འགྲུབ། ལུགས་འགའ་ཞིག་དུ་མར་མེའི་སྡོང་བུ་ལ་ཤིང་བལ་གྱི་འདབ་མས་དཀྲི་བར་གསུངས་པའང་སྡོང་བུ་སྤྱི་ཙམ་ལ་མི་འགྲིག་པས་ནང་གི་སྲོག་ཤིང་ལ་བྱེད་དགོས་སོ། །མཆོད་པར་ཁས་འཆེ་བ་དག་གིས་མར་མེ་ལ་འོད་ཆེན་པོ་མེད་པར་སྡོང་བུ་ཕྲའུ་བྱས་ནས་རྒྱུན་གང་རིང་བྱེད་པ་མི་ལེགས་ལ། སྡོང་བུ་ཧ་ཅང་སྦོམ་པས་མྱུར་དུ་འབར་བའང་མི་བྱེད་པར། འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བཀའ་གདམས་བསྟན་རིམ་སོགས་ལས་གསུངས་པ་ཡིན་ཞེས་འཇམ་དབྱངས་བླ་མ་ཤེས་རབ་རྒྱ་མཚོས་གསུངས། ཁྱད་པར་མར་ཁུའི་ནང་དུ་དྲི་བཟང་གི་ཕྱེ་མ་བཏབ་པ་དང༌། སྤོས་ཀྱི་སྡོང་བུ་བྱས་ན་ལེགས་པར་མངོན་ཞིང༌། དེས་ན་རྒྱུ་བཟང་བ་དངོས་གཙང་ཞིང་བཀོད་ལེགས་པའི་མར་མེའི་ཕྲེང་བ་བརྒྱ་ཕྲག་སོགས་ཇི་འབྱོར་ཚར་དུ་དངར་བའི་བཀོད་པས་མཛེས་པར་བྱས་ལ་རང་ཉིད་འཇམ་དཔལ་གསལ་བས་སྔར་ཆུ་གཉིས་ཉེར་སྤྱོད་བྱིན་རླབས་ཀྱིས་འཐུས་པར་བྱས་ཏེ་རྒྱས་པར་སྤྲོ་ན། སྙན་ཚིག་གི་ལམ་ནས་དྲངས་བའི་མར་མེ་སྒེར་གྱི་མཆོད་ཕྲེང་སོགས་བཏོན་ནའང་རུང་ཞིང༌། མིན་ནའང་སྔོན་རྒྱལ་པོ་གསེར་གྱི་ལག་པས་མར་མེ་ཕུལ་བའི་ལོ་རྒྱུས་མདོ་ལས་བྱུང་བ་ལྟར་སྨོན་ལམ་བཏབ་ཅིང་འབུལ་བ་ནི། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག །སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་གསེར་ཞུན་མ་འཁྱིལ་འདྲའི་རྒྱ་མཚོ་ལྟ་བུར་གྱུར་ཅིག །འོད་ཀྱིས་ནི་འཕགས་མཆོག་མཁྱེན་པའི་གཏེར་གྱི་ངོ་མཚར་རྨད་བྱུང་གི་བཀོད་པའི་ཞིང་གིས་གཙོས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་གསལ་བར་བྱེད་པའི་སྣང་བའི་གཏེར་ཆེན་པོར་གྱུར་ཅིག །གྲངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངསམེད་པ་རེ་རེའི་སྤྱན་ལམ་དུ་གསལ་ཞིང་མཆོད་པའི་སྤྲིན་མཐའ་ཡས་པའི་འབྱུང་གནས་སུ་གྱུར་ཏེ་འཕགས་མཆོག་འཇམ་དཔལ་དབྱངས་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཟག་མེད་ཀྱི་བདེ་བས་ཐུགས་མཉེས་པར་བྱེད་པར་གྱུར་ཅིག །དེ་ལ་བརྟེན་ནས་བདག་དང་མཁའ་མཉམ་གྱི་འགྲོ་བ་ཀུན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་རིག་པའི་མུན་པ་དྲུངས་ནས་ཕྱུངས་ཏེ་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ་ཆོས་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཅིག །དེ་ལས་གཞན་ཡང་མར་མེའི་འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་དང༌། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་རང་གི་ལས་ཀྱི་སྒྲིབ་པས་སྒྲིབ་པའི་མུན་ནག་ཆེན་པོའི་ནང་ན་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་ཚུན་ཆད་དུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་གི་ལས་ཉོན་སྒྲིབ་པའི་མུན་པ་སངས་ཏེ་ཟབ་གསལ་མྱུར་བའི་ཤེས་རབ་ཐོབ་པར་གྱུར་ཅིག །མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་ལྟར་གསལ་བའི་མོད་ལ་གཟུགས་མེད་པའི་ལྷ་རྣམས་མར་མེའི་འོད་ཀྱིས་བསྐུལ་མ་ཐག་ཏུ་མཚན་དང་དཔེ་བྱེད་དུ་ལྡན་ནས་སྙོམས་པར་འཇུག་པའི་སྐྱེ་མཆེད་བཞི་ལས་གྲོལ་ཏེ་དེ་བཞིན་གཤེགས་པའི་བསམ་གཏན་ལ་སྙོམས་པར་འཇུག་པའི་སྐལ་བ་ཅན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་གྱི་དགའ་བདེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ལ་དབང་བསྒྱུར་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །འདོད་ཁམས་ལྷ་རྣམས་ཀྱང་ལྷའི་འདོད་པའི་ལོངས་སྤྱོད་ལ་སེམས་མ་ཆགས་ཤིང་རང་གི་སེམས་ལ་བལྟ་བའི་བསམ་གཏན་བཞི་ལ་རིམ་གྱིས་སྙོམས་པར་འཇུག་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ལྷ་མ་ཡིན་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ལྷ་མ་ཡིན་རྣམས་ཀྱི་ང་རྒྱལ་དང་ཁྲོ་གཏུམ་དང་སེམས་ཀྱི་གདུག་པ་ཞི་ནས་ཚད་མེད་པ་བཞི་དང་ལྡན་ཏེ་ཞི་གནས་ཀྱི་སེམས་ཡིད་ལ་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གླིང་བཞིའི་མི་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གླིང་བཞིའི་མི་རྣམས་ཀྱང་སྡུག་བསྔལ་བརྒྱད་ལས་ཐར་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་བྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །བྱོལ་སོང་རྣམས་གཅིག་ལ་གཅིག་ཟ་བ་དང༌། །བརྡེག་བརྡུང་དང་བཀོལ་བའི་སྡུག་བསྔལ་དང༌། །བླུན་རྨོངས་ལས་ཐར་ནས་ཤེས་རབ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག །མར་མེ་འདི་གཤིན་རྗེའི་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག །གཤིན་རྗེ་རྣམས་གསོད་གཅོད་བྱེད་པ་དང༌། བརྡེག་བརྡུང་གི་ལས་ལས་ཐར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་ཀུན་ཏུ་བྱམས་པར་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ཡི་དྭགས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ཡི་དྭགས་རྣམས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལྟར་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་ཟས་སྐོམ་གྱིས་འཕོངས་པ་རྣམས་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་དམྱལ་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དམྱལ་བ་རྣམས་ནི་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས་འཕགས་མཆོག་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་དམྱལ་བའི་སྡུག་བསྔལ་ཚད་མེད་པ་ལས་ཐར་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་འཛམ་བུའི་གླིང་གི་ཕྱི་རོལ་ཏུ་མུན་ནག་ནང་ན་ཐོམས་པའི་སེམས་ཅན་རང་རང་གི་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཟས་དང་སྐོམ་འདོད་པ་ལས་ནམ་མཁའ་ལ་ནི་རང་གི་ལྕགས་ཀྱི་སེན་མོ་ཡོད་པ་བསྙབས་པས་ཟས་དང་སྐོམ་མ་རྙེད་ནས་རང་གི་ལུས་ཟིན་པ་དང་ཤ་བཅད་དེ་ཟ་བ་དེ་དག་བཅོམ་ལྡན་འདས་མཁྱེན་པའི་དབང་ཕྱུག་གི་ཐུགས་རྗེའི་བྱིན་རླབས་ཀྱི་མུན་ནག་ཆེན་པོར་འཐོམས་པ་ལས་ཐར་ཏེ་རྗེ་བཙུན་གྱི་ཞིང་དུ་སྐྱེ་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །གཞན་ཡང་མར་མེ་འདི་ཀླུའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ཀླུ་རྣམས་གཏི་མུག་དང་སེར་སྣའི་འདུད་པ་ལས་གྲོལ་ཏེ་གཏོང་བའི་བློ་དང་ལྡན་ཅིང་ནམ་མཁའ་ལྡིང་གི་འཇིགས་པ་དང་མེ་་དང་བྱེ་ཚན་ལ་སོགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང༌། སྲོག་འཚོ་བའི་ཞི་གནས་ཀྱི་ཆུ་ཐིགས་སྙིང་ལ་གནས་ནས་འདོད་པའི་ཡོན་ཏན་ཐམས་ཅད་དབང་འབྱོར་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ལྟོ་འཕྱེ་ཆེན་པོའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ལྟོང་འཕྱེ་ཆེན་པོའི་སྡུག་བསྔལ་ཞི་ནས་དགའ་བ་རྒྱ་མཚོ་རྣམ་པར་འཕྲུལ་བའི་ཤུགས་དང་ལྡན་པར་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གླིང་གི་ཕྱིར་གནས་པའི་ས་བདག་དང༌། ལྷ་དང༌། ཀླུ་དང༌། ས་བདག་གི་རྒྱལ་པོ་བ་ཏ་ལི་དང༌། སའི་རྒྱལ་པོ་ཆེན་པོ་དང༌། རྒྱ་མཚོ་དང༌། མཚོ་ཕྲན་དང༌། རྫིང་དང༌། ལྗོན་པ་ལ་གནས་པ་དང༌། ཀླུང་ཆེན་པོ་དང་ཀླུང་ཕྲ་མོ་དང༌། ཆུ་མིག་དང་ལུམ་ལ་གནས་པ་དང༌། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང༌། རི་ནག་པོ་དང༌། གཡའ་དང༌། ཤ་སྲང་དང༌། སྤང་རི་དང༌། ནགས་ཆེན་པོ་དང༌། ཤིང་གཅིག་པ་དང༌། གཙུག་ལག་ཁང་དང་མཆོད་རྟེན་དང༌། གྲོང་ཁྱེར་དང༌། ལྗོངས་ན་གནས་པ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སོ་སོའི་འཁྲུལ་པའི་རྟོག་པ་ཐམས་ཅད་བྱང་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་མ་འཁྲུལ་བར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །དེ་ལྟར་མར་མེ་འདིའི་ཡོན་ཏན་ནི། བདག་གིས་ཀྱང་གཏན་པ་མེད་པའི་མཆོད་སྦྱིན་འདི་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་གཅིག་འཇམ་དཔལ་དབྱངས་ཀྱི་གསང་བ་གསུམ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་སྐྱེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག །དེ་ལྟར་མར་མེ་ཕུལ་བའི་ཕན་ཡོན་མཐའ་ལས་འདས་པ་འབྱུང་སྟེ། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། ཤཱ་རིའི་བུ་མར་མེ་འབུལ་བ་ཅུང་ཟད་ཅིག་ཕུལ་བ་ལས་མངོན་པར་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་ལྷ་དང་བཅས་པ་དང༌། ཚངས་པ་དང་བཅས་པའི་འཇིག་རྟེན་དང༌། དགེ་སྦྱོང་དང༌། བྲམ་ཟེ་བཅས་པའི་སྐྱེ་རྒུས་བསྟན་པར་མི་ནུས་སོ། །ཞེས་དང༌། ཤཱ་རིའི་བུ། མར་མེ་ཕུལ་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་བའི་དོན་དེ་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཞེས་དང༌། ཤཱ་རིའི་བུ། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་དེ་འཆི་བའི་དུས་ཀྱི་ཚེ་སྣང་བ་བཞི་ཐོབ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བ་དང༌། མདུན་ན་ཟླ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང༌། ལྷའི་འཁོར་གནས་པ་མཐོང་བ་དང༌། སངས་རྒྱས་མཐོང་བ་སྟེ་ཞེས་པའི་བར་དང༌། །མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་བའི་དུས་བྱེད་དྲན་པ་ཉམས་མི་འགྱུར། །དེ་ཡིས་ཕྱོགས་རྣམས་སྣང་བར་འགྱུར་བར་འབྱུང༌། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང༌། །དེ་ནི་ཤི་འཕོས་མཐོ་རིས་ངེས་འགྲོ་ཞིང༌། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང༌། མར་ཁུར་མ་ཟད་ཏིལ་གྱི་མར་མེ་ཡང་དེ་དང་འདྲ་བར་མཆོག་ཡིན་ཏེ། དེ་ཉིད་ལས་ཏིལ་གྱི་མར་མེ་རྗེས་སུ་བཟུང་ནས་ཆོས་ཀྱི་མར་མེ་རྗེས་སུ་འཛིན་ཏོ། །མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་རྣམ་པར་དཔག་ཏུ་མེད་པ་བརྒྱད་ཐོབ་སྟེ། ཞེས་དང༌། གཞན་ཡང་བླང་དོར་མ་འཁྲུལ་བར་རྟོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་ནི། དེ་ཉིད་ལས། རྨོངས་པ་མེད་པར་སངས་རྒྱས་ཆོས་ཀྱང་སྨྲ། །ཞེས་དང༌། བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་ལ། །ཞེས་དང༌། དེ་བཞིན་ལག་རྩིས་གཟུགས་དང་རྟོག་གེ་རྣམས། །རྟོགས་པ་ཁོང་ཆུད་བཟོད་ལྡན་འཇིགས་པ་མེད། །དེ་ནི་མཛངས་ལ་བློ་དང་ལྡན་པར་འགྱུར། །བློ་ནི་ཤིན་ཏུ་ཆ་ཕྲ་དོན་དམ་མཐོང༌། །སྲིད་པ་དག་ལ་བྱེད་པ་མེད་པར་ལྟ། །རྒྱལ་བའི་བསྟན་ལ་སྣང་བ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་ཤིང༌། མདོ་ལས་རྣམ་འབྱེད་ལས་ཀྱང༌། མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་མར་མེ་ལྟ་བུར་འགྱུར་བ་དང༌། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང༌། ལྷའི་མིག་འཐོབ་པར་འགྱུར་བ་དང༌། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང༌། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བའི་ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང༌། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །ཞེས་དང༌། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་ཕྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་དཀྱུས་རིང་ཞིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །ཞེས་དང༌། སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམ་ལྡན་ཞིང༌། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་པ་ལ་སོགས་པའི་ཕན་ཡོན་གྲངས་མེད་པ་མདོ་རྒྱུད་བསྟན་ཆོས་ལས་གསུངས་པས་རྒྱས་པར་མདོ་སྡེ་དེ་དག་ལས་ཤེས་པར་བྱའོ། །ཞེས་པ་འདི་ནི་རྒྱལ་པོ་གསེར་གྱི་ལག་པས་རང་གི་ལག་པ་གཡས་པ་ལ་སྣུམ་རས་དཀྲིས་ཏེ་མེ་སྦར་ནས་སངས་རྒྱས་མར་མེ་མཛད་འཁོར་བཅས་ལ་ཕུལ་བའི་ཚེ་སྨོན་ལམ་དུ་བཏབ་པའི་ཚིག་ལ་གར་གྱི་དབང་པོས་འབྲི་སྣོན་ཅུང་ཞིག་བགྱིས་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལ་འབད་པར་བྱའོ།། །།


༄༅། །འཕགས་པ་འཇམ་དཔལ་གྱི་གཏོར་མའི་ཆོ་ག་ཡིད་བཞིན་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། དེ་ཡང་གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཞེད་པ་ལྟར་ཡིད་བཞིན་ནོར་བུ་ཆེན་པོ་འཆང་སོགས་ཚིགས་སུ་བཅད་པ་གཅིག་གཙོ་བོར་གྱུར་པའི་མན་ངག་གི་གཏོར་མ་འབུལ་ཚུལ་ཉམས་སུ་བླང་བར་འདོད་པས། རིན་པོ་ཆེ་ལ་སོགས་པའི་སྣོད་དུ་གཏོར་ཟླུམ་པད་འདབ་ཀྱིས་སྤྲས་པ་ཁ་ཟས་བཟང་རྒུས་བསྐོར་བ་གཙང་ཞིང་མཛེས་པར་བཤམས་ལ། བྱིན་གྱིས་བརླབ་པ་ནི། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་གཏོར་མའི་ནང་དུ་ཨ་ལས་གྱུར་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟླ་བའི་སྟེང་དུ་གནས་པར་བསམ། དེ་ལས་བདུད་རྩིའི་རྒྱུན་དང་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་འཕྲོས་པས་ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་གཏམས་པར་གྱུར། བདག་གི་སྙིང་གའི་དྷཱིཿཡིག་ལས་དཔག་བསམ་གྱི་ཤིང་ནམ་མཁའི་མཐའ་དང་མཉམ་པ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའི་རང་བཞིན་ཅན་གྱི་འབྲས་བུ་སྨིན་པ། དེ་ལས་བདུད་རྩི་འཛག་པས་གཏོར་མའི་རྒྱུན་ཡོངས་སུ་རྒྱས་པར་བསམ། དེ་རྣམས་ལས་འོད་ཟེར་འཕྲོས། ཆོས་ཀྱི་དབྱིངས་རབ་འབྱམས་ནས་རང་བྱུང་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཏེ་གཏོར་མ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུྃ་ཧྲཱི༔ བྷ་ག་བཱཾ་ཛྙཱ་ན་མུརྟི་བ་གཱི་ཤྭ་ར་མ་ཧཱ་བཱ་ཙ་སརྦ་དྷརྨ་ག་ག་ནཱ་མ་ལ་སུ་པ་རི་བུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷཱ་ཨཱ༔ ཞེས་པའི་བར་དང༌། ཨོཾ་ཨཱ༔ཧཱུྃ༔ ཞེས་པས་བྱིན་གྱིས་བརླབ། རང་གི་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་འཁོར་དུ་བཅས་པ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མ་ལུས་པ་གཏོར་མའི་མགྲོན་དུ་བཀུག་པར་གྱུར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས། ཨོཾ་བཛྲ་ས་མཱ་ཛ༔ པདྨ་ཀ་མ་ལཱ་ཡ་སྟཾ། གྱིས་གདན་ཕུལ། མགྲོན་དེ་དག་ཐམས་ཅད་ཀྱི་སྙིང་གར་ཨ་ཡིག་བཀོད་པའི་འོད་ཟེར་གྱིས་སྦྱངས་ཏེ་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་རང་བཞིན་དུ་གྱུར། དེ་ཐམས་ཅད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུ་གཏོར་མའི་བདུད་རྩིའི་རྒྱུན་ལ་ཟུག་སྟེ་གསོལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་ཡོངས་སུ་མཉེས་པར་བསམ། ཨོཾ་ཨ་ཨཱ་སོགས། གརྦྷ་ཨཱ༔ ཞེས་པའི་བར་གྱི་ཕྲེང་སྔགས་དང༌། ཨ་ཀཱ་རོ་ཕུལ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པར་གྱུར། ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས་ཀྱིས་མཆོད། གཞོན་ནུའི་སྐུ་ལུས་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་བཟླ། བསྔོ་སྨོན་བྱ་ཞིང༌། ཨོཾ་ཨཱཿཧཱུྃ་མུ༔ ཞེས་པས་གཤེགས་སུ་གསོལ་ལོ། །མཆོད་ཕྲེང་ཚེ་ན། འདས་གཏོར་གྱི་བསྟོད་པ་སོང་རྗེས་བཀའ་ཉན་འཇིག་རྟེན་པའི་གཏོར་མ་སྒེར་དུ་གཏོང་ན། ཟུར་དུ་བཤམས་པའི་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡོངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ཐམས་ཅད་ཚང་ཞིང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། རང་གི་སྙིང་གའི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་པའི་ཚུལ་འཛིན་པ་འཇམ་དཔལ་རྡོ་རྗེའི་བཀའ་དང་དམ་ཚིག་ལ་གནས་པའི་གཏོར་མའི་མགྲོན་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛ༔ ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ། ཨ་ཀཱ་རོ་ལན་གསུམ་གྱིས་དབུལ། འཇམ་དཔལ་རྡོ་རྗེའི་བཀའ་ཉན་པ། །ཕྱོགས་དུས་གནས་ཤིང་རྒྱུ་བ་ཡི། །སྣང་སྲིད་དྲེགས་པ་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག༴ སོགས་སྦྱར། ཨོཾ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས་རང་གནས་སུ་གཤེགས་པར་བསམ་མོ། །ཞེས་པའང་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ།། །།


༄༅། །མཆོད་འབུལ་གྱི་ཆོ་ག་བཞུགས་སོ། ། ན་མོ་ཨཱརྻ་མཉྫུ་ཤྲི་ཡེ། འདིར་དངོས་པོ་དང་ཞིང་གང་ལའང་ཁ་བསྒྱུར་ཆོག་པའི་མཆོད་འབུལ་མདོར་བསྡུས་ནི། མདུན་དུ་འཇམ་པའི་དབྱངས་ལ་སོགས་པའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་མཆོད་པ་གཙང་ཞིང་གྱ་ནོམ་པ་བཤམ་ལ། ཨོཾ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་ངོ་བོ་ཀ་ནས་དག་པའི་སྟོང་པ་ཉིད་ཀྱི་ཀློང་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ་རྟེན་འབྱུང་འགགས་པ་མེད་པའི་སྣང་ཆར་གནས་འདི་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་ཡེ་ཤེས་རིན་པོ་ཆེ་འབར་བའི་སྣོད་ཕུན་སུམ་ཚོགས་པར་མེ་ཏོག་དངོས་པོའི་ཁ་བསྒྱུར་ལ་སོགས་པའི་མཆོད་པ་འདི་དག་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་འདོད་རྒུ་མ་ལུས་པའི་རོལ་མོ། བྱེད་ལས་མཆོད་ཡུལ་རྣམས་ལ་ཟག་པ་མེད་པའི་དགའ་བ་ཁྱད་པར་ཅན་སྐྱེད་པ། དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་འགེངས་པ། དེ་བཞིན་གཤེགས་པ་དང་འཕགས་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་རྟེན་སྙིང་མཆོད་གཟུངས་སོགས་བཟླ། དེ་ནས་སྐྱབས་ཡུལ་སྤྱན་འདྲེན་པ་ལ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང༌། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ༴ དངོས་རྣམས༴ འཇམ་དབྱངས་སོགས་ཚོགས་ཞིང་སོ་སོར་ཁ་བསྒྱུར། འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ལྷ་སོ་སོའི་མཚན་སྔགས་བསྒྱུར། ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། དཀྱིལ་འཁོར་གྱི་གཙོ་བོ་ལ་རབ་འབྱམས་སྐྱབས་ཡུལ་རྒྱ་མཚོ་་མ་ཚང་པ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པར་མོས་ལ། པདྨ་ཀ་མ་ལཱ་ཡ་སྟཾ། ཞེས་གདན་ཕུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི༴ ཇི་སྲིད༴ དེ་སྲིད༴ ཞེས་བཞུགས་སུ་གསོལ་ནས་སྐྱབས་སེམས་ནི། ཁྱབ་བདག་འཇམ་དཔལ་རྡོ་རྗེ་སོགས་ཁ་བསྒྱུར། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ཞིང་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །ལན་གསུམ། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སོགས་ཁ་བསྒྱུར། ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ། དེའི་ཆེད་དུ་མཆོད་པ་འབུལ་བ་ལ་སོགས་པའི་བསོད་ནམས་ལ་འཇུག་པར་བགྱིའོ། །ལན་གསུམ། དེ་ནས་སྐྱབས་ཡུལ་རྣམས་ཐུགས་བརྩེ་བས་བདག་ལ་དགོངས་ཤིང་མཆོད་པ་རྣམས་བཞེས་པར་བསམ་ལ། དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་མཚན་སྔགས་བསྒྱུར། ས་པ་རི་ཝཱ་ར་ཨརྒྷཾ་སོགས། རཱུ་པ༴ དྷཱརྨ་དྷཱ་ཏུ་སརྦ་མ་ཧཱ་སུ་ཁ་པུ་ཛ་ས་མ་ཡ་ཧོ༔ གཞན་ཡང་སྤྲོ་ན་འདིར་མཆོད་ཕྲེང་ཅི་རིགས་སྦྱར། སྐྱབས་གནས་ཀུན་འདུས་འཕགས་མཆོག་ལྷག་པའི་ལྷར། །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །མ་ལུས་གཅིག་ཏུ་བློ་ཡིས་ཡོངས་བསྡོམས་ནས། །བླ་མེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་ཡོན་ཀུན། །མ་ཚང་མེད་པ་ལྷུན་གྱིས་གྲུབ་པ་ཡིས། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་རྟགས་གནས་པ། །ཡེ་ཤེས་འདོད་རྒུའི་རང་བཞིན་བདེ་བ་ཆེར། །དམིགས་ཤིང་ཕུལ་བའི་མཆོད་པ་འདི་དག་ཀུན། །བཞེས་ཤིག་མཁྱེན་བརྩེ་ནུས་མངའ་རྡོ་རྗེའི་སྐུ། །འདུ་འབྲལ་མེད་པའི་ཐུགས་རྗེས་བདག་གཟུང་མཛོད། །མ་ལུས་འགྲོ་བ་ཀུན་ལ་ཕན་སླད་དུ། །ཕྱོགས་དུས་སྲས་བཅས་རྒྱལ་བའི་རྣམ་ཐར་ཀུན། །བདག་གིས་ཡོངས་སུ་རྫོགས་པར་བསྒྲུབས་པ་ཡི། །རྣམ་ཐར་རྒྱ་མཚོས་ཆོས་ཀྱི་དབྱིངས་གཏམས་པའི། །སྨོན་ལམ་འདི་ལ་མགོན་པོས་དབང་མཛད་ནས། །ཕྱོགས་དུས་མཉམ་པ་ཉིད་བརྙེས་ཡེ་ཤེས་སྐུ། །རྡོ་རྗེའི་སྟོབས་མཆོག་མཚུངས་པ་མེད་པ་ཡིས། །བྱིན་གྱིས་རློབས་ཤིག་དེ་བཞིན་གྲུབ་པར་མཛོད། །ཅེས་རྩེ་གཅིག་ཡིད་ཀྱིས་འབུལ་ཞིང་སླར་ཡང་བདེན་པའི་སྟོབས་བརྗོད་པ་ནི། དཀོན་མཆོག་གསུམ་གྱིས་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་མེ་ཏོག་ཁ་བསྒྱུར་དང༌། ལ་སོགས་པའི་མཆོད་པ་འདི་དག་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་འདོད་རྒུ་མ་ལུས་པའི་རོལ་མོ། བྱེད་ལས་མཆོད་ཡུལ་རྣམས་ལ་ཟག་པ་མེད་པའི་དགའ་བ་ཁྱད་པར་ཅན་སྐྱེད་པ། དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་ཀུན་དུ་རྒྱས་པར་འགེངས་པ། དེ་བཞིན་གཤེགས་པ་དང་འཕགས་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར་ནས། ཁྱབ་བདག་འཇམ་དཔལ་རྡོ་རྗེ་དང༌། ཁ་བསྒྱུར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་ཤིང་མུ་མེད་པར་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཚུལ་དུ་འབྱུང་ཞིང་ཐུགས་ཀྱི་དགྱེས་པ་ཡོངས་སུ་བསྐང་བར་གྱུར་ཅིག །རོལ་མོ་བཅས་མཆོད་གཟུངས་བདུན་ལ་སོགས་པར་བཟླའོ། །དེ་ནས་ཐལ་མོ་སྦྱར་ལ། ཁྱབ་བདག་འཇམ་དཔལ་རྡོ་རྗེ་གང་འདོད་ཁ་བསྒྱུར་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ནས་བདག་གིས་མེ་ཏོག་ཁ་བསྒྱུར་ཏེ་ལ་སོགས་པའི་མཆོད་པ་འབུལ་བ་འདི་དག་བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས་རྟག་ཏུ་འདུ་འབྲལ་མེད་པར་བྱིན་གྱིས་རློབས་ཤིག །གཞན་ཡང་སྨོན་ལམ་ཇི་ལྟར་འདོད་པ་བཏབ་ལ། རོལ་མོ་བཅས་མཆོད་གཟུངས་སོགས་བཟླའོ། །དེ་ནས་གང་བློ་མ་ལྟ་བུ་སོགས་ལྷ་དེ་ཉིད་ཀྱི་བསྟོད་པ་དབྱངས་སྙན་པོས་བསྟོད། དེ་ནས། གཞན་ཡང་ཇི་སྙེད་སུ་དག་སོགས་ཚོགས་བསགས་ཅི་རིགས་བྱ་ཞིང༌། བཟང་པོ་སྤྱོད་པ་སོགས་སྨོན་ལམ་གང་ལྕོགས་གདབ། མཐར་སྐྱབས་ཡུལ་རང་ལ་བསྟིམས་ནས་དགེ་བ་བསྔོ་ཤིས་བརྗོད་བྱའོ། །འདི་ཡང་རབ་ཚེས་ཞི་བ་ས་ཁྱི་ཧོར་ཟླ་དྲུག་པའི་ཚེས་ལ་འཇམ་དཔལ་མེ་ཏོག་མཆོད་པའི་དུས་སུ། མི་ཕམ་པས་བྲིས་པ་འགྲོ་ཀུན་གྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་རྒྱལ་བསྟན་རིན་ཆེན་ཕྱོགས་ཐམས་ཅད་ནས་རྒྱས་པའི་རྒྱུར་གྱུར་ཅིག །༄༅། །མཆོད་པའི་ཕྲེང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་བཞུགས་སོ། །


ན་མོ་མཉྫུ་ཤྲཱི་ཡེ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཡེ་ཤེས་སྐུ། །གང་ལས་བསྐྲུན་པའི་བསོད་ནམས་མཆོག་གི་སྤྲིན། །ཕྱོགས་དུས་ཕ་མཐའ་སྲིད་དུ་ཁྱབ་མཛད་ན། །སེམས་ཤེས་སུ་ཞིག་འདི་ལ་ཅིས་མི་མཆོད། དེ་ཕྱིར་སྐྱེ་རྒུའི་ལེགས་བྱས་འཕེལ་བའི་སྒོ། །མཚུངས་མེད་འདིར་ནི་འགྲོ་བ་ཀུན་ཞུགས་ཏེ། །དོན་གཉིས་ཡིད་བཞིན་གྲུབ་པའི་དགའ་སྟོན་ལ། །བརྩོན་པའི་སྐལ་བཟང་ཐོབ་ཕྱིར་འདི་བྱའོ། །དེ་ལ་འདིར་མཆོད་འབུལ་མདོར་བསྡུས་ཀྱིཆོ་ག་ལས་བར་འདིར་མཆོད་ཕྲེང་ཅི་རིགས་སྦྱར་ཞེས་པའི་རེ་ཞིག་ཐུན་མོང་གི་མཆོད་པ་སྤྱི་ཙམ་སྦྱར་འདོད་ན་འདི་ལྟར་སྦྱར་བས་ཀྱང་འཐུས་ཏེ། དེ་ལ་སྤྱིར་མཆོད་པའི་རྣམ་གྲངས་ལ་དབྱེ་ན་ཚད་མེད་ཀྱང་འདིར་ནི་མདོ་སྡེ་རྒྱན་ལས། རྙེད་དང་བཀུར་སྟི་ཉིད་དང་ནི། སྒྲུབ་པའི་སྒོ་ནས་དེ་རྣམ་གཉིས། ཞེས་པ་ལྟར་གཉིས་ལས་ནང་གསེས་སུ་ཟང་ཟིང་དང༌། རིམ་གྲོ་དང༌། སྒྲུབ་པ་གསུམ་དང༌། དེ་ཡང་ནང་གི་དབྱེ་བའི་མཆོད་པ་ཇི་སྙེད་ཅིག་ཡོད་པ་ལས། འདིར་དེ་བཞིན་གཤེགས་པ་མིའི་འཇིག་རྟེན་དུ་བལྟམས་པ་ན་ལྷ་མིའི་མཆོད་པ་ཕུལ་དུ་བྱུང་བ་བཀྲམ་ཞིང་སྐུ་ཁྲུས་གསོལ་བ་ནས་བརྩམས་ཏེ། མཐར་སངས་རྒྱས་པའི་ཚེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་རབ་འབྱམས་ལྷུན་གྱིས་གྲུབ་པའི་ཚུལ་དང་མཐུན་པར་ཐུན་མོང་བའི་མཆོད་ཕྲེང་གི་རིམ་པ་འདོན་འགྲིགས་སུ་བཀོད་པ་ལས། བཅུ་གཅིག་གི་གྲངས་དང་མཉམ་པའི་སྡེ་ཚན་ལས། དང་པོ་ཆུ་གཉིས་སྔོན་དུ་འགྲོ་བའི་ཁྲུས་དང་སྐུ་ཕྱི་ན་བཟའ་འབུལ་བའི་མཆོད་པ་ནི། འཇིག་རྟེན་རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོག་གི་མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི་དག་ཀུན། །འཇམ་མགོན་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་མཆོད་ཡོན་གྱི་ཚབ་ཏུ་ཞབས་བསིལ་དང༌། ཨརྒྷཾ་གྱི་ཚབ་ཏུ་པཏྱཾ་བཅུག་ལ་འབུལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །སོགས། གསོལ། །ཇི་ལྟར་བལྟམས་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། རོལ་མོ་བྱ། དེ་དག་སྐུ་ལ༴སོགས། སྐུ་ཕྱིའོ། །དེ་ནས་དེ་ལ༴སོགས། རྒྱན་མཆོག་བརྒྱ་ཕྲག་དེ་ལ་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྻ་མཉྫུ་ཤྲཱི་ས་པ་རི་ཝ་ར་སུ་ཝསྟྲ་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། མཆོད་གཟུངས་རོལ་མོ་བྱ། གཉིས་པ་ཉེར་སྤྱོད་རོལ་མོ་བཅས་པའི་མཆོད་པ་ནི། མེ་ཏོག་ཕལ་ཆེ་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཏེ། །འཇམ་དཔལ་དཔའ་བོ་འཁོར་དང་བཅས་ལ་མཆོད། །ཨོཾ་མཉྫུ་ཤྲཱི་བཱི་ར་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་ཧཱོ༔ དེ་བཞིན་མེ་ཏོག་གི་གནས་སུ། བདུག་སྤོས་དང༌། པུཥྤེའི་གནས་སུ། དྷུ་པེ་སྦྱར། དེ་བཞིན་རིགས་བསྒྲེས་ཏེ། སྣང་གསལ་དང༌། ཨཱ་ལོ་ཀེ། དྲི་མཆོག་དང་གནྡྷེ། ཞལ་ཟས་དང༌། ནེ་ཝི་ཏྱ། སིལ་སྙན་དང་ཤབྟ། མཆོད་གཟུངས་རོལ་མོ་བྱ། གསུམ་པ་འདོད་ཡོན་དྲུག་གི་མཆོད་པ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝ་ར་རཱུ་པ་ཀཱ་མ་གུ་ཎ་བཛྲ་པུ་ཛི་ཏེ་ཨཱ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཇི་མཆིས་པ། །མོས༴ བཞེས་ཤིག༴ རཱུ་པའི་ཚབ་ཏུཤབྟ༴ ཕྱོགས་དུས་ཀུན་ན་ཙནྡྷ་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས༴ བཞེས༴ གནྡྷེ་༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཇི་མཆིས་རྣམས། །མོས༴ བཞེས༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་གཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས༴ བཞེས༴ སྤརྴེ༴ ཕྱོགས་དུས་ཀུན་ན་འདོད་རྒུའི་བདེ་འབྱུང་དཔྱིད། །ཆོས་ཀྱི་ཁྱད་པར་ཇི་སྙེད་མཆིས་པ་རྣམས། །མོས༴ བཞེས༴ དྷརྨཱ༴ ཕྱོགས་བཅུ་དུས་གསུམ་དག་གི་ཞིང་ཀུན་གྱི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པ་དེ་དག་གིས། །འཇམ་དཔལ་དཔའ་བོ་རྟག་ཏུ་གུས་པར་མཆོད། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཥཥྟ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། མཆོད་གཟུངས་རོལ་མོ་བྱ། བཞི་་པ་རྒྱལ་སྲིད་རིན་པོ་ཆེ་བདུན་གྱི་མཆོད་པ་ནི། གསེར་ལས་ལེགས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །མཐའ་དག་ས་ལས་རྣམ་པར་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་དམ་པས་མཆོད་པར་བགྱི། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ༴ ཙཀྲའི་ཚབ་ཏུ། མ་ཎི༴གཞུག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་རྒུའི་རེག་བྱ་དང་ལྡན་པའི། །བཙུན་མོ༴ ཝསྟི༴ གང་ཡང་འདི་ན་རྒྱལ་ལ་མུ་ཏིག་དང༌། །གསེར་སོགས་ཤིན་ཏུ་མང་པོ་ཕུལ་བ་ཡིས། །ནོར་ཅན་མཚུངས་པར་ནོར་མང་ཁྱིམ་བདག་ནི། །བློན་པོ༴ མ་ཧཱ་ཏ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བ། །གླང་པོ༴ ཧསྟི༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་པ། །རྨ་བྱའི་མགྲིན་འདྲ་སྤུ་ནི་ཡིད་འོང་བའི། །རྟ་མཆོག༴ ཨ་བརྣ༴ འགྲོ་དང་ཀུན་དུ་གནས་དང་རྣམ་ལྡོག་དང༌། །མ་ལུས་དཔུང་མཁས་བདུད་ཀྱི་དཔུང་འཇོམས་པ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན༴ ཁརྒ༴ གཟུངས་དང་རོལ་མོ་བྱ། ལྔ་པ་ཉེ་བའི་རིན་ཆེན་སོགས་འབུལ་བ་ནི། ཞིང་འདི་ཉེ་བའི་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །སྔགས་གོང་འདྲ་ཡང་དམིགས་བསལ་དུུ་སབྟ་ཨུ་པ་རཏྣ༴ ཞེས་སྦྱར། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ༴ དངོས་གྲུབ༴ ཉིན་རེ༴ སབྟ་རཏྣ༴ ཞིང་འདི་གྲུབ་རྫས་སྣ་ཚོགས་ཀྱིས། །མཁས་པ༴ དངོས་གྲུབ༴ ཉིན་རེ༴ བི་ཤྭ་སིངྔྷ་དྲ་བདྱཾ༴ ཞིང་འདིར་བདུད་རྩི་སྨན་མཆོག་གིས། །མཁས༴ དངོས༴ ཉིན༴ ཨ་མྲྀ་ཏ་ས་ར་ཨོ་ཥ་དྷི༴ སོགས། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱིས་ནི་རྣམ་བསམ་ཞིང༌། །ལྕེ་ནི་དེ་སྙེད་དང་ལྡན་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །རོལ་མོ་བསྒྲགས་ཤིང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་བ་བཛྲ་དྷརྨཱ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾཾ་སྭཱ་ཧཱ། ལན་གསུམ་བཟླའོ། །དྲུག་པ་བཀྲ་ཤིས་པའི་རྫས་བརྒྱད་ཀྱི་མཆོད་པ་ནི། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་རྫས་ཀྱིས་ཞིང་ཀུན་བཀང་སྟེ་འབུལ། །ཨཱ་དརྴ༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱིས་ཞིང་ཀུན་བཀང་སྟེ་འབུལ། །གོ་རོ་ཙ་ན༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས༴ ད་དྷ༴ དཱུར་ཝས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས༴ ས་ཧ་པྲ་བཱིརྻ་ན༴ བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས༴ ཤྲཱི་ཕ་ལ༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས༴ ཤཾ་ཁ༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས༴ སིནྡྷུ་རཾ༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས༴ སརྦ་ཨརྠ་སིདྡྷ༴ གཟུངས་རོལ་བྱ། བདུན་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་ནི། དཔལ་ལྡན་རྒྱལ་བའི་དབུ་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་གདུགས་བཟང་པོ། །སྲིད་ན་འཇིགས་བྲལ་ཞི་བའི་དགེ་མཚན་འཛིན། །ཕུན་ཚོགས་གྲུབ་པའི་དངོས་པོ་འདི་ཡིས་མཆོད། །ཙྪ་ཏྲཾ་ག༴ དཔལ་ལྡན་རྒྱལ་བའི་སྤྱན་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་གསེར་གྱི་ཉ། །སྲིད་ན་རྣམ་དག་མཐོང་བའི་དགེ་མཚན་འཛིན། །ཕུན་ཚོགས༴ སུ་ཝརྣ་མཏྤ༴ དཔལ་ལྡན་རྒྱལ་བའི་མགུལ་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་བུམ་པ་བཟང༌། །སྲིད་ན་འཛད་མེད་དཔལ་གྱི༴ ཕུན་ཚོགས༴ ཀུམྦྷ༴ དཔལ་ལྡན་རྒྱལ་བའི་ལྗགས་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་པདྨའི་གཟུངས། །སྲིད་ན་སྨྲ་བའི་མཆོག་གྲུབ༴ ཕུན་ཚོགས༴ པདྨ༴ དཔལ་ལྡན་རྒྱལ་བའི་ཚེམས་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་ཆོས་ཀྱི་དུང༌། །སྲིད་ན་སྙན་པར་གྲགས་པའི༴ ཕུན་ཚོགས༴ ཤཾ་ཁ༴ དཔལ་ལྡན་རྒྱལ་བའི་ཐུགས་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་དཔལ་བེའུ། །སྲིད་ན་ཡིད་བཞིན་རབ་གྲུབ༴ ཕུན་ཚོགས༴ ཤྲཱི་ཝ་ཏཱ༴ དཔལ་ལྡན་རྒྱལ་བའི་སྐུ་ལ་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་རྒྱལ་མཚན་མཆོག །སྲིད་ན་མི་ནུབ་མངོན་མཐོའི༴ ཕུན་ཚོགས༴ དྷཱ་ཛ༴ དཔལ་ལྡན་རྒྱལ་བའི་ཕྱག་ཞབས་བཀྲ་ཤིས་ཀྱི། །རྟགས་སུ་མཚོན་པ་རིན་ཆེན་འཁོར་ལོ་གང༌། །སྲིད་ན་རྣམ་པར་རྒྱལ་བའི་དགེ་མཚན་འཛིན། །ཕུན་ཚོགས་གྲུབ་པའི་དངོས་པོ་འདི་ཡིས་མཆོད། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝ་ར་ཙཀྲ་ཀ་མ་གུ་ན་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གཟུངས་རོལ་བྱ། བརྒྱད་པ་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་པ་ནི། རྡོ་རྗེ་སྒེག་མོ་ཡིད་འོང་ལྟ་ན་སྡུག །རྡོ་རྗེ་ཕྲེང་འཛིན་རིན་ཆེན་རྒྱན་ཕྲེང་ཐོགས། །རྡོ་རྗེ་གླུ་མ་ཡིད་འཕྲོགས་དབྱངས་དང་ལྡན། །རྡོ་རྗེ་གར་མ་མིག་འཕྲུལ་བཞིན་དུ་བསྐྱོད། །རྨད་བྱུང་དགའ་བ་སྐྱེད་པའི་ལྷ་མོ་རྣམས། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བྱས་ནས། །མཚུངས་མེད་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། །གུས་པས་འདུད་ཅིང་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ། བཛྲ་མཱ་ལྱེ་ཏྲཱཾ། བཛྲ་གཱིརྟི་ཧྲཱི༔ བཛྲ་ནཱིརྟི་ཨཱ༔ བཛྲ་དེ་བཱི་པཱུ་ཛ་མེ་གྷ་ས་མུ་དྲ་སཱ་ཕ་རཏྣ་སཱ་མ་ཡེ་ཨཱཿཧཱུྃ། རྡོ་རྗེ་བདུག་སྤོས་བདུག་པས་ཕྱོགས་ཀུན་གཏམས། །རྡོ་རྗེ་མེ་ཏོག་མེ་ཏོག་སྤྲིན་ཆེན་སྤྲོ། །རྡོ་རྗེ་སྣང་གསལ་སྣང་བའི་འོད་རབ་འགྱེད། །རྡོ་རྗེ་དྲི་ཆབ་དྲི་ཡི་བྱུག་པ་འགྲིབས། །རྨད་བྱུང་དགའ་བ༴ སོགས། ཨོཾ་བཛྲ་དྷུ་པེ་ཧཱུྃ། བཛྲ་པུཥྤེ་ཏྲཾ། བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གནྡྷེ་ཨཱ༔ བཛྲ་དེ་བཱི་པཱུ་ཛ༴ སོགས། རྡོ་རྗེ་པི་ཝཾ་སྙན་པའི་སྒྲ་དབྱངས་འབྱིན། །རྡོ་རྗེ་གླིང་བུ་སྒྲ་མཆོག་དབྱངས་སུ་སྙན། །རྡོ་རྗེ་རྔ་ཟླུམ་སྒྲ་སྙན་ཀུན་ཏུ་ཁྱབ། །རྡོ་རྗེ་རྫ་རྔ་ཡིད་འོང་སྒྲ་བརྒྱར་སྒྲོགས། །རྨད་བྱུང་དགའ་བ༴ སོགས། ཨོཾ་བཛྲ་ཝཱི་ཎི་ཧཱུྃ། བཛྲ་ཝཾ་སེ་ཏྲཱཾ། བཛྲ་མྲྀ་ཏཾ་གི་ཧྲཱི༔ བཛྲ་མུ་ར་ཉྫེ་ཨཱ༔ བཛྲ་དེ་བཱི་པུ་ཛ༴ སོགས། རྡོ་རྗེ་གཟུགས་མཛེས་གཟུགས་མཛེས་མེ་ལོང་འཛིན། །རྡོ་རྗེ་རེག་མ་རེག་བྱའི་བདེ་ཆེན་སྤེལ། །རྡོ་རྗེ་རོ་མ་རོ་བརྒྱའི་ཞལ་ཟས་བསྣམས། །རྡོ་རྗེ་ཆོས་མ་ཆོས་མཆོག་དགའ་བའི་དཔྱིད། །རྨད་བྱུང་དགའ་བ༴ སོགས། ཨོཾ་བཛྲ་རུ་པ་ཧཱུྃ། བཛྲ་སྤརྴེ་ཏྲཾ། བཛྲ་ར་ས་ཧྲཱི༔ བཛྲ་དྷརྨ་དྷཱ་ཏུ་ཨཱ༔ བཛྲ་དེ་བཱི་པཱུ་ཛ་མེ་གྷ་ས་མུ་དྲ་ས་ཕ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ། ཕྱོགས་དུས་བརྟན་དང་གཡོ་བའི་སྣང་ཆ་ཀུན། །སྣང་སྟོང་སྒྱུ་མ་བདེ་བའི་མཆོད་སྤྲིན་ཆེར། །མུ་མཐའ་མེད་པར་འབྱམས་སུ་ཀླས་པའི་དཔྱིད། །རྡོ་རྗེའི་དབང་པོར་ཐིམ་ཞིང་དགྱེས་གྱུར་ཅིག །གཟུངས་རོལ་བྱ། དགུ་པ་ལུས་འབུལ་བ་སོགས་ཀྱི་མཆོད་པ་ནི། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱིས། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཕྱི་མའི་མུ་མཐའ་ཇི་སྙེད་ཀྱི། །བདག་གཞན་སྒོ་གསུམ་འབྱོར་པར་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །མགོན་པོའི་མཐུ་ཡིས་ཡོངས་བཞེས་ཤིག །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །གཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སོ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །གཟུངས་རོལ་བྱ། བཅུ་པ་ཆོས་དང་བླ་མེད་ཀྱི་མཆོད་པ་ནི། སྣང་སྟོང་མཉམ་ཉིད་ནམ་མཁའི་ཀློང་དཀྱིལ་དུ། །བྱང་ཆུབ་སེམས་ཀྱི་གཞལ་མེད་ཁང་བཟང་ལ། །རྨད་བྱུང་དད་པའི་མེ་ཏོག་ཚོགས་བཀྲམ་ཞིང༌། །ཚུལ་ཁྲིམས་དྲི་མེད་བདུག་པའི་སྤྲིན་ཚོགས་འཐིབས། །ཤེས་རབ་སྒྲོན་མེས་སྣང་སྲིད་འོད་དུ་གསལ། །སྙིང་རྗེའི་ཆུ་ལྡན་དྲི་ཡི་བྱུག་པས་ཁྱབ། །ཟག་མེད་ཏིང་འཛིན་དགའ་བདེའི་ཞལ་ཟས་བཀོད། །བརྩོན་འགྲུས་རོལ་མོའི་སྒྲ་དབྱངས་ཕྱོགས་བརྒྱར་འབར། །སྦྱིན་པ་བདུད་རྩིའི་མཆོད་ཡོན་རྒྱ་མཚོར་བསྐྱིལ། །བཟོད་པའི་ཞབས་བསིལ་གཙང་མའི་རྒྱུན་བཟང་འབེབས། །སོ་སོ་ཡང་དག་རིག་པ་བཞི་ཡི་ནི། །གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་མཛེས། །ཐབས་མཁས་བསོད་ནམས་བུམ་པ་བཟང་པོའི་མཛོད། །སྟོབས་མཆོག་མཁའ་མཉམ་ནོར་བུའི་གཏེར་ཆེན་དང༌། སྨོན་ལམ་དཔག་བསམ་ལྗོན་པའི་དགའ་ཚལ་རྒྱས། །ཡེ་ཤེས་གསེར་གྱི་སྙིང་པོའི་སྤྲིན་ཆེན་འཁྲིགས། །མདོར་ན་ཟག་མེད་ཆོས་ཀྱི་འབྱོར་པའི་དཔལ། །མ་ཚང་མེད་པ་ལྷུན་གྱིས་གྲུབ་པ་ཡི། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས། །ཆོས་ཀྱི་དབྱིངས་ཀུན་རྒྱས་པར་གཏམས་པ་འདིས། །སྙིང་གི་ཆུ་སྐྱེས་བཞད་པའི་གེ་སར་ལ། །གུས་པས་བསྟི་བ་རྗེ་བཙུན་མཁྱེན་པའི་གཏེར། །དགྱེས་སྤྱན་ཨུཏྤལ་གཞོན་ནུ་བདག་ཅག་ལ། །རྗེས་ཆགས་འཇམ་དཔལ་དཔའ་བོ་རྟག་ཏུ་མཆོད། །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །མཆོད་གཟུངས་འདོན་ཅིང་རོལ་མོ་བསྒྲག་གོ། །བཅུ་གཅིག་པ་མཎྜལ་གྱི་མཆོད་པ་ནི། ཨོཾ་བཛྲ་བྷུ་མི་ཨཱ་ཧཱུྃ། ཞེས་སོགས་ཚོམ་བུ་སོ་བདུན་མ་དང༌། བདུན་ལ་སོགས་ཅི་རིགས་འབུལ། མཐར། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་རྒུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྙེད་པར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །ཅེས་དང༌། གཞན་ཡང༌། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་སྣ་ཚོགས་ཁམས་ཅན་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །མ་ལུས་ཀུན་ཁྱབ་གཟུགས་དང་བཀོད་པ་དཔག་ཡས་རྒྱ་མཚོའི་སྙིང་པོ་ཅན། །གངས་ཆེན་མཚོས་བརྒྱན་ལྷ་མིའི་མཆོད་སྤྲིན་ནམ་མཁའི་དབྱིངས་ཀུན་ཇི་ཙམ་པ། །དེ་སྙེད་རྒྱལ་བ་རྒྱ་མཚོའི་ཚོགས་བཅས་མཆོད་འོས་རྣམས་ལ་གུས་པས་འབུལ། །དག་པའི་ཞིང་ཁམས་རྒྱལ་སྲས་འབྱོར་པས་ཡོངས་གང་ལྷ་མིའི་བདེ་འབྱུང་གནས། །རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་དང་བཅས་ཡེ་ཤེས་ལས་གྲུབ་གཞལ་ཡས་ཁང༌། །ནམ་མཁའི་དབྱིངས་ཁྱབ་ལོངས་སྐུའི་དཔལ་འབྱོར་ཆོས་སྐུའི་ཞིང་གི་སྙིང་པོ་ཅན། །མ་ལུས་ཡོངས་བཀོད་བདེ་ཆེན་རྒྱ་མཚོར་འགྲོ་ཀུན་ཕྱམ་གཅིག་བགྲོད་པར་ཤོག །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །སྲིད་ཞིའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། ཕུན་ཚོགས་བསོད་ནམས་ཞིང་ལ་ཕུལ་བ་ཡིས། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག །ཅེས་དང༌། ཡང༌། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱབ་བདག་འཇམ་པའི་རྡོ་རྗེ་འཁོར་བཅས་ལ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །དུས་གསུམ་བདེ་གཤེགས་དགོངས་པ་རྫོགས་པ་དང༌། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌། །ནམ་མཁའ་དང་མཉམ་འགྲོ་ཀུན་སྒྲོལ་བར་ཤོག །ཨོཾ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ། གཞན་ཡང་མར་མེའི་མཆོད་པ་དང་གཏོར་མ་འབུལ་བ་ལ་སོགས་སྤྲོ་ན་ཟུར་དུ་སྦྱར་བར་བྱའོ། །དེ་ལྟར་མཆོད་པའི་ཕྲེང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་ཞེས་བྱ་བ་འདི་ནི་མདོ་དང༌། རྒྱུད་དང་སྔོན་གྱི་དམ་པ་དག་གིས་མཛད་པའི་ཚིགས་བཅད་ཅི་རིགས་པ་གཞིར་བཞག །རྟགས་བརྒྱད་དང༌། རྡོ་རྗེ་ལྷ་མོ་བཅུ་དྲུག་ཆོས་ཀྱི་མཆོད་པ་རྣམས་ཡོངས་རྫོགས་དང༌། འདོད་ཡོན་གྱི་མཆོད་པའི་ཐ་མའི་ཚིགས་བཅད་གཉིས། ལུས་ཕུལ་བའི་རྗེས་ཀྱི་ཚིགས་བཅད་གཅིག་རྣམས་རང་ཚིག་གིས་གསར་དུ་བསྣན་ཅིང༌། འདིར་འཇམ་དཔལ་ལ་ཁ་བསྒྱུར་བ་བཞིན་ལྷ་གང་ལའང་སྦྱར་ཆོག་པར་བྱས་ཏེ་བདག་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུར་དམིགས་ནས་མི་ཕམ་རྣམ་པར་རྒྱལ་བས་བཀྲ་ཤིས་ལྷ་རྩེར་བགྱིས་པའོ། །འདི་བྲིས་དགེ་བས་བདག་གཞན་འགྲོ་བ་ཀུན། །ཚོགས་གཉིས་རྒྱ་མཚོའི་ཕ་རོལ་སོན་གྱུར་ནས། །ཡེ་ཤེས་རྒྱ་མཚོའི་བདག་ཉིད་བཅོམ་ལྡན་འདས། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་པར་ཤོག །མངྒ་ལཾ།། །།༄༅། །ཨོཾ་ཨཱ༔ཧཱུྃ། མར་མེའི་ངོ་བོ་རང་བྱུང་ཡེ་ཤེས་ཆེན་པོ་ལ་རྣམ་པ་ཤེས་རབ་འོད་ལྔའི་ཟེར་ཕྲེང་འཁྲུགས་པ་མཁའ་ཁྱབ་དག་དང་མ་དག་པའི་ཞིང་ཁམས་ཀུན་ཏུ་སྣང་ཞིང་བྲི་གང་དང་བྲལ་བའི་འོད་གསལ་ཆེན་པོར་གྱུར། ཨོཾ་བཛྲ་ཛྙཱ་ན་ཨ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལ། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་བ། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ཆོས་དབྱིངས་དང་མཉམ་ཕྱོགས་དང་དུས་ཀྱི་མཐར། །ཡོངས་ཁྱབ་ཤེས་རབ་མར་མེའི་སྣང་བ་ལས། །འོད་ལྔའི་ཟེར་ལས་ཀུན་བཟང་སྤྲིན་སྤྲོ་ཞིང༌། །འགྲོ་བའི་སྒྲིབ་གཉིས་མུན་པ་རྣམ་པར་འཇོམས། །མཆོད་པའི་མཆོག་འདིས་འཇམ་དཔལ་ཡེ་ཤེས་སྐུ། །རྒྱལ་དང་རྒྱལ་སྲས་ཉན་རང་བཅས་པ་དང༌། །བདེ་གཤེགས་སྙིང་པོའི་ཐུགས་ལྡན་འགྲོ་ཀུན་གྱིས། །ཡོངས་བསྐོར་ཏིལ་གོང་ལྟ་བུའི་དཀྱིལ་འཁོར་ལ། །སྒྲིབ་བྲལ་བྲི་གང་བྲལ་བའི་འོད་གསལ་གྱི། །མཆོད་པ་ཆེན་པོས་རྟག་ཏུ་མཆོད་ལགས་ན། །སྟོང་དང་རྟེན་འབྱུང་ཟབ་མོའི་ཚུལ་ཆེན་མཐུས། །སྲིད་ཞི་མཉམ་པའི་ངང་དུ་དགྱེས་གྱུར་ཅིག །བདག་ཀྱང་མཚུངས་མེད་ཟབ་མོའི་ཤེས་རབ་ཀྱི། །སྒྲོན་མེ་མཆོག་ཏུ་གྱུར་ནས་མཁའ་ཁྱབ་ཞིང༌། །རྟག་ཏུ་འོད་གསལ་ཆེན་པོར་གསལ་བྱས་ནས། །རྒྱལ་མཆོད་འགྲོ་བའི་ཕན་བདེ་སྒྲུབ་པར་ཤོག །ཅེས་པའང་ཧེ་རུ་ཀ་གལྤོའི་ཚིགས་བཅད་གཅིག་གི་རྗེས་སུ་ཤྭ་ལོ་ཀ་བཞི་བསྣན་ཏེ་མི་ཕམ་འོད་གསལ་རྡོ་རྗེས་དགོས་པ་མཆོག་ལྡན་དུ་མཐོང་ནས་སྦྱར་བའོ། །མངྒ་ལཾ།། །།