ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་བཞུགས་སོ། །

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

༄༅། །ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་བཞུགས་སོ།།

རྒྱ་གར་སྐད་དུ། ཙིཏྟ་ཀོ་ཥ་ཨ་བཛྲ་གཱི་ཏི། བོད་སྐད་དུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱེ་ཧོཿ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རང་གིས་ཉམས་སུ་མྱོང་བ་དེ་ཁོ་ནའོ། །རིག་དང་མ་རིག་རང་རིག་གསལ་བ་དེ་ཁོ་ནའོ། །མར་མེས་མུན་གསལ་རང་རིག་རང་གསལ་རང་ལ་སད། །འདམ་གྱི་པདྨ་འདམ་ལ་མ་ཞེན་ཁ་དོག་ལེགས། །གཟུང་འཛིན་དྲི་མ་མ་སྤངས་སྙིང་པོ་གསལ། །ནགས་ཁྲོད་གནས་པའི་རི་དྭགས་གཅིག་པུར་རྒྱུ། །རྒྱུ་ལ་མ་ཞེན་འབྲས་བུ་དེ་ཁོ་ན། །སྣང་དང་མི་སྣང་ཡུལ་མེད་ཞེན་མེད་གསལ། །དངོས་སྟོང་མ་དྲན་དྲན་མེད་བརྗེད་པ་མེད། །ལྷན་ཅིག་སྐྱེས་པ་རྣམ་གསུམ་ཉམས་སུ་བདེ། །ཞེན་པ་མེད་དེ་རྟོག་གེའི་ཡུལ་ལས་འདས། །སྣ་ཚོགས་དྲན་ཕྱིར་རྗེས་སུ་འབྲེང་བ་མེད། །གསལ་དང་མི་མཉམ་ཡེ་ཤེས་སྙིང་པོ་ཉིད། །མུན་སེལ་ཉི་མ་སྒྲོན་མེའི་ཁ་དོག་ལྟར། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །སྒྲིབ་པ་ཟད་ཕྱིར་དྲན་མེད་ཡེངས་པ་མེད། །གཉིས་དང་ཡོད་མེད་ཐ་དད་མ་སྐྱེད་ཅིག །ཕྱག་རྒྱ་ཆེན་པོ་བསམ་མེད་བློ་ལས་འདས། །རང་རིག་རྡོ་རྗེ་འཛིན་པའི་རྣལ་འབྱོར་པ། །འདའ་ཀ་ལྷན་ཅིག་སྐྱེས་པའི་མར་མེ་ནི། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན། །སྐྱེ་མེད་འོད་གསལ་སྟོང་པའི་རིས་དང་བྲལ། །ཁྱད་པར་ཅན་གྱི་ཡེ་ཤེས་ཁོ་ན་ཉིད། །གཉིས་ལ་མི་ལྟོས་བདེ་བ་རྒྱུན་མི་ཆད། །རང་བྱུང་རྟོག་མེད་བག་ཆགས་རྩད་ནས་གཅོད། །སེམས་ཅན་སངས་རྒྱས་ཁྱད་པར་བསམ་བྱས་ཀྱང་། །སྤྱོད་ལམ་དག་ན་རྒྱུན་གྱི་རྣལ་འབྱོར་ཆེ། །དྲན་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་། །གདོད་ནས་དག་པས་དྲན་མེད་ངང་ལ་ཐིམ། །རང་དོན་སྐྱེ་མེད་གཉིས་བྲལ་རྟོགས་པའི་དོན། །འབྲས་བུ་དག་པས་བློ་འདས་ཡུལ་མེད་བྲལ། །རྟོགས་པའི་ཐབས་རྒྱུན་རང་བཞིན་ཀུན་ལ་ཁྱབ། །ཐབས་ཀྱིས་འགྲོ་དོན་སྙིང་རྗེ་བསམ་ཡས་ཀྱང་། །ཡེ་ཤེས་རང་བཞིན་སྐྱེ་འགག་མེད་པར་རྟོགས། །ཐབས་ཀྱིས་བདེ་བ་སྐྱེས་ཀྱང་དེ་མེད་མ་ཟིན་འཆིང་། །འགྲོ་བའི་ཡེ་ཤེས་རང་ལ་ལྷན་ཅིག་འབྱུང་། །བསྒོམ་བྱ་སྒོམ་བྱེད་དམིགས་པའི་ཡུལ་ལས་འདས། །སངས་རྒྱས་སེམས་ཅན་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ན་བློར་མི་སྣང་། །དེ་ཉིད་སད་པས་བདེ་བ་སྟོང་པར་མཚོན། །བསྒོམ་བྱའི་དངོས་པོ་སྣང་བའི་རྐྱེན་ལས་བྱུང་། །མི་རྟོག་རྟོགས་པས་ཀུན་རྫོབ་ཐ་སྙད་གྲུབ། །གཉིས་སུ་མེད་པའི་སྣང་བ་སྐྱེ་མེད་ལས། །རང་གཞན་དག་པ་སྐྱེ་བའི་ཆོ་འཕྲུལ་ཤར། །བྲལ་དང་མ་བྲལ་མི་རྟོག་བློ་ལས་འདས། །གཉིས་མེད་རྟོགས་བྱར་སྐྱེ་མེད་ཡུལ་དུ་གྱུར། །སྟོང་པར་སྨྲ་བས་དེ་ཉིད་རྟོགས་མི་འགྱུར། །བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན། །མཐའ་གསུམ་རྟག་འདོད་དག་གིས་རྙེད་པར་དཀའ། །དགའ་བ་བཞི་ལ་དམིགས་ཀྱང་དེ་ཉིད་དཀའོ། །ཚོགས་དྲུག་རང་ཆས་ཡེ་ཤེས་མཆོག་ལྡན་པས། །གཉིས་མེད་བཅུད་ཀྱི་སྣང་བ་རང་ཆས་འཆར། །ཀྱེ་ཧོཿ ཕྱག་རྒྱ་ཆེན་པོ་རྟོག་བྲལ་ཀུན་གྱི་གཞི། །དངོས་གྲུབ་འབྱུང་བས་ངོ་མཚར་རྨད་དུ་ཆེ། །གཉིས་མེད་རང་རིག་སད་ན་བག་ཆགས་བྲལ། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བསྟན་པས་ཉན་ཐོས་ལ་སོགས་སྐྲག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །རྩེ་གཅིག་བྱས་ཀྱང་ཅུང་ཟད་བསྒོམ་དུ་མེད། །རྣམ་རྟོག་རང་འབར་དྲན་མེད་གསོས་སུ་ཞི། །དྲན་མེད་སྣང་མེད་མེ་ལོང་གཟུགས་བརྙན་འདྲ། །ཐ་སྙད་བྲལ་བས་སྐྱེ་མེད་བློ་འདས་ལམ། །མཚན་མའི་དྲན་པ་བག་ཆགས་དྲི་མར་བསྟན། །ཐོག་མཐའ་བྲལ་ཕྱིར་སྔ་ཕྱིའི་དུས་མི་དམིགས། །ཀྱེ་ཧོཿ དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ། །ཇི་ལྟར་བག་ཆགས་བྲལ་བའི་ཚུལ་ཞེ་ན། །གཉིས་སུ་མ་བཟུང་གདོད་མཐའ་བྲལ་བས་ཞི། །བག་ཆགས་བྲལ་བས་ཕྱོགས་མེད་རྒྱུ་བ་སྟོང་། །ཟུང་དུ་འཇུག་པ་སངས་རྒྱས་ངོ་བོ་ཉིད། །ཤེས་རབ་རྣམ་གསུམ་ཡུལ་དང་ཐབས་སུ་གསུངས། །དཔེ་དང་བྲལ་བས་མཚན་མའི་ཡུལ་ལས་འདས། །སྐྱེ་བ་འདི་ལ་དམ་པའི་སྙིང་པོ་ཡིན། །ཐབས་ཀྱི་སྦྱོར་བས་ཚོགས་དྲུག་རང་སར་ཞི། །ཕུང་པོ་ལྔ་སོགས་ཡོན་ཏན་དག་པའི་ཞིང་། །ཀུན་མཁྱེན་གཉིས་མེད་སྣང་ཡུལ་ཞེན་དང་བྲལ། །དོན་དམ་སྨྲ་མེད་ཀུན་རྫོབ་རྟོག་གེ་ཙམ། །མྱ་ངན་འདས་ལམ་འཁོར་བར་སྣང་བ་ཉིད། །བླ་མ་དམ་པའི་དགོངས་པ་ཐུག་ཕྲད་དུ། །རྙེད་ནས་འཁོར་བའི་ལམ་ལས་གྲོལ་བར་འགྱུར། །རྣལ་འབྱོར་དགོངས་པའི་ཉམས་རྙེད་རྫོགས་སངས་རྒྱས། །མ་ནོར་ལམ་དུ་ལྷན་ཅིག་ཁོ་ན་ཡིན། །ཀྱེ་ཧོཿ གཉིས་མེད་དོན་དུ་གསང་སྔགས་བརྡ་ཡིས་བཀྲོལ། །ཡོན་ཏན་མི་ཟད་རྒྱ་མཚོར་ནོར་བུ་མཚུངས། །ཐབས་མཆོག་ཟིན་ན་བཅུ་བཞིའི་ས་ལ་གནས། །གང་དུ་གནས་ཀྱང་ཡེ་ཤེས་རང་ལས་རྙེད། །གཏེར་རྙེད་བདག་གཞན་གཉིས་ཀའི་དོན་མི་རྨོངས། །སྙིང་གི་གྭའུ་པདྨའི་མེ་ཏོག་དཀྱིལ། །ཐབས་དང་ལྡན་པས་སྦྱོར་བ་དེ་ནས་འགྱེད། །འཁོར་ལོའི་ཕྱོགས་ཀྱི་རྩ་གནས་གང་དུ་ཡང་། །འདོད་དང་བྲལ་བས་ཆགས་མེད་ནམ་མཁའི་ལམ། །གྱེན་ཐུར་འདྲེན་དང་འཁོར་ལོ་བསྐོར་བ་ཡང་། །ཐབས་ཀྱི་འདྲེན་ཚུལ་དོན་གྱི་གཏིང་མི་རྙེད། །གཟུང་དང་འཕོང་དང་སྦྱར་དང་སྤར་བ་ཡང་། །བླུན་པོ་དབུགས་མི་བདེ་དང་ཁྱད་མེད་མཚུངས། །རྟོགས་པར་འདོད་པས་དེ་ཉིད་རྟག་ཏུ་བལྟ། །གུས་དང་དང་བས་བླ་མ་དཀོན་མཆོག་བསྟེན། །གསང་བའི་ཡོན་ཏན་བླ་མ་མཆོག་ལས་འབྱུང་། །དོན་དམ་མཚན་ཉིད་ཉོན་མོངས་གཡུལ་ལས་རྒྱལ། །གསང་བའི་དོན་ཉིད་དོན་དང་རབ་ལྡན་པའི། །བླ་མ་སློབ་དཔོན་ལུང་དང་རབ་ལྡན་བུ། །མི་གཉིས་སྒོ་ནས་འགྲོ་བ་གྲོལ་འགྱུར་ཤོག །ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་སྙིང་པོ་གསང་བའི་དོན་ཞེས་བྱ་བ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།