Ngb-pt-0935-vol-10-text

From Rangjung Yeshe Wiki Texts
Revision as of 07:16, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

དགོངས་པ་མ་ནོར་བཤད་པས་ནི། །ཚིག་གི་འཇམ་དཔལ་དམ་པ་ཡིན། །དོན་གྱི་འཇམ་དཔལ་དམ་པ་ཡིན། །དོན་གྱི་འཇམ་དཔལ་རྣམ་པ་གཉིས། །སངས་རྒྱས་དང་ནི་བདེ་ལེགས་དགོངས། །སངས་རྒྱས་སྐུ་དང་ཡེ་ཤེས་ཏེ། །འཇམ་དཔལ་ཆོས་སྐུ་གཉིས། །བདག་གཞན་གདུལ་བྱ་གཉིས་ཀྱི་དཔལ། །འཇམ་དཔལ་ཆོས་ཀྱི་དབྱིངས་ཞེས་བྱ། །མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། །ཡེ་ཤེས་རྣམ་གསུམ་དཔལ་ཡིན་ནོ། །འཇམ་དཔལ་ངང་ལ་དཔལ་གྱིས་སོ། །འཇམ་དཔལ་བཅོམ་ལ་དཔལ་གྱིས་ལྡན། །དེའི་དགོངས་པ་དང་སྦྱར་ན། །འཇམ་དཔལ་ངང་སྡེ་མ་བཅོས་གཡོས་པོ་དུ་མེད། །རང་བཞིན་མ་འགགས་སྐུ་དང་ཡེ་ཤེས་དཔལ། །མ་འགགས་དོན་ལ་སྦྱོར་བའོ། །འཇམ་དཔལ་ཞེས་ཀྱང་དེ་ལ་བྱ། །དོན་གྱི་འཇམ་དཔལ་ཀུན་མཐུན་ཏེ། །ཚིག་རྒྱུད་ལེའུ་བཅུ་པས། རྒྱད་དང་ལྔའི་བདག་ཉིད་ཅན། ཞེས་གསུངས་སོ། །འཇམ་དཔལ་བཤད་པའི་རྒྱུད་ལས། འཇམ་དཔལ་སྤྱིའི་བསྟན་པ་སྟེ། ལེའུ་དང་པོའོ།། །།དེ་ནས་ཡང་སྟོན་པས་གསུངས་སོ། །རྡོ་རྗེ་འཛིན་པ་ངོས་ཟུངས་ཤིག །ཡེ་ཤེས་ལ་ཡང་རྣམ་པ་གཉིས། །ཚིག་དང་དོན་དུ་སྟོན་པ་ཡིན། །དོན་གྱི་ཡེ་ཤེས་རྒྱུ་ཡང་ལྔ། །ཡང་ན་གཉིས་སུ་བསྡུས་པ་ཡིན། །ཕྲ་འབྱུང་མེད་དང་ཡེ་ཤེས་དང་། །དམན་པའི་དོན་ཀྱང་དེ་བཞིན་ནོ། །ཚིག་གི་ཡེ་ཤེས་རྫོགས་ཆེན་ལུང་། །གཞན་གྱི་ཡེ་ཤེས་དོན་མི་ཤེས། །རྫོགས་ཆེན་ཡེ་ཤེས་གཏན་འབེབས་པས། །ཡེ་ཤེས་དོན་གྱི་ངོ་བོ་གསལ། །ཡེ་ཤེས་ཞེས་ཀྱང་དེ་ལ་བྱ། །རྒྱན་ཞེས་བྱ་བ་རྣམ་པ་གཉིས། །བརྗོད་བྱ་དོན་དང་། །བརྗོད་བྱེད་ཚིག །ཚིག་གི་རྒྱན་ནི་རྣམ་པ་གཉིས། །འཇམ་དཔལ་ཚིག་ལ་རྫོགས་ཆེན་ལུང་གི་བརྒྱན། རྫོགས་ཆེན་ཚིག་ལ་འཇམ་དཔལ་ལུང་གིས་བརྒྱན། གཅིག་ལ་མཛེས་གསེར་ལ་གཡུལ་སྦྲང་འདྲ། །དོན་གྱི་རྒྱན་ནི་རྣམ་པ་བཞི། །ཆོས་ཉིད་དག་ལ་ཆོས་ཀྱི་སྐུ་ཡིས་བརྒྱན། །ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་གདངས་དང་ཆས་པས་བརྒྱན། །ཡེ་ཤེས་གདངས་ལ་ཐུགས་རྗེའི་གཟུགས་སྐུས་བརྒྱན། །ཐུགས་རྗེའི་སྐུ་ལ་བསྟན་པའི་སྙིང་པོས་བརྒྱན། །རྒྱན་ཞེས་བྱ་བ་དེ་ལྟར་རོ། །ཅེས་གསུངས་སོ། །འཇམ་དཔལ་བཤད་པའི་རྒྱུད་ལས། ཡེ་ཤེས་རྒྱན་གྱི་བཤད་པ་སྟེ། ལེའུ་གཉིས་པའོ། །དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ། དགོངས་པ་ཞེས་ནི་ཅི་ལ་བགྱི། འདུས་པ་ཞེས་པ་ཇི་ལྟར་ལགས། ཐུགས་རྗེ་ཆེན་པོས་གསུངས་དུ་གསོལ། ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པས་ངོས་ཟུངས་ཤིགསྤྱདགོངས་པ་ཞེས་པའི་བྱ་བ་ནི། །གདུལ་བྱའི་བསམ་པ་ལ་དགོངས་ནས། །རབ་འབྲིང་བློ་དང་སྦྱར་ནས་སུ། །ཐ་མ་རྣམ་ལ་མཚན་ཉིད་སྡེ་གསུམ་བསྟན། འབྲིང་ལ་གསང་སྔགས་ཕྱི་ནང་བསྟན། རབ་ལ་ཨ་ཏི་མ་ནར་བསྟན། དགོངས་པ་ཞེས་ཀྱང་དེ་ལ་བྱ། །འདུས་པ་བྱ་བ་རྣམ་པ་གཉིས། །སྤྱིའི་དགོངས་པ་ཚད་དུ་འདུས། །མཚན་གྱི་དགོངས་པ་ལེའུ་ལྔར་འདུས་པས། །འདུས་པ་ཞེས་ནི་བྱ་བའོ། །ཅེས་འཇམ་དཔལ་བཤད་པའི་རྒྱུད་ལས། དགོངས་པ་འདུས་པའི་དོན་བཤད་སྟེ། ལེའུ་གསུམ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ། མཚན་བརྗོད་ཞེས་ཀྱང་ཅི་ལ་བགྱི། །ཐུགས་རྗེ་ཆེན་པོས་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གི་བཀའ་སྩལ་པ། །ལག་ན་རྡོ་རྗེས་ངོས་ཟུང་ཞིག །མཚན་དང་བརྗོད་བྱེད་རྣམ་པ་གཉིས། །མཚན་གྱི་སྐུ་དང་ཡེ་ཤེས་མཚན་ནས་བརྗོདཔ་་་། རྟོགས་པའི་ཡེ་ཤེས་རྒྱུད་ལ་ཤར། ཚིག་གི་མྱིད་ཀྱི་མཚན་བརྗོད་པས། རང་གིས་དོན་གྱི་དགོངས་པ་ལོངས། །བརྗོད་བྱེད་སྤྱི་རྒྱུད་ཆེན་པོ་ཡིན། །མཚན་བརྗོད་ཞེས་ཀྱང་དེ་ལ་བྱ། །ཅེས་གསུངས་སོ། །འཇམ་དཔལ་བཤད་པའི་རྒྱད་ལས། མཚམ་བརྗོད་ཀྱི་དན་བཤད་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་སྣ་དྲངས་ནས་བསྐོར་བ་བྱ་སྟེ།འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་རྡོ་རྗེ་འཆང་། རྒྱུད་གསུམ་མཚན་གྱི་ངེས་དགོངས་ཀྱིས། བདག་གཞན་དོན་གྱི་སྣང་བ་གསལ། །རྒྱུད་ཆེན་མཚན་དོན་དགོངས་ལ་བཀྲོལ། །འགྲོ་བའི་མགོན་པོ་རྗེ་ཡི་རང་། །ཅེས་གསུངས་སོ། །འཇམ་དཔལ་བཤད་པའི་རྒྱུད་ལས། རྗེས་སུ་ཡི་རང་བ་སྟེ། ལེའུ་ལྔ་པའོ།། །།འཇམ་དཔལ་བཤད་པའི་རྒྱུད་ལས། དོན་གྱི་སྒྲོན་མ་བསྟན་པའི་ལེའུ་སྟེ། ཡང་སྙིང་རྫོགས་སོ།།