Ngb-pt-0937-vol-10-text

From Rangjung Yeshe Wiki Texts
Revision as of 07:16, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

བཅོམ་ལྡན་འདས་རྡོ་རྗེ་བསྐལ་པའི་བདག་པོ་ལ་ཕྱག་འཚལ་ལོ། །སྲིད་པར་བཅས་པའི་འཇིག་རྟེན་དང་། །ཐུགས་རྗེར་བཅས་པའི་ཕོ་བྲང་ཀུན། །སྤྲུལ་པའི་འཁོར་ལོ་འོད་འབར་བའང་། །མངོན་སུམ་སངས་རྒྱས་མཁའ་ལ་ཤར། །ཕྱོགས་བཅུའི་འཇིག་རྟེན་མང་པོ་ནས། །སྤྱན་དྲངས་ལ་སོགས་རྩོལ་བའི་ནད། །བདེ་བ་གསལ་བའི་ཐིག་ལེ་ལས། །སངས་རྒྱས་གཞན་དུ་མི་རྩོལ་ལོ། །སེམས་དང་ཆོས་ལས་སངས་རྒྱས་གཞན་ན་མེད། །མཉམ་ཉིད་ནམ་མཁའ་ལྟ་བུའི་རང་བཞིནལས། །སྣུ་ཚོགས་མཚན་མ་རྡུལ་དུ་བརླག་པའི་ཕྱིར། །ཕྱག་རྒྱའི་ཚོགས་ཀྱང་བསྐལ་པའི་མེ་ལྟར་འབར། །ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ལས། །རྩོལ་བའི་སྡུག་བསྔལ་རྒྱ་མཚོའི་རླབས་དང་འདྲ། །ཆོས་སོ་ཅོག་གི་ང་བོ་ཉིད། །མ་བཙལ་བཞག་པས་རྡུལ་དུ་བརླག །ཐམས་ཅད་བདག་ཉིད་རང་གི་ལྷ། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ལ། །དུས་གསུམ་མཉམ་སྦྱོར་འབྱུང་འཇུག་མེད། །མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར། །ཕྱི་ནང་སྤྱོད་ཡུལ་མ་ལུས་པ། །མཉམ་དག་ལྷུན་གྱིས་གྲུབ་པ་ལ། །དུས་གསུམ་མཉམ་པར་བཞག་པ་ནི།།བཅིང་དུ་མེད་པའི་ཕྱག་རྒྱ་ཡིན། །མི་ཕྱེད་་ག་ལེར་གཅིག་པ་ལ། །དུས་གསུམ་འབྱུང་འཇུག་མེད་པ་ནི། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །བསྲུང་དུ་མེད་པའི་དམ་ཚིག་མཆོག ཁམས་གསུམ་ངོ་བོ་རང་རག་དབྱིངས། །ཕྱོགས་བཅུ་རྒྱ་དང་བྲལ་བ་ཡི། །བཅོས་པ་མེད་པའི་འཁོར་ལོ་ལ། །མ་བཀོད་ཤར་བའི་དཀྱིལ་འཁོར་མཆོག །ཐམས་ཅད་མངོན་སུམ་ཤར་བ་ཡང་། །བྱིན་རླབས་མཐུ་ལ་མི་ལྟོས་པར། །ཡིད་བཞིན་ལྷུན་གྱིས་གྲུབ་པ་ནི། །བསྔོ་དང་བྲལ་བས་མཆོད་པའི་མཆོག །རྟོགས་པའི་རྒྱལ་མཚན་ཤར་བའི་ཕྱིར། །ཐམས་ཅད་ངོ་བོ་བདག་ཉིད་སྐུ། །དོན་ལ་རིམ་པས་མི་འགྲུབ་པས། །ཐོགས་པ་མེད་པ་དབང་གི་མཆོག །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །གཡོ་ཞིང་བསྐྱོད་པའི་ཆོས་རྣམས་ཀུན། །རང་བྱུང་སྤྲུལ་པ་བསམ་ཡས་ཀྱིས། །བྱ་བྱེད་མེད་པའི་ཕྲིན་ལས་ཕུལ། །མི་དམིགས་བྱམས་པ་ཆེན་པོ་སྟེ། ། མཐའ་ཡས་ཐུགས་རྗེ་ཆེན་པོ་ཡིན། །རབ་འབྱམས་བདེ་ལ་དགའ་བ་སྟེ། །སྟོང་ཉིད་གསལ་བ་བཏང་སྙོམས་སོ། །གསང་སྔགས་ཆེན་པོའི་ཁྱད་པར་ནི། །རང་རིགས་རྒྱལ་བའི་ཐུགས་རྗེ་ཡིས། །བག་་གས་རྡུལ་དུ་བརློག་པ་དང་། །མཚན་མ་ཟིལ་གྱིས་གནོན་པ་ནི། ཁྱུང་ཆེན་མཁའ་ལ་ཐོགས་མེད་པས། །སྟེང་འོག་རིམ་གྱིས་མི་བགྲོད་དེ། །སྣང་བ་དུས་གཅིག་གསལ་བ་ནི། །སྐྱེ་འགྲོ་འདུལ་བའི་གཉེན་པོ་ཡིན། །སེང་གེའི་སྐད་ལ་འཇིགས་མེད་པས། །གཅན་གཟན་རིམ་གྱི་མི་འདུལ་ཏེ། །གཞན་གྱིས་རྩོལ་བས་མི་ཆུང་པས། །དུད་འགྲོ་འདུལ་བའི་གཉེན་པོ་ཡིན། །རང་བཞིན་གསལ་བའི་བྱང་ཆུབ་སེམས། །རྒྱུ་འབྲས་རིམ་གྱི་མི་བགྲོད་དེ། ། བདེ་ཆེན་མཁའ་ལ་ཐོགས་མེད་པས། །རྣམ་རྟོག་སྒྲོལ་བའི་གཉེན་པོ་ཡིན། །བྱང་ཆུབ་སེམས་མི་འགྱུར་བའི་རྡོ་རྗེ། །ཐུགས་རྗེ་ཆེན་པོའི་དོན། །གནམ་སྤར་འདེབས་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཞྭགས་སོ། ། རྒྱ་གར་སྐད་དུ། བཛྲ་ཙཀྲ། བོད་སྐད་དུ། འཁོར་ལོ་རྡོ་རྗེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་