ངན་ཚོང་རས་པའི་རྣམ་པར་ཐར་པ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.
{{{1}}}

༄༅། །ངན་ཚོང་རས་པའི་རྣམ་པར་ཐར་པའོ། །[1]

༄༅། །ན་མོ་གུ་རུ། རྗེ་བཙུན་ངན་ཚོངས་རས་པའི་རྣམ་ཐར་ལ། དང་པོ་ཡབ་དེ་གསངས་སྔགས་རྙིང་པ་མཁན་གཅིག་ཡིན་པ་ལ། ཁོང་རང་གིས་མངའ་རིས་སྟོད་དུ་སློབ་གཉེར་ལ་ཕྱིན་པས། ཚད་མ་དང་སྤྱོད་ཕྱོགས་དང་། མདོ་འགྲེལ་མང་དུ་གསན་ཏེ། ཤེས་རབ་ཡང་ཆེ་བར་བྱུང་སྟེ། ལེགས་པར་བསླབས་ནས། ལོ་ཉི་ཤུ་རྩ་གསུམ་དུ་གཤེགས་སུན་དུ་བྱེད་པ་ལ། ཡབ་ཡུམ་འདས་ནས་དེར་གཤེགས་སུན་ཆགས་ནས་དཔེ་ཀུན་གུང་ཐང་གི་ལྷ་ཁང་གཅིག་ཏུ་ཕུལ་ནས། སྐྱོ་བ་སྐྱེས་ནས་རྗེ་བཙུན་མི་ལ་བྲག་དམར་ལིང་བ་ན་བཞུགས་པ་ལ་གདམས་ངག་ཞུས་པས། སྣོད་ལྡན་དུ་གཟིགས་ནས་རྗེ་བཙུན་མའི་བརྡའི་བྱིན་རླབས་དང་། དཔལ་བདེ་མཆོག་འཁོར་ལོའི་བརྡའ་དབང་བཞི་རྫོགས་པར་བསྐུར་ནས། ཡང་སྙིང་བདེ་མཆོག་སྙན་རྒྱུད་རྣམས་གནང་། ཁྱད་པར་དུ་ལུས་མེད་དྷ་ཀི་མའི་ཆོས་བསྐོར་དགུ་པོ་ལྔ་དར་ཀར་གྱི་ཡོལ་བའི་ནང་ནས་གསུངས་པ། བཞི་པོ་ཕྱིས་རས་ཆུང་བས་ཕྱིས་རྒྱ་གར་ནས་བྱུང་ནས་ལུས་མེད་ཀྱི་ཆོས་སྐོར་བཞི་པོ་དེ། བསྲེ་བའི་གདམས་པ་ཁྱད་པར་ཅན་དེ་རྣམས་ཆེ་བ་མ་བྱས་པར་ཞུས་སྐད་དོ། །དེ་ལྟར་མཛད་ནས། རྗེ་མི་ལ་ཆེན་པོ་ལ་བརྟེན་ཡུན་རིང་ཤིང་གདམས་པ་ཁྱད་པར་ཅན་དུ་འཕགས་པ་མངའ་བའོ། །དེར་རྗེ་ངན་ཚོང་རས་པས་རྗེ་བཙུན་མི་ལ་ལ་ཞུས། རྗེ་བཙུན་ཡིས་ཉམས་སུ་བླངས་པ་ལ། གཏུམ་མོ་ལ་ཉམས་ཀྱི་བྱེ་བྲག་དང་ཡོན་ཏན་ཅི་ལྟ་བུ་བྱུང་དྲིས་པ་ལ། བརྟེན་ནས་ཉམས་ཀྱི་གཏུམ་མོ་དྲིན་ལན་བཅོར་མ་དང་། མ་རིགས་གསལ་བྱེད་གནད་ཀྱི་གཟེར་བུ་གཉིས་གསུངས་སོ། །དེ་ནས་རྗེ་ངན་ཚོང་རས་པས་ཡང་སྙན་རྒྱུད་ལ་ཡི་གེར་བཀོད་དོ། །དེའི་སློབ་མ་ཁམ་པ་ངོ་ཁྲོ་ཙང་བཞེད་ལགས་སྐད་པ་གཅིག་བྱུང་བས། ཡང་ཟིན་རིས་བྱས་གསུངས། དེ་ལ་ཁོ་བོའི་སློབ་མ་ལ་སྟོད་པ་ལ་བ་ཅན་ཀྱིས་ཞུས་ཏེ་མདོར་ན་རྗེ་བཙུན་མི་ལའི་བུ་ཆེན་བརྒྱད་ཀྱི་ཆེ་ཤོས་ཡིན་པའོ། །དེ་ལ་ཐུགས་ཀྱི་སྲས་བཞི་ལ། གུང་ཐང་གི་མཉན་ཆུང་རས་པ། ལྕིམ་ལུང་གི་ངན་ཚོང་རས་པ། མདོ་བཀྲའི་སེ་བ་རས་པ། དྷ་མོའི་འབྲི་སྒོམ་རས་པའོ། དེ་དང་ཉེ་བའི་སྲས་བརྒྱད་ལ། ཞུགས་ཡས་རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་ཙས་ཕུ་བ། རས་པ་རྡོ་རྗེ་དབང་། གཉེན་སྒོམ་རས་པ། རོང་ཆུང་རས་པ། མཁར་ཆུང་རས་པ། གླན་སྒོམ་རས་པ་དང་བརྒྱད་དོ། དེ་རྣམས་ནི་རྗེ་བཙུན་མི་ལའི་སྐུ་ཚེ་སྟོད་ཀྱི་སློབ་མའོ། །སྐུ་ཚེ་སྨད་ལ། ཐུགས་ལས་འཁྲུངས་པའི་སྲས་བཞི་སྟེ། ལི་གོང་བྱེ་རུ་བ། འོར་སྟོན་དགེ་འདུན། དམ་པ་བརྒྱག་ཕུ་བ། མཉམ་མེད་རིན་པོ་ཆེ་དང་བཞི་སྟེ། རྗེ་ངན་ཚོང་རས་པས་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེངས་ནས་འདས་ཏེ། སློབ་མ་ཡང་མང་དུ་བསྙིན་བར་མཛད་གསུང་ངོ་། །བདག་གི་བླ་མ་ལ་སྟོད་པའི་སྐུ་སྐྱེ་བ་དིང་རིར་སྐུ་འཁྲུངས་ནས། ཆུང་རྒྱུན་ནས་ཆོས་ལ་དད་པ་གཅིག་བྱུང་སྟེ། གདུང་རུས་པ་ནི་གླན་ཡིན་གསུངས། དེ་ནས་ལོ་བཅུ་གསུམ་ལོན་ཙམ་ན། ཕ་དེ་ཤི་ནས་མ་དེས་གླང་སྐོར་དུ་ཡིག་རྩིས་སློབ་ཏུ་བཅུགས། དེ་ལས་ལོ་བཅུ་དགུ་ལོན་ཙམ་མ་དེ་ཡང་ཤི། ཉེ་བ་གཞན་གཤའ་མ་མེད། དེ་ནས་ད་ནི་ཆོས་གཅིག་བྱ་དགོས་འཇིག་རྟེན་འདིས་དགོས་པ་མེད་སྙམས་པ་སེམས་ལ་བྱུང་ནས། རྒྱལ་ཁམས་སུ་བླ་མ་གཅིག་ཚོལ་དགོས་སྙམས་ནས་ཕྱིན་བས་ཁོང་ལ་ལ་ན་རེ། རྗེ་བཙུན་མི་ལའི་ཐུགས་ཟིན་ཆེ་ཤོས་ངན་ཚོང་རས་པ་བྱ་བ་དེ་ད་ལྟ་བལ་པོ་རྫོང་གསེབ་ན་བཞུགས་ཟེར་བ་ཐོས་ནས་ཕྱིན་བས། རྗེ་རས་པ་ཆེན་པོ་དེས་ཐུགས་ལ་བཏགས་ནས། འཕྲལ་གྱི་ལྟོ་གོས་དང་ཆོས་དང་གསུམ་ཀ་གནངས་ནས། ལོ་ལྔ་བརྟེན་བའི་བར་དུ་བདེ་མཆོག་སྙན་རྒྱུད་ཀྱི་གདམས་པ་རྣམས་དབང་བྱིན་རླབས་དང་བཅས་པ་རྣམས་ཐུགས་ལ་བཏགས་ནས་གནངས། རྩང་རོང་ངོས་པ་གཅིག་ཞུ་ཤིང་འདུག་པ་ལ། བསྲེ་བའི་སྐོར་དང་། ལུས་མེད་མཁའ་འགྲོའི་གདམས་པ་དང་། དེ་རྣམས་དེ་གཤའ་མ་མི་གནང་བར་འདུག །དེ་ནས་རྗེ་བཙུན་དེ་འདས་པའི་དུས་སུ་ཡང་། གདུང་བཞུས་པས་རྣལ་འབྱོར་མའི་སྐུ་བྱོན། ནམ་མཁའ་འཇའ་དང་འོད་ཀྱིས་གང་། མཁའ་འགྲོ་མའི་སྒྲ་སྙན་ཀྱི་བསུ་བ་བྱུང་། དེ་ལ་སོགས་པའི་རྟགས་མང་པོ་བྱུང་ནས། ཁོ་བོའི་སེམས་ཀྱི་སྤྲོས་པ་གཅད་དེ། བླ་མ་དེ་ལ་སངས་རྒྱས་རང་ལས་གཞན་གྱི་འདུ་ཤེས་སྐད་ཅིག་ཙམ་ཡང་མ་བྱུང་གསུངས། ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་པར་འདུག་གསུངས་ཏེ། ཕྱི་མ་ངན་བུ་ཅི་ཙུག་བགྱི་ཞུས་པས། བུ་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཡིན་པས་མ་ཆགས་ཤིག །རྣམ་རྟོག་ཡེ་ཤེས་བདེ་ཆེན་ཡིན་པས་སྤང་དུ་མེད། །འཁོར་འདས་སེམས་ཀྱི་སྣང་བ་ཡིན་པས་ལོགས་ན་མེད། །ཅི་སྣང་ཕྱག་རྒྱ་ཆེན་པོ་ཡིན་པས་བསྒྲུབ་ཏུ་མེད། །ཅེས་གསུངས་ནས་གཤགས་སོ། །དེས་ནས་ངས་ཀྱང་བསྒྲུབ་པ་རང་བབ་ཞིག་བྱས་ཏེ། རི་ཁྲོད་དང་གངས་ཁྲོད་འབའ་ཞིག་འགྲིམས། དགུན་ཕལ་ཆེར་ཡང་བལ་པོ་རྫོང་གསེབ་ཏུ་བསྡད། དང་པོ་རས་མང་དུ་གྱོན། དེ་ནས་ཕྱིས་ད་རས་དེ་མངོན་མཚན་ཆེ་བར་འདུག་པས། རེ་བའི་གོས་ཀྱང་བག་རེ་གྱོན་པ་ཡིན། ང་ལ་འཇིག་རྟེན་པའི་སྣང་བ་འདི་ཡི་ཟང་ཟིང་གིས་དགོས་པ་མེད་དེ། རང་དགེ་སྦྱོར་ཅི་འཕེལ་བྱས། རྗེ་བཙུན་ངན་ཚོང་རས་པ་འདས་ནས། ཕྱི་དེ་ལོ་དེ་ལ་ཁོང་འདས་པའི་ཟླ་བ་དེར་སོང་ཙམ་ན། སྙིང་མ་དགའ་བ་གཅིག་བྱུང་ནས། བླ་མ་ལ་ཏིང་འཛིན་གྱི་པུ་ཙ་གཅིག་ཕུལ་ནས་གསོལ་བ་བཏབས་པས། བླ་མ་རྨི་ལམ་དུ་བྱོན་ནས་རྡོ་རྗེའི་མགུར་འདི་གསུངས། རྗེ་བླ་མའི་སྐུ་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་མཁའ་འགྲོའི་ཚོགས་ཀྱི་བྱིན་གྱིས་རློབས། །བདག་རྟོག་མེད་ཀྱི་རྣལ་འབྱོར་རས་པ་ལ། །བུ་སྙིང་སྟོབས་ཅན་དེ་གསོལ་འདེབས་པ། །སེམས་གདུང་བ་གཅོད་པའི་གླུ་འདི་ཉོན། ཁྱོད་འཇིག་རྟེན་གྱི་བྱ་བ་བློས་ཐོང་ལ། །རྩེ་ཅིག་སེམས་ཀྱིས་བསྒྲུབ་པ་གྱིས། །མ་མཁའ་འགྲོ་རྣམས་ཀྱིས་བར་ཆོད་སེལ། །རྣམ་རྟོག་གི་བདུད་ཚོགས་འབྲོས་པར་འགྱུར། གནས་རི་ཁྲོད་མཐོ་བ་འགྲིམ་ཙམ་ན། ཡིད་སྐྱོ་བའི་རླུང་གིས་བསྐྱོད་གྱུར་ཀྱང་། །བླ་མ་ལ་གསོལ་བ་རྒྱུན་དུ་ཐོབ། །བྱིན་རླབས་ཀུན་ཤུགས་ལས་འབྱུང་བར་འགྱུར། །མཚོ་བའི་མཐུན་རྐྱེན་ཉུང་བ་ན། །བདུད་རྩི་རྟོགས་མེད་ཀྱི་བཅུད་ལེན་གྱིས། །བརྒྱག་ཆུ་ལ་གྱིས་ཅིག་བརྩོན་འགྲུས་ཅན། །མཁའ་འགྲོ་རྣམས་ཀྱི་འཚོ་བ་སྦྱོར། །རིག་པ་བདེ་གསལ་དུ་ཤར་ཙམ་ན། །ཉམས་བཟང་ངན་ལ་མ་ཞེན་རྣལ་འབྱོར་པ། །རང་བྱུང་གི་ཡེ་ཤེས་ཆེན་པོ་ལ། །རང་གཞན་ཀྱི་དོན་རྣམས་རྫོགས་པར་འགྱུར། །དེ་གོའམ་རྟོགས་སམ་སྐྱེས་བུ་ཁྱོད། །སེམས་སྤྲོས་པ་ཆོད་ལ་ཉམས་མྱོང་སྐྱོང་། །ཞེས་གསུངས་པས། དུས་དེར་སྣང་བ་འདི་ལོགས་སུ་གྲུབ་པ་མི་འདུག །རང་གི་སེམས་འདི་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་ཅན་དུ་འདུག །གང་ལ་ཡང་བརྩོན་འགྲུས་དང་རེ་དོགས་བྱ་རྒྱུ་མེད། ད་རང་གི་སེམས་འདི་ཡེ་ནས་སངས་རྒྱས་གཅིག་རང་དུ་འདུག་སྙམས་པ་དང་། གཉིད་སད་ཙམ་ན། སྔར་མ་ཤར་བའི་རྟོགས་པ་ཁྱད་པར་ཅན་གཅིག་གཏིང་ནས་གོ་ནས་འདུག་སྟེ། བློ་དང་བྲལ་བའི་ལྟ་བ་གང་གིས་ཀྱང་མ་རེགས། མ་དམིགས། རྟོགས་པ་གཅིག་གོ་ནས་འདུག་སྟེ། དུས་དེ་ནས་ཏིང་ངེ་འཛིན་ཀྱི་རོ་ལ་ཆགས་པ་དེ་ཡལ། རིགས་པ་རང་དངོས་སུ་སོང་ནས་འདུག་གསུང་ངོ་། །དེ་ནས་དེ་བཀའ་བཞིན་བླ་མ་ལ་གསོལ་བ་བཏབས་ཤིང་རི་ཁྲོད་འགྲིམས། འཁོར་དང་ཟང་ཟིང་ལ་དགོས་པ་མེད་པས་མ་བསྐྱངས། ཆོས་གཅིག་པུ་འདི་ལས་མེད། བླ་མ་ཡང་གཅིག་པུ་དེ་རང་། སྣོད་ལྡན་གྱི་གང་ཟག་བྱུང་ན་གདམས་ངག་འདི་གཅིག་ལ་སྦྱིན་སྙམ་པ་ཡིན་ཏེ། ཁྱོད་ལ་སྦྱིན་པ་འདི་ཡིན། སྔར་ངས་བྱིན་པ་མེད། ད་རུང་དུ་ཡང་གཞན་སྦྱིན་སྙམ་པ་མེད། ད་རེས་ཁྱེད་དང་ཕྲད་པ་དེ་དགའ་བ་གཅིག་བྱུང་ན་ནི་ཙ་རི་ཙ་ཀོང་དེ་ལྟར་ཕྱིན་ནས་ཚུར་ལོག་པ་དེ་དོན་ཆེ། ཁྱེད་ཀྱི་འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་གཅིག་འོང་བར་འདུག་པས། ད་སྙན་རྒྱུད་འདི་བཀའ་རྒྱ་ཁྲོལ་བ་ཡིན་ཏེ། དེ་སྐད་གསུངས་ནས་བླ་མ་དགུང་ལོ་བདུན་ཅུ་དོན་བརྒྱད་ལོན་པ་དང་། རིན་ཆེན་གླིང་པ་དང་འཕན་ཡུལ་རྒྱལ་དུ་མཇལ་ཙ་ན། ཡང་སྐུ་ལུས་ཤིན་ཏུ་བཟང་བར་འདུག་པ་དང་། ད་རུང་ལོ་གཅིག་གཉིས་ཐུབ་རེ་གསུངས་ནས། གདམས་པ་རྣམས་ཞག་བདུན་གྱི་བར་ལ། ཙར་ཀྱི་ཚར་བར་གནང་བའོ། །གསང་བ་རིན་པོ་ཆེ་རྒྱས་བསྡུས་གཉིས་ཀྱི་སྐོར། རྒྱའི་སྡོམ་བུ་བ་བདག་གིས་གདམས་ངག་འདི་དང་ཕྲད་ལུགས་ནི། དང་པོ་ནས་འདི་ལ་མོས་པ་གཅིག་ཡོད་པ་ལ། མཁས་པར་ཤེས་པ་མ་བྱུང་། དེ་ནས་སློབ་དཔོན་རིན་ཆེན་གླིང་པ་ལ་ཞུས་པས་མ་གནང་ནས། ཁོང་གི་སློབ་མ་ཁྱུང་ཚང་བའི་ལུགས་ཤེས་པ་གཅིག་ལ་ཞུས་དེ་ལ་སྐོར་དྲུག་ཏུ་བཅས་པ་རྒྱ་ཆེ་བར་འདུག །དེའི་ལུས་མེད་ཀྱི་ཆོས་ཞུས་ཙམ་ན། རྨི་ལམ་གྱི་ལྟས་ཁྱད་པར་ཅན་བྱུང། དེ་ནས་སྙལ་དུ་ཕྱིན་དུས་སུ། ཙང་དུ་འགྲོ་ཙམ་ན། རྨི་ལམ་དུ་རྗེ་མི་ལ་རས་པ་དཔོན་སློབ་གསུམ་དང་མཇལ་ནས། ནམ་མཁའ་ན་མར་ལ་གར་ཐབས་དང་བཅས་ནས། །འདི་སྐད་གསུངས། ཀྱེ་རྟོགས་པར་གྱིས་གཅིག་རྣལ་འབྱོར་པ། །བརྗོད་དུ་མེད་པའི་རང་བཞིན་ལ། །སྤྲོས་པའི་ཚིགས་དང་ཡི་གེའི་རྒྱན། །དོན་སྙན་རྒྱུད་བརྡ་ཡི་དགོངས་པ་དེ། །རྗེ་བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་རྗེ་གུང་ཐང་བའི་ཆགས་ཕྱིར་ཕྱིན་ནས་རྗེ་དང་དམ་པ་དི་རིང་མཇལ་བའི་མདང་གི་རྨི་ལམ་ན། ལྷོ་ཕྱོགས་དཔལ་གྱི་རི་ལ་རྗེ་རི་ཁྲོད་དབང་ཕྱུག་ནམ་མཁའ་ལ་བཞུགས་པ་མཐོང་ནས་གསོལ་བ་བཏབས་པ། ནམ་མཁའ་ལ་གཟིགས་དང་གཅིག་མཛད། ཕྱག་ཡུག་ཡུག་མཛད་ནས། ཁོ་རང་ནམ་མཁའ་ལ་ཞི་ནས་སྤྲིན་དངས་པ་བཞིན་སོང་ནས་ང་སྙམ་ནས། དེ་རྣམས་བརྡ་རུ་འདུག དོན་སྐྱེ་མེད་ནམ་མཁའ་ལྟ་བུར་ཤེས་པར་གྱིས་གཅིག་པའི་བརྡར་གོ །དེ་ནས་བླ་མ་དང་མཇལ་བས། ཁྱོད་ལ་ཁ་ཟིན་ཞག་བདུན་གྱི་ནུབ་མོ་དེ་ཅི་འདྲ་བ་གཅིག་བྱུང་གསུངས་པས། མོས་པ་ཁྱད་པར་ཅན་སྐྱེས། རི་ཁྲོད་པའི་བརྡ་དང་ཕྱི་ལུས་མེད་དྷ་ཀི་མའི་ཆོས་དགུ་པོའི་བརྡར་འདུག །ངས་ཀྱང་བླ་མ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། བླ་མ་དེ་ལ་དད་གུས་བྱེད་གསོལ་བ་འདེབས་པ་ཡིན། ཁོ་རང་གི་མཚན་དྲིས་པས། གསང་མཚན་འདོད་ཆགས་རྡོ་རྗེ་ཡིན་གསུངས། མ་བཤད་གཅིག་གསུངས་ཏེ་གྲགས་པ་ནི། ལ་བ་པ་ཞེས་གྲགས་སོ། །དེ་ལྟར་བརྒྱུད་པའི་བླ་མ་དང་། བདག་རང་དང་དོན་གྲོལ་བྱེད་ལས་བསྟན་པར་བྱ། །ལྡོམ་བུ་པའི་བན་དྷེ་ཡོན་ཏན་བཟང་པོས། བླ་མའི་ཡོན་ཏན་ཅི་སྐད་གསུངས་པ་ལྟར་ཡི་གེར་བཀོད་པའོ།། ཱ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net