ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་རྣམ་པར་བཤད་པའི་རྒྱན་ཅེས་བྱ་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.
{{{1}}}

༄༅། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་རྣམ་པར་བཤད་པའི་རྒྱན་ཅེས་བྱ་བ་བཞུགས། །[1]

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་ལུས་རྫོགས་དབང་བསྐུར་ཞིང་། །ཡེ་ཤེས་རྒྱ་མཚོའི་འཁོར་ལོས་བདུད་ལས་རྒྱལ། །རིགས་ལྡན་འགྲོ་ལ་འཕྲིན་ལས་རྒྱ་མཚོ་སྟོན། །རྒྱལ་སྲས་མ་ཕམ་པ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དོན་གཟིགས་སྨོན་ལམ་མཐུ་ལྡན་པས། །བསྟན་པ་གསལ་མཛད་འཕགས་པ་ཐོགས་མེད་དང་། །དབྱིག་གཉེན་ལ་སོགས་བླ་མ་བརྒྱུད་པ་ལ། །གུས་པས་རྟག་ཏུ་ཕྱག་འཚལ་ཅི་ནུས་མཆོད། །ཟབ་མོ་སྐྱེ་བོའི་ཡུལ་ལས་རབ་འདས་པ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ཡི། །ཚུལ་འདི་རང་གི་བློ་ལ་སྣང་ཕྱིར་དང་། །ཆོས་ལྡན་རྣམས་ཀྱིས་རྟོགས་པར་བྱ་ཕྱིར་འབད། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཚད་མེད་པ་དང་ལྡན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཞིང་། རྒྱལ་བའི་སྲས་རྣམས་ཀྱིས་ཡང་དང་ཡང་དུ་བཀའ་བསྡུ་བ་མཛད་ཀྱང་། མོས་པ་དམན་པར་གྱུར་བ་རྣམས་ལ་ཐེག་པ་ཆེན་པོའི་སྣང་བ་ཅུང་ཟད་འགྲིབ་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་བྱམས་པའི་ཆོས་ལྔ་པོ་འདི་མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གསལ་བར་བསྟན་པ་ལ་མངོན་པར་རྟོགས་པའི་རྒྱན་དང་། དང་པོ་དང་བར་ལ་སོགས་པ་ཐམས་ཅད་དུ་མདོ་སྡེ་བསྟན་པ་ཐམས་ཅད་ཀྱི་དོན་གསལ་བར་བྱེད་པ་མདོ་སྡེ་རྒྱན་དང་། མཚན་ཉིད་ནས་ཐེག་པ་བླ་ན་མེད་པའི་བར་གྱི་དོན་སྟོན་པ་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་གསལ་བར་བྱེད་པ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་དང་། བཀའ་ཐ་མ་དང་སངས་རྒྱས་ཀྱི་ཐེག་པ་ཉིད་སྟོན་པའི་མདོ་རྣམས་ཀྱི་དོན་བསྡུས་པ་རྒྱུད་བླ་མ་སྟེ། འདི་རྣམས་མཛད་དོ། །དེ་ཡང་མི་ཡུལ་འདིར་བྱོན་པ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་འདས་པའི་དུས་ན། སྔོན་གྱི་སྨོན་ལམ་གྱི་མཐུས་འཕགས་པ་ཐོགས་མེད་དང་དབྱིག་གཉེན། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱི་སྲས་སུ་འཁྲུངས་ཏེ། འཕགས་པ་ཐོགས་མེད་ཀྱིས་རི་བོ་བྱ་རྐང་དུ་ལོ་བཅུ་གཉིས་བསྒྲུབ་པར་མཛད་དེ་ཞལ་བསྟན་ནས། དགའ་ལྡན་དུ་བྱོན་ཏེ། མི་ལོ་ལྔ་བཅུའི་བར་དུ་རྣལ་འབྱོར་སྤྱོད་པའི་ས་འབུམ་པ་ལ་སོགས་པ་རྣམས་གསན་ནས། སླར་མི་ཡུལ་དུ་བྱོན་པ་བསྟན་པ་གསལ་བར་མཛད་དེ། ས་སྡེ་ལྔ་དང་། མདོ་སྡེ་རྣམ་པ་གཉིས་ལ་སོགས་པ་བསྟན་པ་མཐའ་དག་བསྡུ་བའི་བསྟན་བཅོས་མཛད་དོ། །དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཞེས་བྱའི་དགེ་སློང་ནི། །བསྟན་བཅོས་དེའི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོའི་དེ་ཉིད་དོན་སྡུད་བྱེད། །ཅེས་ལུང་བསྟན་པ་ཡིན་ནོ། །མཁས་པའི་མཆོག་དབྱིག་གཉེན་གྱིས་ཀྱང་བྱམས་ཆོས་ལ་སོགས་པ་རྣམ་པར་འགྲེལ་པ་དང་། པྲ་ཀ་ར་ན་སྡེ་བརྒྱད་ལ་སོགས་པ་མཛད་དེ། རྒྱ་ཆེ་ཡང་། ཁྱད་པར་དུ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འདི་ནི། བདེན་པ་གཉིས་ཀྱི་ཚུལ་གསལ་བར་བྱེད་པ་ཆོས་ལྔ་དང་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་ཀྱི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་མིང་ཅན། སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་སྐུ་ལ་འཇུག་པའི་ཚུལ་ལམ་འབྲས་བུ་དང་བཅས་པ་གསལ་བར་བྱེད་ཅིང་། ཞར་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཡང་སྟོན་པས། བཀའ་དང་བསྟན་ཆོས་ཐ་དག་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པས་འདི་གསལ་བར་སྟོན་པ་ལས་འདི་ལ་གཉིས་ཏེ། ལོ་ཙཱ་བས་སྨོས་པའི་མཚན་ཕྱག་འཚལ་བ་དང་བཅས་པ་དང་། བསྟན་ཆོས་དངོས་སོ། །དང་པོ་ནི། རྒྱ་གར་སྐད་དུ། དྷར་མ་དྷར་མཱ་ཏ་བྷི་བཱ་ཀ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། བཅོམ་ལྡན་འདས་མ་ཕམ་པ་ལ་ཕྱག་འཚལ་ལོ། །ཞེས་འགྱུར་མཛད་པ་པོ་རྣམས་ཀྱི་བསྟན་བཅོས་ཀྱི་ཀླད་དུ་སྨོས་ཏེ། འདི་ལ་ཡང་། རྒྱ་གར་སྐད་ཀླད་དུ་སྨོས་པས་ཆོས་ལ་ཡིད་ཆེས་སྐྱེ་བ་དང་། སམ་ཀྲི་ཏ་སྐད་ཀྱི་མཆོག་ཡིན་པས་བག་ཆགས་འཇོག་པ་དང་། བྱིན་རླབས་ཆེ་བའི་དགོས་པ་གསུམ་དང་། དེ་བོད་སྐད་དུ་བསྒྱུར་བས་མིང་དོན་གྱི་འབྲེལ་བ་ཤེས། མིང་ལས་དོན་རྟོགས། དོན་ལས་མིང་དྲན་པའི་དགོས་པ་ཡོད་ལ། གཉིས་ཀ་སྦྱར་བས་སྒྲ་ཐད་ལོག་ཤེས་པ་དང་། དོན་མཐུན་པར་ཤེས་པ་དང་། དྲིན་ཆེ་བར་དྲན་པའི་དགོས་པ་ཡོད་དོ། །ཞེས་གསུངས་ཡོད་ཀྱི། བཀའ་བཅད་ལས་ཆོས་གང་བསྒྱུར་བའི་མིང་ཐོག་མར་སྨོས་པ་དང་། ཕྱག་འཚལ་བའི་གོ་རིམ་འདི་ལྟར་གྱིས་ཤིག་ཅེས་ཁྲིམས་སུ་བྱས་པ་ཉིད་པས་འདིར་མང་དུ་མི་བརྗོད་དོ། །འདི་བསྒྱུར་ན་དྷར་མ་ནི་ཆོས་དྷར་མ་ཏ་ནི་ཨ་ཏའི་སྒྲ་ལས་ཆོས་གཉིས་སུ་མེད་པ་སྟེ་ཆོས་ཉིད། བྷི་བཱ་ཀ་ནི་རྣམ་པར་འབྱེད་པ་སྟེ་སྤང་བྱ་དང་གཉེན་པོ་རྣམ་པར་འབྱེད་པ་སྟེ་མཚན་དོན་དང་མཐུན་པར་བརྗོད་པས། འདི་རྒྱས་པར་བཤད་པ་འོག་ནས་འབྱུང་བ་ཉིད་དོ། །ཕྱག་འཚལ་བ་ཡང་། འདིར་ལོ་པན་རྣམས་ཀྱིས། བསྟན་བཅོས་མཛད་པ་པོ་འཕགས་པ་བྱམས་པ་ལ་ལུས་ངག་ཡིད་ཀྱི་སྒོ་ནས་འགྱུར་མཐར་ཕྱིན་པ་དང་། དམ་པའི་ཚུལ་དང་མཐུན་པས་ཕྱག་འཚལ་བའོ། །མ་ཕམ་པ་ཞེས་བྱ་བ་ནི། རྒྱལ་བས་ངའི་འོག་ཏུ་ཁྱོད་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་པས། གནས་གཙང་མ་རྣམས་ཀྱིས། ཁྱོད་ནི་མ་ཕམ་པའོ། །ཞེས་བསྒྲགས་ཏེ་མཚན་གྱི་རྣམ་གྲངས་སོ། །བསྟན་བཅོས་དངོས་ལ་གསུམ་སྟེ། ལུས་རྣམ་པར་གཞག་པ་དང་། དོན་དངོས་དང་། དཔེ་དོན་བསྡུ་བའོ། །དང་པོ་ནི། གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། གཞན་འགའ་ཞིག་ནི་མངོན་སུམ་ཉིད་བྱ་བ། །དེས་ན་དེ་དག་མཚན་ཉིད་སྒོ་ནས་ནི། །རྣམ་དབྱེ་འདོད་པས་བསྟན་བཅོས་འདི་བྱས་སོ། །ཞེས་གསུངས་ཏེ། འདི་ལ་ཡང་ཁ་ཅིག་མཆོད་པར་བརྗོད་པ་མེད་པའི་བཤད་པར་དམ་བཅའ་བ་འབའ་ཞིག་སྨོས་སྙམ་དུ་རྟོག་ན། བསྟན་བཅོས་ལྔ་པོ་འདི་རྩོལ་བ་རྒྱུན་གཅིག་པ་དང་། འདི་ལྔ་ཡང་བསྟན་པ་ཐམས་ཅད་ཀྱི་དོན་དུ་ངེས་པར་བྱ་བའི་ཕྱིར་ཐོག་མར་མངོན་པར་རྟོགས་པའི་རྒྱན་དུ་ནི་མཆོད་པར་རྗོད་ལ། རྒྱུད་བླ་མར་ཡོངས་སུ་རྫོགས་པའི་བྱ་བ་སྨོན་ལམ་བསྟན་པར་མངོན་ནོ། །འདི་རྣམས་ཀྱི་གོ་རིམས་ཀྱང་རྟོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པ་བཞི་ཀ་བསྐྱེད་པའི་ཐེག་པ་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་ཐམས་ཅད་ཀྱི་མ་ལྟ་བུ་ཡིན་པས་ཐོག་མར་མཛད་དོ། །མདོ་སྡེ་རྒྱན་ནི་ཐེག་པ་གསུམ་གྱི་མདོ་སིལ་བུ་རྣམས་ཀྱང་སྔ་མའི་དོན་དང་མཐུན་པ་ཡིན་ནོ། །ཞེས་ཤེས་པར་བྱ་བ་དང་མངོན་པར་རྟོགས་པའི་ཁྲིགས་སུ་ངེས་པར་མཛད་དོ། །དེ་ཡང་བསྡུས་ན་སྤང་གཉེན་གྱི་མཚན་ཉིད་དང་། དེ་ལ་བསྒྲིབ་པ་དང་། དེ་ཁོ་ན་དང་། གཉེན་པོ་བསྒོམ་པའི་ཚུལ་གནས་འབྲས་བུ་དང་བཅས་པ་དང་། ཐེག་པ་བླ་ན་མེད་པར་འཇུག་པ་འདི་ཙམ་མོ་ཞེས་དབུས་མཐའ་ལས་བཤད་པ་ཡིན་ནོ། །དེ་ལྟར་བསྟན་པ་ཐམས་ཅད་ཀྱང་བསྡུས་ན། ཆོས་དང་ཆོས་ཉིད་ལ་འཇུག་པ་འདི་ཉིད་དུ་ཐམས་ཅད་འདུའོ། །ཞེས་བསྟན་ནས། ཆོས་ཉིད་ཀྱི་དོན་སངས་རྒྱས་ཉིད་ཀྱི་གནས་ལུགས་མཐར་ཐུག་པའི་ངེས་པའི་དོན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་བྱང་ཆུབ་དང་། དེའི་ཡོན་ཏན་དང་། འཕྲིན་ལས། འཇུག་པའི་ཚུལ་དང་བཅས་པ་ནི་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་ཡིན་ནོ། །ཞེས་རྒྱུད་བླ་མས་བསྟན་ཏེ། བསྟན་པ་ཡི་བཀའ་དང་བསྟན་བཅོས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཚིགས་བཅད་གཅིག་པོ་འདི་ཡང་དགོས་པ་རྣམ་པ་གཉིས་དང་། སྤང་བླང་རྟོགས་པའི་ཕྱིར་འབྲེལ་བ་དང་། བརྗོད་བྱའི་མཚན་ཉིད་དང་། བརྗོད་བྱེད་ཀྱི་རྣམ་པར་དབྱེ་བ་དང་བཞི་སྟེ། བསྟན་བཅོས་ཀྱི་ཀླད་དུ་དགོས་འབྲེལ་བསྟན་ཏོ། །ཅི་འོ་ན་ཐོག་མར་དགོས་པ་བསྟན་པས་ཅི་ཞིག་བྱེད་ན། དོན་ལ་རྟོན་པ་དག་ནི། ཐོག་མར་དགོས་པ་མཐོང་ནས་འཇུག་པས་གང་ཕྱིར་ཆོས་དང་ཆོས་ཉིད་ཅེས་བྱ་བའི་ངག་འདི་ལ་བརྟེན་ནས་ཆོས་ནི་ཀུན་ནས་ཉོན་མོངས་པ་འཁོར་བས་བསྡུས་པར་ཤེས། ཆོས་ཉིད་ནི་རྣམ་པར་བྱང་བའི་མཚན་ཉིད་ཅན་དུ་ཤེས་པ་ནི་དགོས་པ་དང་། དེ་ལ་བརྟེན་ནས་སྤང་བླང་གི་དོན་ལ་འཇུག་པ་ནི་ཉིང་དགོས་དང་། དེ་ལྟར་བསྟན་བཅོས་ཀྱི་བརྗོད་བྱ་བརྗོད་བྱེད་འདི་ལྟ་བུའོ། །ཞེས་རྟོགས་པའི་འབྲེལ་བ་འབྱུང་བས། དགོས་འབྲེལ་གྱི་ངག་ཀླད་དུ་སྨོས་སོ། །བསྟན་བཅོས་ཀྱི་ལུས་དངོས་ཀྱིས་ནི། གང་དགོས་འབྲེལ་འབྱུང་བའི་གཞི་བརྗོད་པར་བྱ་བ་ཆོས་དང་ཆོས་ཉིད་ཀྱི་དོན་ལ་བརྗོད་པར་བྱེད་པའི་ངག་བསྟན་བཅོས་འདིས་བསྟན་པས་ངག་དང་ངག་ཅན་གྱི་ལྟོས་པའི་འབྲེལ་བ་ཙམ་ལ་བརྟེན་ནས། སྤང་བླང་རྟོགས་པའི་ཤེས་པ་འབྱུང་ཞིང་། རྐྱེན་དེས་ལམ་ལ་འཇུག་པའི་དགོས་པ་དང་། ཞུགས་པས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་རྟོགས་པར་འགྱུར་བ་ནི། དགོས་པའི་དགོས་པའོ། །དེ་ལྟར་དགོས་འབྲེལ་གཉིས་ཀྱི་གྲངས་དང་གོ་རིམ་སྤྱིར་བཤད་ནས། ཤེས་ནས་འགའ་ཞིག་སྤང་བར་བྱ་བ་ནི། ཀུན་ནས་ཉོན་མོངས་པའི་ཆོས་ཟག་པ་དང་བཅས་པ། སྡུག་བསྔལ་ཐམས་ཅད་སྐྱེད་པ། གཏན་དུ་འཁོར་བའི་འཁོར་ལོར་འཁྱམ་པར་བྱེད་པ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ནི་སྤང་བར་བྱ་བའོ། །གཞན་འགའ་ཞིག་མངོན་དུ་བྱ་བ་ནི། དྲི་མ་མེད་པའི་ཆོས་ཉིད་སངས་རྒྱས་ཀྱི་སྙིང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་སྐུ་སྟེ། དེ་ལ་རྒྱུ་མཐུན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་ལ་བརྟེན་ནས་ཡང་དག་པའི་ལྟ་བ་དང་འབྲེལ་བའི་རྟོགས་པས་འཇུག་ཅིང་། ངེས་པ་དང་སྣང་བ་དང་། བསྒོམ་པས་མཐར་ཕྱིན་པར་བྱེད་པའོ། །རྒྱུ་མཚན་དེས་ན་ཆོས་དང་ཆོས་ཉིད་དེ་དག་སྤང་བླང་གི་འབྲེལ་བ་རྟོགས་ནས། བརྗོད་བྱ་ཆོས་དང་ཆོས་དེ་ཉིད་ཀྱི་མཚན་ཉིད་འོག་ནས་བཤད་པའི་མཚན་ཉིད་ཅན་དེ་སྟོན་ཏོ། །དེས་ན་བརྗོད་བྱེད་རྣམ་པར་དབྱེ་བ་ནི། མཚན་ཉིད་སྒོ་ནས་ནི། རྣམ་དབྱེ་འདོད་པ་སྟེ། ཤེས་བྱ་ཐམས་ཅད་ཆོས་དང་ཆོས་ཉིད་དུ་འདུས་པས་མཚན་ཉིད་རྣམ་པར་ཕྱེ་བ་ཡིན་གྱི། ཡུལ་ཐ་དད་ཀྱིས་དབྱེ་བ་ཡང་མ་ཡིན། མང་པོ་ལས་དེ་གཉིས་ལོགས་སུ་དབྱེ་བ་ཡང་མ་ཡིན་ནོ། །ཞེས་འགྲེལ་པར་གསུངས་ལ། འདི་ངོ་བོ་ནི་ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་དང་། གཞན་གྱི་དབང་གིས་འཁོར་བའོ། །ཡོངས་སུ་གྲུབ་པ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་སྟེ། ཡུལ་ཐ་དད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་བཞིན་ཀུན་བརྟགས་ཏེ་མེད་པ་སྣང་བའོ། །གཞན་དབང་ནི་ཐག་པ་སྣང་ཡང་དེ་བཞིན་དུ་ཡང་མི་བདེན་ཏེ། སྤུའི་ཚོགས་འདུས་པ་ཁ་དོག་དང་དབྱིབས་ཙམ་དུ་སྣང་བའོ། །ཡོངས་གྲུབ་ནི་སྦྲུལ་དང་ཐག་པ་ལ་བདེན་པ་མེད་པའི་རང་གི་ངོ་བོ་དང་། སྣང་བ་ལ་འཁྲུལ་པ་མེད་པས་མ་འཁྲུལ་བའི་རང་རིག་པའོ། །དེས་ན་ཡུལ་ཐ་དད་མེད་པའོ། །དེ་སྐད་དུ་འཕགས་པ་ཀླུ་གྲུབ་ཀྱིས། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་པའང་དོན་འདི་ཉིད་དོ། །གཞན་ཡང་། འཁོར་འདས་ཐམས་ཅད་ཀྱི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ་འདི་ནི་སྤྱིའི་མཚན་ཉིད་དོ། །དེ་ཡང་། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེ་ཕྱིར་སྤྱིའི་མཚན་ཉིད་དེར། །དེ་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུས་མཐར་གསུངས་སོ། །མང་པོ་ལས་གཉིས་བཀོལ་བ་མ་ཡིན་པའང་། བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་བཞག་པ་དེ་ཐམས་ཅད་བསྡུས་ནས་རྣམ་པ་གཉིས་ཏེ། ཆོས་དང་ཆོས་ཉིད་དོ། །ཞེས་འགྲེལ་པར་གསུངས་སོ། །བསྟན་བཅོས་འདི་བྱས་སོ་ཞེས་བཅོམ་ལྡན་འདས་བྱམས་པས་ཐམས་ཅད་ལ་འཇུག་པའི་ཚུལ་འདི་མཛད་པ་ཡིན་ནོ། །བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་དགོས་འབྲེལ་དང་བཅས་པ་བཤད་ཟིན་ཏེ། རྣམ་རྟོག་གི་དགག་བསྒྲུབ་ལ་སོགས་པ་དོན་ཆུང་བས་བཞག་གོ །དོན་དངོས་ལ་ཡང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་ཡང་བདུན་ཏེ་སྤྱིར་བསྟན་པ་དང་། གཉིས་ཀའི་རྣམ་དབྱེ་དང་། ཆོས་ཀྱི་མཚན་ཉིད་དང་། ཆོས་ཉིད་ཀྱི་མཚན་ཉིད་དང་། འཁྲུལ་པའི་རྒྱུ་མཚན་དང་། གཅིག་མེད་ན་གཉིས་སུ་མི་སྣང་བ་དང་། གཅིག་དང་ཐ་དད་དུ་ཁས་མི་བླང་བའོ། །དང་པོ་ནི་འདི་ཐམས་ཅད་ནི་རྣམ་པ་གཉིས་ཏེ། ཆོས་དང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་གསུངས་ཏེ། འདི་ཐམས་ཅད་ནི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་ཅི་སྙེད་པའོ། །དེ་ཡང་གཉིས་ཏེ། སྤང་བྱ་འཁོར་བའི་ཆོས་དང་། དེ་ལས་གྲོལ་བ་ཆོས་ཉིད་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་མངོན་སུམ་དུ་བྱ་བའོ། །དེ་ལྟར་སྤྱིར་བསྟན་པ་ལ། གང་ཞིག་གང་གིས་བསྡུས་པ་མི་ཤེས་པས་གཉིས་ཀའི་རྣམ་པར་དབྱེ་བ་ནི། ཆོས་ཀྱིས་རབ་ཏུ་ཕྱེ་བ་ནི་འཁོར་བའོ། །ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པའོ། །ཞེས་གསུངས་ཏེ། འདིར་འཁོར་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པས་བསྡུས་པ་དྲི་མ་དང་བཅས་པའི་སེམས་ཀུན་གཞིའི་རྣམ་པར་ཤེས་པར་བཤད་པ། ཁམས་གསུམ་པས་བསྡུས་པའི་ཟག་པ་དང་བཅས་པའི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དེ། དབུས་མཐའ་ལས་ཀྱང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་སོ། །དེ་ལ་ཆོས་ཉིད་ནི་འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་རང་གི་ངོ་བོ་དང་། གང་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་དང་། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པས་བསྡུས་པའི་ཆོས་ཞེས་ཀྱང་བཤད་ལ། ཆོས་དབྱིངས་དྲི་མ་མེད་པ་དང་། དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། སངས་རྒྱས་དང་ཆོས་ཀྱི་མིང་གིས་བསྟན་པའོ། །དེ་ཡང་། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བའི། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་བ་དག་གིས་བསྡུས། །ཞེས་པ་དང་། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེའི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་བསྟན་པའོ། །ཞེས་རྒྱུད་བླ་མར་གསུངས་སོ། །འདི་ཉིད་ལ་མིང་གི་རྣམ་གྲངས་ཀྱང་། སངས་རྒྱས་དང་། ཆོས་དང་། དབྱེར་མེད་ཀྱི་དོན་དང་། རིགས་དང་། དེ་བཞིན་ཉིད་དང་། འབྲས་བུ་ཐོབ་པ་དང་། མི་བརྫུ་ན་མི་བསླུ་བའི་དོན་དམ་དང་། གདོད་མ་ནས་ཞི་བ་ཞེས་བཤད་དེ། །སངས་རྒྱས་ཆོས་དང་དབྱེར་མེད་དང་། །དེ་རིག་དེ་བཞིན་ཉིད་ཐོབ་དང་། །བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་འབྱུང་བ་སྟེ། འདིར་འགྲོ་བའམ། འདིས་འགྲོ་བས་ཐེག་པ་ཞེས་བྱའོ། །རྒྱུ་མཚན་འདིས་ན་ཐེག་པ་ཆེན་པོར་འཇུག་པ་རྣམས་ཀྱི་ཤེས་བྱ་ཐམས་ཅད་ལ་མཐོང་བ་མངོན་དུ་བྱ་དགོས་པས། ཁྱད་པར་དུ་འཕགས་པའི་མདོ་ལས་བྱུང་བ་ཀུན་གཞིའི་རྣམ་པར་ཤེས་པ་ནི། ཤེས་བྱའི་གནས་དང་། ངོ་བོ་ཉིད་གསུམ་ནི་ཤེས་བྱའི་མཚན་ཉིད་དང་། རྣམ་པར་རིག་པ་ཙམ་ནི་དེ་ལ་འཇུག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དེ་ལ་འཇུག་པའི་རྒྱུ་འབྲས་དང་། ས་བཅུ་ནི་བསྒོམ་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། དཔའ་བར་འགྲོ་བ་ནམ་མཁའ་མཛོད་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ནི་སྤངས་པའི་འབྲས་བུ་དང་། སྐུ་གསུམ་ནི་ཐོབ་པའི་འབྲས་བུར་གསུངས་ཏེ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེའི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་ཐེག་པ་ཆེན་པོ་བསྡུས་པ་ལས་གསུངས་སོ། །འདིར་ནི་མཚན་ཉིད་ལ་བརྟེན་ནས་ཀུན་བརྟགས་གཞན་དབང་གཉིས་སྒྲིབ་པ་དང་ཆོས་སུ་བཤད་ཅིང་། ཡོངས་སུ་གྲུབ་པ་གནས་ཡོངས་སུ་གྱུར་པ་ནི་ཆོས་ཉིད་དུ་གསུངས་པས་གནས་བཅུ་པོ་ཐམས་ཅད་བསྡུས་པའོ། །འདིའི་རྣམ་གྲངས་གཞན་ཡང་། ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་དང་ནི། །བདེན་པ་གཉིས་ཀྱི་རང་བཞིན་དུ། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་གསུངས་ཏེ། ཆོས་ལྔ་དང་རང་བཞིན་གསུམ་ཡིན་ཏེ། །མིང་དང་མཚན་མ་ཀུན་རྟོག་ནི། །དངོས་པོ་གཉིས་ཀྱི་མཚན་ཉིད་དོ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་བྱུང་སྟེ། མི་དང་མཚན་མ་གཉིས་ནི་ཀུན་བརྟགས་སོ། །ཀུན་རྟོག་ནི་གཞན་དབང་སྟེ་འདི་གཉིས་ནི་ཆོས་སོ། །ཡང་དག་པའི་ཡེ་ཤེས་ནི་ཟག་པ་མེད་པའི་ཆོས་འགོག་ལམ་གྱིས་བསྡུས་པ་དང་། དེ་བཞིན་ཉིད་ནི་ཤེས་བྱ་ལ་གནས་པའི་བདེན་པ་གཉིས་ཀྱི་རང་བཞིན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། འདི་གཉིས་ནི་སྔ་མ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། ཕྱི་མ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་བོ། །འདི་གསུམ་གྱི་སྤྱི་ལ་ནི་ཀུན་གཞི་ཞེས་བྱ། སྔ་མ་གཉིས་ལ་ནི་ཀུན་གཞིའི་རྣམ་ཤེས་ཞེས་བྱ། རྣམ་ཤེས་གཞན་ཉོན་ཡིད་དང་ཚོགས་དྲུག་ཀྱང་ཕན་ཚུན་རྟེན་ཅིང་འབྱུང་བས། རྣམ་ཤེས་བརྒྱད་ནི་སྒྲིབ་པར་བཤད་ལ། ཡེ་ཤེས་བཞི་ནི་རྣམ་པར་ཤེས་པའི་དྲི་མ་མེད་པ་ཡིན་པས་ཡོངས་གྲུབ་སྟེ། ཆོས་ཀྱི་དབྱིངས་ཡེ་ཤེས་ནི་ཐམས་ཅད་ཀྱི་གནས་ལྟ་བུར་གསུངས་པས་སྤང་བྱ་དང་གཉེན་པོར་འགྱུར་རོ། །རྒྱུ་མཚན་འདིས་ཁ་ཅིག་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ། རྒྱས་པའི་རིགས་བཞག་པས་སྐུ་གཉིས་བསྒྲུབ་པའི་རྗེས་ཐོབ་ཀྱི་ཆོས་རྣམས་ཀུན་གཞིའི་རྣམ་ཤེས་ལས་བྱུང་བར་འདོད་པ་ནོར་ཞིང་། དེས་ཀུན་གཞིའི་རྣམ་ཤེས་རྡོ་རྗེ་ལྟ་བུས་བཅོམ་ནས་སྤོང་བ་མདོ་རྒྱུད་རྣམས་སུ་བཤད་པས། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པའི་གྲུབ་མཐའ་བྱུང་སྟེ་ནོར་པའོ། །དེ་ཡང་ཐེག་བསྡུས་ལས། ཅིའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྲས་བུའི་དངོས་པོར་དེར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །ཞེས་ཉོན་མོངས་ཀྱི་ཆོས་རྣམས་ཀྱི་ངེས་བཟུང་བྱས་ཏེ། རྣམ་བྱང་གི་ཆོས་རྣམས་དེར་མ་བསྡུས་སོ། །གཞན་ཡང་བདག་རྐྱེན་འཆད་པའི་སྐབས་ནས་ཀྱང་། ཅི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་བཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ནི་འཁོར་བའི་རྟེན་འབྲེལ་གྱི་གཞི་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡིན་ནོ། །འདི་ལ་བརྟེན་ནས་སྡུག་པ་དང་མི་སྡུག་པ་འབྱེད་པའི་རྟེན་འབྲེལ་བཅུ་གཉིས་འབྱུང་ངོ་། །མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པ་གཉིས་ཤེས་བྱའི་ངོ་བོའི་བདེན་གཉིས་དང་། ཤེས་བྱེད་བློ་རྣམ་པར་དག་པའི་ཐ་སྙད་པའི་བདེན་གཉིས་གཉིས་སུ་ཤེས་པར་བྱ་སྟེ། འདི་ནི་ཆོས་སྐུ་གཉིས་སུ་བཤད་པའོ། །འདི་ནི་ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་ཡིན་ནོ། །དེ་ཡང་ཐིག་བསྡུས་ནས། ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་ཤེས་ནི་ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་ཅི་ལྟར་རུང་། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པས་དེའི་བག་ཆགས་ནི་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་བྱུང་བ་བརྗོད་དགོས་སོ་ཞེ་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པའི་ཐོས་པའི་བག་ཆགས་ཀྱི་ས་བོན་ལས་དེ་བྱུང་ངོ་། །ཞེས་སོ། །འདི་དང་དྲི་མ་གཉིས་ཀྱང་། ད་ལྟར་འདྲེས་ནས་ཡོད་པས་ཡང་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་དེ་གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ། ཆུ་དང་འོ་མ་བཞིན་ནོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་འོག་ནས་སྟོན་པ་ལྟར་ཟག་པ་མེད་པའི་ཆོས་ལས་ཆོས་སྐུ་འབྱུང་ལ། དྲི་མ་མེད་པའི་ཆོས་སྐུའི་ཁམས་ད་ལྟར་ཡོད་པས་རྒྱུ་མཐུན་བའི་ཆོས་འབྱུང་ངོ་། །རྒྱས་པར་ཐེག་བསྡུས་དང་། རྣལ་འབྱོར་སྤྱོད་པའི་ས་ལ་ལྟོས་ཤིག །འདིར་ནན་ཏན་དུ་བསྟན་པ་ནི། ཆོས་དབྱིངས་ཆེན་པོའི་ནམ་མཁའ་ལ། །འཁོར་འདས་མཚན་ཉིད་སྒྱུ་མ་ལྟར། །རྒྱུ་མཐུན་ཆོས་དང་ཆོས་སྐུ་ཡི། །ཆོས་ཉིད་རྟེན་འབྲེལ་ཡོངས་གྲུབ་དང་། །མ་རྟོག་རྣམ་རྟོག་ཀུན་རྟོག་དང་། །དེར་བརྟེན་ཀུན་གཞིའི་རྣམ་ཤེས་ཀྱི། །རྒྱུ་འབྲས་རྟེན་འབྲེལ་མེད་བཞིན་སྣང་། །འདི་གཉིས་མ་འཁྲུལ་ཤེས་པ་ན། །འཁོར་འདས་རྣམ་འབྱེད་ཤེས་རབ་སྟེ། །རྒྱས་བས་འདི་ལ་བསྔགས་པ་མཛད། །དིང་སང་མཁས་གྲུབ་ཕལ་ཆེར་གྱིས། །དམུས་ལོང་གླང་ཆེན་བཟུང་སྨྲ་འདྲ། །དེ་ཕྱིར་ཆོས་དང་ཆོས་ཉིད་འདིར། །གསལ་བྱས་འདི་ལ་ནན་ཏན་མཛོད། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་རྣམ་དབྱེ་བསྟན་ནས། གསུམ་པ་ཆོས་ཀྱི་མཚན་ཉིད་བཤད་པ་ལའང་མཚན་ཉིད་དངོས་དང་། ངེས་ཚིག་དང་། ཀུན་རྟོག་གི་དོན་གསུམ་གྱིས་སྟོན་ཏོ། །གཉིས་དང་ཅི་ལྟར་མངོན་པར་བརྗོད་པར་སྣང་བ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ་ཆོས་ཀྱི་མཚན་ཉིད་དོ། །ཞེས་གསུངས་ཏེ་གཉིས་སུ་སྣང་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་སུ་སྣང་བའི་ཡུལ་གཟུང་བ་དྲུག་དང་། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་འཛིན་པ་དྲུག་ནི་གཉིས་སུ་སྣང་བའོ། །ཅི་ལྟར་མངོན་པར་བརྗོད་པ་ནི་རྣམ་པར་རྟོག་པ་ལ་བརྟེན་པ་འདི་ནི་གཟུགས་སོ། །དེ་ལས་ཀྱང་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ལ་བརྟེན་ནས། དཔེར་ན་ནམ་མཁའི་དཀར་ཟླུམ་པ་ནི་ཟླ་བའོ་ཞེས་མིང་བཏགས་པ་དང་། བཏགས་པ་ལ་བརྟེན་ནས་དཀར་ཟླུམ་པའི་དོན་ལ་མཚན་མར་འཛིན་པ་ལ་སོགས་པ་ཅི་ལྟར་མངོན་བར་བརྗོད་པར་སྣང་བ་དེ་ནི། ཡང་དག་པ་མ་ཡིན་པའི་ཀུན་རྟོག་པའོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལ་བརྟེན་ནས་གཉིས་དང་ཅི་ལྟར་མངོན་པར་བརྗོད་པ་རྣམས་ཆོས་ཏེ། འདིར་མཚན་ཉིད་རྫོགས་པ་དང་ཕྱིན་ཅི་མ་ལོག་པ་བསྟན་ཏོ། །འདིའི་ངེས་ཚིག་ནི། མེད་པ་སྣང་བའི་ཕྱིར་ཡང་དག་པ་མ་ཡིན་པའོ། །ཞེས་གསུངས་ཏེ། གང་གི་ཕྱིར་ཆོས་འདི་ཡོད་པ་ནི་མ་ཡིན་ལ། སྣང་བ་ནི་ཡིན་ཏེ། དེའི་ཕྱིར་ཡང་ཡང་དག་པ་མ་ཡིན་པའོ། །ཅི་ལྟར་ཡོད་པ་མ་ཡིན་ཞེ་ན། གཟུགས་ལྟ་བུ་གཅིག་ལ་བྱིས་པ་དག་བདེན་པར་ཡོད་པར་རྟོག་ཀྱང་དེ་བདེན་པ་མེད་པ་ནི། འདི་ལྟར་བུམ་པ་ལྟ་བུ་ལ་ཡང་གཅིག་ཏུ་མི་བདེན་ཏེ། རྡུལ་ཕྲ་རབ་དུ་མ་འདུས་པ་ཡིན་ལ། རྡུལ་བདེན་ནོ་ཞེས་ཉན་ཐོས་པ་དག་ཞེན་མོད་ཀྱི། རྡུལ་དེ་ཡང་ཆ་ཤས་ཀྱིས་ཕྱོགས་བཅུའམ་དྲུག་ཏུ་ཕྱེ་ན་མི་བདེན་པར་གྲུབ་བོ། །དེ་ལྟར་ཡུལ་མི་བདེན་ན་བུམ་པའི་རྣམ་པ་འཛིན་པའི་ཤེས་པ་མ་འཁྲུལ་བ་ཅི་ལྟར་རིགས་ཏེ། བཟུང་བ་མེད་ན་དེར་འཛིན་མེད། །དེ་མེད་རྣམ་པར་ཤེས་པའང་མེད། །ཅེས་བདག་ཉིད་ཆེན་པོའི་གསུང་ལས་སོ། །དེའི་ཕྱིར་དོན་བདེན་པ་མེད་པར་གྲུབ་བོ། །སྣང་བ་ཡང་ཡིན་ཏེ། ཡུལ་དབང་ཤེས་པའི་རྟེན་འབྲེལ་ལས་ཁ་དོག་དང་དབྱིབས་ཀྱི་རྣམ་པར་རིག་པ་ཙམ་དུ་བུམ་པའི་རྣམ་པར་སྣང་ངོ་། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་དེའི་རྣམ་པ་ལྟ་བུར་སྣང་སྟེ། ནང་གི་ཤེས་བྱའི་དངོས་པོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་དེ། དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེའི་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས་ཏེ། ནང་གི་ཤེས་བྱ་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །དེ་ཉིད་ལ་ཡུལ་དང་དབང་པོ་དང་ཤེས་པའི་རྣམ་པར་སྣང་བས་ཕན་ཚུན། བདག་རྐྱེན་དང་དམིགས་རྐྱེན། དེ་མ་ཐག་རྐྱེན་ལྟར་བྱེད་དོ། །དེས་ན་རྣམ་རིག་འདི་ལ་གཞན་དབང་ཞེས་བྱའོ། །མདོ་སྡེ་རྒྱན་ལས་ཀྱང་། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་གནས་དང་དོན་དང་ལུས་སུ་སྣང་བ་དེའི་བདག་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་དང་། རྟོག་པ་ཙམ་ཉིད་ནི་སྣང་བ་འཁྲུལ་པ་ཙམ་ཡོད་པའི་ཕྱིར་ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། ཀུན་བརྟགས་ཞེས་བྱའོ། །འདི་ཡང་རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་འཆད་པའི་ཀུན་བརྟགས་གཉིས་སྟེ། བསྡུས་ན་མིང་དང་མཚན་མ་གཉིས་སོ། །གཟུང་བ་གསུམ་དང་། ཡིད་ཉོན་མོངས་ཅན་དང་། སྒོ་ལྔའི་འཛིན་པ་དང་། དྲུག་པ་ཡིད་རྣམ་རྟོག་དང་བཅས་པ་གསུམ་ནི་འཛིན་པ་སྟེ། འདི་ལྟར་སྣང་བ་ཡང་མི་བདེན་པས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཡིན་ནོ། །ཀུན་རྟོག་གི་དོན་གཞན་ཡང་བསྟན་པ་ནི། ཐམས་ཅད་དུ་དོན་མེད་ཅིང་རྟོག་པ་ཙམ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པའོ། །ཞེས་གསུངས་ཏེ་དོན་དུ་བདེན་པ་མེད་ཀྱང་སྣང་བས་དེའི་བདག་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་དང་། རྟོག་པ་ཙམ་ཉིད་ནི་སྣང་བ་འཁྲུལ་པ་ཙམ་ཡོད་པའི་ཕྱིར་ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། ཀུན་བརྟགས་ཞེས་བྱའོ། །འདི་ཡང་རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་འཆད་པའི་ཀུན་བརྟགས་གཉིས་ཏེ། བསྡུས་ན་མིང་དང་མཚན་མ་གཉིས་སོ། །གཟུགས་དང་ཚོར་བ་ལ་སོགས་པའི་ཐོག་མ་མེད་པའི་བག་ཆགས་ཀྱིས་དོན་གྱི་རྒྱུ་མཚན་ད་ལྟར་སྣང་བ་དང་། དོན་ལྟ་བུར་སྣང་བ་དང་། འདུ་ཤེས་པ་རྣམས་ནི་རྣམ་གྲངས་པའི་ཀུན་བརྟགས་ཏེ། ཅི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དེའི་བག་ཆགས་དང་། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་བརྟགས་པའི་མཚན་ཉིད་དོ། །ཞེས་སོ། །ནམ་མཁའི་དཀར་ཟླུམ་པ་ལ་ཟླ་བར་བཏགས་པས། དེའི་མིང་བརྗོད་པ་ན་དོན་མེད་ཀྱང་དཀར་ཟླུམ་པའི་རྣམ་པ་དྲན་པ་དང་། ལྟོ་ལྡིར་ལ་སོགས་པའི་དབྱིབས་ཀྱི་རྣམ་པ་འདི་ལྟ་བུའོ་ཞེས་དྲན་པ་དེ་དག་ཀྱང་ཀུན་བརྟགས་ཏེ། །མིང་དང་དོན་ནི་ཅི་ལྟ་བར། དོན་དང་མིང་དུ་སྣང་བ་གང་། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་བརྟགས་པའི་མཚན་ཉིད་དོ། །ཞེས་གསུངས་ཏེ། ཀུན་བརྟགས་རྣམ་པ་གཉིས་ཀ་ཡང་རྟོག་པ་དང་རྟོག་པ་ལ་བརྟེན་ནས་བརྗོད་པ་ཙམ་ཡིན་པས་དོན་ཉིད་མེད་པའི་ཕྱིར་ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། གང་དག་འདི་ལ་མངོན་པར་ཞེན་པ་ནི་རི་དྭགས་སྨིག་རྒྱུ་བསྙེག་པ་ལྟར། སྡུག་བསྔལ་འབའ་ཞིག་བསྐྱེད་པར་བྱེད་པས་དོན་མེད་པ་ཡིན་ནོ། །ཆོས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །ཆོས་ཉིད་ཀྱི་མཚན་ཉིད་ནི། གཟུང་བ་དང་། འཛིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པ་ནི་དེ་བཞིན་ཉིད་དེ། ཆོས་ཉིད་ཀྱི་མཚན་ཉིད་དོ། །ཞེས་གསུངས་ཏེ་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་ནི་བདེན་པ་མ་ཡིན་པས། དོན་ལ་གཉིས་སུ་མེད་པ་ནི། ཆོས་ཉིད་ཀྱི་གནས་ལུགས་ཡིན་ལ། དེ་ལ་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་ཐ་དད་དུ་མེད་པ་ནི་གཉིས་སུ་མེད་པ་བརྗོད་དུ་མི་བཏུབ་སྟེ། དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བ་ལ། འཇམ་དཔལ་གྱིས་ཡི་རང་བ་མཛད་པ་བཞིན་ནོ། །འདི་ནི་ཡོངས་སུ་གྲུབ་པའི་གནས་ལུགས་ཏེ། ཀུན་བརྟགས་ནི། གཏན་ནས་མེད་པ་ཉིད་དང་། མེད་པ་ལ་མེད་པར་རྟོག་ན་ནི་མ་འཁྲུལ་པས་ཡོད་པ་ཡིན་ལ། ཡོད་མེད་གཉིས་ཀ་ཡང་ཀུན་རྫོབ་བདེན་པ་ལ་རྣམ་རིག་ཙམ་ཉིད་དུ་མཉམ་པ་དང་། དོན་དམ་པར་མ་ཞི་བ་འཁོར་བ་དང་། ཞི་བ་མྱ་ངན་ལས་འདས་པ་གཉིས་ཀ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཐ་དད་དུ་གཅད་དུ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའོ། །དེ་ཡང་། མེད་དང་ཡོད་པ་གང་ཡིན་དང་། །ཡོད་དང་མེད་པ་མཉམ་ཉིད་དང་། །མ་ཞི་ཞི་དང་རྣམ་མི་རྟོག །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་མདོ་སྡེ་རྒྱན་ལས་གསུངས་སོ། །འདི་ལ་ཡོངས་གྲུབ་གཉིས་སུ་ཅི་ལྟར་ཤེས་པར་བྱ་ཞེ་ན། འགྱུར་བ་མེད་པ་ནི། ཀུན་བརྟགས་དང་། གཞན་དབང་གཉིས་ཀྱི་མཚན་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་ཀྱི་མིང་གིས་བརྗོད་པ་སྟེ། འདི་ནི་གཞན་མ་ཡིན་པས་དེ་བཞིན་ཉིད་དང་རྟོགས་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་ཡང་དག་པའི་མཐའ་དང་། མཚན་ཉིད་གཉིས་འགགས་པས་མཚན་མ་མེད་པ་དང་འཕགས་པའི་སྤྱོད་ཡུལ་ཡིན་པས་དོན་དམ་པ་དང་། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ་རྣམ་གྲངས་སོ། །དེ་ལྟར་ཡང་དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུས་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམས་བཞིན། ཞེས་གསུངས་སོ། །འདི་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱང་། ཡང་དག་པའི་ཤེས་རབ་ཀྱིས་བསྐྱེད་པ་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། རྣམ་གྲངས་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཅུ་གསུངས་ཏེ། ཡིག་གེ་དང་དོན་དང་ཡིད་ལ་བྱེད་པ་དང་། མི་འཕྲོ་བ་དང་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དང་མ་དག་པ་དག་པ་དང་། གློ་བུར་བ་དང་། མི་ལྡང་བ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་སྟེ། །ཡི་གེའི་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས། །མ་དག་དག་དང་གློ་བུར་དང་། །མི་སྡང་བ་དང་ཁེངས་པ་མེད། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། མདོར་བསྡུས་ན། སྔ་མ་ནི་ཆོས་དབྱིངས་དྲི་མ་མེད་པའི་ཆོས་སྐུ་དང་། ཕྱི་མས་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ཆོས་སྐུའི་རྣམ་དབྱེར་རྟོགས་པར་བྱའོ། །འདི་རྣམས་ཀྱིས་ཆོས་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་དང་མ་ལུས་པར་བསྟན་པ་ཡིན་ནོ། །དེ་ལྟར་ཆོས་ཉིད་ལ་ནི་འཁྲུལ་པ་མེད་ལ། འཁྲུལ་པ་རང་ནི་བདེན་པར་མེད་ན་ཅི་ལྟར་འཁྲུལ་ཞེ་ན། ལྔ་པ་འཁྲུལ་བའི་ཚུལ་ནི། མེད་པ་སྣང་བ་དང་། དཔེ་དང་། ཡོད་པ་མི་སྣང་བའི་ཚུལ་གསུམ་གྱིས་གསུངས་ཏེ། དང་པོ་ནི། མེད་པ་སྣང་བ་ནི་འཁྲུལ་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ཏེ་ཞེས་པ་མེད་བཞིན་དུ་གཞན་གྱི་དབང་ལ་བརྟེན་པ་ཉོན་མོངས་པ་གསུམ་འབྱུང་བ་ནི་འཁྲུལ་པ་སྟེ། ཅི་ལྟར་འབྱུང་བ་ཡང་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལ་བརྟེན་ནས་ལུས་དང་ལུས་ཅན་དང་ཟ་བ་པོ་དང་། དེས་ཉེ་བར་སྤྱད་པར་བྱ་བ་དང་། ཉེ་བར་སྤྱོད་པ་དང་། དུས་དང་། གྲངས་དང་། ཡུལ་དང་། ཐ་སྙད་ཀྱི་རྣམ་རིག་རྣམས་འབྱུང་ལ། ལྟ་བའི་བག་ཆགས་ཀྱི་ས་བོན་ལས་བདག་གཞན་གྱི་བྱེ་བྲག་གི་རྣམ་རིག་འབྱུང་སྟེ། སྲིད་པའི་ཡན་ལག་གི་ས་བོན་ལས་བདེ་འགྲོ་དང་ངན་འགྲོའི་འཆི་འཕོ་བའི་རྣམ་རིག་འབྱུང་བས། རྣམ་རིག་འདི་རྣམས་ཀྱིས་ཁམས་དང་འགྲོ་བ་དང་སྐྱེ་གནས་ཐམས་ཅད་བསྡུས་པ་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་ལ་བརྟེན་ནས་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་ཉིད་དོན་དུ་སྣང་སྟེ་ཀུན་བརྟགས་སུ་གྱུར་ནས། །ཉོན་མོངས་པ་དང་ལས་དང་ཚེའི་ཉོན་མོངས་གསུམ་གྱིས་སྡུག་བསྔལ་བར་བྱེད་པས། འདི་རྣམས་རྣམ་པར་རྟོག་པ་ཙམ་ཉིད་པས་དོན་མེད་པ་ཞེས་བྱའོ། །དཔལ་ཆོས་ཀྱི་གྲགས་པས་ཀྱང་། རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་གསུངས་པ་འདི་ལ་དགོངས་པར་རིག་པར་བྱའོ། །ཕྱི་དོན་འདོད་པའི་ལྟར་ནི་མི་བྱའོ། །རིགས་པ་དྲུག་བཅུ་པ་ལས་ཀྱང་། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །ཅི་ལྟར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འཇིག་རྟེན་འདི་དག་ཀྱང་། །རྣམ་པར་རྟོག་པར་ཅིས་མི་འཐད། །མ་རིག་འགག་པར་གྱུར་ན་ནི། །གང་རྣམས་འགག་པར་འགྱུར་བ་རྣམས། དེ་དག་མི་ཤེས་ཀུན་བརྟགས་པར། །ཅིའི་ཕྱིར་ན་གསལ་མི་འགྱུར། །ཞེས་བྱུང་ངོ་། །དཔེ་གསུངས་པ་ནི། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་སྣང་བ་བཞིན་ནོ། །ཞེས་སྒྱུ་མས་སྤྲུལ་པའི་རྟ་གླང་དང་ནོར་ལ་སོགས་པ་ནི་སྣང་ཡང་དེ་ལྟར་ཡོད་པ་མ་ཡིན་པ་ལྟར། ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ནི་མེད་བཞིན་དུ་ཡང་སྣང་བ་ཡིན་ནོ། །འཕགས་པ་ཀླུ་གྲུབ་ཀྱི་ཉི་ཤུ་པ་ལས་ཀྱང་། སྒྱུ་མ་ཅི་ལྟ་ཅི་ལྟ་བར། དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། །དེ་ལྟར་དུ་ནི་བརྟེན་ནས་བྱུང་། །ཞེས་གསུངས་སོ། །ཡོད་པ་མི་སྣང་བ་ནི། གཞན་ཡང་ཡོད་པ་ཡང་མི་སྣང་བའི་ཕྱིར་རོ། །ཞེས་ཐེག་པ་གསུམ་ཀྱིས་རྟོགས་པར་བྱ་བ་བདག་མེད་པ་གཉིས་ཡོད་པ་མི་སྣང་བའི་ཕྱིར་ཡང་འཁྲུལ་བ་ཡིན་ནོ། །མདོ་སྡེ་རྒྱན་ལས་ཀྱང་། གང་ཞིག་ཡོད་པ་མ་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་འདི་གང་ཞིག། ཞེས་གསུངས་སྟེ། ཡོངས་སུ་འགྲུབ་པ་གཉིས་ཡོད་ཀྱང་མ་མཐོང་བས་འཁྲུལ་པའོ། །རིགས་པ་དྲུག་བཅུ་པ་ལས་ཀྱང་། མྱ་ངན་འདས་པ་བདེན་གཅིག་པུར། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཞེས་བདེན་པ་དེ་མ་རྟོགས་པས་འཁྲུལ་པའོ། །འཇིག་རྟེན་ན་ཡང་ཐོ་ཡོར་ལ་མིར་འཁྲུལ་པ་ཞེས་བྱ་བ་རྟོགས་པ་བཞིན་ནོ། །དེ་ལྟར་འཁྲུལ་པའི་རྒྱུ་མཚན་ཤེས་ནས། དྲུག་པ། གཅིག་མེད་ན་གཉིས་སུ་མི་འཐད་པ་ནི། མེད་པ་སྣང་བ་དག་ལ་གང་ཡང་རུང་བ་ཞིག་མེད་ན་ནི། འཁྲུལ་བ་དང་། མ་འཁྲུལ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་འཐད་དོ། །ཞེས་མེད་པ་དང་སྣང་བའི་རྒྱུ་མཚན་གྱིས་སྣང་བ་ལ་བདེན་པ་དང་། བྱེད་པ་པོ་དང་། བདག་ལ་སོགས་པ་ཡོད་པ་ཉིད་དུ་རྟོག་པ་དང་། སྣང་བ་དེ་ཡང་གྲུབ་བཞིན་དུ་མེད་པར་རྟོགས་པ་ལ་འཁྲུལ་བ་ཞེས་བྱ་སྟེ། མེད་པ་ཁོ་ན་ནི་མེད་པ་ཉིད་ལ་འཁྲུལ་པ་མི་སྲིད་པའི་ཕྱིར་དང་། ཡང་གལ་ཏེ་བདེན་པ་ཅུང་ཟད་ཡོད་ན་ནི་ཡོད་པ་འཁྲུལ་བ་མེད་པའི་ཕྱིར་རོ། །གཞན་ཡང་འཁྲུལ་པའི་ཤེས་པ་མེད་ན་ནི། མ་འཁྲུལ་བའི་ཤེས་པ་ཡང་ཡོད་པར་མི་རིགས་ཏེ། དེ་ལ་ལྟོས་པའི་ཕྱིར་རོ། །དེ་གཉིས་ཀ་མེད་ན་ནི་འཁྲུལ་བའི་འཁོར་བར་ཀུན་ནས་ཉོན་མོངས་པ་དང་། དེ་རྣམ་པར་བྱང་བའི་མྱ་ངན་ལས་འདས་པ་ཡང་འཐད་པར་མི་འགྱུར་ཏེ། དེ་ཡང་མི་འཐད་པ་འདོད་པ་ཡིན་ནོ་ཞེ་ན། ཐམས་ཅད་ཀྱང་དོན་མེད་པ་ཉིད་པས་འཁོར་འདས་ཀྱི་རྣམ་པར་བཞག་པས་ཅི་ཞིག་བྱ་སྟེ། ཡང་ན་ནི་གཏན་དུ་འཁོར་བ་ཉིད་དམ། ཡང་ན་ནི་འབད་བ་མེད་པར་གྲོལ་བར་རིགས་ན། དེ་ཡང་མངོན་སུམ་དང་འགལ་ལོ། །དེ་ལྟར་མེད་པ་དང་སྣང་བ་དག་ལས་འཁྲུལ་པའི་རྒྱུ་མཚན་རྟོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མཐོང་། སྣང་བ་ཡང་བདེན་བས་སྟོང་པ་སྒྱུ་མ་ལྟ་བུར་རྟོགས་པས་སྐྱེ་འགག་དང་བྲལ་བས་མངོན་སུམ་དུ་རྟོགས་པའི་ཡང་དག་པའི་ཤེས་པ་ལ་བརྟེན་ནས་རྣལ་འབྱོར་མངོན་སུམ་འབྱུང་བས་རྣམ་པར་གྲོལ་བ་འབྱུང་ངོ་། །དོན་འདི་ནི། མེད་པས་རྣམ་པར་མི་གྲོལ་ཏེ། །ཡོད་པས་སྲིད་པ་འདི་ལ་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་པ་དང་མཐུན་བ་ཡིན་ནོ། །བདུན་པ་གཅིག་དང་ཐ་དད་དུ་ཁས་མི་བླང་བ་ཡང་། དེ་ལྟར་ཡིན་ན་ཆོས་དང་ཆོས་ཉིད་དག་གཅིག་པ་ཉིད་དུ་ཁས་བླང་བར་བྱའམ། འོན་ཏེ་ཐ་དད་པ་ཉིད་དུ་བྱ་ཞེ་ན་གཉིས་པོ་དག་ནི་གཅིག་མ་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་། ཁྱད་པར་མེད་པའི་ཕྱིར་རོ། །ཞེས་གསུངས་ཏེ་ཆོས་དང་ཆོས་ཉིད་དག་གཅིག་ཏུ་ཁས་བླངས་ན་མི་རུང་སྟེ། ཆོས་ཉིད་ནི་ཡོངས་སུ་གྲུབ་པ་གཏན་དུ་ཡོད་པ་ཡིན་ལ། ཆོས་ནི་སྨིག་རྒྱུ་ལྟར་གཏན་ནས་བདེན་པ་ཡོད་པ་མ་ཡིན་ན། ཅི་ལྟར་གཅིག་ཏུ་ཁས་བླང་བར་བྱ། གཞན་ཡང་ཆོས་ཅན་མཐོང་བ་ཙམ་གྱིས་ཆོས་ཉིད་མཐོང་བར་འགྱུར་ལ་འབད་པ་ཡང་དོན་མེད་པར་འགྱུར་བས། དེ་ལྟར་ཁྱད་པར་ཡོད་པ་གཅིག་ཏུ་ཁས་མི་བླང་ངོ་། །ཅི་ལྟར་ཐ་དད་དུ་ཁས་བླང་དུ་མི་རུང་ཞེ་ན། ཀུན་བརྟགས་དང་གཞན་དབང་རྣམས་པར་རིག་པ་ཙམ་དེ་ཉིད་རྣམ་རིག་གི་མཚན་མ་མེད་པར་སྣང་བ་ནི་ཆོས་ཉིད་མངོན་སུམ་དུ་སྣང་བ་ཡིན་ཞིང་། ཆོས་ཉིད་ནི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་བའི་ཕྱིར་རོ། །དཔེར་ན་ཐག་པ་ལ་སྦྲུལ་དུ་སྣང་ཡང་ཐག་པ་ཉིད་དུ་གནས་པ་ལ་སྦྲུལ་ཡོད་མེད་དུ་ཐ་དད་པ་མ་ཡིན་པ་བཞིན། སྣང་བ་དང་སྟོང་པ་དབྱེར་མེད་པར་གནས་པ་ལ་ཆོས་དང་ཆོས་ཉིད་ཐ་དད་དུ་མ་གྲུབ་པས་གཉིས་སུ་རིགས་པ་མ་ཡིན་ནོ། །འོ་ན་ཅི་ལྟར་ཞེ་ན། དེ་ཉིད་དང་གཞན་ལས་རྣལ་པར་གྲོལ་བ་སྟེ། མདོ་སྡེ་རྒྱན་ལས། སེམས་ནི་གཉིས་སུ་སྣང་བ་སྟེ། །དད་ལ་སོགས་པ་སྣང་བ་དང་། །ཆགས་ལ་སོགས་པའང་སྣང་བར་འདོད། ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་གསུངས་སོ། །འདི་ལྟར་ཆོས་དང་ཆོས་ཉིད་ལ་ངོ་བོ་ཉིད་གསུམ་དུ་བསྟན་ཅིང་གཅིག་པ་དང་ཐ་དད་དུ་མི་རུང་བ་མཐོང་བས་ཤེས་བྱ་ཐམས་ཅད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པར་འགྱུར་བས། དོན་འདི་སུམ་ཅུ་པ་ལས་ཀྱང་། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་ཏུ་བརྟག་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་ཀུན་བརྟགས་གཏན་མེད་པ་སྣང་བ་དང་། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་ཡུལ་དབང་ཤེས་པའི་ནུས་པས། གཟུང་འཛིན་གྱི་རྣམ་རིག་ལྟ་བུ་བྱུང་བའོ། །གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ཕྱིར་དེ་ནི་གཞན་དབང་ལས། །གཞན་མིན་གཞན་མ་མིན་པའང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །དེ་མ་མཐོང་བས་དེ་མི་མཐོང་། །ཞེས་ཡོངས་སུ་གྲུབ་པ་ནི་སྔ་མ་གཉིས་ཀྱི་མཚན་མ་མེད་པ་ལ་བརྗོད་པས། སྣང་ཡང་ཡོད་པ་མ་ཡིན་པའི་རྣམ་པར་རིག་པ་ལས་གཞན་དབང་ཞེས་བྱ་སྟེ། དེའི་མཚན་མ་བྲལ་ན་ཡོངས་གྲུབ་དེ་ཡིན་ལ། རྣམ་རིག་འཁྲུལ་པས་མེད་བཞིན་བདེན་པར་རྟོག་པའི་ཀུན་བརྟགས་བྱུང་བས། རྣམ་རིག་དང་གཞན་དབང་གཉིས་གཅིག་དང་ཐ་དད་དུ་ཁས་མི་བླང་ངོ་། །དེས་ན་ཀུན་བརྟགས་བདེན་པ་མེད་པ་དང་། །གཞན་རྣམས་དབང་རིག་ཙམ་ཡོད་ཀྱང་། གཟུང་འཛིན་གཉིས་མེད་པར་མཐོང་བས། །ཡོངས་གྲུབ་མཐོང་བར་འགྱུར་བ་ཡིན་ནོ། །རྒྱས་པར་འོག་ནས་ཀྱང་སྟོན་ཏོ། །འཕགས་པ་ཀླུ་གྲུབ་ཀྱིས་ཀྱང་། ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་འདི་ཉིད་ནི། །སྟོང་ཉིད་གཅིག་པུ་ཁོ་ན་ཡི། །ངོ་བོ་སེམས་ལ་བཏགས་པ་ཡིན། །ཞེས་བྱང་ཆུབ་སེམས་འགྲེལ་ལས་གསུངས་སོ། །ཤིན་ཏུ་རྒྱས་པར་ནི་ཐེག་བསྡུས་ལས་གསུངས་སོ། །བསྟན་བཅོས་མདོར་བསྟན་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཆོས་ལ་འཇུག་པ་དང་། ཆོས་ཉིད་ལ་འཇུག་པ་བཤད་པའོ། །དང་པོ་ལ་ཡང་མདོར་བསྟན་པ་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། རྣམ་པ་དྲུག་གིས་ཆོས་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ། ཞེས་པ་སྟོན་པ་འདི་དྲུག་སྟེ། མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་། སོ་སོ་བ་ཉིད་མ་ཡིན་པ་དང་། གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། གཟུང་བ་དང་འཛིན་པ་སྣང་བ་མེད་པ་ལ་འཇུག་པས་སོ། །ཞེས་གསུངས་པ་དྲུག་པོ་འདིས་ཆོས་ལ་ལེགས་པར་འཇུག་པ་སྟེ། སྤང་བྱའི་ཚུལ་རྟོགས་པར་བྱེད་པ་ཐམས་ཅད་འདིར་འདུས་པའི་ཕྱིར་བསྟན་ཏོ། །རྒྱས་པར་བཤད་པ་ལ། དང་པོ་གསུམ་མདོར་བསྟན་དང་མཚུངས་པ་དང་། གནས་དང་། གཟུང་བ་དང་། འཛིན་པ་སྣང་བ་མེད་པ་ལ་འཇུག་པ་བཤད་པ་ལས། དང་པོ་ནི། དེ་ལ་མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་སོ་བ་མ་ཡིན་པ་ནི་མདོ་ཅི་ལྟ་བ་བཞིན་ནོ། །ཞེས་པ་ནི་སྔར་མདོར་བསྟན་དུ་བསྟན་པ་ཁོ་ན་བཞིན་ཏེ། གཉིས་དང་ཅི་ལྟར་མངོན་པར་བརྗོད་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ནི་ཆོས་ཀྱི་མཚན་ཉིད་དོ། །ཞེས་ཀུན་བརྟགས་དང་། གཞན་དབང་གི་མཚན་ཉིད་བསྡུས་པ་དེ་ཉིད་ཡིན་ནོ། །གྲུབ་པ་ནི་མེད་པ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ནི་འཁྲུལ་པ་དང་མ་འཁྲུལ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་འཐད་པའི་ཉེས་པར་འགྱུར་བས་གནས་སྐབས་སུ་དེ་གཉིས་ཀ་ཁས་བླང་པ་འབྲས་བུ་དང་བཅས་པ་འགྲུབ་བོ། །གཅིག་དང་ཐ་དད་དུ་ཁས་མི་བླང་བ་ནི་ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་། ཁྱད་པར་མེད་པའི་ཕྱིར་རོ། །ཞེས་ཆོས་དང་ཆོས་ཉིད་ཐ་དད་ཡོད་མེད་སྔར་མདོར་བསྟན་དུ་བཤད་ཟིན་པ་དེ་ཁོ་ནའོ།། །།ཆོས་ཀྱི་གནས་ལ་ཡང་མདོར་བསྟན་པ་དང་། རྒྱས་བཤད་གཉིས་ལས་དང་པོ་ནི། གང་ཞིག་གང་དུ་འཁོར་བ་དེ་ན་གནས་ཏེ། འཇིག་རྟེན་གྱི་ཁམས་དང་། སེམས་ཅན་གྱི་ཁམས་སོ། །ཞེས་པ་ནི། གང་ཞིག་འཁོར་བ་རྟེན་པའི་སེམས་ཅན་དག །གང་དུ་འཁོར་བ་འཇིག་རྟེན་གྱི་ཁ་མས་ཏེ། །གཉིས་ག་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཁམས་ཞེས་བསྟན་ཏེ། ས་བོན་ཐམས་ཅད་པའི་དོན་གྱིས་རྟེན་དང་། རྟེན་པའི་ཁམས་གཉིས་ཏེ། རྡོ་རྗེ་རྩེ་མོ་ལས། ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་པ་ཡིན་ནོ། །རྒྱས་བཤད་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། དེ་ལ་འཇིག་རྟེན་གྱི་ཁམས་ནི་ཐུན་མོང་པ་ལྟ་བུའི་རྣམ་པར་རིག་པ་སྟེ་ཞེས་པ་ནི། གང་ཡང་བདེན་པའི་ཕྱི་རོལ་གྱི་དོན་མུ་སྟེགས་བྱེད་ཁ་ཅིག་དང་། བྱེ་བྲག་ཏུ་སྨྲ་བ་འདོད་པ་ལྟ་བུ་ཕྱི་རོལ་ན་མེད་ཀྱང་། རྒྱུད་སོ་སོར་སེམས་ཅན་ཐམས་ཅད་ལ་དེར་སྣང་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར། ཐུན་མོང་བ་ལྟ་བུའི་རྣམ་རིག་ཅེས་བྱའོ། །དེ་ཡང་དབྱིབས་དང་ཁ་དོག་ལ་སོགས་པ་ཁ་ཅིག་ཐུན་མོང་བ་ལྟར་སྣང་གི་ཐམས་ཅད་ཐུན་མོང་ནི་མ་ཡིན་ཏེ། དངོས་པོ་ཤིང་ལྟ་བུ་གཅིག་ལ་ཡང་། ཁ་ཅིག་གི་ནི་བཟང་བ་དང་། ཁ་ཅིག་ལ་ཡིད་དུ་མི་འོང་བ་དང་། ཐ་དད་དུ་སྣང་སྟེ། དེ་བཞིན་ཆུ་ལ་རྣག་ཁྲག་དང་། རོ་ཉེ་དང་ཆུ་དང་བདུད་རྩི་དང་། ཡི་དྭགས་དང་། དམྱལ་བ་དང་། མི་དང་། ལྷ་རྣམས་ཐ་དད་དུ་མཐོང་བ་འཇུག་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཕྱི་ན་དོན་བདེན་པ་ཡོད་ན། ཤེས་པ་དང་། བདག་གཅིག་པ་དང་། དེ་ལས་བྱུང་བའི་འབྲེལ་བ་གཉིས་ཀ་མི་རུང་བས་ཤེས་པ་ལ་སྣང་བར་མི་འགྱུར་ཏེ། དེར་སྣང་བ་ལ་ནི་དེའི་བདག་ཉིད་དམ། དེ་ལས་བྱུང་བ་ཡིན་པས་ཁྱབ་ལ། མ་འབྲེལ་ན་མི་སྣང་བས་ཀྱང་ཁྱབ་སྟེ། རྨི་ལམ་དང་མ་མཐོང་བའི་དངོས་པོ་བཞིན་ནོ། །གཉིས་པ་སེམས་ཅན་གྱི་ཁམས་བཤད་པ་ནི། སེམས་ཅན་གྱི་ཁམས་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པའོ་ཞེས་མདོར་བརྗོད་ནས། དེ་ཡང་རྒྱས་པར། དེ་ལ་སྐྱེ་བ་དང་། ཐ་སྙད་དང་། ཕན་པ་དང་། གནོད་པ་དང་། ཡོན་ཏན་དང་། སྐྱོན་ནི་ཕན་ཚུན་བདག་པོ་ཉིད་ཀྱིས་ན་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཐུན་མོང་པའོ། །ཞེས་པ་ནི། སྐྱེ་བ་ནི་མངལ་ནས་སྐྱེ་བ་དང་། བདག་རྐྱེན་ལས་སྐྱེ་བ་དག་ཕན་ཚུན་ཐུན་མོང་གི་རྒྱུ་ཡིན་པ་དང་། ལྟ་བ་ལ་སོགས་པའི་ཐ་སྙད་དང་། ཕན་པར་བྱེད་པ་དང་། གནོད་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་། མི་དགེ་བའི་སྐྱོན་བསྐྱེད་པ་ནི། ཐུན་མོང་བ་ལྟ་བུ་ཞེས་བྱ་སྟེ། ཕན་ཚུན་རྒྱུ་ཡིན་པའི་ཕྱིར། ཞེས་བྱ་བ་ནི་གྲུབ་བཞིན་དུ་བདག་པོ་སྨོས་པ་ནི་དམིགས་པའི་རྒྱུ་བསལ་བའི་དོན་དུའོ། །དམིགས་པའི་རྒྱུ་མ་བསལ་ན་སྔ་མ་འཇིག་རྟེན་གྱི་ཁམས་ལ་ཁྱབ་ཆེས་པས་སོ། །ཐུན་མོང་མ་ཡིན་བ་བཤད་པ་ནི། གནས་དང་རྣམ་པར་རིག་པ་དང་ལས་དང་བདེ་སྡུག་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། བཅིངས་པ་དང་གྲོལ་བ་ནི་ཐུན་མོང་མ་ཡིན་པའོ། །ཞེས་གསུངས་པ། གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེར་སྣང་བའི་རྣམ་པར་རིག་པའི་བག་ཆགས་རྣམས་ནི་དེ་ལ་གནས་པའི་ཕྱིར་རོ། །དེ་ནི་དཔེར་ན་རྒྱ་མཚོ་ནི་ཆུའི་གནས་ཡིན་ནོ་ཞེས་ཆར་ཆུ་དང་ཆུ་བོ་ཐམས་ཅད་བསགས་པ་དང་དེ་ལས་ཆར་ཆུ་འབྱུང་བ་བཞིན་ནོ། །རྣམ་པར་རིག་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་སྟེ། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རོ། །ལས་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ལས་གསུམ་རྣམས་སོ། །དེ་བཞིན་དུ་སོ་སོ་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ་དང་། འཆི་འཕོ་བ་དང་། སྲིད་པ་གསུམ་དུ་སྐྱེ་བ་དང་། ཉོན་མོངས་པས་རྒྱུད་བཅིངས་པ་དང་། དེ་ལས་གྲོལ་བ་རྣམས་ཐུན་མོང་མ་ཡིན་པའོ། །གནས་ལ་སོགས་པ་འདི་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་དང་། སོ་སོ་རང་རིག་པར་བྱ་བ་ཡིན་པའི་ཕྱིར་ན་རྒྱུད་ཕན་ཚུན་སོ་སོར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མ་ཡིན་པས། སེམས་ཅན་གྱི་ཁམས་ཐུན་མོང་མ་ཡིན་པ་ཞེས་བརྗོད་དོ། །ལུས་ངག་གི་རྣམ་པར་རིག་པ་དག་ཀྱང་། ཕན་ཚུན་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་ཡིན་ཡང་། འདིར་ཐ་སྙད་ཀྱིས་མ་བསྡུས་པ་ཅིའི་ཕྱིར་ཞེ་ན། བཤད་པ་ལུས་ངག་གི་རྣམ་པར་རིག་པ་ཐ་སྙད་ཀྱིས་ནི་བསྡུས་མོད་ཀྱི། དེ་ལས་ཀྱི་རྣམ་པར་རིག་པ་མ་ཡིན་ནོ། །འདིར་ནི་དགེ་བ་དང་མི་དགེ་བ་ཉིད་གང་གིས་ལས་ཉིད་དུ་རྟོགས་པར་འགྱུར་བ་དེའི་དབང་དུ་བྱས་ཏེ་བསྟན་པ་ཡིན་ནོ། །དགེ་མི་དགེར་བསྟན་པའི་རྣམ་རིག་དེ་ཡང་། དེར་སྣང་བའི་རྣམ་རིག་སྐྱེ་བའི་རྒྱུ་མ་ཡིན་པས་ལུས་ངག་གི་ལས་ཀྱི་རྣམ་རིག་ཀྱང་ཐུན་མོང་མ་ཡིན་པ་ཉིད་དོ། །སྣང་བ་མེད་པ་ལ་འཇུག་པའི་ཚུལ་གཉིས་ཀྱི། གཟུང་བ་སྣང་བ་མེད་པ་ལ་འཇུག་པ་ནི། ཕྱི་རོལ་གྱི་གཟུང་བ་ཐུན་མོང་བར་སྣང་བ། འཇིག་རྟེན་པའི་རྣམ་རིག་པ་ལ་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་མེད་དེ། ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ཕྱི་རོལ་གྱི་གཟུང་བ་དྲུག་ཡོད་ཀྱང་། འདིར་སྣོད་ཀྱི་རྣམ་རིག་བཤད་པས། གཞན་ཤུགས་ལ་གོ་བས། འཇིག་རྟེན་གྱི་ཁམས་ལྟ་བུ་སྣོད་ཀྱི་རྣམ་པར་རིག་པར་སྣང་བ་དེ། །འཛིན་པའི་རྣམ་པར་རིག་པ་ཉིད། རྒྱུད་སོ་སོ་ལ་སྐྱེ་བ་དེའི་ཕྱིར། རྣམ་རིག་དེ་ཉིད་ལས་གཞན་པའི་ཕྱི་དོན་གཞན་མེད་ལ། རྣམ་པར་རིག་པ་དེ་ཡང་། གཞན་གྱི་ཡུལ་དུ་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་རིག་སོ་སོ་ལ་སྐྱེ་བ་ཉིད་ཐུན་མོང་མ་ཡིན་ཏེ། རྨི་ལམ་གྱི་ཡུལ་སྣང་བཞིན་ནོ། །འོ་ན་ཅིའི་ཕྱིར་ཐུན་མོང་བ་ལྟ་བུ་ཞེས་བྱ་ཞེ་ན། སྐྱེས་བུ་གཉིས་གཉིད་ཀྱིས་ལོག་པའི་རྨི་ལམ་ན་མཐུན་པར་གསེར་བུམ་རྨིས་ནས། སད་པའི་ཚེ་ཡང་དབྱིབས་དང་ཁ་དོག་མཐུན་པ་དང་། ང་བདག་ཏུ་བྱས་པ་མཐུན་པ་ལྟ་བུ་ནི་ཐུན་མོང་བ་ལྟ་བུ་ཞེས་བྱ་ཏེ། ཡུལ་ཕྱི་དོན་མཐུན་པ་བདེན་པ་མེད་དོ། །ཕྱི་དོན་ཡོད་སྙམ་པ་དང་། ཕག་ན་དོན་ཡོད་སྙམ་པ་ལ་སོགས་པ་ཐམས་ཅད་ཀྱང་འཁྲུལ་པའི་བག་ཆགས་བརྒྱུད་གནས་པ་ལས་བྱུང་སྟེ་དོན་ནི་མེད་དོ། །འཕགས་པ་ལྷས་ཀྱང་། ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྱི་རོལ་དོན་དུ་གྲུབ་པ་མེད། །སོ་སོར་སྣང་བ་དམིགས་སུ་མེད། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །ཞེས་ཐག་པ་ལ་སྦྲུལ་མེད་པ་དང་། ཐག་པ་ཉིད་ཀྱང་སྤུ་དུ་མ་རྡུལ་ཕྲན་རྣམ་པར་ཕྱེ་ན་མི་བདེན་ཅིང་། སྣང་བ་ཙམ་ལས་གཞན་པའི་དོན་མི་འགྲུབ་པས། ཉམས་སུ་མྱོང་བ་ཐམས་ཅད་རྨི་ལམ་འདྲ་བར་བཤད་དོ། །ཕྱོགས་ཀྱི་གླང་པོས་ཀྱང་། །དབང་པོ་རྣམ་པར་རིག་པའི་རྒྱུ། ཕྱི་རོལ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེའི་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཡུལ་ཞེས་བྱ་བ་ནི་ཤེས་པ་གང་གིས་རང་གི་ངོ་བོ་ཉེ་བར་འཛིན་པ་ཡིན་ཏེ། དེའི་རྣམ་པར་སྐྱེ་བ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་མོ་དག་དེའི་རྒྱུ་ཡིན་པར་འདོད་དུ་ཟིན་ཀྱང་། དེ་ལྟ་མ་ཡིན་ཏེ། དབང་པོ་བཞིན་ནོ། །དེ་ལྟར་ན་རེ་ཤིག་རྡུལ་ཕྲ་མོ་དག་དམིགས་པ་མ་ཡིན་ནོ། །འདུས་པ་ནི་དེར་སྣང་བ་དག་ཡིན་དུ་ཟིན་ཀྱང་། གང་ལྟར་སྣང་དེ་དེ་ལྟར་ཡིན། དོན་གང་ཞིག་རང་སྣང་བའི་རྣམ་པར་རིག་པ་བསྐྱེད་པ་དེ་ནི། དམིགས་པ་ཡིན་པར་རིགས་ཏེ། འདི་ལྟར་དེ་ནི་སྐྱེ་བའི་རྐྱེན་ཉིད་འཛིན་པ་ཡིན་ཏེ་བཤད་པས་སོ། །འདུས་པ་ནི་དེ་ལྟར་ཡང་མ་ཡིན་ཏེ། རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། དབང་པོ་མ་ཚང་བའི་ཕྱིར་ཟླ་བ་གཉིས་མཐོང་བ་ནི་དེར་སྣང་བ་ཡིན་དུ་ཟིན་ཀྱང་དེའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱིས་རྒྱུ་མ་ཡིན་པའི་ཕྱིར་འདུས་པར་དམིགས་པ་མ་ཡིན་ནོ། །དེ་ལྟར་ཕྱིར་རོལ་གཉིས་ཀ་ཡང་། །བློའི་ཡུལ་དུ་མི་རུང་ངོ་། །ཞེས་གསུངས་ཏེ། འདི་ནི་རིགས་པ་ཐམས་ཅད་བསྟན་ཏོ། །འདི་ལྟར་རྟོགས་ན་བཟུང་བ་མེད་པའི་དོན་དུ་མེད་པ་ལ་འཇུག་པ་ཡིན་ནོ། །ཐུན་མོང་བའི་གཟུང་བ་མེད་ནའང་ཐུན་མོང་མ་ཡིན་པའི་དོན་གཟུང་བ་བདེན་པ་ཡོད་དམ། ཞེ་ན་གསུངས་པ། ཐུན་མོང་མ་ཡིན་པའི་གཟུང་བའམ་རྣམ་པར་རིག་པའི་དོན་གང་ཡིན་པ། གཞན་གྱི་སེམས་དང་སེམས་ལས་བྱུང་བ། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པའི་འཛིན་པའི་རྣམ་པར་རིག་པ་གཉིས་ག་ཡང་ཕན་ཚུན་ཡུལ་དུ་གྱུར་པ་མ་ཡིན་ཏེ། ཞེས་ཐུན་མོང་མ་ཡིན་པའི་རྣམ་རིག་ཐ་དད་གཉིས། གཅིག་གི་ཡུལ་དུ་གཅིག་འགྱུར་རོ། །སྙམ་པ་ཡི་འཁྲུལ་པ་སེལ་བའི་དོན་དུ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཉམ་པར་མ་བཞག་པ་ལ་ནི་རང་གི་རྣམ་པར་རྟོག་པ་སྣང་བའི་ཕྱིར་དང་། མཉམ་པར་བཞག་པ་ལ་ཡང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེའི་གཟུགས་བརྙན་སྣང་བའི་ཕྱིར། དེ་ཡི་ཡུལ་གཞན་གྱི་སེམས་ལ་སོགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། མཉམ་པར་མ་བཞག་པ་ལ་རང་གི་རྣམ་པར་རྟོག་པ་ལ་སྣང་བའི་གཟུང་བ་རང་གི་རྣམ་པར་རིག་པ་ཉིད་ཡུལ་དུ་འགྱུར་པ་དེའི་ཕྱིར། གཞན་གྱི་སེམས་ལ་སོགས་པ་དེའི་ཡུལ་མ་ཡིན་ནོ། །འཇིག་རྟེན་པའི་མཉམ་པར་བཞག་པའི་རྣམ་པར་རིག་པ་ལ་ཡང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེའི་གཟུགས་བརྙན་དུ་སྣང་བ་གཟུང་བའི་རྣམ་པར་རིག་པ་ཉིད། ཡུལ་དུ་གྱུར་པ་དེའི་ཕྱིར་དེའི་ཡུལ་ཡང་གཞན་གྱི་སེམས་ལ་སོགས་པ་མ་ཡིན་ནོ། །དེ་ལྟར་གཉིས་ཀ་ལ་གཞན་ཡུལ་མེད་ན་སྣང་བ་དེ་གང་ཡིན་ཞེ་ན། རང་གི་རྣམ་པར་རིག་པ་ཉིད་ཡུལ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ལས་གཞན་པའི་ཕྱི་རོལ་གྱི་དོན་མེད་ལ། དེ་མེད་པའི་ཕྱིར་གཟུང་བར་སྣང་བ་བདེན་པར་མེད་དོ། །ཞེས་འགྲེལ་པར་བྱུང་ངོ་། །འཛིན་པ་སྣང་བ་མེད་པ་ལ་འཇུག་པ་ནི། གཟུང་བར་སྣང་བ་དེ་མེད་པར་གྲུབ་ན་ཡང་། འཛིན་པར་སྣང་བ་མེད་པར་གྲུབ་སྟེ། དེ་ལས་ཀྱང་གཟུང་བ་དང་འཛིན་པ་སྣང་བ་མེད་པ་ལ་འཇུག་གོ །ཞེས་གསུངས་སྟེ། གཟུང་བའི་དོན་མི་བདེན་ན། དེ་འཛིན་པའི་ཤེས་པ་འཁྲུལ་པ་ཡིན་པས་འཛིན་པ་མི་བདེན་བར་གྲུབ་པས་ན། བཟུང་འཛིན་གཉིས་ཀྱི་དོན་བདེན་པ་ཐ་དད་པ་མེད་པར་ཤེས་པས། གཟུང་འཛིན་སྣང་བ་མེད་པ་ལ་འཇུག་སྟེ། གཉིས་སུ་མེད་པ་ལ་ཐ་སྙད་ཀྱི་མཚན་མས་མ་གོས་པའི་ཕྱིར། བརྗོད་དུ་མེད་པར་འགྱུར་རོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་བའི་བདག་ཉིད་དོ། །ཞེས་གསུངས་སོ། །དཔལ་ཆོས་ཀྱི་གྲགས་པས་ཀྱང་། དོན་དངོས་མེད་པར་སྣང་ཅན་དེ། །ཅི་ལྟར་དོན་འཛིན་ཅེ་ན་བདེན། །ངས་ཀྱང་དེ་འདྲ་མི་ཤེས་སོ། །ཞེས་ཕྱི་དོན་མེད་པའི་སྣང་བ་དོན་འཛིན་པ་རང་མི་འཐད་དོ་ཞེ་ན། བདེན་ནོ། །བཟུང་འཛིན་མེད་པར་དོན་སྣང་བ་སོ་སོའི་སྐྱེ་བོས་རྟོགས་མི་ནུས་སོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་ཡང་བཟུང་འཛིན་གཉིས་ཀྱི་དོན་བདེན་པ་མེད་བཞིན་དུ་སྣང་བ་འདི་ཅི་ཡིན་ཞེ་ན། ཐོག་མ་མེད་པའི་ཀུན་ནས་ལྡང་བ་རབ་ཏུ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཐོག་མ་མེད་པ་ནི་གཉིས་ཏེ། དུས་བརྒྱུད་པའི་སྔོན་གྱི་མཐའི་ཐོག་མ་མེད་པ་དང་། བདེན་པའི་རྫས་ཐོག་མར་མེད་པ་སྟེ། འདི་ནི་གཉིས་ག་ཡིན་ཏེ། བག་ཆགས་འཁྲུལ་པ་བརྒྱུད་པ་ཡང་མཐའ་མེད་དེ། འཁོར་བའི་ཐོག་མཐའ་མེད་པའི་ཕྱིར་རོ། །མེད་བཞིན་གཉིས་སྣང་བ་ནི། སྒྱུ་མ་དང་མིག་ཡོར་བཞིན་རྟོག་པ་ཙམ་ཉིད་པས་དོན་བདེན་པར་གྲུབ་མི་སྲིད་དོ། །གལ་ཏེ་འཁོར་བའི་འཁྲུལ་པ་ལ་དོན་བདེན་པ་ཡོད་ན་ནི་སྐྱོན་ཆེན་པོ་སྟེ། མདོ་སྡེ་རྒྱན་ལས། གོམས་པ་ཐོག་མ་མེད་དུས་ཅན། །བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པའམ་ཐར་པ་མེད། །ཅེས་གསུངས་ཏེ། གང་ཟག་དང་བདག་བདེན་ན་ཐར་པ་གཏན་མི་འཐོབ་པ་དང་། དེ་རང་ཐར་པ་ཡིན་ན་ནི་འབད་པ་མེད་པར་གྲོལ་བར་འགྱུར་བས་ལོག་པ་ཡིན་ནོ། །འདི་ལྟར་ཆོས་ལ་ཞུགས་ན་ཆོས་ཀྱི་དོན་ཡིན་ཏེ་གསུངས་པ། གཉིས་ཡོངས་སུ་མ་གྲུབ་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །ཞེས་ཀུན་བརྟགས་དང་གཞན་གྱི་དབང་གཉིས་ཡོངས་སུ་བདེན་པར་མ་གྲུབ་པར་ཤེས་པས། ཆོས་རྣམས་ལ་བརྟེན་ནས་ཆོས་ཉིད་ཀྱི་རྟེན་འབྲེལ་མཐོང་བ་ཞེས་བྱའོ། །དབུས་མཐའ་ལས་ཀྱང་། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་གསུངས་སོ། །འཕགས་པ་ཀླུ་གྲུབ་ཀྱིས་ཀྱང་། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། དེ་ལ་སྔོན་དང་ཐ་མ་ཅི། །སྔོན་སྐྱེས་པ་ནི་ཅི་ལྟ་བུར། །ཕྱི་ནས་རབ་ཏུ་ལྡོག་པར་འགྱུར། །སྔོན་དང་ཕྱི་མའི་མཐའ་སྤངས་པས། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཞེས་གསུངས་ཤིང་། རྒྱས་པར་དགོངས་པ་ངེས་པར་འགྲེལ་པ་དང་ས་སྡེ་ལས་གསུངས་སོ། །ཆོས་ལ་འཇུག་པ་བླ་ན་མེད་པ་བཤད་ཟིན་ཏོ།། །།གཉིས་པ་ཆོས་ཉིད་ལ་འཇུག་པ་ལས། སྤྱིར་བསྟན་པ་དང་། རྒྱས་བཤད་གཉིས་ལས་དང་པོ་ནི། རྣམ་པ་དྲུག་གིས་ཆོས་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ། ཞེས་གསུངས་པ་ནི་འཆད་པར་འགྱུར་བ་འདི་དྲུག་སྟེ། དེ་ཡང་། མཚན་ཉིད་དང་། གནས་དང་། ངེས་པ་རྟོགས་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་སོན་པ་ལ་འཇུག་པས་སོ། །ཞེས་གསུངས་འདི་རྣམས་བསྡུས་ནས་བསྟན་ཏོ། །རྒྱས་པར་བཤད་པ་ལ་བདུན་སྟེ། མཚན་ཉིད་དང་། ཆོས་ཉིད་ཀྱི་གནས་དང་། སྦྱོར་ལམ་དང་། མཐོང་ལམ་དང་། བསྒོམ་པའི་ལམ་རྗེས་སུ་དྲན་པ་དང་། ཉེ་བར་སོན་པ་མཐར་ཐུག་གི་ལམ་དང་། དེ་རྣམས་ཀྱི་གནས་འགྱུར་བཤད་པའོ། །དང་བོ་ནི། མཚན་ཉིད་ནི་མདོའི་ཅི་ལྟ་བ་བཞིན་ནོ་ཞེས་སྔར་གསུངས་པའི་གཟུང་བ་དང་། འཛིན་པ་དང་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་ཁྱད་པར་མེད་པ་ནི་དེ་བཞིན་ཉིད་དེ། ཆོས་ཉིད་ཀྱི་མཚན་ཉིད་དོ། །ཞེས་ཡོངས་སུ་གྲུབ་པའི་ངོ་བོ་སྟེ། འདི་ལ་མདོ་རྒྱུད་ཐམས་ཅད་ནས་མིང་གི་རྣམ་གྲངས་དུ་མ་གསུངས་ཏེ། དཔལ་ནཱ་རོ་པས། སྟོང་པ་དེ་ཉིད་རིག་པ་སེམས། བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །བདེ་གཤེགས་སྙིང་པོའང་དེ་ཉིད་དེ། །བདེ་བ་ཆེན་པོའང་དེ་ཉིད་ཡིན། གསང་སྔགས་ཞེས་བྱ་དེ་ཉིད་ལ། །ཚད་མའི་བདེན་པའང་དེ་ཉིད་ཡིན། །བཞི་པའི་དབང་ཡང་དེ་ཡིན་ཏེ། །ལྷན་ཅིག་སྐྱེས་དགའ་དེ་ཉིད་དོ། །ཕ་རོལ་ཕྱིན་པའང་དེ་ཡིན་ལ། །ཟུང་འཇུག་པའང་དེ་ཉིད་ཡིན། །དབུ་མ་ཆེན་པོའང་དེ་ཁོ་ན། །རྣམ་པར་སྣང་མཛད་དེ་ཡིན་ཏེ། །རྡོ་རྗེ་སེམས་དཔའང་དེ་ཡིན་ནོ། །རིགས་དྲུག་པའང་དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་ཡིན། །དེ་ལ་སོགས་པ་མདོ་རྒྱུད་ལས། །རྣམ་གྲངས་དུ་མ་གསུངས་པ་རྣམས། །ཕལ་ཆེར་འདི་ལ་བརྟེན་པ་ཡིན། །ཞེས་གསུངས་སོ། །འདི་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་པའི་དོན་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ངོ་བོས་མི་སྐྱེ་ངོ་བོས་མི་འགག །རྒྱུ་མཚན་འདིས་རྟག་ཆད་དང་འགྲོ་འོང་དང་། གཅིག་དང་ཐ་དད་དུ་བདེན་པ་མེད་པས་སྤྲོས་པ་དང་བྲལ་བའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱང་ཡིན་ལ། ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །རྣམ་གྲངས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། སྐྱེ་བའི་ངོ་བོ་ཉིད་མེད་པ་དང་། རང་བཞིན་ངོ་བོ་ཉིད་མེད་པ་ཞེས་ཀུན་བརྟགས་གཞན་དབང་ཡོངས་གྲུབ་ལ་བརྟེན་ནས་གསུངས་ཤིང་། འདི་ལས་སྟོང་པ་ཉིད་ཐམས་ཅད་ཀྱང་རྣམ་པར་ཕྱེ་བར་རིག་པར་བྱའོ། །གཉིས་པ་གནས་ནི། དེ་ལ་གནས་ནི་ཆོས་ཐམས་ཅད་དང་གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་མདོ་སྡེ་ཐམས་ཅད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་སྔར་བསྟན་པའི་ཆོས་ཐམས་ཅད་ཀྱང་ཆོས་ཉིད་ཀྱི་གནས་ཏེ། ཆོས་དེ་རྣམས་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པ་དེ་ཉིད་ཆོས་ཉིད་ཡིན་པའི་ཕྱི་རོ། །དེ་ཡང་། གཞན་དབང་ལ་ནི་བརྟགས་པ་མེད། །ཡོངས་སུ་གྲུབ་པ་དེ་ན་ཡོད། །དེ་ཕྱིར་དེ་ལ་གཉིས་ཀ་ཡང་། །མི་དམིགས་དམིགས་པ་མཉམ་དུ་བྱུང་། །ཞེས་ཐེག་བསྡུས་ལས་གསུངས་པ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལས་རྣམ་པར་གྲོལ་བ་ན། གཞན་དབང་རྣམ་པར་རིག་པ་ཙམ་དེ་ཀུན་བརྟགས་མེད་པར་གྱུར་པས་རྣམ་པར་བྱང་བའི་ཆོས་ཀྱིས་མཁྱུད་པའི་རྣམ་རིག་གནས་གྱུར་ནས་ཡོངས་གྲུབ་ཏུ་འགྱུར་བའི་ཕྱིར། ཀུན་བརྟགས་གཞན་དབང་གཉིས་ཀ་ཡང་མི་དམིགས་པ་དང་། ཆོས་ཉིད་དམིགས་པ་མཉམ་པར་འབྱུང་ངོ་། །དེའི་ཕྱིར་འཁོར་བའི་ཆོས་ཐམས་ཅད་ཀྱང་ཆོས་ཉིད་ཀྱི་གནས་ཡིན་ནོ། །རྣམ་པར་བྱང་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། གླེང་གཞི་དང་། རྨད་དུ་བྱུང་བ་དང་། ཚིགས་སུ་བཅད་པ་དང་། མཆེད་དུ་བརྗོད་པ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་དབབ་པ་དང་། ཤིན་ཏུ་རྒྱས་པའི་སྡེ་རྣམས་ཏེ། འདི་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་ཟག་པ་མེད་པའི་ཆོས། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་སྟེ། ཆོས་ཉིད་ཀྱི་གནས་ཉིད་དོ། །དེ་ལྟར་གཉིས་ག་ཡང་ཆོས་ཉིད་ཀྱི་གནས་སུ་བཤད་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་ལ་བལྟོས་ནས་གསུངས་ཏེ། སྤང་བྱ་དང་གཉེན་པོའི་མིང་ཚིགས་ཡི་གེ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་བྱེ་བྲག་བ་བསམ་གཏན་མཐར་ཐུག་པ་ཐོབ་པས་སྟོང་གཅིག་ཏུ་རྫུ་འཕྲུལ་འབྱིན་པ་དང་། རང་རྒྱལ་སྟོང་གསུམ་གཅིག་གཡོ་བས་བསམ་གཏན་ཐམས་ཅད་ཐོབ་ཅེས་བྱ་བ་བྱིས་པའི་ཚིག་གོ །གླིང་བཞིའི་དབང་བསྒྱུར་བའི་འཁོར་ལོས་སྒྱུར་བའི་འཛམ་གླིང་ལ་མི་དབང་སྟེ། སྟོབས་ཀྱི་འཁོར་ལོས་སྒྱུར་གྱིས་འཛམ་གླིང་དབང་བྱེད་དོ་ཞེས་སྨྲ་བ་བཞིན་ནོ། །འཕྲོས་པ་ཆོག་གོ །ཤེས་བྱའི་སྒྲིབ་པ་ཡང་ས་བཅུ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྫོགས་པར་བྱེད་པའི་སྤང་གཉེན་དུ་གསུངས་ཏེ། དབུས་མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུ་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །འབྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞིའི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། ཉོན་མོངས་ཅན་ཡིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་པའི་འགྲེལ་པར་ཡང་། ཀུན་ཏུ་འགྲོ་བའི་དོན་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་བ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་ལ་གོ་རིམ་བཞིན་དུ་བསྒྲིབ་སྟེ། དེའི་མི་མཐུན་བའི་ཕྱོགས་སུ་གྱུར་པའི་ཕྱིར་རོ། །འདི་ལྟ་སྟེ། ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ། ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཏེ། དེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་འཐོབ་བོ། །གཉིས་པ་ལ་ནི་མཆོག་གི་དོན་དུ་རྟོགས་ཏེ། དེས་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་པ་ལ། བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ། །སྙམ་དུ་བསམ་མོ། །གསུམ་པ་ནི་དེའི་རྒྱུ་མཐུན་པའི་དོན་དུ་མཆོག་ཏུ་རྟོགས་ཏེ། དེ་ཐོས་པ་མཆོག་ཏུ་རིག་ནས། དེས་ལེགས་པར་གསུངས་པའི་ཚིགས་བཞི་ཙམ་གྱི་ཕྱིར་སྟོང་གསུམ་མེས་གང་བར་ཡང་འཕྱོང་ངོ་། །བཞི་པ་ལ་ནི། ཡོངས་སུ་འཛིན་པ་མེད་པར་རྟོགས་ཏེ། དེའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་ཆོས་ལ་སྲེད་པ་ཡང་ལྡོག་གོ །ལྔ་པ་ལ་ནི། རྒྱུ་ཐ་དད་མེད་པའི་དོན་དུ་རྟོགས་ཏེ། རྣམ་པར་དག་པ་ལ་སེམས་ཅན་གྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རྟོགས་སོ། །དྲུག་པ་ལ་ནི། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དེ་གཉིས་ཀ་མེད་པར་རབ་ཏུ་རྟོག་བའི་ཕྱིར་རོ། །བདུན་པ་ལ་ནི་ཐ་དད་མེད་པའི་དོན་དུ་རྟོགས་ཏེ། མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་པ་མི་འབྱུང་བའི་ཕྱིར་རོ། །བརྒྱད་པ་ལ་ནི། འབྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་རྟོགས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པས། ཉོན་མོངས་དང་རྣམ་བྱང་འཕེལ་འགྲིབ་མེད་པར་རྟོགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དབང་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་མངོན་དུ་བྱེད་པའི་ཆ་དང་མཐུན་པའོ། །དེ་ཡང་། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་པ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་མིག་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས་དད་སོགས་ཆོས་ལྔ་དང་ལྡན་པ་རྨད་དུ་བྱུང་བ་ཡོད་པས་སངས་རྒྱས་ཐོབ་ལ། མོས་པ་དམན་པ་ཐེག་པ་དམན་པར་ལྷུང་སྟེ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རཏལ་པོས་རྟོགས་དཀར་བཞེད། །ཅེས་བྱམས་པས་གསུངས་སོ། །འདིར་ངེས་པར་རྟོག་པའི་སྦྱོར་ལམ་ནི། ཐེག་པ་ཆེན་པོ་མདོ་སྡེ་ཤིན་ཏུ་རྒྱས་པའི་མདོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བརྟེན་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པས་འགྲུབ་པས། ངེས་པར་འབྱེད་པའི་ཡན་ལག་བཞི་ཀ་བསྡུས་པས་སྦྱོར་བའི་ལམ་ཐམས་ཅད་ཅེས་བྱའོ། །ཅི་ལྟར་ཞེ་ན་ཤེས་བྱ་མཚན་ཉིད་དག་པ་ཉིད་དང་། སུས་འཇུག་པ་དང་། གང་དུ་འཇུག་པ་དང་། ཅི་ལྟར་འཇུག་པ་དང་། འཇུག་པའི་རིམ་པ་དང་བཅས་པ་ལྔ་ཤེས་པར་བྱ་སྟེ། དང་པོ་ནི་ཐེག་བསྡུས་ལས། ཤེས་བྱའི་མཚན་ཉིད་ལ་འཇུག་པ་ནི་མང་དུ་ཐོས་པས་བསྒོམ་པའི་གནས། ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་པ། ཀུན་གཞིའི་རྣམ་པར་ཤེས་པ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་ཆོས་དང་དོན་སྣང་བ་འབྱུང་བའི་ཚུལ་ཅན། བཟུང་བའི་དངོས་པོའི་གནས་ལྟ་བུ་ལྟ་བ་དང་བཅས་པའི་ཡིད་ཀྱི་བརྗོད་པ་རྣམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལྟར་ས་བོན་ཡིན་པའོ། །ཞེས་གསུངས་པ་འདི་ནི་རིགས་ཞེས་བྱ་སྟེ། ངོ་བོ་ནི་ཆོས་དབྱིངས་དྲི་མ་མེད་པ་ཡིན་ལ། དེའི་རྒྱུ་མཐུན་པ་ནི་ཟག་མེད་ཀྱི་ཆོས་ཀྱི་ཁྱད་པར་ནི་སྐྱེ་མཆེད་དྲུག་དང་ལྷན་ཅིག་པས་རིགས་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱང་ས་ལས་བྱུང་ངོ་། །དེས་ན་མངོན་རྟོགས་རྒྱན་ལས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེའི་དབྱེ་བ་ཡོངས་སུ་བརྗོད། །ཅེས་རྟེན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་ཐོས་པའི་བག་ཆགས་སད་པ་ལ་མོས་པ་རབ་འབྲིང་ཐ་མ་སྐྱེ་བ་ལ་བརྗོད་པ་ཡིན་ནོ། །རྒྱུད་བླ་མ་ལས་ཀྱང་། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་གཉིས་ཡིན་ནོ། །རིགས་དེ་གཉིས་ལ་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་བྱེད་པ་སྟེ། དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་རྒྱུ་མཐུན་པ་ཆོས་ཀྱི་སྐུ་ལ་བརྟེན་པའི་ཆོས་དོན་སྣང་བ་འཕེལ་ཞིང་རྒྱལ་པ་ལྟར་སྣང་བས་རྒྱས་པ་ཞེས་བྱ་སྟེ། དེས་ན། །ཆོས་ལ་མོས་པ་ས་བོན་དང་། ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །ཞེས་རྒྱས་པ་མོས་པའི་ཚུལ་ལས་བྱུང་བ་ཡང་། ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་མི་རྟོག་པ་དང་། སྙིང་པོའི་ཁམས་རྣམས་དོན་གཅིག་པས་དེ་ལས་སྐྱེས་པ་ཞེས་བྱ་ལ། གང་གིས་རྒྱས་པ་ཡང་། །བསམ་གཏན་ལས་བྱུང་བདེ་བ་མངལ། །སྙིང་རྗེས་བསྐྱེད་པ་མ་མའོ། །བསམ་གཏན་དང་ཏིང་ངེ་འཛིན་ནི་རང་གཞན་ལ་བདེ་བ་སྐྱེད་ལ། སྙིང་རྗེས་ཞི་བར་མི་ལྟུང་བར་སྐྱེད་པས། གང་ཡིན་འདི་དག་ཐུབ་པའི་རྗེས་སུ་སྐྱེས་པའི་སྲས་སོ། །ཞེས་གསུངས་སོ། །འདི་ནི་ཤེས་བྱའི་མཚན་ཉིད་དག་པའོ། །འདི་ལ་སུས་འཇུག་པ་ནི་ཐེག་བསྡུས་ལས། སེམས་ཀྱི་རྒྱུད་ཐེག་པ་ཆེན་པོའི་ཆོས་མང་དུ་ཐོས་པས་བསྒོམ་པ། སངས་རྒྱས་འབྱུང་བ་ཚད་མེད་པ་གཅིག་ཏུ་མཉེས་པར་བྱ་བའི་མོས་པ་ཐོབ་པ་ཅན། དགེ་བའི་རྩ་བ་ཚོགས་གཉིས་ལེགས་པར་བསགས་བའི་བྱང་ཆུབ་སེམས་དཔའོ་ཞེས་སོ། །གང་དུ་འཇུག་པ་ཡང་དེ་ཉིད་ལས། ལྟ་བ་དང་བཅས་པའི་ཆོས་དང་། དོན་སྣང་བའི་ཡིད་ཀྱིས་བརྗོད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་བྱུང་བ་དེ་ཉིད་ལ་མོས་པས་སྤྱོད་པའི་ས་དང་། མཐོང་བ་དང་། བསྒོམ་པ་དང་། མཐར་ཕྱིན་པའི་ལམ་ལ་འཇུག་པ་སྟེ། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་རྗེས་སུ་སྒྲོག་པ་ལ་མོས་པ། དེ་ཅི་ལྟ་བ་བཞིན་རབ་ཏུ་རྟོགས་པ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམ་པ་དང་། སྒྲིབ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཚུལ་ཅི་ལྟར་འཇུག་ན། དེ་ཡང་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་དང་། གནས་བཞི་སྤོང་བ་དང་། ཆོས་དང་དོན་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་། རྒྱུན་དུ་ཆུད་པ་དང་། གུས་པར་བྱས་ཏེ་སྦྱོར་བ་དང་བག་ཡོད་པས་འཇུག་གོ །ཞེས་གསུངས་ཏེ། སེམས་གསུམ་སྦྱོང་བ་ནི། མིར་གྱུར་པ་ཚད་མེད་པ་དག་བྱང་ཆུབ་ཐོབ་ན་བདག་གིས་ཅི་ལ་མི་ཐོབ་ཅེས་ཞུམ་པ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ་སྙམ་བ་དང་། བདེ་འགྲོ་བརྒྱུད་པ་འབད་མེད་དུ་ཐོབ་པའི་སེམས་གསུམ་ཡིན་ནོ། །བཞི་སྤོང་བ་ནི། ཉན་རང་གི་ཡིད་བྱེད་སྤོང་བ་དང་། སོམ་ཉི་དང་ཐེ་ཚོམ་སྤོང་བས་ཆེན་པོར་འཇུག་པ་དང་། ཆོས་ལ་ང་དང་ང་ཡིར་འཛིན་པ་དང་མངོན་ཞེན་སྤོང་བ་དང་། རྣམ་རྟོག་གི་མདུན་ན་གནས་པ་དང་བཞག་པའི་མཚན་མ་ཐམས་ཅད་སྤོང་བ་སྟེ། བཞིའོ་གཞན་རྣམས་འོག་ནས་སྟོན་པར་འགྱུར་རོ། །འཇུག་པའི་རིམ་པ་ནི། ཐེག་བསྡུས་ལས། ཡིད་ཀྱིས་བརྗོད་པ་ཙམ་དུ་དམིགས་ཤིང་། མིང་དང་བཅས་པའི་དོན་དང་། ངོ་བོ་ཉིད་དུ་ཁྱད་པར་དུ་བཏགས་པ་དང་བཅས་ཤིང་། གཉིས་ག་ཡང་མི་དམིགས་པའི་ཡོངས་སུ་ཚོལ་བ་བཞི་ལ་བརྟེན་ནས། བཟོད་པ་ཆུང་ངུའི་ཚེ། སྣང་བ་ཐོས་པའི་ཏིང་ངེ་འཛིན་ཏེ། ངེས་པར་འབྱེད་པའི་དྲོ་བར་འགྱུར་བའི་གནས་སོ། །བཟོད་པ་ཆེན་པོའི་ཚེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏེ། རྩེ་མོའི་གནས་སོ། །ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་ཞུགས་པ་དང་། དོན་མེད་པ་ལ་ངེས་པ་ནི། དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཏེ། བདེན་པའི་རྗེས་སུ་མཐུན་པའི་བཟོད་པའི་གནས་སོ། །གང་གི་འོག་ཏུ་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་འཇིག་པ་དེ་ནི། དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་ལྟ་བུའོ། །ཏིང་ངེ་འཛིན་འདི་དག་ནི་མངོན་པར་རྟོགས་པ་དང་ཉེ་བ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་ལྟར་མདོ་སྡེ་རྒྱན་ལས་ཀྱང་། གདམས་པ་དང་རྗེས་སུ་བསྟན་པའི་སྐབས་ནས་རྒྱས་པར་གསུངས་སོ། །ཐེག་པ་ཐུན་མོང་གི་སྦྱོར་བའི་ལམ་ཡང་། དྲན་པ་ཉེ་བར་གཞན་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་པ་ཚོགས་ལམ་དང་། དབང་པོ་ལྔ་དང་སྟོབས་ལྔས་སྦྱོར་བའི་ལམ་བསྒྲོད་པ། དབུས་མཐའ་དང་མདོ་སྡེ་རྒྱན་ལས་གསུངས་པ་འདིར་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བཤད་དོ། །འདི་ནི་ངེས་པར་རྟོགས་པ་ཞེས་བྱ་བ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུ་མཐོང་བའི་ལམ་དུ་འཇུག་པ་ལ་ངེས་པར་ཐོས་བསམ་བསྒོམ་པས་རྟོགས་པ་དང་བཅས་པའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་རྒྱུ་མཐུན་པ་ཡིན་ནོ།། །།བཞི་པ་མཐོང་བའི་ལམ་ནི། དེ་ལ་རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར། མཐོང་བའི་ལམ་གྱིས་མངོན་སུམ་གྱི་ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང་ཉམས་སུ་མྱོང་བའོ་ཞེས་གསུངས་ཏེ། འདི་ལ་ཡང་ཐེག་པ་ཐུན་མོང་པར་ནི། བདེན་པ་བཞི་ལ་བརྟེན་ནས་སྡུག་བསྔལ་ནི་ཤེས་པར་བྱ་བ་དང་། དེའི་རྒྱུ་ཀུན་འབྱུང་བ་ནི་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་ཞིང་ལམ་བྱང་ཆུབ་ཀྱི་ཕྱོགས་ནི་བསྒོམ་པར་བྱ་བ་ལ་བརྟེན་ཏེ། འདོད་པའི་ཁམས་ལས་འདའ་བར་བྱེད་པའི་སྦྱོར་བའི་ལམ་ཐོབ་ནས། བདེན་པ་བཞི་ལ་ཤེས་པ་དང་། རྗེས་སུ་ཤེས་པ་དང་། བཟོད་པ་དང་། རྗེས་སུ་བཟོད་པ་ལ་བརྟེན་ཅིང་། སྐད་ཅིག་མ་བཅོ་ལྔའམ་བཅུ་དྲུག་གི་མཐོང་ལམ་བསམ་གཏན་དང་པོའམ། ས་དྲུག་གང་རུང་གི་བསམ་གཏན་དང་ལྷན་ཅིག་པར་ཐོབ་པར་ཉན་ཐོས་ཀྱི་ས་ལས་གསུངས་སོ། །འདིར་ནི་དེ་རྣམས་ལས་ཀྱང་ཆོས་རྨད་དུ་བྱུང་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་ལ་འཇུག་ཅིང་མངོན་སུམ་དུ་བྱེད་པ་སྟེ། འདི་ལ་ཡང་ངོ་བོ་ཉིད་གསུམ་གྱི་ཚུལ་ལ་འཇུག་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་བརྗོད་པ་སྣང་བའི་ཕྱིར་གྱི། མཚན་ཉིད་ལ་འཇུག་པས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་ཞུགས་པས་གཞན་གྱི་དབང་གིས་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ལ་ནི་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་བཤིག་པ་དེ་ལ། ཡིད་ཀྱིས་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་དུ་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེ་ཡི་དམིགས་པར་བྱ་བ་དང་། དམིགས་པར་མེད་པ་མཉམ་པས། མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེའི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །དེར་ཞུགས་པས་ས་རབ་ཏུ་དགའ་བ་ལ་ཞུགས་པ་ཡིན། ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པ་དང་། རིགས་སུ་སྐྱེས་པ་དང་། སེམས་ཅན་ལ་སེམས་མཉམ་པ་དང་། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ལ་སེམས་མཉམ་པར་ཐོབ་པ་ཡིན་ཏེ། །དེ་ནི་མཐོང་བའི་ལམ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པའང་འདི་བསྟན་ཏོ། །འདིར་བྱང་ཆུབ་ཀྱི་ཡན་ལག་ཀྱང་། །སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་བཞག་པ་བརྗོད། །དེའི་རྒྱུ་མཚན་ནི། ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །ཅི་ལྟ་བ་དང་ཅི་སྙེད་པའི་ཡེ་ཤེས་ཀྱི་ཤེས་བྱ་ལ་འཇུག་ཅིང་རྒྱས་པར་བྱེད་པས། ཡང་དག་པའི་དྲན་པ་ནི་འཁོར་ལོ་ལྟ་བུ་སྟེ། །ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་རྣམ་པ་ཀུན་ཏུ་སྤྱོད། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་ལོག་པའི་མཚན་མ་ཐམས་ཅད་འཇོམས་པས་གླང་པོ་ཆེ་ལྟ་བུ་སྟེ། འདིའི་རྣམ་འབྱེད་རྟོགས་པའི། མཚན་མ་ཐམས་ཅད་འཇོམས་པར་བྱེད། མཐར་ཕྱིན་པའི་བར་དུ་རྒྱུན་མི་གཅོད་པའི་བརྩོན་འགྲུས་ནི་མྱུར་པའི་ཕྱིར་རྟ་ལྟ་བུ་སྟེ། །འདི་ཡི་བརྩོན་འགྲུས་མ་ལུས་ལ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །ཐེག་པ་ཆེན་པོའི་ཆོས་རྒྱ་མཚོའི་སྣང་བ་འཕེལ་བའི་མདོ་ནི། ཡེ་ཤེས་ཀྱི་འོད་ཀྱི་རྒྱས་པར་བྱེད་པའི་ཕྱིར་ནོར་བུ་ལྟ་བུ་སྟེ། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། དགའ་བས་རྟག་ཏུ་རྒྱས་པར་འགྱུར། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཐར་བར་བྱེད་པའི་ཕྱིར་རྒྱུད་ཤིན་ཏུ་སྦྱངས་པ་ནི། གཏན་དུ་བདེ་བ་ཐོབ་པའི་ཕྱིར་བཙུན་མོ་ལྟ་བུ་སྟེ། །སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ། །བསམ་གཏན་བཞི་པ་ལ་རྟེན་པའི་ཏིང་ངེ་འཛིན་རྣམས་གནས་དང་བཅས་པ་ནི་བསམ་པའི་དོན་འབྱོར་པ་ནམ་མཁའི་མཛོད་འབྱུང་བས་ཁྱིམ་བདག་ལྟ་བུ་སྟེ། ཏིང་ངེ་འཛིན་ལས་བསམ་པའི་དོན། །འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །མཉམ་རྗེས་མཉམ་པ་ཉིད་དུ་འཇུག་པའི་བཏང་སྙོམས་ནི་སྲིད་ཞིའི་རྒོལ་བ་མེད་པར་ཅི་ལྟར་འདོད་པར་གནས་པས་དམག་དཔོན་ལྟ་བུ་སྟེ། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། འདིས་ནི་ཅི་ལྟར་འདོད་བཞིན་གནས། །དེ་ལྟར་བདུན་ཀ་ཐོབ་པའི་རྒྱུ་མཚན་གྱིས། །རྗེས་ལས་ཐོབ་དང་མི་རྟོག་པའི། །གནས་པ་མཆོག་གིས་རྟག་ཏུ་གནས། །ཞེས་བྱང་ཆུབ་ཀྱི་ཡན་ལག་སྟེ། བདུན་ནི། རིན་པོ་ཆེ་བདུན་དང་མཚུངས་པར་འབྱུང་ངོ་། །མཐོང་ལམ་གྱི་རང་བཞིན་ཆོས་རྣམ་པར་འབྱེད་པ་དེ་དྲན་པ་ལ་གནས་ནས་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་ཞིང་། ཏིང་ངེ་འཛིན་གྱིས་ཡོན་ཏན་རྒྱས་པར་བྱེད་དེ། ཤིན་ཏུ་སྦྱངས་པ་དང་དགའ་བ་དང་བཏང་སྙོམས་གསུམ་གྱིས། ཉོན་མོངས་པ་མེད་པའི་ཡན་ལག་ཏུ་འགྱུར་ཏེ། །རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་གཉེན་པོའི་ཡན་ལག་ཡིན། རྣམ་གསུམ་ཉོན་མོངས་མེད་ཡན་ལག། །ཅེས་ཡན་ལག་ཅི་ལྟར་ཡིན་པ་བཤད་དོ། །དེ་བཞིན་དུ་གདམས་པའི་སྐབས་ནས་ཀྱང་། །དེས་ན་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་འདི་གནས་ཡོངས་གྱུར་པ་སྟེ། ས་ནི་དང་པོ་ཡིན་པར་འདོད། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། མདོར་བསྡུས་ན་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་སྤངས་ནས། བདག་མེད་རྣམ་པ་གཉིས་མངོན་སུམ་དུ་མཐོང་ཞིང་། སྟོང་པ་ཉིད་གསུམ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་ལ་རེག་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ས་དང་པོ་སྟེ། ཐུན་མོང་གི་རྣམ་བཞག་ལས་ཁྱད་ཞུགས་པ་ཡིན་ནོ། །ལྔ་པ་བསྒོམ་པའི་ལམ་བཤད་པ་ནི། རྗེས་སུ་དྲན་པ་ནི་དེའི་དྲི་མ་དྲུངས་དབྱུང་པའི་དོན་དུ་ཅི་ལྟར་མཐོང་བ་ཉིད་བསྒོམ་པའི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་ཐམས་ཅད་དོ། །ཞེས་གསུངས་ཏེ། མཐོང་བའི་ལམ་གྱི་དེ་མ་ཐག་ཏུ་ཅི་ལྟར་མཐོང་བ་ཉིད་བསྒོམས་པས་དེའི་བདག་ཉིད་དུ་ཉེ་བར་སོན་པར་བྱ་བའི་ཕྱིར་བསྒོམ་པས་བསྒོམ་ལམ་མོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་སུ་དྲན་པས་ཉོན་མོངས་པའི་ལྷག་མ་བསྒོམ་པས་སྤང་བར་བྱ་བ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ས་བཅུ་ལ་སྒྲིབ་པའི་ཤེས་བྱའི་སྒྲིབ་པ་བཅུ་དྲུངས་དབྱུང་བའི་དོན་དུ་བསྒོམ་པའོ། །དེ་ཉིད་མཐར་ཕྱིན་པར་བྱེད་པས་ན་ལམ་མོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི། ཐེག་པ་ཐུན་མོང་གི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དང་། བྱང་ཆུབ་སེམས་དཔའི་སུམ་ཅུ་བཞི་དང་། སངས་རྒྱས་ཀྱི་སུམ་ཅུ་སོ་དགུ་ལ་སོགས་པ་དམིགས་པ་དང་། རྣམ་པ་དང་། དམིགས་པའི་ཆོས་ཀྱིས་བསྡུས་པ་ཐམས་ཅད་བསྒོམ་པས་ཏེ། འདི་ལ་ཅི་ལྟར་སྦྱོར་བ་ཡང་ཐེག་བསྡུས་ལས། དེ་ལྟར་ས་ལ་བཞུགས་ཏེ། མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པ་བསྒོམ་པའི་ལམ་ལ་ཅི་ལྟར་སྦྱོར་ཞེ་ན། འདི་ལྟར་རྣམ་པར་གནས་པ་བསྟན་པ། བྱང་ཆུབ་སེམས་དཔའ་ཡི་ས་བཅུ་པ་མདོ་སྡེ་ཐམས་ཅད་བསྡུས་པ་ཉིད་དུ་ཉེ་བར་གནས་པ་རྣམས་ལ་འདྲེས་པ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་དང་། དེའི་རྗེས་ལས་ཐོས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་གོམས་པར་བྱས་པའི་ཕྱིར། དེ་དག་གནས་གྱུར་ནས་སངས་རྒྱས་ཀྱི་སྐུ་རྣམ་གསུམ་ཐོབ་པར་བྱ་བའི་ཕྱིར་སྦྱོར་རོ། །དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང་། དེ་ནས་འདི་ནི་ལྷག་མའི། །ས་རྣམས་བསྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །དེ་ལ་ཡེ་ཤེས་གཉིས་ཅི་ལྟར་སྦྱོར་ཞེ་ན། རྣམ་པར་མི་རྟོག་ཡེ་ཤེས་དེ། སངས་རྒྱས་ཆོས་ནི་སྦྱོང་བར་བྱེད། །མཉམ་བཞག་གི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་ཆོས་སྐུའི་ཡོན་ཏན་རྫོགས་པ་ལ་དབང་བྱེད་པའི་ཕྱིར་རོ། །གཞན་ནི་ཅི་བཞིན་རྣམ་འཇོག་པས། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། རྗེས་ལས་ཐོབ་པའི་ཡེ་ཤེས་ནི་སྒྱུ་མ་ལྟ་བུར་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར། ཆོས་སྐུའི་ཡོན་ཏན་རྫོགས་པ་ལ་དབང་བྱེད་པའི་ཕྱིར་རོ། །གཞན་ནི་ཅི་བཞིན་རྣམ་འཇོག་པས། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །རྗེས་ལས་ཐོག་པའི་ཡེ་ཤེས་ནི་སྒྱུ་མ་ལྟ་བུར་སངས་རྒྱས་ཀྱི་ཞིང་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ལས་ཡིན་ནོ། །གྲངས་མེད་གཉིས་ནི་རྫོགས་པ་ཡིས། བསྒོམ་པ་ཡི་ནི་ཚར་ཕྱིན་ཏེ། །ས་དྲུག་ལ་གྲངས་མེད་གཅིག་དང་། །ས་གསུམ་ལ་གཅིག་སྟེ། འདིར་བསླབ་པ་གསུམ་རྫོགས་པའི་ཕྱིར་རོ། །དེ་ཡང་ཅི་ལྟ་བུ་ཡིན་ཞེ་ན། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ས་དང་པོར་ཆོས་ཉིད་ཀྱི་དོན་རྟོགས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཤིང་གཉིས་པ་ལ་ཚུལ་ཁྲིམས་རྣམ་པར་དག་གོ །གསུམ་པ་ལ་བཟོད་པ་དང་། བཞི་པ་ལ་བརྩོན་འགྲུས་དང་ལྡན་པས། སེམས་རྣམ་པར་དག་པའི་ཕྱིར་ལྷག་པའི་སེམས་ལ་འཇུག་སྟེ། དེས་ལྔ་པར་བསམ་གཏན་དང་། དྲུག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར། རྒྱུ་མཚན་ཡང་། ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དེའི་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། དེ་ས་གཉིས་ལ་རྣམ་པར་གནས། །དེ་ལྟར་ས་དྲུག་ཏུ་བསླབ་པའི་འབྲས་བུ་ནི་རྣམ་པ་བཞི་གསུངས་སྟེ། །བསླབ་པའི་རྣམས་དང་བསྒོམ་བ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །དེ་རྣམས་ཀྱི་དང་པོ་ནི་ས་བདུན་པ་ཐབས་མཁས་པ་རྣམ་པར་དག་པས་མཚན་མ་མེད་ལ་འདུ་བྱེད་དང་བཅས་པ་ཐོབ་པ་སྟེ། མཚན་མེད་འདུ་བྱེད་དང་བཅས་པ། གནས་པ་འབྲས་བུ་དང་པོ་ཡིན། །གཉིས་པར་ནི་འདུ་བྱེད་ལའང་ཉེ་བར་ཞི་ནས་ཆོས་སྐུ་ཉིད་དུ་འགྱུར་ཏེ། རྣམ་པར་མི་རྟོག་པའི་དབྱིངས་ལས་རེག་ཅིང་། ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་མེད་པར་འགྱུར་བས་སངས་རྒྱས་ཀྱི་གསང་བ་ལ་རེག་པ་ན། སྐད་ཅིག་དེ་ལ་སངས་རྒྱས་ཐམས་ཅད་ཀྱིས་སྣང་བ་མེད་པ་དེ་ལས་བསྐུལ་ནས། ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་ཐོབ་པས། ཞིང་རྣམ་པར་དག་པ་ཐོབ་པའོ། །རྒྱུ་མཚན་འདིས་ན། དེ་ཉིད་མངོན་དུ་བྱེད་མེད་དང་། །ཞིང་ནི་རྣམ་པར་དག་པ་དོན། །འབྲས་བུ་གཉིས་པར་འདོད་པ་ཡིན། །འདི་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྨོན་པ་ཙམ་གྱིས་ཞིང་རྒྱ་མཚོ་རྣམ་པར་དག་པའི་ཕྱིར་རོ། །གསུམ་པ་ནི། སེམས་ཅན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པ། སྐད་ཅིག་གཅིག་ལ་སྨིན་བར་བྱེད་པས་སྟོབས་ཀྱི་ཕ་རོལ་ཏུ་སོན་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་མངོན་སུམ་དུ་བྱས་པ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྱུར་པའི་ཕྱིར་རོ། །སེམས་ཅན་སྨིན་པར་གྲུབ་ཉིད་དང་། །དེ་མ་ཐག་ཏུ་ཏིང་ངེ་འཛིན་རྒྱ་མཚོའི་རྣམ་པར་ཐར་པ་དང་། གཟུངས་ཐམས་ཅད་ཀྱི་མཐར་སོན་བས་སྤྲུལ་པ་རྒྱ་མཚོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་ཅིང་། སློབ་མ་དུལ་བ་རྒྱ་མཚོ་བ་སྤུ་གཅིག་ཏུ་སྡུད་པ་ལ་དབང་བསྒྱུར་བས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་པ་ལེགས་པར་བསྒོམ་བའི་མཐར་ཕྱིན་པ་དང་། གཉིས་དང་ཅི་ལྟར་མངོན་བར་བརྗོད་པའི་ཆོས་དང་མཐུན་བ་དེ་ལ་ཆོས་ཉིད་བདག་གཅིག་པ་དང་། དེ་ལས་བྱུང་པའི་འབྲེལ་པ་ཅན་དུ་གནས་པ་ནི་མ་ཡིན་ནོ། །རྒྱུད་བླ་མ་ལས་ཀྱང་། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་ཞེས་བརྗོད། །ཞེས་གསུངས་སོ། །དེས་ན་འདིར་གནས་ནི་དབྱེ་བ་མེད་པའི་དག་པ་དང་། རྒྱུ་མཐུན་པའི་དོན་གྱིས་སོ་སོ་རང་རིག་པ་ལ་བརྟེན་པའོ། །འདི་ལྟར་ཆོས་དང་ཆོས་ཉིད་ཡོད་པ་དང་མེད་པ་དག་ལ་མེད་ཀྱང་སྣང་བ་སྔར་བསྟན་ལ། ཡོད་པ་ཉིད་ལ་དྲི་མ་མེད་བཞིན་རྣམ་པར་དག་དགོས་པ་མི་འགལ་ཏེ། །ཆོས་མེད་པ་དང་དམིགས་པ་དང་། །ཀུན་ནས་ཉོན་མོངས་མེད་རྣམ་དག །སྒྱུ་མ་ལ་སོགས་འདྲ་བ་དང་། །དེ་བཞིན་ནམ་མཁའ་འདྲར་ཤེས་བྱ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་བཞིན། །འདི་ནས་རྒྱས་པར་སྟོན་པ་ཤེས་པར་བྱའོ། །གཞི་འདི་ན་བརྟེན་ན་གསུམ་པ་སྦྱོར་ལམ་འབྱུང་བས་ན་དེ་བཤད་པ། དེ་ལ་ངེས་པར་རྟོག་པ་ན་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་བའི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པ་སྦྱོར་པའི་ལམ་ཐམས་ཅད་དོ་ཞེས་གསུངས་སོ། །འདིར་ལམ་ལྔའི་ཚོགས་ཀྱི་ལམ་ནི་ངེས་པར་རྟོག་པའི་རྒྱུར་གྱུར་པ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལ་འཇུག་པ་ཙམ་ཉིད་ནས་མོས་པ་ཙམ་ལ་བརྟེན་པ་བསོད་ནམས་ཆ་མཐུན་པ་མང་བ་ལ་དུས་ཡུན་རིང་དུ་འཇུག་པས་ཐེག་པ་གསུམ་གྱི་རིགས་རང་བཞིན་ལས་རྒྱས་འགྱུར་འབྱུང་པར་བྱེད་པ་སྟེ། །བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཅི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱི་ཡང་དག་རྫོགས། །ཞེས་མདོ་སྡེ་རྒྱན་ལས་བྱུང་བ་ལྟར་ཡིན་ནོ། །འདིར་ཡང་ཐེག་པ་ཆུང་ངུ་དག་མོས་པ་ཕྲ་མོ་ལ་བརྟེན་ནས་ངེས་པར་འབྱུང་བའི་གཞི་འཕགས་པ་ལམ་སྲན་གྱི་སྔོན་གྱི་རྒྱུ་ལྟ་བུ་གསུངས་ཀྱང་། འདིར་ཐེག་པ་བླ་ན་མེད་པ་ནི་སྔར་བཤད་པའི་ཤེས་བྱའི་གནས་དང་། མཚན་ཉིད་ཤེས་ནས་འཇུག་དགོས་པས་ཐོས་བསམ་བསྒོམ་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། དེས་ན་རྒྱུ་བསམ་གྱིས་མི་ཁྱབ་པ་ལ་འཇུག་གོ །དེས་ན་ཐར་པའི་ཆ་དང་མཐུན་པ་ཡང་སངས་རྒྱས་ཀྱི་རང་བཞིན་དྲི་མ་དང་བཅས་པའི་ཁམས་ལ། བྱང་ཆུབ་པ་དང་། ཡོན་ཏན་འཕྲིན་ལས་དང་བཅས་པ་རང་ལ་ཡོད་ཀྱང་བསྒྲིབ་པ་གཉིས་ཀྱིས་བཅིངས་པ་མཐོང་ནས། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐུབ་པ་ལྟ་བུ་དང་། ཆོས་དང་དགེ་འདུན་གྱི་ཚུལ་མཐོང་བས་དད་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུ་དང་འབྲས་བུར་ཤེས་ནས་སྦྱོར་བའི་མོས་པའི་བརྩོན་འགྲུས་དང་། །བསམ་པ་ཕུན་གསུམ་ཚོགས་པ་རང་དོན་རྐྱང་པ་མ་ཡིན་པའི་གཞན་དོན་དང་འབྲེལ་བའི་སྨོན་ལམ་ཅན་གྱི་དྲན་པ་དང་། རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཤེས་པ་ལ་སེམས་པའི་ཏིང་ངེ་འཛིན་དང་། ཆོས་རྣམས་རྟོགས་པའི་ཤེས་རབ་སྔར་བརྗོད་པ་ལྟར་ཤེས་པ་ནི་སངས་རྒྱས་ཀྱི་ཐར་པ་ཆེན་པོ་ཕྱིར་རོ། །ཞེས་པ་དང་། གཞན་ཡང་བློ་གྲོས་རྒྱ་མཚོའི་མདོ་ལས་བྱུང་བ་གསུངས་པ། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང་། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ཉིད་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦྱོར་བར་བྱེད་ཀྱང་། ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ །ཡང་གསུངས་པ། བཅོམ་ལྡན་འདས། གང་གི་ཚེ་དགེ་བའི་རྩ་བ་ལགས་ན་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ་བློ་གྲོས་རྒྱ་མཚོ། འདི་ལ་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས། བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་འབྱུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས། བསམ་བཞིན་དུ་ཁམས་གསུམ་ཀུན་ཏུ་སྦྱོར་ཏེ། དེས་ན་ཉོན་མོངས་པ་དང་མཚུངས་པར་ལྡན་བའི་དགེ་བའི་རྩ་བ་ཞེས་བྱའོ། །ཅི་སྲིད་ཁམས་གསུམ་དུ་ཀུན་ཏུ་སྦྱོར་བས་ཡིན་གྱི། སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །ཞེས་བྱུང་ངོ་། །གཞན་ཡང་། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་མདོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅུས་གསུངས་པ། གཉིས་ཀྱིས་ས་དང་པོ་དང་། གསུམ་པ་དང་བཞི་པས་ས་དྲུག་དང་། ལྔ་པས་བརྒྱད་པ་དང་། གཞན་གསུམ་གྱིས་ས་བཅུ་པའི་ཡོན་ཏན་དང་། དེ་འོག་གཉིས་ཀྱིས་སངས་རྒྱས་དང་ཁྱད་མེད་པ་དང་། ཡོད་པའི་ཚུལ་གྱིས་རྒྱས་པར་གསུངས་སོ། །དེ་བཞིན་དུ་དཔལ་འཕྲེང་གི་མདོ་དང་མྱ་ངན་ལས་འདས་པ་ཆེན་པོར་ཡང་གསུངས་སོ། །རིགས་པ་ཡང་། ལུང་གིས་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སྦྱོར་ལམ་དུ་བསམ་གཏན་བཞི་ཀ་ཐོབ་ནས། སངས་རྒྱས་མཆོད་པ་དང་། ཆོས་མཉན་བའི་ཕྱིར་འཇིག་རྟེན་གཞན་དུ་རྫུ་འཕྲུལ་གྱིས་འགྲོ་བ་དེ་མཐོང་ལམ་ས་དང་པོར་བསམ་གཏན་བཞི་པ་མི་འཐོབ་པར་འཇུག་གོ །ཞེས་འགལ་བ་དང་། རྟགས་ཀྱི་ཐད་ཀར། གཟུགས་སོགས་འདུ་ཤེས་ལས་ལྡོག་ཅིང་། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ཞེས་ཀྱང་བྱུང་ངོ་། །གཞན་ཡང་། མཐོང་ལམ་པ་འདོད་ན། སེམས་ཀྱི་སྐད་ཅིག་ལ་ཏིང་ངེ་འཛིན་བརྒྱ་བསྒོམས་ཏེ། ཞིང་བརྒྱ་གཡོ་བ་ལ་སོགས་པ་བྱེད་པ་ཐོབ་པ་དེས། བསམ་གཏན་བཞི་པ་ཐོབ་པ་དང་། དགྲ་བཅོམ་སྟེ། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །གྲུབ་པས་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཅེས་གསུངས་སོ། །འདི་ལྟར་བསྒོམ་པའི་ལམ་ལ་ཤེས་བྱའི་མཚན་ཉིད་འཇུག་པའི་རྒྱུ་དང་འབྲས་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཞིར་བསྟན་པ་དང་། དེ་བསྒོམ་པའི་རབ་ཏུ་དབྱེ་བ་ས་བཅུ་རྣམས་སུ་བསྟན་ཏེ། རྒྱས་པར་ནི་ཐེག་པ་ཆེན་པོ་བསྡུས་པ་དང་། མདོ་སྡེ་རྒྱན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་དང་། ཡོངས་སུ་སྦྱོང་བ་ནི་མངོན་པར་རྟོགས་པའི་རྒྱན་གྱི་སའི་ཡོངས་སྦྱོང་དང་། བྱང་ཆུབ་སེམས་དཔའི་ས་དང་། ས་བཅུ་པའི་མདོར་གསུངས་སོ། །འདིར་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་བསྒོམ་པའི་ལམ་གྱི་ཁྱད་པར་ནི། ཉན་ཐོས་རྣམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་ལ་འདོད་ཆགས་དང་། ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པ་བག་ལ་ཉལ་གང་ཡིན་པ་དེའི་ས་དང་། བདེན་བཞིའི་ཤེས་རབ་ཀྱིས་སྤོང་ཞིང་། ཁམས་གསུམ་ལས་འདའ་བ་ཞི་བ་ཁོ་ན་དོན་དུ་གཉེར་པས་བསྒོམ་པ་ཡིན་ལ། དེའི་ཕྱིར་ཉན་ཐོས་ཀྱི་བསྒོམ་ལམ་ལ་ཟག་མེད་ཀྱི་མིང་གིས་བཏགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མཐོང་བའི་ལམ་ཐོབ་མ་ཐག་ཏུ། ཁམས་གསུམ་ལས་འདས་པའི་ཉོན་མོངས་པ་མེད་པ་དེ་ཐོབ་ཀྱང་སླར་ཐུགས་རྗེ་ཆེན་པོས་འཁོར་བ་ཉིད་ཆེད་དུ་འཛིན་ཅིང་། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཤེས་ནས་སེལ་ཅིང་། ཐབས་མཁས་པ་ཐོབ་པའི་སྤང་གཉེན་གྱི་རྟོག་པ་ཐམས་ཅད་མཁོ་བར་གཟིགས་པས་དང་དུ་ལེན་ཅིང་མངོན་དུ་མཛད་པས་བྱང་ཆུབ་སེམས་དཔའི་བསྒོམ་ལམ་ཟག་བཅས་ཡིན་ཞེས་བཏགས་པ་ཡིན་ཏེ། ངེས་པར་ན་བྱང་ཆུབ་སེམས་དཔའི་བསྒོམ་ལམ་ནི། ཉོན་མོངས་མེད་པ་ཡིན་པར་ཤེས་པར་བྱའོ། །འདི་ལ་རྒྱུ་མཚན་བཤད་པ་ནི། ལུང་དང་རིགས་པ་གཉིས་ཡོད་དེ། དང་པོ་ནི་རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤང་། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །མ་དག་པའི་གནས་སྐབས་ཀྱི་ན་རྒས་འཆི་བའི་མེ་ལྟ་བུ་འདིའི་ཉེར་ལེན་བུད་ཤིང་ལྟ་བུ་ནི། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པ་སྔོན་དུ་འགྲོ་བའི་སྐྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པ་རྣམས་ལ། གང་ཞིག་ཤིན་ཏུ་སྣང་བ་མེད་པར་གྱུར་པས་གཅིག་ཤོས་གཏན་འབར་བ་མེད་པར་རྟོགས་པའོ། །དེ་ཡང་། ཅི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་ཀུན་ཏུ་སྦྱོར་བ་ཅན་ཏེ། བསམས་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས། །སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །སྐྱེ་རྒས་ན་འཆི་ཉེ་བར་སྟོན་ཀྱང་ཆོས་འདི་དག་ཀྱང་མེད་དོ། །ཁམས་དེ་ཉིད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཡང་དག་པ་ཅི་ལྟ་བ་བཞིན་དུ་མཐོང་བའི་ལས་ལ་དབང་བའོ། །དང་པོ་གཉིས་བརྒྱད་པ་ལ་ཐོབ་བོ། །དགུ་པ་ནི་ཡེ་ཤེས་ལ་དབང་བ་ཉིད་འཐོབ་སྟེ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །བཅུ་པས་ནི། ལས་ལ་དབང་བ་ཉིད་དུ་རྟོགས་ཏེ། །ཅི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་འདིར་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཁྱབ་དང་ཉི་ཚེ་ལྷག་པ་དང་། །མཉམ་དང་ལེན་དང་སྤོང་བ་ཡི། །སྒྲིབ་པ་ལས་ནི་རྣམ་གྲོལ་བ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །དུག་སྨན་ཆེན་པོས་དུག་སེལ་ལྟར། །མཉམ་པ་ཉིད་དུ་སྦྱོང་པར་བྱེད། །མི་རྟོག་པ་ལ་ཐམས་ཅད་སྣང་། རྣམ་མི་རྟོག་གིས་ཐམས་ཅད་བྱེད། །མི་རྟོག་ནུས་པའི་ཡེ་ཤེས་ཀྱིས། །སྒྲིབ་གཉིས་ཅི་ལྟར་བསལ་བ་བཞིན། །ཐོད་རྒལ་འཇུག་པའི་ཏིང་འཛིན་གྱིས། །མཐུ་ཡང་ཐམས་ཅད་འགྲུབ་པ་དེ། །སེམས་ཀྱི་སྐད་ཅིག་སྐད་ཅིག་ལ། །སངས་རྒྱས་རྣམས་མཆོད་ཆོས་ཀུན་འཛིན། །ཞིང་རྣམས་སྦྱོང་ཞིང་སེམས་ཅན་སྒྲོལ། །ཕ་རོལ་ཕྱིན་རྫོགས་སྦྱོང་བ་ནི། །བསམ་གྱིས་མི་ཁྱབ་བྱེད་པས་ན། །སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལོ། །དང་པོ་ས་ཐོབ་རྒྱལ་སྲས་ཀྱང་། བསེ་རུ་ལྟ་བུ་བརྒྱ་དང་མཉམ། །གང་དག་ཉན་ཐོས་བསྒོམ་ལམ་དང་། །མཐུན་བཤད་རྒྱལ་སྲས་བྱིས་པར་མཚུངས། །སྒྱུ་མ་ལྟར་རྟོགས་འགོག་པ་དང་། །བྲལ་ཟད་འགོག་པ་ཐ་དད་ཏེ། །སྤང་གཉེན་གཉིས་ཀྱི་ངོ་བོ་ཡིན། ཁམས་གསུམ་ཟག་པ་འདུས་བྱས་དང་། །ཟག་མེད་ལས་ཀྱི་ཡེ་ཤེས་ལས། །གཅིག་ཏུ་རྟོགས་པ་འཁྲུལ་པ་ཡིན། །ཉི་མའི་དཀྱིལ་འཁོར་བྱེད་ལས་རྣམས། །མེ་ཁྱེར་འཕོང་ལ་སྦྱར་དང་མཚུངས། །ཚུལ་འདི་དིང་སང་མཁས་གྲུབ་རྣམས། །ལེགས་པར་བརྟགས་ན་དོན་ཆེན་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྗེས་སུ་དྲན་བའི་ལམ་བཤད་པའོ། །དྲུག་པ་ཉེ་བར་སོན་པ་མཐར་ཐུག་གི་ལམ་བཤད་པ་ནི། དེའི་བདག་ཉིད་དུ་ཉེ་བར་སོན་པ་ནི། དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ན། ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བ་སྟེ། དེ་ཡང་གནས་ཡོངས་སུ་གྱུར་པས་ཡོངས་སུ་གྲུབ་པ་ཡིན་ནོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཆོས་སྐུ་གཉིས་ཀྱི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གསུངས་པ། དེའི་བདག་ཉིད་དུ་མཐར་སོན་པ་ནི་མཐར་ཕྱིན་པ་ཞེས་བྱའོ། །འདི་ཡང་འགྱུར་བ་མེད་པའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པ་སྟེ། ཡོངས་གྲུབ་གཉིས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ། དེ་ལ་ཀུན་བརྟགས་གཞན་དབང་གི་དྲི་མ་མེད་པར་གྱུར་པ་ན། ཤེས་བྱ་ཐམས་ཅད་གཉིས་སུ་མེད་པས། ཡེ་ཤེས་ཟང་མར་གྱུར་ཏེ། དེ་བཞིན་ཉིད་ཙམ་དུ་སྣང་བ་སྟེ། འདི་ནི་སེམས་ཡིད་རྣམ་པར་ཤེས་པ་གནས་གྱུར་ནས་ཡེ་ཤེས་ལྔའི་རང་བཞིན་དུ་ཡོངས་སུ་གྲུབ་པ་ཡིན་ནོ། །འདིར་འགྱུར་བ་ནི་བསྒོམ་པའི་ལམ་མཐར་ཐུག་པར་རོ། །དེ་ནི་སྐད་ཅིག་མ་ཞེས་མངོན་པར་རྟོགས་པའི་རྒྱན་དུ་གསུངས་ཏེ། ཟག་པ་མེད་པའི་ཆོས་གཅིག་གི་རང་བཞིན་དུ་ཆོས་ཐམས་ཅད་བསྡུས་ནས་རྟོགས་པར་འགྱུར་སྟེ། ཟོ་ཆུའི་རྒྱུད་ཐམས་ཅད་རྟོག་པ་ཅིག་གིས་འགུལ་བ་ལྟར་རོ། །དེའི་ཚེ་རྣམ་པར་སྨིན་པའི་སྐད་ཅིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་། ཆོས་དཀར་པོ་ཐམས་ཅད། དབྱེ་བ་མེད་པར་རང་གི་རང་བཞིན་དུ་གྱུར་པས་སྐད་ཅིག་མའི་ཡེ་ཤེས་ཞེས་བྱའོ། །དེ་ལ་ཀུན་བརྟགས་གཞན་དབང་གི་མཚན་ཉིད་སྣང་ཡང་མི་བདེན་པ་རྨི་ལམ་ལྟར་རྟོགས་པ་མཐར་ཕྱིན་པས། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དག་པ་ཕུལ་དུ་ཕྱིན་པ་དང་། ཆོས་ཐམས་ཅད་དམིགས་སུ་མེད་པའི་དོན་སྐྱེས་བུ་གཉིད་ལས་སད་པ་ལྟ་བུར་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་གྱུར་པའི་ཕྱིར་རོ། །དེས་ན་འདིར་སྒྲིབ་པ་ཐམས་ཅད་ཟད་པའི་ཤེས་པ་དང་། ཆོས་ཐམས་ཅད་མི་སྐྱེ་བ་མངོན་སུམ་མཐར་ཐུག་པས་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །ཐེག་བསྡུས་ལས་ཀྱང་། ཅི་ལྟར་ཆོས་ཀྱི་སྐུ་འདི་རེག་པ་ཐོག་མ་ཉིད་དུ་ཐོབ་ཅེ་ན། ཐེག་པ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང་། རྗེས་ལས་ཐོབ་པའི་ཡེ་ཤེས་ལྔ་ལེགས་པར་བསྒོམས་པས་ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ་དང་། སྒྲིབ་པ་ཕྲ་མོ་བཤིག་པར་དཀའ་བ་བཤིག་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་དེའི་འཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་པའི་ཕྱིར་དེའི་གནས་གྱུར་པ་འཐོབ་བོ། །ཞེས་གསུངས་ཏེ། །གང་གནས་གྱུར་པ་ཀུན་གཞིའི་རྣམ་ཤེས་དང་། །གང་གིས་གནས་འགྱུར་པ་རྒྱུ་མཐུན་པའི་ཆོས་སྐུས་དང་། གང་དུ་གནས་གྱུར་པ་དྲི་མ་མེད་པའི་ཆོས་སྐུར་དང་། ཚུལ་ཅི་ལྟར་གནས་གྱུར་པ། མེད་པའི་ཆོས་གཉིས་དག་ཅིང་། ཡོད་པའི་ཆོས་ཉིད་སྣང་བར་གྱུར་པ་དང་། དུས་ནམ་གྱུར་པ་རྣམ་པ་བཞི་པོ་མོས་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། སྐད་ཅིག་གིས་དེའི་རང་བཞིན་དུ་གྱུར་པ་དང་། གནས་གྱུར་པ་ཁྱད་པར་དང་བཅས་པ་རྣམ་པ་བཅུས། འཆད་པར་འགྱུར་བ་གོ་རིམ་པ་དང་བཅས་པ་དྲུག་གིས་སངས་རྒྱས་ཉིད་སྟོན་པར་མཛད་པ་ཡིན་ནོ། །མདོ་སྡེ་རྒྱན་ལས་ཀྱང་། བསྒོམ་པ་ཐ་མ་ཐོབ་ནས་ནི། །བྱང་ཆུབ་སེམས་དཔའ་དབང་བསྐུར་བ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་ཀྱི་དྲི་མེད་པ། གང་ལ་གནས་ནས་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འཐོབ། །ཞེས་གསུངས་སོ། །རྒྱས་པར་ནི་འོག་ནས་སྟོན་ཏོ། །བདུན་པ་གནས་གྱུར་དེ་ཉིད་བཤད་པ་ལ་གསུམ་སྟེ། འཚམས་སྦྱར་བ་དང་། བསྟན་པ་དང་། བཤད་པའོ། །དང་པོ་ནི། རྣམ་པ་བཅུས་གནས་ཡོངས་སུ་གྱུར་པ་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ། ཞེས་གསུངས་འོག་ནས་སྟོན་པ་འདི་རྣམས་ཀྱི་གནས་གྱུར་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གནས་གྱུར་བླ་ན་མེད་པ་སྟོན་ཏོ། །དེ་ཡང་གནས་གང་དག་ཞེ་ན། མདོར་བསྟན་པ་ནི། གནས་འགྱུར་གྱི་རང་བཞིན་གང་ཡིན་པ་དང་། དངོས་པོ་གང་གནས་གྱུར་པ་དང་། གང་ཟག་གང་གནས་གྱུར་པ་དང་། ཉན་རང་དང་ཐེག་ཆེན་པའི་གནས་འགྱུར་གྱི་ཁྱད་པར་རོ། །དགོས་པ་ཅི་ལ་བརྟེན་པ་དང་། གནས་འགྱུར་གྱི་རྟེན་གང་ལས་གྱུར་པ་དང་། གནས་གྱུར་པའི་རྒྱུ་ཡིད་ལ་བྱེད་པ་དང་། དེའི་ལམ་ལ་ཅི་ལྟར་སྦྱོར་བ་དང་། གནས་གྱུར་མེད་ན་ཉེས་དམིགས་བཞི་ཡོད་པ་དང་། ཡོད་པའི་ཕན་ཡོན་བསྟན་པ་སྟེ། རྣམ་པ་འདི་བཅུས་གནས་འགྱུར་ཤེས་པར་བྱའོ། །རྒྱས་པར་བཤད་པ་ནི་བཅུ་སྟེ། དང་པོ་གནས་འགྱུར་གྱི་རང་བཞིན་ནི། དེ་ལ་རང་བཞིན་ལ་འཇུག་པ་ནི། གློ་བུར་གྱི་དྲི་མ་དང་། དེ་བཞིན་ཉིད་མི་སྣང་བ་དང་། སྣང་བའི་དོན་དུ་དེ་བཞིན་ཉིད་དྲི་མ་མེད་པའོ། །ཞེས་པ་སྟེ། གློ་བུར་གྱི་དྲི་མ་ནི་རང་གི་སེམས་ཉིད་དྲི་མ་མེད་པ་རང་བཞིན་གྱིས་འོད་གསལ་བ་ཡིན་ཀྱང་། དེ་ཉིད་རང་གིས་རང་མ་རིག་པ་ལས། རྣམ་པར་རིག་པ་ཡུལ་དང་ཡུལ་ཅན་ལྟར་གཉིས་སུ་སྣང་སྟེ། ཡིད་ཀྱི་རྣམ་པར་རྟོག་པ་སྨིག་རྒྱུ་ལྟ་བུ་ལངས་ཤིང་ཡང་དག་པ་མ་ཡིན་པར་རྟོག་པས་དེ་བཞིན་ཉིད་འོད་གསལ་བ་སྒྲིབ་པར་གྱུར་ཏོ། །སྒྲིབ་པ་འདི་མི་སྣང་ན་དེ་བཞིན་ཉིད་སྣང་བར་འགྱུར་ཏེ། དཔེར་ན་སའི་རྙོག་མ་དག་ན་ཆུ་དྭངས་བར་སྣང་བ་བཞིན་ཏེ། འདི་ནི་གནས་འགྱུར་གྱི་ངོ་བོ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཅི་ལྟར་ཆུ་རྙོག་པ་ལས་དྭངས་པ་ནི། །དྭངས་བ་ཉིད་དེ་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་འོད་གསལ་བ་དང་། །རང་བཞིན་སྟོང་པ་ཉིད་ལ་ནི། །རྣམ་རྟོག་གི་རང་བཞིན་གོས་པ་མེད་དེ། རྣམ་རྟོག་ནི་མེད་པ་སྣང་བའི་ཕྱིར་རོ། །ཆོས་དབྱིངས་བསྟོད་པ་ལས་ཀྱང་། ཅི་ལྟར་སོ་གའི་དུས་ན་ཆུ། །དྲོ་འོ་ཞེས་ཀྱང་བརྗོད་པར་བྱ། །དེ་ཉིད་གྲང་པའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པར་བྱ། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཞེས་མངོན་བར་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་པ་དང་། རྒྱུད་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་ནི། གནས་གྱུར་གྱི་ངོ་བོ་སྟེ། དེ་ལྟར་ཤེས་པས་འཇུག་པ་ཞེས་བཤད་དོ། །གཉིས་པ་དངོས་པོ་གང་གནས་འགྱུར་བ་ནི། དེ་ལ་དངོས་པོ་ལ་འཇུག་པ་ནི་ཞེས་འཚམས་སྦྱར་ནས། དངོས་པོ་ནི་གསུམ་ཡོད་དེ། གང་ཞེ་ན། ཐུན་མོང་པ་སྣོད་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་དང་། མདོ་སྡེའི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་དང་། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པའོ། །ཞེས་གསུངས་པས་སྣོད་ཀྱི་རྣམ་རིག་ནི། མ་དག་པའི་ཚེ། ཞིང་ཁམས་མ་དག་པའི་འཇིག་རྟེན་དུ་སྣང་ལ། གང་གི་ཚེ་དག་པས་སངས་རྒྱས་ཀྱི་ཞིང་དག་པར་འགྱུར་ཏེ། ཡུལ་དང་དབང་པོ་ལྔའི་ཆ་ཡིན་ནོ། །དེ་ཡང་། སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱམས་པས་གསུངས་སོ། །མདོ་རྒྱན་ལས་ཀྱང་། དོན་བཅས་འཛིན་པ་གཞན་གྱུར་ནས། །ཅི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །མདོ་སྡེའི་ཆོས་ཀྱི་དབྱིངས་ནི། །བསྟན་པ་ཆོས་སྡེ་སྣོད་རྣམས་ཏེ། །མིང་ཚིག་ཡི་གེ་ལ་སོགས་པའི་མཚན་འཛིན་དག་ཅིང་། དབང་འབྱོར་པ་སྟེ། དྲུག་པ་ཡིད་རྣམ་རྟོག་དང་བཅས་པ་གནས་གྱུར་པའོ། །དེ་ཡང་། རྣམ་རྟོག་གཞན་དུ་གྱུར་པས་ནི། །དུས་རྣམས་ཀུན་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་པའི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བྱུང་ངོ་། །ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ནི། ཀུན་གཞིའི་རྣམ་པར་ཤེས་པ་སྟེ། རྒྱུད་སོ་སོའི་ལས་འདུ་བྱེད་པ་རྣམ་ཤེས་བདུན་གྱིས་བསྐྱེད་པའི་འབྲས་བུ་ཡིན་པས་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དེ་གནས་གྱུར་པ་ནི་ཆ་གཉིས་ཡོད་དེ། །རྟེན་གྱི་ཆ་ཀུན་གཞི་དག་པས་ཆོས་སྐུ་དང་། བྱེད་པའི་ཆ་ཡིད་ཉོན་མོངས་ཅན་གནས་གྱུར་པས་མཉམ་པ་ཉིད་དེ། །ཡིད་ནི་གཞན་དུ་གྱུར་པས་ནི། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་པ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་པ་དང་། རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་འདི། འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །མདོར་བསྡུས་ན། སྣང་བ་དང་། འདོམས་པ་དང་། ཀུན་ཏུ་སྟོན་པའི་འབྲས་བུ་ཐ་དད་པའི་ཕྱིར་གསུམ་དུ་བྱས་སོ། །གསུམ་པ་གང་ཟག་གང་གིས་གང་གནས་གྱུར་པ་ནི་གཉིས་ཏེ། ཐུན་མོང་མ་ཡིན་བ་དང་། ཐུན་མོང་གི་གནས་གྱུར་རོ། །དང་པོ་ནི། གང་ཟག་ལ་འཇུག་པ་ནི། དང་པོ་གཉིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་ཡོངས་སུ་གྱུར་པ་ཡིན་གྱི། ཞེས་གསུངས་ཏེ། ཉན་རང་ལ་ནི་སྣོད་དང་ཆོས་རྣམས་མི་སྦྱོང་བར་ཞི་བ་དོན་དུ་གཉེར་བས་དེ་གཉིས་མི་དགོས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞིང་དང་། ཆོས་ཐམས་ཅད་ལ་དབང་འབྱོར་བས་སྐུ་དང་ཡེ་ཤེས་འཕྲིན་ལས་སྟོན་པའི་ཕྱིར་དགོས་སོ། །དེའི་ཕྱིར་ཉན་རང་དང་ཐུན་མོང་མ་ཡིན་པ་ཞེས་བྱའོ། །ཐུན་མོང་པ་ནི། ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤང་ཡིན་ནོ་ཞེས་པ་ནི། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཞེས་བསྟན་པ། ཁམས་གསུམ་གྱི་ཉོན་མོངས་ཐམས་ཅད་ཀྱི་རྟེན་བྱེད་པའི་ཀུན་ཞིའི་རྣམ་ཤེས་ཀྱི་ཆ་ཡིན་པས། དེ་ནི་འཕགས་པ་ཐམས་ཅད་ཀྱིས་སྤོང་དགོས་ཏེ། ཉོན་སྒྲིབ་རྟེན་དང་བཅས་པ་གཞོམ་བྱ་ཡིན་བའི་ཕྱི་རོ། །འདི་ལས་རྣམ་པར་གྲོལ་བ་ཐམས་ཅད་མཚུངས་པས་རྣམ་པར་གྲོལ་བའི་ལུས་ཞེས་ཀྱང་བསྟན་ཏོ། །དགོངས་འགྲེལ་ལས་ཀྱང་། གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས། །འདི་གཉིས་གཅིག་ཏུ་གདགས་པར་བྱ་བ་འགའ་ཡང་མེད། ཞེས་གསུངས་པའང་འདི་ཉིད་བསྟན་ཏོ། །བཞི་པ་གནས་འགྱུར་གྱི་ཁྱད་པར་བསྟན་པ་ནི། ཞིང་གི་ཁྱད་པར་དང་། །ཐོབ་པའི་ཁྱད་པར་གཉིས་ཏེ། དང་པོ་ནི། ཁྱད་པར་ལ་འཇུག་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་། ཞེས་པ་ཡུལ་དུ་སྣང་བའི་ཀུན་གཞི་ལ་ཡོད་པའི་མཚན་མ་རྣམ་ཤེས་ཀྱི་ཆ་སྦྱངས་ནས། ཞིང་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མངའ་ཞིང་། སྟོན་པའང་ཐོགས་པ་མེད་དོ། །དེའང་ཁམས་རྣམས་བྱེད་པ་པོ་མེད་པར་རང་གི་མཚན་ཉིད་འཛིན་པ་ལ་ཟབ་མོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དབང་འབྱོར་པའི་ཕྱིར་རོ། །ཉན་ཐོས་རྣམས་ནི་འདི་ལྟར་སྣོད་ཀྱི་རྣམ་པ་མི་སྦྱོང་བས་སེམས་ཅན་གཞན་དང་ཐུན་མོང་དུ་སྣང་བ་དང་། རང་རྒྱལ་རྣམས་ཀྱི་ཅུང་ཟད་སྦྱངས་ཀྱང་དེ་དོར་ནས་ཟག་མེད་དུ་འཇུག་པའི་ཕྱིར་དོན་མེད་དོ། །ཐོས་པའི་ཁྱད་པར་ཡང་། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐོབ་པས་གཟིགས་པ་དང་། འདོམས་པ་དང་། དབང་འབྱོར་པ་ཉིད་ཐོབ་པའི་ཁྱད་པར་ལས་སོ། །ཞེས་པ་སྟེ། ཆོས་ཀྱི་སྐུ་ནི་ཤེས་བྱ་ཅི་ལྟ་ཅི་སྙེད་པ་ཐམས་ཅད་གཟིགས་པ་ལ་དབང་འབྱོར་ལ། ལོངས་སྤྱོད་རྫོགས་པ་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་འདོམས་པ་དང་དབང་འབྱོར་ཏེ། ངོ་མཚར་དུ་མའི་སྒོ་སྟོན་པར་མཛད་དོ། །སྤྲུལ་པའི་སྐུ་ནི་སེམས་ཅན་གྱི་བྱ་བ་གྲུབ་པའི་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐོབ་ཅིང་སྟོན་པ་འདི་དག་ནི་ཉན་རང་ལ་མེད་པའོ། །རྒྱས་པར་ནི་འོག་ནས་མཐར་ཐུག་པའི་སྦྱོར་བར་འཆད་དོ། །ལྔ་པ་དགོས་པའི་ཁྱད་པར་ལ་འཇུག་པ་བཤད་པ་ནི། དེ་ལ་དགོས་པ་ལ་འཇུག་པ་ནི། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལས་དང་། ཐེག་པ་ཆེན་པོ་སྟོན་པའི་མི་གནས་པའི་ཁྱད་བར་ལས་དང་། ས་བཅུ་པོ་རྣམས་སུ་སྦྱོར་བའི་ཁྱད་པར་ལས་སོ། །ཞེས་གསུངས་ཏེ། འབྲས་བུ་སྐུ་གསུམ་ཐོབ་པའི་རྒྱུ་དགོས་པ་རྣམ་པ་གསུམ་གྱིས་འཇུག་སྟེ། སྔོན་གྱི་སྨོན་ལམ་ནི་མོས་པ་སྤྱོད་པ་ནས་བཟུང་སྟེ། ལྷག་པའི་བསམ་པ་དག་པའི་ས་ལ་སྨོན་ལམ་ཆེན་པོ་བཅུ་སྒྲུབ་པ་ནས། བརྒྱད་པ་ལ་སྨོན་ལམ་རྫོགས་པར་བསྒྲུབ་པ། ཚད་མེད་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ་འཇུག་པ་ནི་ངག་དག་པའི་དགོས་པའོ། །དམིགས་པའི་ཁྱད་པར་ནི་ཐེག་པ་ཆེན་པོ་རྣམ་པར་མི་རྟོག་པར་ཐམས་ཅད་གཅིག་ཏུ་འདྲེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་དང་། མ་འདྲེས་པར་སོ་སོར་ཆོས་ཐམས་ཅད་ལ་དམིགས་པས་སྒྱུ་མ་ལྟ་བུར་འཇུག་པ་དང་། དེ་ཐམ་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་ནས། ཐེག་པ་ཆེན་པོའི་ཆོས་རྣམས་སྟོན་པའི་མཐུ་འབྱུང་སྟེ། གཟུངས་དང་། སོ་སོ་ཡང་དག་པར་རིག་པ་ཚད་མེད་པས་འཇུག་པའི་ཕྱིར་རོ། །ས་བཅུ་རྣམས་སུ་སྦྱོང་བའི་ཁྱད་པར་ནི། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྤོང་ཞིང་ཡེ་ཤེས་དམ་པ་ཐོབ་པས། འཁོར་བ་ཅི་སྲིད་དུ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་གྲུབ་པའི་ལས་ལ་ཐོགས་པ་མེད་པར་མཛད་པའི་ཕྱིར་རོ། །དེ་ལྟར་ན་སྨོན་ལམ་དང་། དམིགས་པ་དང་། སྦྱོར་བ་ལས། ཡེ་ཤེས་འཕྲིན་ལས་དང་བཅས་པ་དག་པར་འགྱུར་པའི་དགོས་པ་བསྟན་པ་ཡིན་ནོ། །དོན་འདི་སེམས་བསྐྱེད་ཀྱི་སྐབས་ནས་ཀྱང་། སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །རྒྱ་ཆེ་བར་ནི་ཤེས་པར་བྱ། །དཀའ་བས་ཡུན་རིངས་མི་སྐྱོ་ཕྱིར། །སྤྲོ་བ་ཁོང་སུ་ཆུད་པར་བྱ། །བྱང་ཆུབ་ཉེ་བར་རྟོགས་པ་དང་། །དེའི་ཐབས་ཤེས་རྙེད་པའི་ཕྱིར། །བསམ་པ་དག་པར་ཤེས་པར་བྱ། །བདག་གཞན་ཚུལ་ལ་མཁས་པ་ཉིད། །ཅི་ལྟར་རྣམ་བཞག་ཡིད་བྱེད་པ། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང་། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་བར་ཤེས་པར་བྱ། །ཞེས་རྒྱ་ཆེ་བ་དང་། སྤྲོ་བ་དང་། བསམ་པ་དག་པ་དང་། ངེས་པར་འབྱུང་པའི་སྦྱོར་བས་སངས་རྒྱས་འགྲུབ་པར་མདོ་སྡེ་རྒྱན་ལས་གསུངས་པ་དང་མཐུན་པ་ཉིད་དོ། །ཉན་རང་ལ་ནི་འདི་རྣམས་དོན་མེད་དེ། རང་གཅིག་པུ་འཁོར་བ་ལས་ཐོན་པར་སྨོན་པ་དང་། རྫིངས་ལྟ་བུར་ཆོས་རེ་ཤིག་པར་འཛིན་པ་དང་། རང་གི་ས་པས་ཁམས་གསུམ་ལས་འདས་པར་བྱེད་པ་ཉི་ཚེ་བའི་སྦྱོར་བ་ཅན་ཡིན་པའི་ཕྱི་རོ། །དེ་ལྟར་རང་བཞིན་དང་། དངོས་པོ་དང་། གང་ཟག་དང་། ཁྱད་པར་དང་། དགོས་པ་ལྔ་པོ་འདི་རྣམས་རྟེན་པའི་རང་བཞིན་སྤང་གཉེན་ལ་བརྟེན་ནས་བསྟན་པ་ཡིན་ནོ། །ད་ནི་དེ་ཐམས་ཅད་ཀྱི་རྟེན་གང་ལ་བརྟེན་ནས་གནས་གྱུར་པ་སྟོན་ཏེ། འདི་ལ་ཡང་། བསྟན་བཤད་གཉིས་ལས། དང་པོ་ནི། རྟེན་ལ་འཇུག་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་རྣམ་པ་དྲུག་གིས་ཏེ། ཞེས་འཚམས་སྦྱར་ནས། དྲུག་པོ་དེ་མདོར་བསྟན་པ་ནི། དམིགས་པ་དང་། མཚན་མ་སྤངས་པ་དང་། ཡང་དག་པའི་སྦྱོར་བ་དང་། མཚན་ཉིད་དང་། ཕན་ཡོན་དང་། ཡོངས་སུ་ཤེས་པ་ལས་སོ་ཞེས་སངས་རྒྱས་བཅོས་ལྡན་འདས་རྣམས་གྱི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་ན། །དམིགས་པ་ནི་གང་གིས་འཇུག མཚན་མའི་རྟོག་པ་ནི་གང་སྤང་། དེ་ལ་ཅི་ལྟར་ནི་སྦྱོར་བར་བྱེད། དེའི་མཚན་ཉིད་ནི་ཅི་ལྟ་བུ་ཡིན། འདི་ལ་ཕན་ཡོན་ནི་གང་། གང་ཤེས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་པར་འགྱུར་ཞེས་བརྟགས་ནས་འཇུག་གོ །རྒྱས་པར་བཤད་པ་ལ་དྲུག་སྟེ། སྔ་མ་དྲུག་ཉིད་ལས། དང་པོ་དམིགས་པ་ལ་འཇུག་པ་བཞི་བཤད་པ་ནི། དེ་ལ་དམིགས་པ་ལ་འཇུག་པ་རྣམས་པ་བཞི་སྟེ། ཞེས་མདོར་བསྟན་ནས་བཞི་པོ་ཡང་གང་ཞེ་ན། ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པ་དང་། ངེས་པ་དང་། ཚོགས་ཡོངས་སུ་རྫོགས་པས་སོ། །ཞེས་གསུངས་ཏེ། འདི་ཡང་རྒྱུད་བླ་མར་ནི། ཁམས་ཀྱི་སྒྲས་བསྟན་ལ། འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒྲས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནི། ཤེར་ཕྱིན་གྱི་མིང་གིས་གསུངས་ཏེ། ཐེག་བསྡུས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཁྱད་པར་མེད་དོ། །ཞེས་བྱུང་ངོ་། །དེས་ན། རྟོགས་བྱ་རྟོགས་དང་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། གོ་རིམ་ཅི་བཞིན་གནས་གཅིག་སྟེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །དོན་གྱི་གནས་བཞི་པོ་འདི་དག་གིས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར། དང་པོ་ནི་རྟོགས་པར་བྱ་བའི་གནས་སོ། །གཉིས་པ་ནི་རྟོགས་པ་སྟེ་བྱང་ཆུབ་བོ། །དེའི་ཡན་ལག་ནི་ཡོན་ཏན་ནོ། །ཡོན་ཏན་དེས་རྟོགས་པའི་རྐྱེན་བྱེད་པའི་ཕྱིར་འཕྲིན་ལས་ཏེ། ཁམས་དང་དཀོན་མཆོག་བཤད་པ་ནི། ཁམས་རྒྱུ་དང་། རྐྱེན་དཀོན་མཆོག་གསུམ་དུ་ཤེས་པར་བྱ་སྟེ། རྒྱུ་རྐྱེན་གཉིས་ལ་འབྲས་བུ་བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་འབྱུང་ངོ་། །ཞེས་གསུངས་པས། ཁམས་རྒྱུའི་ཐ་སྙད་ཅན་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། རྐྱེན་ནི་སངས་རྒྱས་ཀྱི་འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པ་ན་གཞན་གྱི་སྒྲ་ལ་རྟེན་པའི་དཀོན་མཆོག་འབྱུང་བས་ན། འདིར་ནི་ཐེག་པ་ཆེན་པོའི་ཆོས་ཞེས་གསུངས་སོ། །དེས་ན་ཆོས་སྟོན་པ་ནི་ཕྱི་རོལ་ལྟར་སྣང་བའི་རྐྱེན་ཐོབ་པའོ། །དེ་ལ་བརྟེན་ནས་མོས་པ་འབྱུང་ངོ་། །མོས་ན་ངེས་པར་འཇུག་པས་བརྩོན་པ་འབྱུང་ངོ་། །དེ་ཡོད་ན་ཚོགས་གཉིས་ལ་ཞུགས་པས། ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། བཞི་པོ་འདི་གང་རུང་གཅིག་མེད་ན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྲས་བུའི་རྣམ་པར་མི་སྐྱེ་བས་དམིགས་པ་བཞི་བསྟན་ཏེ། དེས་ན་བསམ་གྱི་མི་ཁྱབ་པའི་ཡུལ་འདི་ནི། ཡོད་དང་བདག་འདྲས་ཐོས་ནུས་དང་། །ཐོས་པ་འདི་འདྲའི་ཡོན་ཏན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། ཞེས་གོ་རིམ་དང་བཅས་ཏེ་རྒྱུད་བླ་མར་གསུངས་སོ། །དེ་ལྟར་དམིགས་པ་ལ་བརྟེན་ནས། གང་ལ་དམིགས་པ་ཡོད་པ་ལ་རྣམ་རྟོག་གི་མཚན་མ་འབར་བར་གསུངས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཅི་ལྟར་འགྱུར་ཞེ་ན། གཉིས་པ་མཚན་མ་སྤང་བ་ལ་འཇུག་པ་བསྟན་པ་ནི། དེ་ལ་མཚན་མ་སྤང་པ་ལ་འཇུག་པ་ཡང་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། རྟོགས་པའི་ཆོས་ཀྱི་མཚན་མ་སྤངས་པ་ལས་རྟོགས་པར་བྱའོ། །ཞེས་གསུངས་པ་འདི་ལ་མཚན་མ་བཞི་པོའི་རང་བཞིན་དང་། གོ་རིམ་དང་། གང་ལ་བརྟེན་ནས་གང་སེལ་བ་བསྟན་པར་བྱ་སྟེ། མི་མཐུན་པའི་ཕྱོགས་ནི། སེམས་ཅན་རྣམས་མི་རྟག་པ་ལ་རྟག་པར་འཛིན་པ་དང་། སྟོང་པའི་འདུས་བྱས་ལ་དངོས་པོར་འཛིན་པ་དང་། སྲིད་པ་སྡུག་བསྔལ་གསུམ་གྱི་རང་བཞིན་ལ་བདེན་པར་འཛིན་པ་དང་། བདག་མེད་པའི་ཆོས་ལ་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ནི་མཚན་མ་སྟེ། འཁོར་བར་འཆིང་བར་བྱེད་པའི་ཕྱིར་རོ། །དེ་རྣམས་ནི། ཡང་དག་པའི་ཤེས་པ་དང་མི་མཐུན་པའོ། །གཉེན་པོ་ནི། འདུས་བྱས་མི་རྟག་པར་ཤེས་པ་དང་། བརྟགས་པ་ཐམས་ཅད་སྟོང་པར་ཤེས་པ་དང་། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་གསུམ་ལས་མ་འདས་པར་ཤེས་པ་དང་། ཆོས་ཐམས་ཅད་ལ་བདག་དང་བདག་གི་བ་མེད་པས་མྱ་ངན་ལས་འདས་པ་ཞི་བར་ཤེས་པ་ནི་འཁོར་བའི་གཉེན་པོ་ཏེ། གཉེན་པོའི་མཚན་མ་འདིས་སྡིག་པ་ལས་གྲོལ་བར་བྱེད་པས། ཐེག་པ་གསུམ་གྱི་ཐུན་མོང་ངོ་། །དེ་བཞིན་ཉིད་ནི། སྤང་གཉེན་གཉིས་ཀ་རྣམ་པར་རིག་པ་ཙམ་སྟེ། དེ་ལ་མཚན་མར་འཛིན་ན་ཀུན་བརྟགས་དང་། གཞན་དབང་ལས་མི་གྲོལ་སྟེ། སྤང་གཉེན་རྣམ་རྟོག་གིས་བྱས་པ་དེའི་རྣམ་རིག་ཀྱང་སྐྱེ་བ་མེད་ཅིང་། འགག་པ་མེད་པས་རང་བཞིན་གྱིས་འདུས་མ་བྱས་པའོ། །ཞེས་ཡོངས་སུ་གྲུབ་པའི་ཆོས་ཉིད་ནི། སངས་རྒྱས་ཀྱི་སྙིང་པོ་གཙང་བ་དག་པ་བདེ་བ་རྟག་པར་མཐོང་བ་ནི་རྒྱལ་བའི་སྲས་སོ། །རྟོགས་པའི་མཚན་མ་ནི་དེ་ལ་ཡང་དབང་རྣམ་པ་བཞི་ལ་སོགས་པའི་ཡོན་ཏན་འཕྲིན་ལས་དང་བཅས་པ་སྦྱོང་ཞིང་། མཐར་ཕྱིན་བར་བྱེད་པའོ། །གོ་རིམ་ཡང་དེ་ལྟར་ན་འདི་ནི་རིམ་པ་ཅི་ལྟ་བ་བཞིན་དུ། རགས་པ་དང་། འབྲིང་དང་། ཕྲ་བ་དང་། རིང་དུ་རྗེས་སུ་འབྲེལ་པ་རྣམས་བརྗོད་པ་ཡིན་ནོ། །ཞེས་པ། མི་མཐུན་པའི་ཕྱོགས་ཀྱི་མཚན་མ་ནི། གནས་ངན་ལེན་གྱི་རྒྱུ་ཡིན་པའི་ཕྱིར་དང་། རྟོགས་སླ་བ་རགས་པའོ། །དེའི་གཉེན་པོའི་མཚན་མ་ནི་འབྲིང་ཡིན་ནོ། །དེ་བཞིན་ཉིད་ཀྱི་མཚན་མ་ནི་ཕྲ་བ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་ལ་དམིགས་པ་ཙམ་དང་། དེ་ལས་གཞན་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །རྟོགས་པའི་མཚན་མ་ནི་བསྒོམ་བའི་འབྲས་བུ་ཡིན་པའི་ཕྱིར། རིང་དུ་རྗེས་སུ་འབྲེལ་བ་སྟེ། རྒྱུན་ཐར་ཐུག་པའི་ཕྱིར་རོ། །གང་ལ་བརྟེན་གང་སེལ་བ་ཡང་། །རྣམ་པར་མི་རྟོག་པ་ལ་འཇུག་པའི་མདོ་ལས། སྤང་བྱའི་རྟོག་པ་གཉེན་པོས་བསལ་བས་ཉོན་མོངས་སྤོང་སྟེ། སྲིད་པ་སྤང་བྱར་འཛིན་པ་དེ་བཞིན་ཉིད་ཀྱི་མཉམ་པར་འཛིན་ཏེ། འདི་ལས། འབྲས་བུ་སྐུ་གཉིས་བསྒྲུབ་དགོས་པས། མི་མཉམ་པ་དང་མཉམ་པར་བྱེད་པས་ཚོགས་སྦྱོར་དུ་སྤང་གཉེན་གཉིས་སོ། །མ་དག་ས་བདུན་དུ་དེ་བཞིན་ཉིད་དོ། །དག་པའི་ས་གསུམ་དུ་འབྲས་བུ་རྟོགས་པ་སྟེ། མཚན་མ་ཀུན་ཀྱི་ཐ་མ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སེལ་བར་བྱེད་དོ། །འདི་རྣམས་ཀྱང་། སའི་འོག་ན་ནོར་བུ་ཡོད་པ་རིམ་པར་ས་རྡོ་དང་། དངུལ་ལྟ་བུ་དང་། གསེར་ལྟ་བུ་དང་། རིན་པོ་ཆེ་སྣ་ཚོགས་ལྟ་བུ་བསལ་ནས། ནོར་བུ་རིན་པོ་ཆེ་བཻ་ཌུརྻ་འབྱུང་བའི་དཔེས་གསུངས་སོ། །དེ་ལྟར་མཚན་མ་སེལ་བ་ལ། དམིགས་པའི་སྦྱོར་བ་སེམས་བཤད་པ་ནི། དེ་ལ་ཡང་དག་པའི་སྦྱོར་བ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། ཞེས་སྤྱིར་བསྟན་ནས་བཞི་པོ་ཡང་གང་ཞེ་ན། དམིགས་པའི་སྦྱོར་བ་དང་། མི་དམིགས་པའི་སྦྱོར་བ་དང་། དམིགས་པ་མི་དམིགས་པའི་སྦྱོར་བ་དང་། མི་དམིགས་པ་དམིགས་པའི་སྦྱོར་བའོ་ཞེས་གསུངས་ཏེ། དང་པོར་སྦྱོར་བའི་ལམ་དུ་ཆོས་དང་དོན་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་དམིགས་པའི་སྦྱོར་བས། ཀུན་བརྟགས་ཐམས་ཅད་སྤོང་ཞིང་། རང་གི་རིག་པ་གཟུང་འཛིན་གཉིས་སུ་མེད་དོ། །ཞེས་མཐོང་བར་བྱེད་དེ། སུམ་ཅུ་པ་ལས་ཀྱང་། ཅི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ། །འཛིན་པ་གཉིས་ཀྱི་བག་ལ་ཉལ། །དེ་སྲིད་རྣམ་པར་མི་ལྡོག་གོ །ཞེས་གསུངས་སོ། །དེ་ནས་མཐོང་བའི་ལམ་དུ་སེམས་རྣམ་པར་རིག་པ་ཙམ་དེ་ཡང་། མི་དམིགས་པའི་སྦྱོར་བ་བསྒོམ་སྟེ། རྣམ་རིག་ཉིད་ཀྱང་། གཞན་དབང་གི་ངོ་བོ་ཡིན་པའི་ཕྱིར། དེ་ཉིད་འཛིན་པའི་ངོ་བོ་ཉིད་པས། དེ་ལས་མ་འདས་ན་ཡོངས་སུ་གྲུབ་པ་མི་མཐོང་བའི་ཕྱིར་རོ། །དེ་ཡང་། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། དེ་ནི་ཙམ་ལ་མི་གནས་སོ། །ཞེས་དོན་མེད་ན་རྣམ་རིག་མི་འཐད་པས། མི་དམིགས་པའི་སྦྱོར་བ་ཞེས་བྱའོ། །དེས་གཟུང་འཛིན་སྤོང་བར་བྱེད་དེ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེའི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེར་འཛིན་མེད། །ཅེས་སུམ་ཅུ་པ་ལས་སོ། །དེ་ལྟར་རྣམ་རིགས་དམིགས་པའི་སྦྱོར་བ་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་ཏེ། གནས་ཡོངས་སུ་གྱུར་པའི་ཐོག་མའོ། །དེ་ནི་སེམས་མེད་མི་དམིགས་པས། །འཇིག་རྟེ་ན་འདས་པའི་ཡེ་ཤེས་དེ། །གནས་ཀྱང་གཞན་དུ་འགྱུར་བ་སྟེ། །གནས་ངན་ལེན་གཉིས་སྤངས་པའོ། །ཞེས་བཟུང་འཛིན་གཉིས་ཀྱི་སེམས་ཉོན་མོངས་པས་བསླད་པ་དེ་མི་དམིགས་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམིགས་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ལ་བརྟེན་ནས་མཐོང་བ་དང་། བསྒོམ་བ་ཡིས་སྤང་བ་བྱ་བའི་གནས་ངན་ལེན་གཉིས་སྤོང་བར་འགྱུར་ཏེ། མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སྔ་མའི་གོ་རིམ་བསྟན། དེའི་འོག་ཏུ། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་བར་སོང་བ་ཡིས། །དེ་ལ་བརྟེན་ནས་ཉེས་ཚོགས་ཚང་ཚིང་རྣམས། དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་འདི་ལ་བརྟེན་ནས་སྒྲིབ་གཉིས་སེལ་བར་བྱེད་དོ། །འདི་ལྟར་ས་བདུན་གྱི་བར་དུ་དེ་བཞིན་ཉིད་ཀྱི་མཚན་མ་ལ་བརྟེན་ནས། སྲིད་ཞི་མཉམ་པ་ཉིད་ཀྱི་སྦྱོར་བས་འགྲོ་ཞིང་། ས་བརྒྱད་པ་མཐོང་མ་ཐག་ཏུ་རྣམ་པར་རྟོག་པ་དང་། ཡིད་དང་འཛིན་པ་དག་པ་ན། བཞི་པ་མི་དམིགས་པ་དམིགས་པའི་སྦྱོར་བ་འབྱུང་སྟེ། དཔེར་ན་རྨི་ལམ་ན་ཆུ་བོ་ཆེན་པོ་ལ་རྐྱལ་བ་ལ། རྨི་ལམ་དུ་ཤེས་བཞིན་དུ་ཕ་རོལ་དུ་འགྲོ་བ་རྩོལ་བ་དྲག་པོ་ཡོད་པ་ལ། སད་མ་ཐག་ཏུ་ཅི་ཡང་མི་སྣང་རྩོལ་བ་དང་བྲལ་བ་ལྟར་ས་བདུན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བཞིན་དུ། མཉམ་རྗེས་ཀྱི་ཡེ་ཤེས་སྦྱོང་བ་ལ་རྩོལ་བ་དྲག་པོ་བྱེད་པ་དེ། སངས་རྒྱས་ཐོབ་མ་ཐག་རྩོལ་བ་དང་བྲལ་ཏེ། སྣང་བ་མེད་པར་འགྱུར་རོ། །དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཞལ་བསྟན་ནས། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པ་དེ་བསྐུལ་བར་བྱེད་དེ། ཀྱེ་རིགས་ཀྱི་བུ་སྣང་བ་མེད་པའི་དབྱིངས་འདི་ནི་ཉན་རང་དང་ཐུན་མོངས་དུ་གྱུར་པ་ཡིན་གྱི། འདི་ལ་གནས་པར་མ་བྱེད་པར། ངེད་རྣམས་ཀྱི་སྐུ་དང་། ཡེ་ཤེས་དང་། ཞིང་དང་། ཆོས་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་ལྟོས་ཤིག །ཅེས་བསྐུལ་བར་མཛད་དེ། རྒྱུ་དེ་ལ་བརྟེན་ནས། སྨོན་ལམ་དང་། གཟུངས་དང་། སོ་སོ་ཡང་དག་པར་རིག་པ་དང་། ཞིང་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་སྦྱོང་བ་ལ་མི་རྟོག་བཞིན་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་བསྐྱེད་ནས་འཇུག་པས་ན། མི་དམིགས་པ་དམིགས་པའི་སྦྱོར་བ་ཞེས་བྱ་སྟེ། འབྲས་བུའི་མཚན་མ་ཞེས་ཀྱང་བྱའོ། །འདི་ལྟར་ས་བཅུ་པའི་མདོ་དང་། ལང་ཀར་གཤེགས་པ་ལས་ཀྱང་གསུངས་པའི་དོན་བསྡུས་པ་ཡིན་ནོ། །འདིའི་དོན་བསྡུས་པ་ལས། སེམས་ཙམ་པ་ལ་བརྟེན་ནས་ཀྱང་། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །སྣང་བ་མེད་ལས་བཟླ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །དེ་ཡིས་ཐེག་ཆེན་མི་མཐོང་ངོ་། །ཞེས་འགྱུར་རྙིང་ལས་བྱུང་ངོ་། །དབུ་མ་བསྒོམ་རིམ་དུ། སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་འོག་མའི་འགྱུར་བྱས་པ་གོང་གི་རྒྱས་བཤད་མ་བལྟས་པས། མཉམ་བཞག་སྣང་མེད་ཀྱི་ལུང་དུ་བྱས་པ་ནོར་བར་མཐོང་ངོ་། །ད་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་བཤད་པ་ནི་གསུམ་ཏེ། ཅི་ལྟར་གནས་པའི་མཚན་ཉིད་དང་། མི་སྣང་བའི་མཚན་ཉིད་དང་། སྣང་བའི་མཚན་ཉིད་དོ། །དང་པོ་ནི། དེ་ལ་མཚན་ཉིད་ལ་འཇུག་པ་ནི་རྣམ་པ་གསུམ་གྱི་སྟེ། ཞེས་འཚམས་སྦྱར་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པར་ཅི་ལྟར་གནས་ཞེ་ན། ཆོས་ཉིད་གནས་པ་ལས་ནི་གཉིས་སུ་མེད་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་གནས་པའི་ཕྱིར་ཏེ། ཞེས་པ། སྔར་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པ་བཞིན་དུ་ཡིན་ཏེ། འདི་ལ་དགོངས་ནས། མདོ་ལས་ཀྱང་། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ཡང་རུང་། མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ། །ཞེས་གསུངས་སོ། །མི་སྣང་བའི་མཚན་ཉིད་ནི། མི་སྣང་བ་ལ་ནི་གཉིས་དང་། ཅི་ལྟར་མངོན་པར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་རྣམ་པར་རིག་པ་དང་། སྣོད་ཀྱི་འཇིག་རྟེན་མི་སྣང་བའི་ཕྱིར་རོ། །ཞེས་བཟུང་འཛིན་གཉིས་སུ་སྣང་བ་དང་། བག་ཆགས་ཀྱིས་མངོན་པར་རྗོད་པའི་མིང་དོན་དུ་རྟོག་པ་དང་། དབང་ཡུལ་རྣམ་རིག་གསུམ་ཕྱི་དང་བར་གསུམ་དུ་སྣང་བ་དང་། སྣོད་ཀྱི་འཇིག་རྟེན་སེམས་ལ་དོན་གཞན་ལྟར་སྣང་བ་ཐམས་ཅད་ནི། ཀུན་བརྟགས་དང་། གཞན་དབང་གི་རྣམ་པར་སྣང་པའི་རྣམ་གྲངས་ཡིན་ནོ། །འདི་ལྟར་སྣང་བ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། འདི་རྣམས་སུ་སྣང་བ་ནི་མེད་དོ། །དེས་ན་མདོ་ཉིད་དང་སྦྱར་བ་ནི། དེ་ལྟར་ན་འདིས་ནི་བརྟག་ཏུ་མེད་པ་དང་། བསྟན་དུ་མེད་པ་དང་། མི་གནས་པ་དང་། སྣང་བ་མེད་པ་དང་། རྣམ་པར་རིག་པ་མེད་པ་གནས་པ་མེད་པ། ཞེས་བྱ་བ་རྣམ་པར་མི་རྟོག་པའི་མཚན་ཉིད་མདོ་ཅི་ལྟ་བ་བཞིན་རྗོད་པ་ཡིན་ནོ། །ཞེས་གསུངས་པས་དེས་ན་བཟུང་འཛིན་གཉིས་སུ་བརྟག་ཏུ་མེད་པས་ན་བརྟག་ཏུ་མེད་པ་སྟེ། གཉིས་སུ་མེད་པའི་དོན་ནི་རང་བཞིན་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པ་ནི་མངོན་པར་བརྗོད་པ་ཡི་མིང་ཚིག་གིས་བསྟན་དུ་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་དབང་པོར་མི་གནས་པས་མི་གནས་པ་སྟེ་ཕྱི་ནང་སྟོང་པའི་ཕྱིར་རོ། །གཟུགས་སོགས་ཀྱི་ཡུལ་ཕྱི་རོལ་དུ་མེད་པས་སྣང་བ་མེད་པ་སྟེ་ཕྱི་སྟོང་པ་ཉིད་དོ། །རྣམ་པར་རིག་པ་ནི་གཞན་དབང་སྟེ་དེའི་དོན་མེད་པས་རྣམ་པར་རིག་པ་མེད་པ་སྟེ། རིག་བྱ་རིག་བྱེད་མེད་པའི་ཕྱིར་རོ། །གནས་ཀྱི་དངོས་པོ་མ་ཡིན་པས་གནས་མེད་པ་སྟེ་ཆེན་པོ་སྟོང་པའི་ཕྱིར་རོ། །འདི་ལྟར་མི་སྣང་ན་དོན་སྣང་བར་འགྱུར་བའི་ཕྱིར། མིང་དང་མཚན་མ་དང་ཀུན་རྟོག་སྣང་བ་མེད་པ་ནི་སྒྲིབ་པ་མེད་པའི་དོན་ཡིན་ནོ། །སྣང་བའི་མཚན་ཉིད་ནི། སྣང་བ་ལས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཉམ་པར་སྣང་བའི་ཕྱིར་དང་། འདུ་བྱེད་ཐམས་ཅད་རྒྱུ་མ་ལ་སོགས་པ་བཞིན་དུ་སྣང་བའི་ཕྱིར་རོ། །ཞེས་མཉམ་པར་བཞག་པས་ཆོས་ཐམས་ཅད་ཀྱི་མཚན་མར་འཛིན་པ་ཐམས་ཅད་དང་བྲལ་བའི་ཕྱིར་ནམ་མཁའི་དཀྱིལ་དང་མཉམ་པ་སྟེ། འགྱུར་བ་མེད་པའི་ཡོངས་གྲུབ་མཐོང་བའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པའི་ཤེས་པས་ནི། འདུ་བྱེད་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཆ་དང་རྨི་ལམ་ལྟར་སྣང་བས་སྣང་བ་ཙམ་སྟེ། འཁོར་བ་རྣམས་ཀྱི་རང་བཞིན་གཟིགས་པའི་ཕྱིར་རོ། །འདི་ཡང་རྒྱས་པར་མདོ་སྡེ་ལས་གསུངས་པ་ལྟར། ནང་གི་ལུས་ནི་སྒྱུ་མ་ལྟ་བུ་དབང་པོ་དྲུག་གིས་སྣང་བའོ། །ཡུལ་རྨི་ལམ་ལྟ་བུར་མེད་བཞིན་སྣང་བ་སྟེ། གཟུགས་བརྙན་དང་མིག་ཡོར་ལྟ་བུ་ཡང་ཡིན་ནོ། །སྒྲ་རྣམས་ནི་བྲག་ཆ་ལྟ་བུ། ཏིང་ངེ་འཛིན་གྱི་སྣང་བ་ནི་ཆུ་ཟླ་ལྟ་བུ། སྲིད་པར་སྣང་བ་ཐམས་ཅད་སྤྲུལ་པ་ལྟ་བུ་སྟེ། སྤང་གཉེན་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པ་ནི། སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །རང་བཞིན་དུ་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་པ་དང་། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་པར་མི་རྟོག་རྣམ་པ་ནི། །ཤེས་བྱ་དམིགས་པ་དེ་ཉིད་ལ། །མཚན་མ་མེད་པ་གང་ཡིན་པའོ། །སྦྱོར་བ་ལས་བྱུང་བའི་རང་བཞིན་ཏེ། རྣམ་བརྟགས་དེ་ལས་གཞན་དུ་མིན། །ཡིག་གེ་ཕན་ཚུན་སྦྱོར་བས་ན། །དོན་སྦྱོར་པ་ལས་བྱུང་བ་ཡིན། །བརྗོད་པ་མེད་པར་ཡེ་ཤེས་ནི། །བརྗོད་པར་བྱ་ལ་འཇུག་པ་མེད། །འགལ་བའི་ཕྱིར་ན་བརྗོད་ལ་མིན། །དེ་ཕྱིར་ཐམས་ཅད་བརྗོད་དུ་མེད། །རྣམ་པར་མི་རྟོག་ཡེ་ཤེས་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད། །དེ་རྗེས་ཐོབ་པའི་རྟེན་ཡིན་ཏེ། །དེ་ནི་འཕེལ་བར་འགྱུར་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་པར་རྟོག་པ་མེད་པའི་གྲོགས། །ལམ་གཉིས་སུ་ནི་བརྗོད་པ་སྟེ། །ཕ་རོལ་ཕྱིན་ལྔའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་རྣམ་སྨིན་ནི། །སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །སྦྱོར་བ་དང་ནི་ཐོབ་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་རྒྱུ་མཐུན་ནི། །ཕྱི་མ་ཕྱི་མའི་ཚེ་རྣམས་སུ། །ཁྱད་པར་དུ་ནི་འགྲོ་བར་འདོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་ངེས་འབྱུང་ནི། །ས་བཅུ་དག་ཏུ་ཤེས་བྱ་སྟེ། །ཐོབ་པ་དང་ནི་གྲུབ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། རྣམ་རྟོག་མེད་པའི་མཐར་ཐུག་པ། དག་པའི་སྐུ་གསུམ་ཐོབ་ཕྱིར་དང་། །དབང་གི་མཆོག་ནི་ཐོབ་ཕྱིར་རོ། །རྣམ་རྟོག་མེད་པའི་ཤེས་དེ་ནི། །དད་པ་ཙམ་དང་བློས་མོས་པ། །སྡིག་པ་སྣ་ཚོགས་དྲག་རྣམས་ཀྱི། །གོས་པ་མེད་དེ་ནམ་མཁའ་བཞིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མདོར་བསྡུས་ན་ཀུན་བརྟགས་དང་། གཞན་དབང་སྣང་བ་མེད་པས། དེ་བཞིན་ཉིད་དང་། དེ་ལ་འཇུག་པའི་ཕྱིན་ཅི་མ་ལོག་པ་སྣང་བ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། ཅི་ཡང་མི་ཤེས་པ་མ་ཡིན་ནོ། །ཕན་ཡོན་ལ་འཇུག་པ་བཞི་བཤད་པ་ནི། དེས་ན་ཕན་ཡོན་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། ཞེས་འཚམས་སྦྱར་ནས། དེ་རྣམས་ཀྱང་གང་ཞེ་ན། །ཆོས་ཀྱི་སྐུ་རྫོགས་པར་ཐོབ་པ་དང་། །བདེ་བར་གནས་པ་མཆོག་ཐོབ་པ་དང་། །གཟིགས་པ་ལ་དབང་འབྱོར་པ་དང་། འདོམ་པ་ལ་དབང་འབྱོར་བ་ཉིད་ཐོབ་པའོ། །ཞེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཕན་ཡོན་ནི། ཆོས་ཀྱི་སྐུ་དེ་ཉིད་ཀྱི་ངོ་བོ་ཉིད་ཡིན་ཀྱང་། རྫོགས་པ་ནི་འཕྲིན་ལས་དང་བཅས་པ་སྟེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུའི་བདག་ཉིད་དང་། །ཟད་པར་བཅུའི་བདག་ཉིད་དང་། །ཟིལ་གྱི་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །སྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པ་བྱེ་བྲག་བརྒྱ་བཞི་བཅུ་ཞེ་བཞི། སྡེ་ཚན་ཉི་ཤུ་རྩ་གཅིག་ཏུ་བཤད་པ་རྣམས་སོ། །འདི་རྣམས་རྫོགས་པས་ན་གཏན་དུ་ཟག་པ་མེད་པའི་བདེ་བ་དང་ལྡན་པའོ། །གཟིགས་པའི་དོན་ཡང་ཤེས་བྱ་ཅི་ལྟ་བ་དང་། ཅི་སྙེད་པ་ཐམས་ཅད་གཟིགས་པའི་ཕྱིར་རོ། །འདོམས་པའི་དབང་འབྱོར་པ་ནི། མདོ་སྡེ་རྒྱན་ལས། བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་བཅུ་བསམ་མི་ཁྱབ། །ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་དབྱེ་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱི་ནི་དག་པ་སྟེ། འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་བ། །སྐབས་མི་ཕྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་བཅོད་དང་། །དེ་དང་བྲལ་བར་གཏམ་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱིས། །བཤད་པ་བླ་ན་མེད་པར་འགྱུར། །ཞེས་གསུངས་པའི་ཡན་ལག་དྲུག་བཅུས་སྟོན་པའི་གསུང་དང་། རིགས་པ་དང་། རྒྱས་བསྡུས་ཐམས་ཅད་པ། ཡོན་ཏན་ཐམས་ཅད་འབྱུང་ཞིང་། ངག་གི་སྐྱོན་བརྒྱད་དང་བྲལ་བ་ལ་དབང་འབྱོར་པའོ། །དེ་ལྟར་ཕན་ཡོན་བཞི་བཤད་ནས། ཡོངས་སུ་ཤེས་པ་ལ་འཇུག་པ་ལ་ཡང་ལྔ་ལྟེ། བསྟན་པ་དང་། ལྔའི་གཉེན་པོ་དང་། ལྔ་སྤངས་པའི་རང་གི་མཚན་ཉིད་དང་། ཁྱད་པར་ལྔ་དང་། ལས་ལྔ་ལྡན་བཤད་པའོ། །དང་པོ་ནི། དེ་ལ་ཡོངས་སུ་ཤེས་པ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། གཉེན་པོ་ཡོངས་སུ་ཤེས་པ་དང་། མཚན་ཉིད་ཡོངས་སུ་ཤེས་པ་དང་། ཁྱད་པར་ཡོངས་སུ་ཤེས་པ་དང་། ལས་ཡོངས་སུ་ཤེས་པའོ། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཅི་ལྟར་ཤེས་པར་བྱ་ན་རྣམ་པ་བཞིས་ཤེས་པར་བྱའོ། །འདི་གང་གི་གཉེན་པོ་ཡིན་ཞེ་ན། དེ་ལ་གཉེན་པོ་ཡོངས་སུ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཆོས་དང་། གང་ཟག་དང་། ཡོངས་སུ་གྱུར་པ་དང་། ཐ་དད་པ་དང་། སྐུར་བ་འདེབས་པ་སྟེ། མེད་པར་འཛིན་པ་རྣམ་པ་ལྔའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ནི་འདི་ལྔ་སྟེ། མེད་བཞིན་དུ་ཆོས་ལ་བདག་ཏུ་འཛིན་པ་དང་། གང་ཟག་ལ་བདག་ཏུ་འཛིན་པ་དང་། མེད་བཞིན་དུ་འགྱུར་བ་ནི། ཆོས་རྣམས་སྐྱེ་བ་དང་འགག་པར་འཛིན་པ་དང་། ཐ་དད་པར་འཛིན་པ་ནི་ཆོས་དང་ཆོས་ཉིད་ཐ་དད་དུ་མེད་བཞིན་དུ་ཐ་དད་དུ་འཛིན་པ་དང་། སྐུར་བ་འདེབས་པ་ནི་ཆོས་དང་གང་ཟག་བཏགས་པ་ཙམ་དུ་ཡོད་པ་ལ་ཡང་མེད་པར་སྐུར་པ་འདེབས་པ་སྟེ། འདི་ལྔ་པོའི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་རིག་པར་བྱའོ། །འདིས་ནི་མཐའ་གཉིས་སྤངས་པ་འཇུག་པའི་དོན་སྟེ། བདག་མེད་གཉིས་དང་། སྐྱེ་བ་མེད་ཅིང་། འགག་པ་མེད་པ་དང་། གཅིག་དང་ཐ་དད་ལས་རྣམ་པར་གྲོལ་བ་དབུས་མཐར་གསུངས་པ་དེ་བསྟན་པའོ། །མཚན་ཉིད་བཤད་པ་ནི། དེ་ལ་མཚན་ཉིད་ཡོངས་སུ་ཤེས་པ་ནི། ཡིད་ལ་མ་བྱེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོ་ཉིད་ཀྱི་དོན་དང་། མངོན་རྟག་དུ་བྱེད་པ་སྟེ། རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་ཀྱིས་སོ། །ཞེས་གསུངས་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བསྟན་པས་ནོར་བ། འདི་རྣམས་སྤངས་པའི་རང་གི་མཚན་ཉིད་ཤེས་པར་བྱའོ། །ཁ་གཅིག་ཡིད་ལ་མི་བྱེད་པ་ཙམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འདོད་པ་དེ་ནི་མ་ཡིན་ཏེ། རྣམ་པ་ལ་རྟོག་པ་མེད་པ་ནི་བུ་ཆུང་ལ་ཡང་ཡོད་དེ། དེས་ཀྱང་རྣམ་པར་མི་གྲོལ་ལོ། །རྟོག་དཔྱོད་ནུབ་པ་ནི་ཡང་དག་པར་འདས་པ་ཞེས་བྱ་སྟེ། དེ་ཡང་མི་རྟོག་ཡེ་ཤེས་མ་ཡིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པ་ནི་རྟོག་དཔྱོད་མེད་པ་ཡིན་ཀྱང་། ཡོན་ཏན་དེ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཉེ་བར་ཞི་བའི་རང་བཞིན་ཡང་ཡིན་པར་མི་རིགས་ཏེ། གཉིད་ལོག་པ་དང་། སྨྱོ་བ་དང་། བརྒྱལ་བ་རྣམས་ཀྱང་དེར་འགྱུར་ཏེ། གནས་སྐབས་དེར་རྣམ་རྟོག་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་རྟོག་པར་མི་བྱེད་པ་ཡང་དེ་ཡིན་པར་མི་རིགས་ཏེ། གལ་ཏེ་དེ་ལྟ་ན་ནི་གཟུགས་ལ་སོགས་པའི་ཡུལ་ཡང་དེར་འགྱུར་ཏེ། ངོ་བོས་མི་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའོ། །ཞེས་མངོན་རྟགས་སུ་བྱེད་པ་ཡང་དེ་ཡིན་པར་མི་རིགས་སྟེ། འདི་ལྟར་རྣམ་པར་མི་རྟོག་པའོ། །ཞེས་ཡིད་ལ་བྱེད་པ་ན། དེའི་རྣམ་རྟོག་དེ་ནི་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ལྔ་པོ་འདི་ལས་གྲོལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། མདོར་བསྡུས་ན་བརྡ་ལ་མ་བྱང་བས་བླུན་པ་དང་། རྟོག་པ་དང་དཔྱོད་པ་ནུས་པ་ཙམ་དང་། རེ་ཤིག་བསམ་གཏན་གྱི་རྟོག་པ་ཞི་བ་དང་། དྲན་པ་མེད་པ་དང་། བེམས་པོ་ལྟ་བུ་དང་། ཡིད་ཀྱི་མཚན་མར་འཛིན་པ་དང་བཅས་པ་རྣམས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་བསྟན་ཏོ། དེས་ན་འདི་ཡི་ངོ་བོ་ནི། དེ་ལས་མ་ཡིན་གཞན་མས་མིན། །མི་ཤེས་པ་དང་ཤེས་པའང་མིན། །ཤེས་བྱ་དང་ནི་ཁྱད་མེད་པའི། །ཤེས་གང་དེ་ནི་མི་རྟོག་ཉིད། །རྣམ་པར་བརྟགས་བྱ་མེད་པས་ན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །རྣམ་རྟོག་མེད་པར་གང་ཕྱིར་བཞེད། །དེ་ཕྱིར་ཤེས་དེ་མི་རྟོག་ཉིད། །ཅེས། ཐེག་སྡུས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ངོ་བོ་བསྟན་པ་འདི་ཉིད་ཀྱི་ཚུལ་གཞུང་འདིར། མི་མཐུན་ཕྱོགས་སེལ་བའི་ཚུལ་གྱི་གསུངས་སོ།། །།ཁྱད་པར་རྣམ་པ་ལྔ་བཤད་པ་ནི། དེ་ལ་ཁྱད་པར་ཡོངས་སུ་ཤེས་པ་ནི། རྣམ་པར་མི་རྟོག་པ་དང་། ཉི་ཚེ་བ་མ་ཡིན་བ་ཉིད་དང་། མི་གནས་པ་ཉིད་དང་། གཏན་དུ་བ་ཉིད་དང་། བླ་ན་མེད་པ་ཉིད་དོ། །ཁྱད་པར་རྣམ་པ་ལྔས་སོ། །ཞེས་པ་ཤེས་པ་དེ་ནི། ཁྱད་པར་རྣམ་པ་ལྔས་ཉན་རང་ལས་ཁྱད་པར་དུ་འཕགས་ཏེ། ཅི་ལྟར་འཕགས་ཞེ་ན། ཉན་རང་ནི་འཁོར་བ་ལ་སྐྱོན་དང་། མྱ་ངན་ལས་འདས་པ་ཡོན་ཏན་དུ་ཤེས་པས་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ། །ཉི་ཚེ་བ་ཡང་ཡིན་ཏེ། འཕགས་པའི་བདེན་པ་བཞིའི་སྤྱིའི་མཚན་ཉིད་ཙམ་ལ་དམིགས་པའི་ཕྱིར་རོ། །གནས་པ་ཡང་ཡིན་ཏེ། མྱ་ངན་ལས་འདས་པ་ལ་གནས་པས་སོ། །གཏན་དུ་བ་ཡང་མ་ཡིན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཆད་པའི་ཕྱིར་ཏེ། གཟིངས་ལྟ་བུའི་མདོ་ལས་བཤད་པའི་ཕྱིར་རོ། །བླ་ན་ཡོད་པ་ཡང་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་ཡོད་པའི་ཕྱིར་རོ། །འདི་ལས་བཟློག་པ་ནི་ཁྱད་པར་ལྔས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྣམ་པར་མི་རྟོག་པ་ནི་སྲིད་ཞི་གཉིས་ཀྱི་སྐྱོན་དང་ཡོན་ཏན་ལ་མི་རྟོག་པའི་ཕྱིར་རོ། །ཉི་ཚེ་བ་མ་ཡིན་པ་ནི་ཤེས་བྱ་མཐའ་དག་གི་རང་དང་སྤྱིའི་མཚན་ཉིད་ཅི་ལྟ་བ་བཞིན་ཡུལ་དུ་བྱེད་པའི་ཕྱིར་རོ། །མི་གནས་པ་ནི་ཤེས་རབ་ཀྱིས་སྲིད་པ་དང་སྙིང་རྗེས་ཞི་བ་ལ་མི་གནས་པར་བླང་དོར་མེད་པར་སྦྱོར་བའི་ཕྱིར་རོ། །གཏན་དུ་བ་ནི་རྟེན་ཆོས་ཀྱི་སྐུ་རྟག་པས་ན། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་རྒྱུན་ཆད་པ་མེད་པའི་ཕྱིར་རོ། །བླ་ན་མེད་པ་ནི་དེ་ལས་གོང་དུ་ཁྱད་པར་དུ་འཕགས་པ་མེད་པའི་ཕྱིར་རོ། །མདོར་བསྡུས་ན། སྲིད་ཞི་དག་པ་དང་། ཡེ་ཤེས་ཀྱི་ཤེས་བྱ་མཁྱེན་པ་དང་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་སྟེ། འདུས་མ་བྱས་པའི་ཆོས་སྐུ་དང་། ཕུལ་དུ་བྱུང་བའི་གནས་ཐོབ་པས་རྣམ་པར་མི་རྟོག་པར་བསྟན་ཏོ། །ཡེ་ཤེས་ཀྱི་ལས་ལྔ་བཤད་པ་ནི། དེ་ལ་ལས་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོག་པ་རིང་དུ་བྱེད་པ་དང་། བླ་ན་མེད་པའི་བདེ་བ་བསྒྲུབས་པར་བྱེད་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་འབྲལ་བར་བྱེད་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པ་སྟེ། ལས་ཀྱི་ཁྱད་པར་རྣམ་པ་ལྔས་སོ་ཞེས་གསུངས་ཏེ། ཡེ་ཤེས་དེས་ལས་ལྔ་པོ་འདི་རྣམས་བྱེད་དེ། རྣམ་པར་རྟོག་པ་རིང་དུ་བྱེད་པ་ནི། རྣམ་རྟོག་ཀུན་ལྡང་དང་བཅས་པ་འཁྲུལ་པའི་རྩ་བ་སྟེ། གང་ལ་དེ་མེད་པའི་ངོ་བོ་ནི། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པའི་དོན་གྱི་འབྱུང་ངོ་། །བླ་ན་མེད་པའི་བདེ་བ་ནི་ཤེས་བྱ་ཐམས་ཅད་མི་མཁྱེན་པ་མེད་པས་ཐབས་མཁས་པ་བསྒྲུབས་ཏེ། སྡུག་བསྔལ་གསུམ་ལས་གྲོལ་བའི་ཕྱིར། ཟག་མེད་ཀྱི་བདེ་བའི་རང་བཞིན་གྲུབ་པ་ལས་བྱུང་ངོ་། །ཉོན་མོངས་པའི་སྒྲིབ་པ་ནི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། ཐེ་ཚོམ་ལྟ་བ་རྣམ་པ་ལྔ་དང་བཅས་པ། ཉེ་བའི་ཉོན་མོངས་པ་ཉི་ཤུ་པོ་ཀུན་ནས་ལྡང་བ་དྲག་པོ་ཡུལ་དང་ཡུལ་ལ་བརྟེན་བའི་རྟོག་པ་ལས་བྱུང་པར་ཤེས་པས་རྣམ་པར་གྲོལ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཁ་ནང་དུ་བལྟས་ནས་ཉོན་མོངས་པ་སྐྱེ་བའི་རྟེན་བྱེད་པ། ཀུན་གཞི་ལ་གནས་པའི་ཡིད་ནི་བསྒོམ་པས་སྤང་བར་བྱ་བ་བག་ལ་ཉལ་དུ་ཁམས་གསུམ་པ་ཐམས་ཅད་ལ་ཡོད་པ། ཀུན་བརྟགས་དང་ལྷན་གཅིག་སྐྱེས་པ་གཉིས་རྣམ་པར་མི་རྟོག་པ་དང་། སྒྱུ་མ་ལྟ་བུར་ཤེས་པས་བྲལ་བར་བྱེད་པས་ཕྲ་རྒྱས་བག་ཆགས་དང་བཅས་པ་བཅོམ་པ་ཉིད་དོ། །གང་གིས་ན་མ་རིག་པ་ལས་གྲོལ་བའི་ཚེ། མཚན་མ་དང་རྣམ་རྟོག་མེད་པར་ཡང་། དམིགས་པ་ཐམས་ཅད་སྒྱུ་མ་ལྟར་སྣང་བ་ལ། ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པར་བྱེད་པ་འབྱུང་ཞིང་། སྔར་བསྟན་པ་ལྟར། །ཡིད་དང་། འཛིན་པ་དང་། རྣམ་རྟོག་ཤིན་ཏུ་གནས་གྱུར་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཏོད་པ་སྟེ། ཐོབ་པར་བྱེད་པ་སྟེ་ཡང་ཡེ་ཤེས་འདི་ཉིད་ཀྱི་ལས་ཡིན་ནོ། །ཚུལ་འདི་ནི། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་མཉམ་པར་བཞག་པའང་ཡིན། །ཞེས་པའི་ཚུལ་དུ་སྦྱོང་ངོ་། །ཕྱི་མ་གསུམ་ལ་ལས་གཅིག་ཏུ་མཛད་པ་ནི་དམིགས་གསལ་གསུམ་ཡང་རྣམ་པར་མི་རྟོག་པར་གཅིག་གིས་མཐར་ཕྱིན་པར་འགྱུར་བས་ལས་གཅིག་གོ །འདི་ལྔ་ལ་རྣམ་རྟོག་དང་སྒྲིབ་གཉིས་སྤང་བར་བྱ་བ་ལ་སྟོས་སོ། །གཞན་ནི་ཐོབ་པར་བྱ་བ་ལ་བརྟེན་ཏོ། །འདི་ལྟར་ཤེས་ན་ཡོངས་སུ་ཤེས་པ་ལ་འཇུག་པ་ཞེས་བྱའོ། །འདི་ལྟར་ཡོངས་སུ་ཤེས་པ་ལ་འཇུག་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཅི་ལྟ་བར་རིག་པར་བྱ་སྟེ། མདོ་དེ་ཉིད་ཀྱི་གླེང་གཞིའི་འོག་ཏུ། ཡང་དག་པར་སྦྱོར་བའི་ཚུལ་དང་། རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་དང་། དེའི་མཚན་ཉིད་དང་། ཞུགས་པའི་རྟགས་དང་། ལས་དང་། དཔེ་དང་ལྷག་མ་གཞན་གྱིས་ཐབས་བསྟན་པར་རིག་པར་བྱའོ། །མདོ་ཚིགས་རྣམས་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །བདུན་པ་ཡིད་ལ་བྱེད་པ་བཤད་པ་ནི་གཉིས་ཏེ། གང་གིས་ཡིད་ལ་བྱེད་པ་དང་། ཚུལ་ཅི་ལྟར་ཡིད་ལ་བྱེད་པ་གོ་རིམ་དང་བཅས་པའོ། །དང་པོ་ནི། དེ་ལ་ཡིད་ལ་བྱེད་པ་ལ་འཇུག་པ་ནི། ཅི་ནས་ཀྱང་རྣམ་པར་མི་རྟོག་པ་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་ཡིད་ལ་བྱེད་དོ། །ཞེས་ངེས་པར་རྟེན་རྣམ་པར་མི་རྟོག་པ་ལ་འཇུག་དགོས་པས། ཐེག་པ་མཆོག་ལ་འཇུག་པའི་བློ་ཅན། བྱང་ཆུབ་ཆེན་པོ་ལ་བློ་དཔའ་བ། སེམས་ཅན་གྱི་དོན་ལ་སེམས་པ་དེས་འདི་ལྟར་ཡིད་ལ་བྱའོ། །གཉིས་པ་ལ་གསུམ་སྟེ། ཀུན་གཞི་དང་རྐྱེན་དང་མ་རིག་པ་སྣང་ཡང་མི་བདེན་པས་འཁྲུལ་པའི་ཚུལ་བརྟག་པ་དང་། ཡིད་ལ་བྱེད་པའི་ཚུལ་དང་། རྟོགས་པའི་གོ་རིམ་མོ། །དང་པོ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ས་བོན་ཐམས་ཅད་པ་མེད་པ་གཉིས་སྣང་བའི་རྒྱུ། དེ་ལ་བརྟེན་པའི་རྒྱུད་གཞན། དེ་བཞིན་ཉིད་མི་ཤེས་པ་ལས་ཡིན་ཏེ། དེའི་ཕྱིར་རྒྱུ་དང་བཅས་པའི་འབྲས་བུ་ནི་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པ་ནི་སྔར་བསྟན་པ་ལྟར་ཡང་དག་པར་མེད་བཞིན་དུ་ཚོགས་བདུན་གྱིས་ལས་འདུས་བྱས་པའི་ཀུན་རྟོག་པ་ལ་བརྟེན་ནས། དེས་བསྐྱེད་ཅིང་བསགས་པས་ཕྱི་མ་སྐྱེ་བའི་ས་བོན་ཐམས་ཅད་པ་ནི། ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ལས་མེད་བཞིན་དུ་གཟུང་བ་དང་འཛིན་པ་གཉིས་སྣང་བའི་རྒྱུ་ནི་གཉིས་སུ་མངོན་པར་ཞེན་པའི་བག་ཆགས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་རྒྱུད་གཞན་ནི་དམིགས་རྐྱེན་ལས་སྐྱེས་པ་ལྟར་སྣང་བའི་འཇུག་པའི་རྣམ་ཤེས་དྲུག་སྟེ། བདུན་པ་ཀུན་གཞི་ལ་གནས་ནས་སྐྱེ་བ་དང་འགག་པའི་ནུས་པ་བྱེད་པ་དྲུག་པོ་འགགས་མ་ཐག་པའི་ཡིད་ཅེས་བཤད་པ། ཡིད་ཀྱི་ཁམས་དང་སྐྱེ་མཆེད་ཅེས་ཀྱང་བྱ་སྟེ། ཁ་ནང་ལྟའི་ཉོན་མོངས་བཞི་དང་ལྷན་གཅིག་པས་ཉོན་མོངས་པ་ཅན་གྱི་རྐྱེན་གྱིས། དེ་བཞིན་ཉིད་ངོ་མ་ཤེས་པ་ལས་འཁྲུལ་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་མ་རིག་པའི་བག་ཆགས་ལས་བྱུང་ངོ་། །དེའི་ཕྱིར་མི་ཤེས་པ་ཕྱིན་ཅི་ལོག་གི་རྒྱུ་ནི་དེ་ཡིན་པས་ཕན་ཚུན་རྒྱུ་དང་བཅས་པའི་འབྲས་བུ་ནི་སྣང་དུ་ཟིན་ཀྱང་བདེན་པར་ཡོད་པ་ནི་མ་ཡིན་ནོ། །དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་བས་སྐྲག་པ་དང་། སྐྲགས་པས་ཀྱང་སླར་འཁྲུལ་པ་བསྐྱེད་ནས་སྡུག་བསྔལ་ཀྱང་རྣམ་པ་ཐམས་ཅད་དུ་ཐག་པ་ལ་སྦྲུལ་མེད་ཀྱང་སྣང་བ་བཞིན་ནོ། །དཔལ་སྒྲ་གཅན་འཛིན་བཟང་པོས་ཀྱང་། །ཐག་པ་ནག་པོའི་དུག་སྤྲུལ་བཞིན། །མཐོང་བ་ཙམ་གྱིས་སྔངས་བར་འགྱུར། །གྲོགས་དག་སྐྱེ་བོ་འཛིན་པ་ཅན། །ཡུལ་གཉིས་སྐྱོན་གྱི་འཆིང་བར་འགྱུར། །ཅེས་གསུངས་སོ། །འདི་ལྟར་རིག་ནས་ཡིད་ལ་བྱེད་པའི་ཚུལ་ནི། དེ་སྣང་བ་ལས་ནི་ཆོས་ཉིད་མི་སྣང་ཞིང་། །དེ་ཡི་སྣང་བ་ལས་ནི་ཆོས་ཉིད་སྣང་བ་ཡིན་ནོ། །ཞེས་དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །ཞེས་གསུངས་པ་སྦྱོར་བའི་ལམ་དུ་ཡིད་ལ་བྱེད་པའི་ཚུལ་སྟེ། བཟུང་འཛིན་གྱི་ཀུན་བརྟགས་མེད་བཞིན་སྣང་བས་ནི་གདོད་མ་ནས་གྲུབ་པའི་ཆོས་ཉིད་དང་། དེ་ལ་འཇུག་པའི་ཕྱིན་ཅི་མ་ལོག་པའི་ལམ་འབྲས་བུ་ལ་དམིགས་པ་མི་སྣང་བས་འཁྲུལ་ལ། དེ་སྣང་བ་དང་། བཟུང་འཛིན་མི་སྣང་བ་ལས་ནི། དེ་ཁོ་ན་ལམ་འབྲས་བུ་དང་བཅས་བ་སྣང་བ་ཡིན་ནོ་ཞེས། དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཞེས་བྱའོ། །འདི་ནི་མདོ་སྡེ་རྒྱན་དང་། ཐེག་བསྡུས་ལས་ཀྱང་། ཟིང་དང་དངོས་གཉིས་ཕན་ཚུན་དུ། །གློ་བུར་ཡིན་པར་ཡོངས་སུ་བཙལ། །བཏགས་པ་རྣམ་པ་གཉིས་པོ་ལ། །དེ་ཙམ་དུ་ནི་བཙལ་བར་བྱ། །ཡང་དག་ཅི་བཞིན་ཡོངས་ཤེས་པས། །དོན་མེད་པར་ནི་རྟོག་གསུམ་དང་། དེ་མེད་ཕྱིར་ཡང་དེ་བྲལ་པའི། །མཐོང་བ་གསུམ་ལ་འཇུག་པ་ཡིན། ཞེས་མིང་དང་མཚན་མ་དང་ཀུན་རྟོག་གི་རྣམ་རིག་མེད་ན། །རང་བཞིན་དང་དྲི་མ་མེད་པ་དང་། ལམ་གསུམ་དམིགས་པར་གསུངས་སོ། །དེའི་གོ་རིམ་བཤད་པ་ལ་ལྔ་སྟེ། རྣམ་པར་རིག་པར་དམིགས་པ་དང་། དོན་ཐམས་ཅད་མི་དམིགས་པ་དང་། རྣམ་རིག་མི་དམིགས་པ་དང་། ཁྱད་པར་མེད་པར་དམིགས་པ་དང་། ངོ་བོ་བཤད་པའོ། །དང་པོ་ནི། དེ་ལྟར་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུག་གོ །ཞེས་པས་སྦྱོར་བའི་ལམ་དུ་གསལ་སྣང་ཆུང་ངུའི་ཚེ། སྔར་བཤད་པའི་ཚུལ་རྟོགས་ནས་རྣམ་པར་རིག་པ་འཁྲུལ་བ་དང་། མ་འཁྲུལ་བ་གཉིས་ཀ་རྣམ་པར་རིག་པ་ཙམ་ལས་གཞན་དུ་བདེན་པ་མེད་པར་དམིགས་པས་དྲོ་བར་འགྱུར་བ་འབྱུང་ངོ་། །འདི་ཡང་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའ་སེམས་གནས་པའི་ཐབས་དགུ་དང་། ཡིད་ལ་བྱེད་པ་བཅུ་གཅིག་གིས་ཞི་ལྷག་གི་རྒྱུ་ཐོབ་པ། བསམ་གཏན་དང་ལྡན་པས་ལྷག་མཐོང་གི་སྒོ་གསུམ་དང་། གཞི་རབ་ཏུ་དབྱེ་བ་དྲུག་ལ་དམིགས་ནས་རྣམ་རིག་ཏུ་ཞུགས་པ་ནི། དེ་ནས་དེ་འདྲར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་རྣམ་རིག་ལ་འཇུག་པའོ། །དོན་ཐམས་ཅད་མི་དམིགས་པ་ནི། རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་འཇུག་གོ །ཞེས་པ་གསལ་སྣང་འབྲིང་དུ་གྱུར་པའི་ཚེ་རྣམ་རིག་ཙམ་དུ་སྣང་བ་ན་ཕྱི་རོལ་གྱི་དོན་ཐམས་ཅད་མི་དམིགས་ཏེ། ཆོས་ཀྱི་སྣང་བ་བརྟན་པའི་ཕྱིར་རྩེ་མོ་ཡིན་ནོ། །དེ་ཡང་། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འ གྲུས་བརྟེན་པ་ཀུན་ཏུ་རྩོམ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་གསུངས་སོ། །རྣམ་རིགས་མི་དམིགས་པ་ལ་འཇུག་པ་བཤད་པ་ནི། དོན་ཐམས་ཅད་མི་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ་ཞེས་པ་དོན་ཐམས་ཅད་མེད་ན། རྣམ་པར་རིག་པ་ཙམ་གྲུབ་པ་མེད་དེ། རྣམ་རིག་དོན་ལ་བརྟེན་པའི་ཕྱིར་རོ། །འདི་ནི་རྗེས་སུ་མཐུན་པའི་བཟོད་པའོ། །འདི་ཡང་དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེའི་བཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་གྱུར། །རྣམ་རིག་གཉིས་སུ་མི་སྣང་བས། །ཁྱད་པར་མེད་པར་དམིགས་པ་ནི། །དེ་མི་དམིགས་པ་ལས་ནི། གཉིས་པོ་ཁྱད་པར་མེད་པ་ལ་དམིགས་སོ་ཞེས་པས། གང་རྣམས་རིག་མི་དམིགས་པ་ན་གཟུང་བ་དང་འཛིན་པ་གཉིས་མི་དམིགས་ཏེ། དེ་གཉིས་ག་ཡང་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མཚུངས་ལ། གཟུང་བ་བདེན་པ་མེད་ན་འཛིན་པ་བདེན་པ་མེད་པ་ཡང་མཚུངས་པའི་ཕྱིར་ཁྱད་པར་མེད་དེ། འདི་ནི་ཆོས་མཆོག་ལ་རེག་པ་ཡིན་ནོ། །དེས་ན་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། འདི་ལྟར་དེའི་འཇུག་ཐོགས་སུ། འཛིན་པའི་རྣམ་པར་གཡེང་བ་སྤོང་། དེ་ལྟ་ན་གོ་རིམ་པ་འདི་ལྟ་བུ་ལ་བསྒོམ་པ་ནི། ཐེག་པ་ཆེན་པོའི་ཁྱད་པར་དུ་འཕགས་པའི་སྦྱོར་བའི་ལམ་སྟེ། །འདི་དག་གོ་རིམ་བཞིན་དུ་ནི། དྲོ་བར་གྱུར་སོགས་ཡིན་ཞེས་བྱ། ཞེས་གསུངས་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ངོ་བོ་བཤད་པ་ནི། དེ་ལྟར་གཉིས་མི་དམིགས་པ་གང་ཡིན་བ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་མེད་ཅིང་དམིགས་པ་མེད་པ། མཚན་མ་ཐམས་ཅད་མི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། བཟུང་འཛིན་གཉིས་སྣང་བ་མེད་ཅིང་། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུ་དང་། ཤེས་བྱ་ཐམས་ཅད་སྒྱུ་མ་ལ་སོགས་པ་བཞིན་སྣང་བ་ནི་མཐོང་བའི་ལམ་སྟེ། དེ་གོམས་པར་བྱེད་པས་དྲི་མ་ཐམས་ཅད་སེལ་ཅིང་། ཡུལ་དྲུག་པོ་ཕྱི་དང་ནང་དུ་དམིགས་པ་མེད་ཅིང་། སྤང་བྱ་དང་། གཉེན་པོའི་མཚན་མ་དེ་བཞིན་ཉིད་དང་འབྲས་བུའི་མཚན་མ་ཐམས་ཅད་མི་དམིགས་པས་མཐར་ཕྱིན་པར་འགྱུར་ཏེ། སྔར་བསྟན་པ་བཞིན་ནོ། །འདི་ལྟར་མཚན་མ་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསལ་བ་གསུངས་ཏེ། དངོས་པོ་མེད་དང་དངོས་པོ་དང་། །སྒྲོ་འདོགས་པ་དང་སྐུར་པ་འདེབས། གཅིག་དང་ཐ་དད་ངོ་བོ་ཉིད། །ཁྱད་པར་མིང་དང་དོན་ཅི་ལྟ། འདི་བཅུ་ལ་དེ་ལ་དངོས་པོ་མེད་པར་རྣམ་པར་རྟོག་པའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོར་རྣམ་པར་རྟོག་པའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་བྱ་བའོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་རྗེས་སུ་མི་མཐོང་། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །ཞེས་བྱ་བ་ལ་སོགས་པའོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །ཞེས་བྱ་བའོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་བ་དེ་གཟུགས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་གཟུགས་སོ། །ཞེས་བྱ་བའོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། ངོ་བོ་ཉིད་ནི་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །ཞེས་བྱ་བའོ། །མིང་ཅི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་བ། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས། མིང་གློ་བུར་གྱི་རྗེས་སུ་ཐ་སྙད་འདོག་ཏེ། ཅི་ལྟ་ཅི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ། །ཞེས་བྱ་བའོ། །དོན་ཅི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོ་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་མིང་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དེ། དོན་ཅི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ། །གཟུགས་ཅི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་སྦྱར་བར་བྱའོ། །རྣམ་པར་གཡེང་པ་བཅུ་པོ་འདི་དག་གི་གཉེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐ་དག་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་བཅས་པར་རིག་པར་བྱའོ། །གཞན་ཡང་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་ན་རྣམ་བཞི་སྟེ། རང་བཞིན་གྱིས་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དང་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་པ་དང་། མཚན་མ་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། །དྲི་མ་མེད་པས་རྣམ་པར་བྱང་བ་ནི། །སྒྲིབ་པ་ཐམས་ཅད་དང་མི་ལྡན་བའོ། །ཐོབ་པའི་ལམ་རྣམ་པར་བྱང་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་བསྐྱེད་པའི་ཕྱིར་དམིགས་པ་རྣམ་པར་བྱང་བ་ནི། ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་པ་སྟེ། འདི་ལྟར་བཞི་པོ་འདི་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར། ཀུན་ཏུ་བརྟགས་པ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས། གཞན་གྱི་དབང་མ་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་གིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་སོ། །འདིར་ཚིགས་སུ་བཅད་པ། རྟེན་འབྱུང་སྒྱུ་མ་ལ་སོགས་བསྟན། །རྟག་ལ་བརྟེན་པ་མེད་པ་བསྟན། །རྣམ་དག་རྣམ་པ་བཞིར་བསྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །དག་པ་དེ་ནི་རང་བཞིན་དང་། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པ་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན། །ཞེས་ཐེག་བསྡུས་ལས་གསུངས་སོ། །ཡིད་ལ་བྱེད་པའི་དམིགས་པ་ཐམས་ཅད་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །ཡེ་ཤེས་ཀྱི་མཚན་ཉིད་ལ་འཇུག་པ་བཤད་ཟིན་ཏོ།། །།བརྒྱད་པ་སྦྱོར་བ་ལ་འཇུག་པ་ནི། བསྟན་བཤད་གཉིས་ལས། དང་པོ་ནི། སྦྱོར་བ་ལ་འཇུག་པ་དེ་ཡང་རྣམས་པ་བཞི་སྟེ། ཞེས་བྱང་ཆུབ་སེམས་དཔས་ཅི་ལྟར་སྦྱར་ན། ཡེ་ཤེས་དེ་ཐོབ་པ་སྟོན་ཏོ། །བཤད་པ་ལ་བཞི་སྟེ། ཚོགས་སྦྱོར་དང་། མཐོང་བ་དང་། བསྒོམ་བ་དང་། མཐར་ཕྱིན་པའོ། །དང་བོ་ནི། མོས་པའི་སྤྱོད་པ་ནི་མོས་པ་སྤྱོད་པའི་ས་སྟེ། དེ་ནི་སྔར་བསྟན་པའི་ངེས་པར་རྟོག་པའི་གནས་སྐབས་གང་ཡིན་པ་ཉིད་དོ། །ཞེས་གསུངས་ཏེ། ཆོས་ཉིད་ལ་འཇུག་པ་དྲུག་གི་བཤད་པར་ཚོགས་སྦྱོར་བསྟན་པ་ལྟར། རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཤེས་བྱའི་གཞི་དང་། ཤེས་བྱེད་ངོ་བོ་ཉིད་གསུམ་དང་། མཚན་ཉིད་ལ་འཇུག་པ་དང་། དེ་ལ་ཚུལ་ཅི་ལྟར་འཇུག་པ་བསླབ་པ་གསུམ་གྱི་གོ་རིམ་དང་བཅས་པས། གང་སྤངས་ཤིང་གང་ཐོབ་པའི་ཚུལ་ཐེག་པ་ཆེན་པོའི་སྡེ་སྣོད་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་ནས་དད་སོགས་ཆོས་ལྔས་ཐར་པའི་ཆ་དང་མཐུན་པ་བསྐྱེད་ནས། ས་ལྟ་བུའི་སེམས་བསྐྱེད་པ་དང་། ལྷག་བསམ་མི་འགྱུར་བ་གསེར་ལྟ་བུ་དང་། ཡོན་ཏན་ཁྱད་པར་དུ་འགྲོ་བ་ཟླ་བ་ཚེས་པ་ལྟ་བུ་གོང་ནས་གོང་དུ་ཐོབ་སྟེ། གཟུང་འཛིན་སྲེག་པ་མེ་ལྟ་བུ་བསྒོམ་པ་ལས་བྱུང་བ་ཐོབ་པར་བྱེད་པ་ནི་མོས་པའི་སྦྱོར་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོ་ཆ་དང་འཇུག་པའི་བསྒྲུབ་པས། རྟེན་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཁམས་མོས་པ་ཡུལ་དུ་བྱས་ནས། དེ་ལ་དམིགས་པའི་ཤེས་པས་ཞི་ལྷག་གི་རྒྱུ་ཚོགས་ལ་བརྟེན་ནས་དམིགས་པ་རྣམས་དེས་འཇུག་གོ །ཞུགས་པས་ངེས་པར་འབྱེད་པའི་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ལ་སྦྱོར་བས་ན་མོས་པའི་སྦྱོར་པ་ཞེས་བྱའོ། །འདི་ལྟར་སྦྱོར་བ་ན་ཉེས་པ་ལྔ་སྤོང་ཞིང་གཉེན་པོའི་འདུ་བྱེད་བརྒྱད་བསྟེན་པར་བྱ་སྟེ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། འདི་དག་ཉེས་པ་ལྔར་འདོད་དོ། །ལེ་ལོའི་གཉེན་པོར་ནི། འདུན་པ་དང་རྩོལ་པ་དང་། དད་པ་དང་། ཤིན་ཏུ་སྦྱངས་པས་བསལ་ལ་འབད་པར་བྱའོ། །གདམ་ངག་བརྗེད་པའི་གཉེན་པོར་ནི་དྲན་པ་བསྐྱེད་ལ་མ་བརྗེད་པར་བྱའོ། །བྱིང་རྒོད་བྱུང་པའི་ཚེ་ཤེས་བཞིན་གྱིས་ཟིན་པས་བསལ་བར་བྱའོ། །རྣམ་རྟོག་ཞི་ནས་འདུ་མི་བྱེད་ན་ནི། སེམས་བས་གཉེན་པོའི་རྟོག་པ་རྒྱ་ཆེར་བྱའོ། །གཉེན་པོའི་རྟོག་པས་གཡེང་ཞིང་འདུ་བྱེད་དྲག་ན་ནི་བཏང་སྙོམས་ཀྱིས་མཉམ་བར་བྱའོ། །འདི་ལྟར་སྦྱོར་པས་དབང་བྱེད་པའི་དབང་པོ་ལྔ་ཁ་བྱུང་ཞིང་། བདུད་དང་ཐེག་དམན་གྱི་མི་ནོན་པས་སྟོབས་ལྔར་འགྱུར་རོ། །ཆོས་ཀྱི་མི་ནི་སྡོམ་པའང་འདི་ཡི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། ཟུང་དུ་འབྲེལ་པའི་ལམ་ནི་དེ། །སྡོམ་པ་ཡིན་བར་ཤེས་པར་བྱ། །ཞུམ་བའི་སེམས་ནི་རབ་བཟུང་ལ། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལས་ནི། །མཉམ་བར་གྱུར་ནས་བཏང་སྙོམས་བཞག འདི་ལ་བརྟེན་ནས་སྔར་བསྟན་པའི་སྣང་བ་རྣམས་འབྱུང་སྟེ། ངེས་པར་རྟོགས་པའི་སྦྱོར་བའོ། །དེ་ལྟར་དམིགས་པ་དང་། རྣམ་པ་དང་སྦྱོར་བ་སྤྱིར་བསྟན་ཏེ། རྟག་དང་། ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། ཡོན་ཏན་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ས་ལས་རྒྱས་པར་གསུངས་པ་བཞིན་ནོ། །མཐོང་བའི་ལམ་བཤད་པ་ནི། རབ་ཏུ་རྟོགས་པའི་སྦྱོར་བ་ནི་ས་དང་པོར་སྟེ། དེ་ཡང་རེག་པའི་གནས་སྐབས་ཉིད་དོ། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་དབྱིངས་ལ་དམིགས་ནས་རྣམ་པར་རིག་པའི་མཚན་མ་བསལ་བ་ན། རྣམ་པར་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་ཤར་ལ། ནུས་པ་དང་སྒྱུ་མ་ལྟ་བུར་རྗེས་ལས་ཐོབ་པ་ལ་འཇུག་སྟེ། དེ་ནི་མཐོང་བའི་ལམ་དང་ས་དང་པོ་ཡིན་ནོ། །ཉན་རང་དང་བྱང་ཆུབ་སེམས་དཔའ་ལ་བརྟེན་བའི་སྐད་ཅིག་མ་བཅུ་དྲུག་གི་ཁྱད་པར་དང་དམིགས་པ་དང་། རྣམ་པ་ནི་མངོན་པར་རྟོགས་པའི་རྒྱན་ལས་གསུངས་ཏེ། འདིར་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །འདི་ནི་རྣམ་པར་མི་རྟོག་བའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ལ་རེག་པ་ཞེས་བྱའོ། །འདིར་ལྷག་པའི་བསམ་པ་རྣམ་པར་དག་པས་གཏེར་ལྟ་བུར་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་སེམས་བསྐྱེད་དང་། ཆོས་ཉིད་ཀྱིས་ཐོབ་པའི་སྐྱབས་འགྲོ་དང་། སྒྱུ་མ་ལྟ་བུ་དང་དཔལ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པ་དང་། ཞི་ལྷག་ཟུང་འབྲེལ་དུ་གྱུར་པ་དང་། མི་ཟད་པའི་གཟུངས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་མདོ་ཐ་དག་ནས་དཔག་ཏུ་མེད་པའི་རྣམ་གྲངས་གསུངས་སོ། །བསྒོམ་ལམ་བཤད་པ་ནི། བསྒོམ་པའི་སྦྱོར་བ་ནི། ཡོངས་སུ་མ་དག་པའི་ས་དྲུག་དང་། ཡོངས་སུ་དག་པའི་ས་གསུམ་སྟེ། དེ་ཡང་སྔར་བརྟན་པའི་རྗེས་སུ་དྲན་བའི་གནས་སྐབས་ཉིད་དོ། །ཞེས་གསུངས་ཏེ། ས་གཉིས་པ་ལ་སོགས་པ་དྲུག་ནི་རྣམ་རྟོག་གི་མཚན་མ་དང་བཅས་ཏེ། སྤྱོད་པ་མ་དག་པའོ། །བརྒྱད་པ་ལ་སོགས་པ་གསུམ་ནི་མཚན་མ་མེད་ཅིང་། མངོན་བར་འདུ་བྱེད་པ་མེད་པར་རང་གི་ངང་གིས་འཇུག་པས་ཡོངས་སུ་དག་པའོ། །དེ་ཡང་ཐེག་བསྡུས་ལས་སྤངས་པ་བསྟན་པའི་སྐབས་ལས། སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དྲུག་གི་བར་དུ་དེ་ཁོ་ན་དང་། དེ་ཁོ་ན་མ་ཡིན་བ་སྣང་བ་ཉེ་བར་གནས་པའི་ཕྱིར་རོ། །བསྒོམ་བ་ལས་གྱུར་པ་ནི་སྒྲིབ་པ་དང་བཅས་པ་རྣམས་ཀྱི་སྟེ། ས་བཅུ་པའི་བར་དུ་མཚན་མ་ཐམས་ཅད་མི་སྣང་བ་དང་། དེ་ཁོ་ན་སྣང་བའི་ཕྱིར་རོ། །འབྲས་བུ་ཡོངས་སུ་རྫོགས་པའི་གྱུར་བ་ནི། སྒྲིབ་པ་མེད་པ་རྣམས་གྱི་སྟེ། མཚན་མ་ཐམས་ཅད་མི་སྣང་བ་དང་། ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་སྣང་བ་དང་། མཚན་མ་ཐམས་ཅད་ལ་དབང་འབྱོར་པའི་ཕྱིར་རོ། །ཞེས་གསུངས་ཏེ། རྒྱས་པར་སྔར་བསྟན་པ་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །དོན་དམ་པའི་སེམས་བསྐྱེད་དེ་ཉིད་མ་དག་པའི་ས་དྲུག་ལ་ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་དང་། བཟོད་པ་མི་འཁྲུག་པའི་རྒྱ་མཚོ་དང་། བརྩོན་འགྲུས་སྒྲིབ་པ་འཇོམ་བའི་རྡོ་རྗེ་དང་། རྣམ་གཡེང་གིས་མི་སྒུལ་བའི་བསམ་གཏན་གྱི་རི་བོ་དང་། བག་ལ་ཉལ་གྱི་ནད་ཞི་བར་བྱེད་པའི་ཤེས་རབ་ཀྱི་སྨན་དང་། ཐབས་མཁས་པས་ཡོངས་སུ་འཛིན་བའི་བཤེས་གཉེན་ལྟ་བུ་རྣམ་པ་འཐོབ་བོ། །དེ་ནས་དག་པའི་ས་གསུམ་ལ་ཅི་ལྟར་སྨོན་པ་བཞིན་དུ་འགྲུབ་པའི་སྨོན་ལམ་གྱི་ནོར་བུ་དང་། སེམས་ཅན་གྱི་བློའི་མུན་པ་སེལ་ཅིང་ཡོན་ཏན་སྨིན་བར་བྱེད་པའི་སྟོབས་ཀྱི་ཉི་མ་དང་། ཆོས་ཀྱི་སྒྲ་དབྱངས་སྙན་པའི་ཡེ་ཤེས་དང་། ས་གསུམ་པོ་དེ་ལ་ཐུན་མོང་དུ་འབྱུང་བའི་མཐུ་ཐོགས་པ་མེད་པའི་རྒྱལ་པོ་དང་། ཚོགས་གཉིས་སྨིན་པའི་མཛོད་དང་། བྱང་ཆུབ་ཀྱི་ལམ་ཆེན་པོ་དང་། སྙིང་རྗེ་དང་སྟོང་པ་རོ་མཉམ་པས་འགྲོ་བའི་ཞེན་པ་དང་། གཟུངས་དང་སྤོབས་པ་རྒྱ་མཚོ་ཟད་མི་ཤེས་པའི་བཀོད་མའི་ཆུ་ལྟ་བུ་མངོན་གསུམ་དུ་བྱེད་དོ། །ས་བཅུ་པ་དེ་ཉིད་ཀྱི་རྒྱུན་ཐ་མར་དབང་བསྐུར་བའི་ས་འབྱུང་སྟེ། སྒྲ་ཐམས་ཅད་དང་མཉམ་པའི་གསུང་གི་སྒྲ་སྙན་དང་། ཐུགས་ཡེ་ཤེས་ཀྱི་ཆུ་རྒྱུན་འཁོར་བ་མཐའ་མེད་དུ་འབབ་པ་དང་། སྐུའི་སྤྲུལ་པ་ཞིང་རྒྱ་མཚོར་སྤྲོ་བའི་སྤྲིན་འབྱུང་སྟེ། འདི་དག་ནི་ཟག་པ་མེད་པའི་ལས་མཐར་ཕྱིན་པའོ། །ས་བཅུ་པོ་འདི་སྔར་བཤད་པ་ལྟར། དང་པོར་ཆོས་ཉིད་རྟོགས་ནས། གཉིས་པར་ལྷག་པའི་ཚུལ་ཁྲིམས་ལ་ཞུགས་ཤིང་། གསུམ་པ་དང་བཞི་པ་དང་ལྔ་པར་སེམས་ཀྱི་སེམས་ཀྱི་བསླབ་པ་རྫོགས་ནས། དྲུག་པ་ལ་ཤེས་རབ་ཀྱི་བསླབ་པ་མཐར་སོན་པས་བདུན་པ་ལ་སོགས་པ་བཞི་ལ་དེ་དག་གི་འབྲས་བུ་གྲུབ་པ་བཞི་འཐོབ་བོ། །ས་དེ་དག་གི་ངེས་པའི་ཚིག་ཀྱང་། འཇིག་རྟེན་ལས་འདས་པའི་དགའ་བ་ཁྱད་པར་ཅན་དང་ལྡན་པས་རབ་ཏུ་དགའ་བ་དང་། ཚུལ་ཁྲིམས་ལ་འཆལ་པའི་དྲི་མ་མེད་པས་ས་གཉིས་པའོ། །ཏིང་ངེ་འཛིན་གྱི་སྣང་བ་ཆེན་པོར་བྱེད་པའི་ཕྱིར་ན་ས་གསུམ་པ་འོད་བྱེད་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱིས་སྒྲིབ་གཉིས་ཀྱི་ལྷག་མ་བསྲེག་པས་ས་བཞི་པ་འོད་འཕྲོ་བའོ། །སྲིད་ཞི་སྦྱང་དཀའ་བ་མཉམ་བར་སྦྱང་བས་ས་ལྔ་པ་སྦྱང་དཀའ་བའོ། །ཤེས་རབ་ཀྱིས་འཁོར་འདས་གཉིས་ཀ་ལ་སྦྱང་བས་ས་དྲུག་པ་མངོན་དུ་གྱུར་པའོ། །མཚན་མ་མེད་པའི་སངས་རྒྱས་ཀྱིས་བགྲོད་པ་གཅིག་པའི་ལམ་དང་འབྲེལ་པས་ས་བདུན་པ་རིང་དུ་སོང་བའོ། །མཚན་མ་དང་འདུ་བྱེད་གཉིས་ཀས་མི་གཡོ་བས་ས་བརྒྱད་པ་མི་གཡོ་བའོ། །སོ་སོ་ཡང་དག་པར་རིག་པ་མཐར་སོན་པས་ས་དགུ་པ་ལེགས་པའི་བློ་གྲོས་སོ། །ཏིང་ངེ་འཛིན་དང་གཟུངས་གཉིས་ཀྱིས་ནམ་མཁའ་ཁྱབ་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །འདིའི་མཐར་སྐུ་གསུམ་གྱི་འཕྲིན་ལས་རྫོགས་པ་ལ་དབང་བས་དབང་བསྐུར་བའི་ས་སྟེ། མོས་པས་སྤྱོད་པ་དང་བཅས་པའི་ས་བཅུ་གཉིས་པོ་འདི་རྫོགས་ནས་མཐར་ཐུག་པའི་སངས་རྒྱས་ཏེ། དེའི་བདག་ཉིད་དུ་ཉེ་བར་སོན་བར་འགྱུར་རོ། །འདི་རྣམས་ཀྱི་ངེས་པའི་ལུང་ནི་མདོ་སྡེ་རྒྱན་དང་བྱང་ཆུབ་སེམས་དཔའི་ས་ལས་གསུངས་སོ། །རྣམ་པར་མི་རྟོག་ཡེ་ཤེས་ནི། །ངོ་བོས་མཉམ་བར་བཞག་པ་སྟེ། །རྗེས་ལས་ཐོབ་པ་དེའི་ལས། །མེ་དང་ཚང་ཚིང་སྲེག་བྱེད་བཞིན། །ཆོས་མོས་ལྷག་སེམས་ཤེས་རབ་དང་། །བསམ་གཏན་སྙིང་རྗེ་ཐབས་ཡིན་ཏེ། །ཐབས་དང་ཤེས་རབ་དབྱེར་མེད་པས་མདུན་བཞག་མཚན་མ་ཀུན་སེལ་པས། །སྒྲིབ་པ་བཅུ་བསལ་ས་བཅུ་རྫོགས། །ཕ་རོལ་ཕྱིན་པ་བཅུ་དག་ཅིང་། །གཟུངས་དང་ཏིང་འཛིན་སྨོན་ལམ་དང་། །ཡེ་ཤེས་སྟོབས་རྣམས་རྒྱ་མཚོ་ལ། །འཇུག་པའི་ཡོན་ཏན་མཐར་སོན་བས། སངས་རྒྱས་སྙིང་པོའི་ཁམས་ཐོབ་སྟེ། །བཅིངས་གྲོལ་མེད་པར་རྣམ་སངས་རྒྱས། །ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །ཞེས་བྱ་ནི་བསྡུས་པའི་ཚིག་སུ་བཅད་པའོ། །མཐར་ཕྱིན་པའི་ལམ་བཤད་པ་ནི། མཐར་ཐུག་པའི་སྦྱོར་བ་ནི་སངས་རྒྱས་ཀྱིས་སས་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པའི་ཕྱིར་ཏེ། དེ་ཡང་སྔར་བསྟན་པ་དེ་ཡི་བདག་ཉིད་དུ་ཉེ་བར་སོན་བའི་གནས་སྐབས་ཉིད་དོ། །ཞེས་གསུངས་ཏེ། གང་ལ་དེ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཐོབ་པ་དེ་ལ་མཐར་ཐུག་པའི་སྦྱོར་བ་ཞེས་བྱ་སྟེ། །གང་གིས་དབང་བསྐུར་བའི་ངེས་པར་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་ཁམས་ཐོབ་ནས་དེའི་བདག་ཉིད་དུ་འགྱུར་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མཛད་པ་འཕྲིན་ལས་དང་བཅས་པ་འབྱུང་བའི་ཕྱིར་རོ། །འདི་ནི་རྒྱས་པར་བྱང་ཆུབ་པས་བསྟན་ཏེ། སྡོམ་ནི། ངོ་བོ་རྒྱུ་དང་འབྲས་བུ་དང་། །ལས་དང་ལྡན་བ་འཇུག་པ་དང་། དེ་རྟགས་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ས་ནི་རྣམ་པར་གནས། ཞེས་ངོ་བོ་ནི་ཁམས་རྣམ་པར་དག་པའོ། །དག་པ་དེའི་རྒྱུ་ནི་ཐོས་པའི་སྒྲས་བསྟན་ཏེ། རྒྱུ་མཐུན་བའི་ཆོས་དཀར་པོའོ། །དེས་སྒྲིབ་པ་གཉིས་བྲལ་པར་བྱེད་པའོ། །འབྲས་བུ་ནི་ཆོས་སྐུ་དང་གཟུགས་སྐུ་གཉིས་སོ། །ལས་ནི་རྣམ་པར་མི་རྟོག་པར་སྒྲིབ་པ་འཇོམ་ཞིང་ཟག་པ་མེད་པའི་ཡེ་ཤེས་ཀྱི་ལས་ཐོགས་པ་མེད་པའོ། །ལྡན་བ་ནི་རང་དང་གཞན་གྱི་དོན་རྨད་དུ་བྱུང་བའི་འཕྲིན་ལས་ལྡན་བའོ། །འཇུག་པ་ནི་སྐུ་གསུམ་གྱིས་འཁོར་བ་ཅི་སྲིད་དུ་འཇུག་པའི་རྟག་པ་ཉིད་གསུམ་མོ། །རྟག་པ་དེ་ཡང་ངོ་བོ་དང་། རྒྱུན་དང་རྒྱུན་མི་འཆད་པ་རྣམ་པ་གསུམ་དུ་བཤད་པའོ། །དེའི་རྒྱུ་མཚན་ཡང་རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུན་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོས་རྟག །ཅེས་གསུངས་པ་ཡིན་ནོ། །འདི་རྣམས་རྒྱས་པར་ནི་རྒྱུད་བླ་མར་གསུངས་སོ། །ཐེག་བསྡུས་ལས་ཀྱང་། ཡེ་ཤེས་ཀྱི་ཁྱད་པར་ཅི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་རྣམས་ཀྱི་སྐུ་གསུམ་མོ་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། །ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་ནི། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་ཕྱེ་བ་དང་། ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཐེག་པ་ཆེན་པོ་ནི་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུངས་ཏེ། མྱ་ངན་ལས་འདའ་བ་སྟོན་པའི་བར་གྱི་མཛད་པ་སྟོན་པའི་ཕྱིར་རོ། །འདི་ལས་རྣམ་པར་དབྱེ་བའི་སྡོམ་ནི། མཚན་ཉིད་དང་ནི་ཐོབ་པ་དང་། དབང་དང་གནས་དང་ཡོངས་བསྡུས་དང་། །དབྱེ་དང་ཡོན་ཏན་ཟབ་པ་དང་། །དྲན་དང་འཕྲིན་ལས་ཟབ་པ་ཉིད། མཚན་ཉིད་ཀྱང་ལྔ་སྟེ། གནས་གྱུར་པ་ནི་སྒྲིབ་པ་ཐམས་ཅད་དང་། གཞན་དབང་འཁོར་བའི་ཆ་ལས་གྲོལ་ཞིང་། གནས་གྱུར་པ་རྣམ་བྱང་དུ་རྟོགས་པར་གྱུར་པའོ། །དཀར་པོའི་ཆོས་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་དབང་བཅུ་ཐོབ་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པའི་དོན་གྱིས་གཉིས་སུ་མེད་ལ། འདུས་བྱས་འདུས་མ་བྱས་གཉིས་མེད་པས་གཉིས་ག་ལ་དབང་འབྱོར་ཐོབ་ཅིང་སངས་རྒྱས་རྣམས་ཐ་དད་པ་དང་གཅིག་ཏུ་མེད་པའི་མཚན་ཉིད་དོ། །རྟག་པ་ཉིད་གསུམ་དང་། བསམ་གྱིས་མི་ཁྱབ་པ་རྟོག་གེ་ལས་འདས་པ་སྟེ་ལྔའོ། །ཐོབ་པ་ནི་མཉམ་རྗེས་ཀྱི་ཡེ་ཤེས་ཀྱིས་སྒྲིབ་གཉིས་བཤིགས་པས་ཐོབ་པ་ཉིད་དོ། །དབང་འབྱོར་པ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པས། ཞི་དང་། ལུས་དང་། མཚན་དཔེ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་སྣང་བ་དང་། ཚོར་བའི་ཕུང་པོ་གནས་གྱུར་པས་ཁ་ན་མ་ཐོ་བ་མེད་ཅིང་། ཚད་མེད་ལ་རྒྱ་ཆེ་བའི་བདེ་བ་ལ་དབང་འབྱོར་པ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་མིང་ཚིགས་ཡི་གེ་བསྟན་པ་ཐམས་ཅད་ལ་དབང་འབྱོར་པ་དང་། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། སྤྲུལ་པ་དང་། བསྒྱུར་བ་དང་། འཁོར་བསྡུ་བ་དང་། དཀར་པོ་ཡི་ཆོས་སྡུད་པ་ལ་དབང་འབྱོར་པ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པས། ཀུན་གཞི་མེ་ལོང་ལྟ་བུ་དང་། ཡིད་མཉམ་པ་ཉིད་དང་། དྲུག་པ་སོ་སོར་རྟོག་པ་དང་ལྔ་པོ་བྱ་བ་གྲུབ་པར་གྱུར་པའི་ཕྱིར་རོ། །གནས་པ་ཡང་གསུམ་སྟེ། ཆོས་སྐུ་ནི་མཐུ་དང་བྱ་བ་གྲུབ་པ་དང་། ཆོས་ཀྱི་རོ་དང་། དོན་དང་། ཡོན་ཏན་འབྱོར་པ་དཔག་ཏུ་མེད་པ་དང་རྟག་ཏུ་མི་ཟད་པ་དང་། གཟིགས་པ་བརྙེས་པས་བདེ་བ་ཆེན་པོ་གནས་པ་དང་། ལོངས་སྤྱོད་རྫོགས་པའི་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་སྨིན་བར་མཛད་པའོ། །སྤྲུལ་པའི་སྐུ་སྣ་ཚོགས་ཀྱི་གནས་པ་ནི་ཕལ་ཆེར་ཉན་ཐོས་རྣམས་སྨིན་པར་མཛད་པའོ། །གང་གིས་བསྡུས་པ་ནི་དྲུག་སྟེ། སངས་རྒྱས་ཀྱི་ཆོས་རྣམ་དག་ཀུན་གཞི་དག་པ་ཆོས་སྐུས་བསྡུས་པ་དང་། དབང་པོ་གཟུགས་ཅན་གྱུར་པའི་རྣམ་སྨིན་གྱི་ཡེ་ཤེས་དང་། འདོད་པ་གནས་གྱུར་པའི་ཡེ་ཤེས་ཚད་མེད་པ་དང་། འཛིན་པའི་ལས་སྣ་ཚོགས་གྱུར་ནས་ཐམས་ཅད་དུ་ཐོག་པ་མེད་པའི་ཡེ་ཤེས་དང་། ཐ་སྙད་ཀྱིས་བསྟན་པ་ཐམས་ཅད་ཀྱིས་འགྲོ་བ་ཚིམ་བ་དང་། སེལ་བས་ནི་འགྲོ་བའི་ཉེས་པ་ཐམས་ཅད་སེལ་བ་དང་དྲུག་གིས་ཆོས་ཀྱི་སྐུ་བསྡུས་སོ། །དབྱེ་བ་ནི། རྟེན་དང་། དགོངས་པ་དང་། འཕྲིན་ལས་ཀྱིས་ནི་སངས་རྒྱས་ཐམས་ཅད་མཉམ་ཞིང་། སེམས་ཅན་དཔག་ཏུ་མེད་པ་དེར་བྱང་ཆུབ་པས་ནི་ཐ་དད་པའོ། །ལོངས་སྐུ་ཡང་དགོངས་པ་དང་འཕྲིན་ལས་ཐ་དད་མེད་ཅིང་གནས་ཐ་དད་པ་ནི་ཡིན་ནོ། །སྤྲུལ་ཡང་དེ་ཉིད་དང་མཚུངས་སོ། །ཡོན་ཏན་ནི་ཆོས་སྐུའི་སོ་གཉིས་དང་། གཟུགས་སྐུའི་སོ་གཉིས་ཏེ། དྲུག་བཅུ་རྩ་བཞི་ཡར་འདུ་ལ། ཡོངས་དག་བཞི་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། ཟིལ་ནོན་བརྒྱད་དང་། ཟད་བར་བཅུ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་ཤེས་དྲུག་དང་། མཚན་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བརྒྱ་ཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་སྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། བག་ཆགས་བཅོམ་བ་དང་། མི་སྙེལ་པའི་ཆོས་ཉིད་དང་། །ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་དང་ལྡན་པ་རྣམས་ཏེ། རྒྱ་ཆེན་པོར་ནི་བྱེ་བ་དྲུག་བཅུ་རྩ་བཞིར་ཡང་གསུངས་སོ། །སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཟབ་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་བསྡུས་ན་བཅུ་གཉིས་ཏེ། དང་པོ་མྱ་ངན་ལས་འདས་པ་དང་། འཕྲིན་ལས་དང་། གནས་པ་ཟབ་པ་ནི། སྐྱེ་མེད་སངས་རྒྱས་སྐྱེ་བ་སྟེ། །མི་གནས་པ་ལ་རབ་ཏུ་བཞུགས། །ལྷུན་གྱིས་གྲུབ་པར་ཐམས་ཅད་མཛད། །ཟས་བཞི་པོ་ནི་གསོལ་པ་ལགས། །ཞེས་སོ། །གཉིས་པ་ཚུལ་ལུགས་དང་། གྲངས་དང་། འཕྲིན་ལས་ཟབ་པ་ནི། ཐ་དད་མེད་ཅིང་དཔག་ཏུ་མེད། །འཕྲིན་ལས་དཔག་ཏུ་མེད་ཅིང་གཅིག །མི་བརྟན་པའི་འཕྲིན་ལས་ཅན། །སངས་རྒྱས་རྣམས་ནི་སྐུ་གསུམ་ལྡན། །ཞེས་སོ། །གསུམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ནི། གང་ཡང་མངོན་རྫོགས་སངས་རྒྱས་མེད། །ཐམས་ཅད་སངས་རྒྱས་མ་ཡིན་མིན། །སྐད་ཅིག་རེ་ལ་དཔག་ཏུ་མེད། །དངོས་པོ་དངོས་མེད་རབ་ཏུ་ཕྱེ། །ཞེས་སོ། །བཞི་པ་འདོད་ཆགས་དང་བྲལ་བ་ཟབ་པ་ཉིད་ནི། ཆགས་པ་མ་ཡིན་མི་ཆགས་མིན། །འདོད་ཆགས་ཉིད་ཀྱིས་འབྱུང་བ་ཡིན། །འདོད་ཆགས་འདོད་ཆགས་མིན་མཁྱེན་ནས། །འདོད་ཆགས་ཆོས་ཉིད་ལ་ཡང་ཞུགས། །ཞེས་སོ། །ལྔ་པ་ཕུང་པོ་སྤང་པ་ཟབ་པ་ནི། སངས་རྒྱས་ཕུང་པོ་རྣམས་ལས་འདས། །ཕུང་པོ་རྣམས་ལའང་མངོན་པར་ཞུགས། །དེ་ལས་གཞན་མིན་གཞན་མེད་མིན། །དེ་མ་བཏང་བས་ལེག་པར་འདས། །ཞེས་སོ། །དྲུག་པ་སེམས་ཅན་ཡོངས་སུ་སྨིན་བར་མཛད་པའི་ཟབ་པ་ཉིད་ནི། ཀུན་ཀྱང་འདྲེས་པའི་འཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །ཞེས་སོ། །བདུན་པ་མཐོང་བ་ཟབ་པ་ཉིད་ནི། སེམས་ཅན་ཉེས་པས་མི་སྣང་སྟེ། །སྣོད་ཆགས་པ་ཡི་ཟླ་བ་བཞིན། །འཇིག་རྟེན་ཀུན་ལ་ཉི་མ་བཞིན། །དེ་དག་ཆོས་འོད་ཁྱབ་པར་མཛད། །ཞེས་སོ། །བརྒྱད་པ་མྱང་ངན་ལས་འདས་པ་ཀུན་ཏུ་བསྟན་པ་ཟབ་པ་ཉིད་ནི། ལ་ལས་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་སོ། །དགུ་པ་བཞུགས་པ་ཟབ་པ་ཉིད་ནི། སངས་རྒྱས་འཕགས་མིན་ཆོས་རྣམས་ཏེ། མི་དང་ངན་སོང་པ་རྣམས་དང་། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ། །བདག་ཉིད་དང་ནི་བཞུགས་པ་མཆོག །ཞེས་སོ། །བཅུ་པ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་ནི། དེ་དག་ཀུན་ཏུ་རྣམ་པ་དཔྱོད། །གང་དུའང་རྣམ་པར་དཔྱོད་མི་མངའ། །གནས་རྣམས་ཀུན་ན་མཐོང་མོད་ཀྱི། །དབང་པོ་དྲུག་ནི་སྤྱོད་ཡུལ་མིན། །ཞེས་སོ། །བཅུ་གཅིག་པ་ཉོན་མོངས་པ་སྤངས་པ་ཟབ་པ་ཉིད་ནི། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱི་བསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་མཉེས། །ཞེས་སོ། །བཅུ་གཉིས་པ་བསམ་གྱི་མི་ཁྱབ་པ་ཟབ་པ་ཉིད་ནི། ཐབས་ཆེན་རྣམས་དང་ལྡན་བ་ལ། །ཉོན་མོང་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་གསུངས་པ་འདི་རྣམས་ཀྱིས་སངས་རྒྱས་ཀྱི་ཟབ་པ་བསམ་གྱིས་མི་ཁྱབ་པ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །འདི་ལྟ་བུའི་སངས་རྒྱས་རྗེས་སུ་དྲན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་བརྙེས་པ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡི་ཚུལ་ཅན། དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བས་རྟག་པའི་སྐུའོ། །ཞེས་བྱ་བར་དྲན་བ་དང་། ཁ་ན་མ་ཐོ་བ་མེད་པ། ལྷུན་གྱི་གྲུབ་པ། ལོངས་སྤྱོད་ཚད་མེད་པ། གོས་པ་མེད་པའི་བྱང་ཆུབ་པས་མ་སྨིན་བ་སྨིན་བ་དང་། སྨིན་པ་རྣམ་པར་གྲོལ་བར་མཛད་པའོ། །ཞེས་དུས་ཐམས་ཅད་དུ་བསྒོམ་པར་བྱའོ། །འདི་ནི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོ་ལས་གསུངས་པ་ལྟར། ལས་དང་པོ་པས་ཀྱང་དཀྱིལ་མོ་ཀྲུང་བཅས་ཏེ། དྲན་པ་མངོན་དུ་བཞག་ནས། སྐུ་གཟུགས་མདུན་དུ་བཤམས་ཏེ། རྩེ་ཅིག་ཏུ་བསྒོམ་ན་ཡང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལ་བསམ་སྟེ། དེ་ལྟ་བུའི་ཞི་ལྷག་མངོན་དུ་བྱས་ན། མྱུར་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱོད་པར་འགྱུར་རོ། །ཡོན་ཏན་ཡང་། ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་ལ་ཞག་བདུན། གཞན་གྱིས་བར་མ་ཆོད་པར་བསྒོམས་ན་བདེ་བ་ཅན་དུ་ངེས་པར་འགྲོ་ཞིང་མཐོང་བའི་ལམ་ཐོབ་པར་གསུངས་སོ། །མཐར་ཐུག་པའི་ལམ་བཤད་ཟིན་ཏོ། །དགུ་པ་ཉེས་དམིག་ཤེས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ཉེས་དམིགས་ལ་འཇུག་པ་ནི། གནས་ཡོངས་སུ་གྱུར་པ་མེད་པའི་ཉེས་དམིགས་བཞི་སྟེ། ཞེས་རྟེན་དང་རྟེན་པ་ཐ་དད་པ་ཉིད་ལས་གྱུར་པའི་གནས་གྱུར་སྔར་གསུངས་པ་ལྟ་བུ་ཡོད་དགོས་སོ། །དེས་ན་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་པ་དང་ཞེས་པས། གལ་ཏེ། གནས་ཡོངས་སུ་གྱུར་པའི་ངོ་བོ་ཆོས་ཀྱི་སྐུ་རྟག་པ་དེ་མེད་ན་ནི། ཡང་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་ལ་ནི་ཉོན་མོངས་འཇུག་པ་ཁོ་ན་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྟོག་པ་ཐམས་ཅད་བསགས་པའི་འབྲས་བུ་ཡིན་པ་དང་། དེས་ཀྱང་རྣམ་ཤེས་བསྐྱེད་པའི་ཕྱིར་རོ། །རྟེན་ཆོས་ཀྱི་སྐུ་ལ་བརྟན་པའི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བ་ཡོད་ན། ཉོན་མོངས་པ་མི་འཇུག་སྟེ། དེའི་གཉེན་པོ་འབར་བའི་ཕྱིར་ཏེ། དཔེར་ན་ཉི་མ་ལ་མུན་པ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ལམ་འཇུག་པའི་རྟེན་མེན་པའི་ཉེས་པ་དང་ཞེས་པས་ཟག་པ་མེད་པའི་ལམ་ལྔ་རིམ་པས་ངེས་པར་བསྐྱེད་དགོས་ན། བསྒྲུབ་པ་དོན་དམ་པ་ལ་བརྟེན་ནས་ཐོབ་པ་མངོན་གསུམ་དུ་བྱ་བའི་ཕྱིར། རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྱུར་བ་མེད་པའི་ཡོངས་གྲུབ་ལ་བརྟེན་ཏེ། དེའི་རྒྱུ་མཐུན་བ་ཕྱིན་ཅི་མ་ལོག་པའི་ཐོས་བསམ་བསྒོམ་པ་ནི་གོང་ནས་གོང་དུ་རྣམ་པར་དག་པའི་འབྲས་བུ་བསྐྱེད་པ་ཡིན་གྱི། མ་དག་པའི་རྟེན་ལས་དག་པ་འབྱུང་བ་ནི་མི་རིགས་ཏེ། ཟག་པ་ལས་ཟག་མེད་འབྱུང་བ་མི་འཐད་པའི་ཕྱིར་འགལ་བ་སྟེ། སྣང་མུན་བཞིན་ནོ། །གསུམ་པ་ནི། མྱང་ནས་ལས་འདས་པ་ཡིན་ན། ཟག་པ་དང་བཅས་པའི་གཞི་མེད་པའི་ཉེས་པ་དང་། ཞེས་པ་ཟག་པ་དང་བཅས་པའི་ཁམས་གསུམ་གྱི་འཁོར་བ་འདུ་བྱེད་མ་རིག་པས་བསྐྱེད་པའི་རྒྱུའི་ལས་ཀྱིས་སྲེད་ལེན་ལ་བརྟེན་པའི་སྲིད་པ་གསུམ་འགྲུབ་པ་ལྟར། མྱ་ངན་ལས་འདས་པའི་རྣམ་པར་དཀར་བའི་ཟག་པ་མེད་པའི་ལས་ལ་བརྟེན་ནས་རྣམ་པར་གྲོལ་བའི་ལུས་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གདགས་སུ་ཡོད་ཅིང་། མཐར་ཕྱིན་པའི་རྫོགས་པའི་བྱང་ཆུབ་ཆེན་པོ་ཡང་ཡོད་དགོས་སོ། །གལ་ཏེ་འཁོར་བ་དང་མྱང་འདས་དག་རྟེན་གཅིག་ན་ནི་ཉེས་པ་ཆེན་པོར་འགྱུར་ཏེ། མི་མཐུན་བའི་སྤང་གཉེན་རྟེན་གཅིག་ཏུ་འགལ་བ་དང་། སེམས་འགག་པ་ན་འཁྲུལ་པ་འགག་པས། ཡེ་ཤེས་ཀྱི་ཡོངས་གྲུབ་ཀྱང་འགག་པར་འགྱུར་བ་དང་། དེ་ལྟར་ཡོངས་གྲུབ་འགག་ན་འདུས་བྱས་སུ་འགྱུར་བས། འདུས་མ་བྱས་པའི་ཆོས་ཉིད་དང་། ཆོས་སྐུ་གཏན་མེད་པར་འགྱུར་ཏེ། དེ་ལྟར་འདོད་ན་ནི་གཟེག་ཟན་གྱི་ལྟ་བར་འགྱུར་ཏེ། རྣམ་པར་དཀར་པའི་ཆོས་ཀྱིས་དོན་མེད་པར་འགྱུར་པས། འཕགས་པ་བཞི་མེད་པར་བལྟར་མི་རུང་ངོ་། །དེས་ན་མྱ་ངན་ལས་འདས་པའི་གང་ཟག་གདགས་པ་འཐད་པ་ཡིན་ནོ། །བཞི་པ་ནི། བྱང་ཆུབ་གསུམ་གྱི་ཁྱད་པར་གདགས་པའི་གཞི་མེད་པའི་ཉེས་པ་ནི་བཞི་པའོ། །ཞེས་པ་བྱང་ཆུབ་གསུམ་ནི། རྟེན་ཆོས་ཀྱི་དབྱིངས་དེ་ལ་བརྟེན་ནས་རྣམ་པར་གྲོས་པའི་ཁྱད་པར་ཏེ། ཉན་ཐོས་རྣམས་ནི་གང་ཟག་ལ་བདག་ཏུ་འཛིན་པའི་ཉོན་མོངས་པའི་སྒྲིབ་པ་རྟེན་དང་བཅས་པ་སྤངས་པས་རྣམ་པར་གྲོལ་བ་ཡིན་ལ། རང་སངས་རྒྱས་ནི་དེའི་སྟེང་དུ་ཆོས་ཀྱི་བཟུང་རྟོག་སྤངས་པའི་རྣམ་པར་གྲོལ་བ་ཙམ་དང་ལྡན་ཏེ། འདུས་མ་བྱས་པའི་ཟག་པ་མེད་པའི་ཆོས་ལ་བརྟེན་པའི་ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་ཅུང་ཟད་དབང་འབྱོར་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དང་གང་ཟག་གི་བདག་མཐའ་དག་མཐོང་ལམ་ནས་མེད་པར་རྟོགས་ནས། དེའི་དྲི་མ་དྲུངས་དབྱུང་བའི་ཕྱིར་བསྒོམ་བ་ལ་བརྟེན་ནས་མ་རིག་པ་བག་ཆགས་ཀྱི་ས་ལས་རྣམ་པར་གྲོལ་བས་སངས་རྒྱས་སུ་འགྱུར་བའི་ཕྱིར། རྟེན་ཆོས་ཀྱི་སྐུ་ལ་བརྟེན་ནས་རྣམ་པར་གྲོལ་བའི་ཁྱད་བར་གསུམ་གདགས་སུ་རུང་བས། ཉོན་མོངས་པ་སྤངས་བའི་བྱང་ཆུབ་དང་། གཟུང་བ་སྤངས་པའི་བྱང་ཆུབ་དང་། མཐར་ཕྱིན་བའི་བྱང་ཆུབ་གསུམ་གདགས་སུ་རུང་བ་ཡིན་ལ། འདི་ལྟར་གྱུར་པ་མེད་ན་ཐུན་མོང་མ་ཡིན་བའི་ཀུན་གཞིའི་རྣམ་ཤེས་རྐྱང་པ་ལོག་པ་ལ་ཡང་ཁྱད་པར་མེད་པས་གསུམ་མི་རུང་བ་དང་། དེ་ཉིད་བྱང་ཆུབ་ཀྱི་རྟེན་ཡིན་ན་ནི། རྟེན་བའི་གནས་འགྱུར་རྣམ་པ་ཐམས་ཅད་དུ་འཐད་པ་མ་ཡིན་ཏེ། རྒྱུ་འབྲས་དང་སྤང་གཉེན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཐེག་པ་ཆེ་ཆུང་གི་གནས་འགྱུར་གྱི་ཁྱད་པར་འདི། ཐེག་བསྡུས་ལས་ཀྱང་། གྱུར་བ་དམན་བ་ནི་ཉན་ཐོས་རྣམས་ཀྱི་སྟེ། གང་ཟག་ལ་བདག་མེད་པར་རྟོགས་པ་དང་། འཁོར་བ་ལ་ཤིན་ཏུ་རྒྱབ་ཀྱི་ལྟས་པས་འཁོར་བ་གཏོང་བའི་ཕྱིར་རོ། །གྱུར་པ་རྒྱ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ཆོས་ལ་བདག་མེད་རྟོགས་ཤིང་། དེ་ལ་ཉེ་བར་མཐོང་བས་ཀུན་ནས་ཉོན་མོངས་པ་སྤོང་ཞིང་། དེ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཞེས་བྱུང་ངོ་། །གནས་གྱུར་མེད་པའི་ཉེས་པ་བསྟན་པའོ། །བཅུ་པ་ཕན་ཡོན་ལ་འཇུག་པ་བཤད་པ་ནི། ཕན་ཡོན་ལ་འཇུག་པ་ནི་གནས་ཡོངས་སུ་གྱུར་པ་ཡོད་ན། དེ་ལས་བཟློག་པས་ཕན་ཡོན་རྣམས་པ་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཏེ། ཕན་ཡོན་བཞི་ནི་རྟེན་ཆོས་ཀྱི་སྐུ་ལ་བརྟེན་པའི་དཀར་པོའི་ཆོས་འཕེལ་ཞིང་རྒྱས་ན། ཉོན་མོངས་པའི་སྒྲིབ་པ་གཏན་མི་འབྱུང་པའི་ཕན་ཡོན་དང་། ལམ་གྱི་བདེན་པ་ཟག་མེད་ཀྱི་ཆོས་དེ། ཆོས་སྐུ་འགྲུབ་པའི་རྒྱུར་འཐད་པའི་ཕན་ཡོན་དང་། སྒྲིབ་པ་ཀུན་བརྟགས་གློ་བུར་བར་མཐོང་བས་གང་གང་སྤངས་པས་དེའི་འབྲས་བུ་འགྲུབ་པ་ཡོད་པས་མྱ་ངན་ལས་འདས་པའི་མཐར་ཐུག་གཅིག་ཀྱང་གནས་སྐབས་གང་ཟག་གསུམ་གྱི་རྣམ་གྲོལ་འཐད་པའི་ཕན་ཡོན་དང་། དེས་ན་བྱང་ཆུབ་པ་གསུམ་ཡང་འཐད་པས་ཐེག་གསུམ་འགལ་བ་མེད་པའི་ཕན་ཡོན་དེ། རྣམ་པ་བཞི་པོ་དེ་རང་བཞིན་པ་ལ་དྲི་མ་གློ་བུར་བ་བསལ་ཏེ་གནས་གྱུར་པ་ཡོད་ན་འཐོབ་ལ། མེད་ན་མི་འབྱུང་བས་གནས་གྱུར་ཡོད་པའི་ཕན་ཡོན་དུ་རིག་པར་བྱའོ། །དེ་ལྟར་གསུངས་པའི་རྣམ་པ་བཅུས་གནས་པ་འདི་ཐམས་ཅད་ཀྱི་དོན་བསྡུས་ན། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། ཐེག་བསྡུས་ལས་གསུངས་པ་ཐམས་ཅད་ཀྱང་འདི་ཙམ་དུ་འདུ་སྟེ། ཡང་དག་མིན་བས་ཡང་དག་སྒྲིབ། བྱིས་པ་རྣམས་ལ་ཀུན་ཏུ་སྣང་། བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང་། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བར་ཤེས་པར་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །ཞེས་བྱ་བ་ནི་ངོ་བོ་བསྟན་པ་ཡིན་ལ། དེ་ལ་ཞུགས་པ་དང་ཐོབ་པས་ཅི་ལྟར་འགྱུར་ཞེ་ན། འཁོར་བ་དང་ནི་མྱ་ངན་འདས། མཚུངས་པར་ཤེས་པ་ནམ་སྐྱེ་བ། །དེ་ཚེ་དེ་ཕྱིར་དེ་ལ་ནི། །འཁོར་ཉིད་མྱ་ངན་འདས་པར་འགྱུར། །དེ་ཡི་ཕྱི་ན་འཁོར་བ་ནི། །གཏོང་བ་མ་ཡིན་མི་གཏོང་མིན། །དེ་ཕྱིར་མྱ་ངན་འདས་པ་ཡང་། །ཐོབ་པ་མ་ཡིན་མི་ཐོབ་མིན། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གནས་ཡོངས་སུ་གྱུར་པ་ཐ་དག་བཤད་ནས། ད་ནི་དཔེས་བཤད་ཅིང་བསྟན་ཆོས་ཀྱི་དོན་བསྡུ་བ་ལ་གསུམ་སྟེ། མེད་པ་སྣང་བའི་དཔེ་དང་། གནས་གྱུར་པའི་ངོ་བོ་མི་འགྱུར་བའི་དཔེ་དང་། རྫོགས་པར་བསྟན་པའོ། །དང་པོ་ནི། མེད་པའི་ཆོས་སྣང་བའི་དཔེ་ནི། སྒྱུ་མ་དང་རྨི་ལམ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་ཏེ། ཅི་ལྟར་སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་སྣང་བ་དེ་ཁོ་ན་ལྟར་ནི་ཡོད་པ་མ་ཡིན་ལ་མེད་པར་སྣང་བ་ལྟར་ཀུན་བརྟག་ནི་སྣང་ཡང་མེད་པར་ཤེས་པར་བྱའོ། །ཤིང་དང་རུས་པ་དང་། སྔགས་ལ་སོགས་པའི་རྐྱེན་བཞིན་དུ་གཞན་དབང་གི་རྐྱེན་སྣང་ཡང་དེར་བདེན་པ་ནི་མེད་དེ། རྣམ་པར་རིག་པ་ཙམ་ཉིད་དོ། །དོན་འདི་ནི། མདོ་སྡེ་རྒྱན་ལས་ཀྱང་། ཅི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མའི་རྣམ་པ་ཅི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་པར་བརྗོད། ཞེས་གསུངས་སོ། །དེ་བཞིན་དུ་རྨི་ལམ་གྱི་ཡུལ་ཡང་། རང་གི་རྣམ་པར་རིགས་པ་ཙམ་ཉིད་ཡིན་པས། བདེན་པ་མི་ལ་སོགས་པ་སྣང་ཡང་གཞན་དུ་མེད་དོ། །དེ་བཞིན་དུ་སྨིག་རྒྱུ་དང་། བྲག་ཆ་དང་། ཆུ་ཟླ་དང་། །འཇའ་ཚོན་དང་། རབ་རིབ་སྤྲུལ་པ་རྣམས་ཀྱང་སྣང་ཡང་དེར་བདེན་པ་མ་ཡིན་པ་ཉིད་དོ། །གནས་གྱུར་པའི་ངོ་བོ་མི་འགྱུར་བ་ནི། གནས་ཡོངས་སུ་གྱུར་པའི་དཔེ་ནི། ནམ་མཁའ་དང་། གསེར་དང་། ཆུ་ལ་སོགས་བ་བཞིན་ནོ། །ཞེས་པ་སྟེ། དཔེར་ན་ནམ་མཁའ་ནི་རང་བཞིན་གྱིས་དག་པ་ཁོ་ན་ཡིན་པས། ཁུག་རླངས་ལ་སོགས་པའི་རྐྱེན་གྱིས་ནམ་མཁའ་མ་དག་གོ །ཞེས་བྱ་བ་དང་། དེ་བྲལ་ཞིང་དྭངས་པ་དག་གོ་ཞེས་འཇིག་རྟེན་ན་དམིགས་ཀྱང་ནམ་མཁའི་རང་བཞིན་འགྱུར་བས་ཁས་བླང་དུ་ཡང་མི་རུང་ལ། རང་གི་ངོ་བོ་དག་ཅིང་སྟོང་པ་འདུས་མ་བྱས་པ་ལ། རང་ལས་རང་དག་པ་དང་། གཞན་ལས་དག་པ་ཡང་མི་རུང་མོད་ཀྱང་། ཐ་སྙད་ཙམ་དེ་འབྲེལ་པའི་བློ་འཁྲུལ་པ་དག་ནམ་མཁའ་དག་པ་དང་མ་དག་པར་འཛིན་པ་ནི་ནོར་བ་ཁོ་ནའོ། །དེ་བཞིན་དུ་ཡོངས་སུ་གྲུབ་པའི་ཆོས་ཉིད་རང་བཞིན་གྱི་དག་པ་ལ། རྣམ་པར་རྟོག་པའི་ཁུག་རླངས་དང་བྲལ་བ་ལྟར་སྣང་ཡང་ཡོངས་གྲུབ་འགྱུར་བར་ཁས་མི་བླང་ཞི་བདག་གཞན་དང་གཉིས་ཡིན་གཉིས་མ་ཡིན་དུ་སྐྱེ་འགག་མེད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་གསེར་ཡང་བཟང་པ་ཉིད་དུ་གནས་པ་ལ་དྲི་མས་འགྱུར་བ་མ་ཡིན་བ་དང་། ཆུ་ཡང་དང་ཞིང་བརླན་པ་ཉིད་དུ་གནས་པ་ལ་རྙོག་མ་ནི་སའི་རྫབ་དང་འབྲེལ་ཀྱང་ངོ་བོ་འགྱུར་བ་ཡང་མ་ཡིན་བ་ལྟར། ཕྱིན་ཅི་མ་ལོག་པའི་ལམ་དང་དཀར་བའི་ཆོས་ཀྱང་དེ་མི་ཤེས་པའི་རྟོག་པས་དྲི་མ་དང་རྙོག་མ་ཅན་དུ་འགྱུར་བར་ཟད་ཀྱིས། ཟག་པ་མེད་པའི་ཆོས་དེ་དག་འགྱུར་བར་ཁས་མི་བླང་ངོ་། །དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་དྲི་མ་མེད་པ་ནི་འདུས་མ་བྱས་ལ་འགྱུར་བ་མེད་པ་ཉིད་དོ། །དེས་ན་གནས་ཡོངས་སུ་གྱུར་པའི་ཐ་སྙད་ཀྱིས་བརྗོད་ཀྱང་ཆོས་ཉིད་ནི་རྟག་པ་ཞེས་ཀྱང་བྱའོ། །སོགས་པའི་སྒྲས་ནི། པད་མའི་སྦུབས་ན་སངས་རྒྱས་ཡོད་པ་དང་། སྦྲང་མའི་ཁྲོད་ན་སྦྲང་རྩི་ཡོད་པ་དང་། སྦུན་མའི་ནང་ན་འབྲུ་དང་། མི་གཙང་པའི་ནང་གི་གསེར་དང་། སའི་ནང་ན་གཏེར་དང་། ཤིང་འབྲས་ལས་ཤིང་དང་། གོས་རུལ་གྱི་ནང་ན་རིན་པོ་ཆེའི་སྐུ་དང་། མི་མོའི་ལྟོ་བ་ན་འཁོར་ལོ་སྒྱུར་བ་དང་། ས་འདམ་གྱི་ནང་ན་གསེར་གྱི་སྐུ་ལྟ་བུ་རྣམས་ཀྱང་ཡིན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བག་ལ་ཉལ་གསུམ་དང་། ཀུན་ནི་ལྡང་བ་དྲག་པོ་དང་བཞི་ནི་འཇིག་རྟེན་གྱི་ལམ་བསྒོམ་པས་སྤང་བྱའོ། །མ་རིག་བག་ཆག་ཀྱིས་ནི་ཤེས་བྱའི་གནས་རྟོགས་པའི་ཤེས་པས་སྤང་བྱའོ། །མཐོང་སྤངས་ནི་མཐོང་བའི་ལམ་གྱིས་སྤོང་བའོ། །བསྒོམ་སྤངས་ནི་བསྒོམ་པས་སྤོང་བའོ། །མ་དག་པའི་སའི་ཤེས་སྒྲིབ་ནི། མཉམ་རྗེས་ཀྱི་ཡེ་ཤེས་གཉིས་ཀྱིས་སྤོང་བའོ། །དག་པའི་ཤེས་སྒྲིབ་ནི་རྡོ་རྗེ་ལྟ་བུས་སྤོངས་ཏེ། སངས་རྒྱས་ཀྱི་སྙིང་པོ་དང་། ཆོས་ཀྱི་རོ་དང་། དོན་གྱི་སྙིང་པོ་དང་། རང་བཞིན་འོད་གསལ་བ་དང་། འགྱུར་བ་མེད་པ་དང་ཡེ་ཤེས་རྒྱས་པ་དང་། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་རྣམས་ནི་རྣམ་པར་དག་པའི་ངོ་བོ་མི་འགྱུར་བ་ལྷུན་གྱིས་གྲུབ་པ་སྟེ། འདི་རྣམས་ནི་རྒྱུད་བླ་མ་དང་། སྙིང་པོའི་མདོ་ལས་བྱུང་ངོ་། །འདི་ལ་བསལ་བྱ་ཅི་ཡང་མེད། བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་པ་མིན། །ཞེས་སྒྲོ་འདོགས་པ་དང་སྐུར་པའི་མཐའ་ལས་གྲོལ་བའི་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །རྫོགས་པར་བསྟན་པ་ནི། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། མགོན་པོ་འཕགས་པ་བྱམས་པས་གསུངས་པ་རྫོགས་སོ།། །།ཞེས་ཆོས་ནི་གཉིས་དང་ཅི་ལྟར་མངོན་བར་སྣང་བ་དང་། ཆོས་ཉིད་ནི་དེ་བཞིན་ཉིད་རྣམ་པར་འབྱེད་པ་བསྟན་པའོ།། །།མ་ཕམ་རྒྱལ་བས་སྙིགས་དུས་འགྲོ་བ་ལ། །ཐུགས་རྗེས་བསྟན་པའི་སྙིང་པོ་གསལ་མཛད་ཕྱིར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་མཛད། །རིག་ཅན་རྣམས་ཀྱིས་དེ་ལ་འཇུག་ཕྱིར་རོ། །བདག་འདྲ་བླུན་པོའི་སྤྱོད་ཡུལ་མ་ཡིན་ཀྱང་། །ཐོགས་མེད་ཀླུ་སྒྲུབ་དགོངས་པའི་ངག་དོན་ལ། །བརྟེན་ནས་ཟབ་མོ་རྣམ་པར་འགྲེལ་པ་བྱས། །དགེ་བས་མཐའ་འབྲལ་དོན་ལ་འཇུག་པར་ཤོག །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་རྒྱས་པར་འགྲེལ་པ་རྣམ་པར་བཤད་པའི་རྒྱན་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་བཟུང་བ། རང་བྱུང་རྡོ་རྗེས། རང་ཉིད་ཀྱིས་སྣང་བར་བྱ་བ་དང་། དགེ་བའི་བཤེས་གཉེན་མཁས་གྲུབ་དུ་མས་བསྐུལ་བ་དང་། ཁྱད་པར་དུ་ཡང་། དགེ་བའི་བཤེས་གཉེན་ཀུན་དགའ་བྱམས་པས་བསྐུལ་བ་ལ་བརྟེན་ནས་གསལ་བར་བྱས་པའོ། །འདི་ནི་པཎ་ཊི་ཏ་མ་ཧ་ཛྙྱ་ན་དང་། བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །སྤྲེལ་ལོ་ཟླ་བ་དང་པོ་ལ་བདེ་ཆེན་དུ་མཛད་པའོ། །ཱ། ཞུས་སོ།།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net