Ngb-pt-0889-vol-09-text

From Rangjung Yeshe Wiki Texts
Revision as of 07:14, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བྱ་སྒྲི་ཏྲ་བཛྲ་ཡཀྟ་ཏནྟྲ། བོད་སྐད་དུ། གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདས་པ་ཀུན་གྱི་སྔོན་རོལ་ན་འབྱུང་བ་རླུད་ཚ་གྲང་འཐབ་པའི་བར་ན། མི་མེན་གྱི་སྲིན་པོ་དང་ཤ་ཟན་གྱི་སྲིན་མོ་བཤོས་པ་ལས། སྲིད་པའི་བུ་མོ་ལྔ་བྱུང་། བུ་མོ་ཆེ་བ་དང་ཕྱག་ཡ་བདུད་ཀྱི་རྒྱལ་པོར་བཤོས་པ་ལས། བུ་རྡོ་རྗེ་ལེགས་པ་སྐྱེས། དེ་ཡང་གནམ་ལོ་ཕག་གི་ལོ་ལ་དགུན་ཟླ་འབྲིང་པོའི་ཚེས་གྲངས་བཅུ་བདུན་གྱི་ནུབ་མོ་ལ་སྐྱེས་སོ། །སྐྱེས་ནས་ཞག་ལྔ་ལོན་པའི་ནང་པར་བུ་དེས་སྨྲས་པ། མ་ངའི་ཟས་སྐལ་ནི་གང་ཡིན། ངའི་འཐུང་སྐལ་ནི་གང་ཡིན།ངའི་ལས་སུ་ནི་ཅི་ཞིག་བྱ་ཞེས་སྨྲས་པ་དང་། མས་བུ་ལ་སྨྲས་པ། །བུ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ཟས་སུ་ནི་སྟག་གི་སྙིང་ཟོ། རའི་སྙིང་ཟོ། བྱི་ལའི་སྙིང་ཟོ། ཁྱོད་ཀྱི་ལས་དཔལ་ཆེན་པོའི་བསྟན་པ་བསྲུང་བའི་གྲོགས་གྱིས་ཤིག་ཅེས་སྨྲས་ནས། བུ་ལ་ཅེར་བལྟས་པས། བུའི་སྙིང་ཁ་ནས་སྨེ་བའི་རྡོ་རྗེ་ནས་ཙམ་པ་ཅིག་སྐྱེས་ནས་འདུག་སྟེ། མས་བདུད་ཀྱི་མཚན་མཁན་ལ་མཚན་རྟོག་ཏུ་བཅུག་སྟེ། མཚན་མཁན་ན་རེ་བུ་འདི་ལེགས་ཏེ། རྡོ་རྗེའི་རིགས་ལས་སྐྱེས་པ་ཡིན་པས་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་ཞུས་ཤིག་ཅེས་ཟེར་རོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྟན་པ་མི་ནུབ་པའི་རྒྱལ་མཚན་དུ་དབང་བསྐུར། གསང་མཚན་རྡོ་རྗེ་ལེགས་པ་ཞེས་བཏགས་ནས། སངས་རྒྱས་སྟོང་རྩ་ལྔ་མ་ཐེམས་བར་དུ་ཕྱག་ན་རྡོ་རྗེའི་བསྟན་པ་མ་ནུབ་བར། འཇིག་རྟེན་གྱི་ཁམས་འདི་དབང་བྱེད་པ་དང་ལས་ཀྱི་གནོད་སྤྱིན་དུ་དབང་བསྐུར་ནས། བསྟན་པ་བཤིག་པའི་སེམས་ཅན་ཙམ་དམྱལ་ཐག་ཆོད་པར་བཀའ་བསྒོའོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་དང་པོའོ།། །།གསང་བའི་བདག་པོས་བཀའ་སྩལ་པ། །གང་ཞིག་རྣལ་འབྱོར་ལས་ཅན་གྱིས། །རྡོ་རྗེ་ལེགས་པ་བསྒྲུབ་པའི་ཕྱིར། །རྫས་ཀྱི་བསག་ཐབས་བསྟན་པར་བྱའོ། །ཞེས་གསུངས་ཏེ། །རྫས་རྣམ་པ་བཞི་བསག་སྟེ། ཕྱི་རྟེན་གྱི་རྫས་བསག་པ་དང་ནང་གནོད་སྤྱིན་གྱི་རྫས་བསག་པ་དང་།གསང་བ་མཆོད་པའི་རྫས་བསག་པ་དང་། བླ་རྡོ་གཟུང་བའོ། །ཕྱི་བསྟེན་པའི་རྫས་ནི་ར་ལ་བརྟེན་ཏེ། ཞུར་པོ་ལག་དཀར་རྒྱ་བོ་མིག་བཞི། ཁམས་པ་རོག་པོ་འགལ་ཁ་ལ་རྟེན་ཏེ། རྔ་མ་སྔོན་དམར་གྱིས་བརྒྱན་ཏེ་སྲོག་གི་སྙིང་པོ་གདགས། མངའ་གསོལ་ལོ། །ནང་གི་དམ་རྫས་བསག་པ་ནི། ར་གསོབ་ལ་རྔ་མ་སྔོན་དམར་གྱིས་བརྒྱན་ཏེ་ཁར་ལིང་ཁ་གཞུག །ཁ་དགྲ་ཕྱོགས་སུ་བསྟན། སྨྱུག་རྒོད་ལ་མདའ་བྱ་རྒོད་མ་བྱས་ལ་དར་ལེ་བརྒན་དང་། བསེའི་བྱང་བུ་དང་། སྐྱེས་པའི་སྙིང་དང་། ར་སྙིང་དང་། བྱི་ལའི་སྙིང་དང་། སྟག་དྲུག་མའི་སྙིང་གདགས་སོ། །གསང་བའི་མཆོད་རྫས་བསག་པ་ནི། ཕྱིའི་ཚུལ་དུ་མཆོད་པ་ནི་བཤོས་བུ་ལ་བརྒྱན་རྣམ་པ་མང་པོས་བརྒྱན་ལ། སྦྱན་གཟིགས་དང་གསེར་སྐྱེམས་ཀྱི་མཆོད་དོ། །ནང་མཆོད་པའི་རྫས་ནི། ཤ་ཁྲག་དང་། དབང་པོ་རྣམ་པ་ལྔ་དང་། ཨ་མྲི་ཏ་དང་། རྭ་གསུར་གཏང་ལ་བླ་རྡོ་གསང་བའི་དམ་རྫས་བསག་པ་མི། རྡོ་ཕ་ཝང་ལོང་བུ་ལ་ཏྲི་ཏྲི་ཏྲི་གསུམ་བྲིས་ལ་བྱིན་གྱིས་བརླབ། དར་ལེ་བརྒན་ལ་སྲོག་སྔགས་བྲིས་ལ་བླ་རྡོ་དྲིལ། དེ་ནས་སྙིང་གསུམ་དང་རྫས་གསུམ་དུ་བཅས་ལ་རིའི་སྙིང་ཤུན་དུ་དྲིལ།དེ་ནས་ཟ་འོག་ཁུག་མར་དྲིལ། དེ་ནས་ཕྱིང་ཁུག་ཏུ་བཅུག་ལ་མཆན་ཁུང་དུ་གདགས། ཟངས་མའི་ཁབ་དང་སྤུ་གྲི་ཡང་གཟན་ལྤགས་སུ་བཅུག་ལ། སྙིང་གསུམ་པོའི་ཕྱི་མའི་འཐུམ་བུ་དང་བཅས་པ་ནི་གསང་བའི་མཆོད་རྫས་ཏེ། མཆོད་རྫས་གསུམ་པོ་གང་གིས་མཆོད་ཀྱང་། ཏིང་ངེ་འཛིན་གྱི་སྐྱེས་བུའི་མཆོད་རྫས་ཐམས་ཅད་བྱིན་གྱིས་བརློབ། རྡོ་རྗེ་སྟག་མདའི་རྒྱུད་ལས་རྫས་བསག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྐྱེས་བུ་རྡོ་རྗེ་ལེགས་པ་ཡི། །བསྟེན་ཐབས་རྣམ་པ་གསུམ་དུ་བཤད། །ཅེས་གསུངས་ཏེ། །བསྟེན་པའི་ཐབས་ལ་གསུམ་སྟེ། ཇོ་བོ་ལྟར་བསྟེན་པ་དང་། གྲོགས་པོ་ལྟར་བསྟེན་པ་དང་། བྲན་ལྟར་བསྟེན་པའོ། །དེ་ལ་ཇོ་བོ་ལྟར་བསྟེན་པ་ནི། ཁྱོད་ཀྱི་ཇོ་བོར་འཛིན་ཏོ། །ལྷར་འཛིན་ཏོ། །དུས་འདི་ནས་བཟུང་ནས་བདག་སྐྱབས་འོག་གཞུག་ཏུ་གསོལ་ལོ་སྙམ་སྟེ་ཁས་ལེན་པའོ། །གྲོགས་པོ་ལྟར་བསྟེན་པ་ནི།སྐྱེས་བུ་ཆེན་པོ་དང་བདག་ཉིད་སྐྱེ་བ་སྔ་མའི་ལས་ཀྱིས་ཀྱང་འབྲེལ། སློབ་དཔོན་གྱི་དམ་ཚིག་གཉན་པོས་ཀྱང་འབྲེལ། །དཀྱིལ་འཁོར་གཅིག་ལ་བལྟས་ནས་དམ་ཚིག་གཅིག་པར་བསམས་ཏེ། གྲོགས་པོ་ཁྱོད་ཀྱང་དམ་ལས་མ་འདའ་ཞིག །ང་ཡང་དམ་ལས་མི་འདའ་འོ། །བྲན་ལྟར་བསྟེན་པ་ནི། ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པའམ། བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་མཐུན་པའི་དམ་རྫས་ཐོགས་ལ། ཏིང་ངེ་འཛིན་གྱི་དབང་དུ་བསྡུས་ཏེ་ལས་མྱུར་དུ་གྱིས་ཤིག །བྱས་པ་ཙམ་གྱིས་ལས་ལ་འགྲོའོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། བསྟེན་པའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདི་གསུངས་སོ། །རྣལ་འབྱོར་གང་ཞིག་ལས་ཅན་དེས། །རྡོ་རྗེ་ལེགས་པ་བསྒྲུབ་འདོད་ན། །སྒྲུབ་ཐབས་རྣམ་པ་གསུམ་དུ་གསུངས། །ཞེས་གསུངས་ཏེ། དེ་ལ་མཐུན་སྦྱོར་ར་ལ་བསྟེན་ཏེ་བསྒྲུབ་པ་དང་། རྩལ་ཆེན་སེང་གེའི་གཟིར་ལ་མནན་ཏེ་བསྒྲུབ་པ་དང་། མགྱོགས་པ་ཤ་ཁྱི་ལས་ལ་འགྱེད་པ་ལྟ་བུའི་བསྒྲུབ་པའོ། །དེ་ལ་མཐུན་སྦྱོར་ར་ལ་བརྟེན་པའི་སྒྲུབ་པ་ནི། ས་བྱིན་གྱིས་བརླབས་ལ་གནས་གང་ཡིན་པ་དེར་མ་ཏྲ༷་གི་སྙིང་ཁར་ཨེ་གྲུ་གསུམ་བཅའ། མཐའ་མ་རྩང་གིས་བསྐོར་ལ། ར་སྤུ་རྟགས་ཅན་ཅིག་མདུན་དུ་བཞག་ལ། བདག་ཉིད་ལྷའི་ང་རྒྱལ་དུ་བྱས་ལ། ཨོ་བཛྲ་སྭ་ ་ས་མ་ཡ། ཨོ་ཧྲི་དུ་མྱ་ར་ཡ་ཛ་ཛ། སྲོག་ཐུག་ཐུག་མྱ་ར་ཡ་ཛ་ཛསྲོག་རྦུད་རྦུད་མྱ་ར་ཡ་ཛ་ཛ། ཤ་ལ་དུ། ཁྲག་ལ་དུ། དམ་ལ་་་ག་ཛ་ཛ། ཞེས་བཟླས་ཏེ། མཚན་མ་རབ་འབྲིང་ཐ་མ་གསུམ་གང་བྱུང་བ་དང་། ཨ་པར་སད། ཨེ་པར་སད། ཨ་ལོ་ཨ་སྤར་ཨ་སྐྱིམ། ཐི་སྒྲུར་སོད། ནི་སྐྲུར་སོད། ཨ་ལོ་ཨ་སྤར་ཨ་ཐིམ། ཞེས་ཡང་ཆང་ཕུད་དགོད་མ་ཉམས་པར་ལ་གཏོར་བས་མཚན་མ་བྱུང་བ་དང་། ཅི་ལྟར་འདོད་པ་བཞིན་འགྲུབ་བོ། །བླ་རྡོ་བཅའ་བ་དང་། རྟེན་བཅའ་བ་དང་། རྦད་པའི་ལས་བྱའོ། །བོད་རྦད་གསད་གསུམ་དྲིལ་ལ་བཟླས་སོ། །རྩལ་ཆེན་སེང་གེའི་གཟིར་ལ་མནན་པ་ལྟར་བསྒྲུབ་པ་ནི། མ་ཏྲ༷་བཅས་ལ། བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་བསྒོམ་པའི་ཐུགས་ཁ་ནས་ཡི་གེ་ཧཱུཾ༷་གཅིག་འཕྲོས་པས། ཧཱུཾ༷་དེ་ཇེ་ཆེ་ཇེ་ཆེ་སོང་བ་ལས། མི་ནག་པོ་འབྲོ་ཞུ་ཆེན་པོ་གོན་པ་སེང་གེ་དཀར་མོ་ལ་ཆིབས་པ། ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་བསྣམས་པ། གཡོན་ན་དགྲ་སྙིང་ཆང་པར་འཆང་བ། ལྕགས་ཀྱི་རལ་པ་ཡོད་པ། རལ་པའི་གསེབ་ན་དུ་བ་ཕྱུར་བ། མིག་གཡས་པ་ཉི་མ་ལ་བྱས་པ། གཡོན་པ་ཟླ་བ་ལ་བྱས་པ། སྨ་ར་སེར་པོའི་རྩེ་ལ་བསྐལ་བའི་མེ་སྟག་འཕྲོ་བ། ཞལ་ནས་སྲོག་གཅོད་པའི་སྔགས་ཟློས་པ། དཔྱིད་ཟླ་གསུམ་ལ་རླུད་ནག་ཚུབ་མའི་སྣ་འདྲེན་པ། དབྱར་ཟླ་གསུམ་ལ་ཆར་སྤྲིན་གྱི་ནང་ན་བཞུགས་པ། སྟོན་ཟླ་གསུམ་ལ་ལྕགས་ཀྱི་སེར་བའི་སྣ་འདྲེན་པ། དགུན་ཟླ་གསུམ་ལ་ཁམས་གསུམ་སེམས་ཅན་གྱི་སྲོག་འཕྲོག་པའོ། །སྐྱེས་ངོ་མར་གྱི་བདུད། བུ་མོན་ཆུང་གི་རྩེ་སྟེ། དགྲ་བོ་དམ་ཉམས་ཐུན་བུར་ཐུན་བར་བསམས་ཏེ། མ་ཏྲ༷་གི་སྙིང་ཁའི་འབྲུབ་ཁུང་དུ། ར་ཤ་ལག་པ་གཡས་པ་ཅིག་ལ་ལིང་ཀ་སྦྱར་ཏེ་དུག་མདའ་བརྡེག །འབོད་པའི་སྔགས་ཀྱིས་བོད་པ་དང་། རྦད་པའི་སྔགས་ཀྱིས་རྦད་པ་དང་། གསད་པའི་སྔགས་ཀྱིས་གསད་པ་དང་། གསུམ་ཀ་དྲིལ་བ་རྣམས་ནི་ཤེས་པར་བྱའོ། །མགྱོགས་པ་ཤ་ཁྱི་ལས་ལ་འགྱེད་པ་ལྷ་བུའི་བསྒྲུབ་པ་ནི། ཕྱི་རྟེན་དང་། ནང་རྟེན་དང་། གསང་བའི་རྟེན་དང་། བླ་རྡོ་བཅའ་ཐབས་དང་། མ་ཏྲ༷་བཅའ་བའི་ལས་རྣམས་གོང་ལྟར་བྱས་ལ། སྐྱེས་བུ་གནད་ནས་བསྐུལ་ཏེ། །བུ་ལྟར་གསོ་ལ་ཁྱི་ལྟར་རྦད་དོ། །སྲོག་གི་སྙིང་པོ་རབ་ནི་ཇོ་བོས་ཁོལ་པོ་ཁོལ་བ་དང་འདྲ། སྲོག་གི་སྙིང་པོ་འབྲིང་པོས་མ་བུ་ལ་སྐད་སྒྲོག་པ་དང་འདྲ། ཐ་མས་སྐྲུད་ལའམ་གྲོགས་པོ་འབོད་པ་དང་འདྲ། དེ་བས་ན་སྲོག་གི་སྙིང་པོ་མ་ནོར་བ་གལ་ཆེའོ། །རྦད་སྔགས་རབ་ཀྱིས་བྲན་ཉན་བརྩོན་ལ་ཇོ་བོས་ལས་ལ་གཏད་ན། སོད་བྱས་ན་གསོད། རྐུས་བྱས་ན་རྐུ། རྒྱོབ་བྱས་ན་རྡེག །རྦད་སྔགས་འབྲིང་གིས་ཉི་མ་གཅིག་གི་འདན་པ་ལས་འཆོལ་དང་འདྲ། འདན་པ་མི་དགའ་བ་བདག་པོས་མི་བྱེད །བདག་པོ་མི་དགའ་བ་འདན་པས་མི་བྱེད། རྦད་སྔགས་ཐ་མ་ནི་གཉེན་སྙིང་ཉེ་བ་གཉེན་སྨོས་གཏང་ནས་ལས་འཆོལ་བ་དང་དམག་རེ་བ་དང་འདྲའོ། །གསང་སྔགས་རབ་ཀྱི་ནི་ཤ་ཁྱི་བཟང་པོས་རི་དགས་་།ར་བ་མེད་པ་དང་འདྲ། གསང་སྔགས་འབྲིང་ནི་རྩལ་པོ་ཆེ་མདའ་འཕེན་པ་དང་འདྲ་སྟེ། སུམ་གཉིས་ལ་འཕྲོག་གོ །གསང་སྔགས་ཐ་མ་ནི་རྐུན་པོ་ཞགས་ཐོགས་འདྲ་སྟེ། ཕྱེད་ལ་ཟིན་ཕྱེད་ལ་མི་ཟིན་ཏེ། དེ་བས་ན་བོད་རྦད་གསད་གསུམ་གྱི་སྔགས་མ་ནོར་བ་གཅེས་སོ། །བཛྲ་སྭ་རྙུ་ས་མ་ཡ། བཛྲ་སྐྱེས་མཆོག་གི་ཐིག་ལེ་རྩལ། བཛྲ་གིང་ཀ་ར་ཧྲིང་ཧྲིང་། བཛྲ་ས་རྙུ་ས་མ་ཡ། ཡག་ཤ་གིང་ཀ་ར་ཙིསྟ་ཛ་ལ་ར༷་བཛྲ་ཀྲ་མ་ནི་ཤི་ནི། ས་མ་ཡ་རྙུ་ཡ། བཛྲ་ས་རྙུ་ས་མ་ཏྲི་ཏྲི། ཡག་ཤ་བཛྲ་ས་རྙུ་ས༷་ཡ་ཏྲི་ཏྲི། བཛྲ་ས་རྙུ་ས་མ་ཡ་བྲ་ན་རྦད། ཐུ༷་ཚལ་གུར་གུར་རྦད། ཏྲི་ཡང་དུ་སྨྱོ། གིང་ཀ་ར་ཡ་པ་རི་བྲག་ཁ༷་སྨྱོ། ནི་མར་ན་ཡ་དུ་ནི་ཛ།བཛྲ་ས་རྙུ་ས་མ་ཡ། རྦད་ཏྲི་རྦད་ཏྲི་ཛ། འུར་བ་འུར་བ་རྒྱུག་ཏྲི་རྒྱུག་ཏྲི་ཛ། བཛྲ་ས་རྙུ་ས་མ་ཡ་སྲོག་ལ་རྦད་ཏྲི་ཛ། གིང་ཀ་ར་ས་མ་ཡ། མུ་ལ་རཀྟ་ཙིརྟི་རྦད་སྨྱོ། སྲོག་ཤི་ཀ་རར་མྱ་ར་ཡ་རྦད་སྨྱོ། བཛྲ་ས་བྱུ་ས་མ་ཡ་རྦད་རྦད་སྨྱོ། ཆེ་གེ་མོ་ལ་ས་མ་ཡ་སྲོག་རྩ་ཆོམ་མ་ར་ཡ ས་མ་ཡ་ཛ་ཛ། དང་པོར་བོད། བར་དུ་རྦད། ཐ་མ་གསད། སྒྲུབ་ཐབས་རྣམ་པ་གསུམ་ཧྲིལ་གྱིས་དྲིལ་ལ་བྱ། སྔགས་རྣམ་གསུམ་ཧྲིལ་གྱིས་དྲིལ་ལ་བཟླས་སོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ནི་འདི་གསུངས་སོ། །སྐྱེས་བུ་བསྒྲུབ་པའི་དྲོད་ཚད་བཅུ་དྲུག་བཤད་པར་བྱ། གྲུབ་པའི་ཚད་བརྒྱད་མ་གྲུབ་པའི་ཚད་བརྒྱད་དེ། དམ་ཅན་གྱི་གྲུབ་ཚད་བརྒྱད་ལ། ཉམས་སུ་ལྷང་ལྷང་འོང་བ་དང་། ཅི་བྱེད་པ་ཡིད་ལ་དྲན་པ་དང་། སེམས་ལ་ཅི་སྨོན་པ་བཞིན་དུ་འོང་པ་དང་། བསམ་པ་ཅི་ཡང་ཐོགས་པ་མེད་པར་འགྲུབ་པ་དང་།རྨི་ལམ་རྣོ་བ་དང་། སེམས་ཅན་ཐོགས་པ་མེད་པར་སོད་པ་དང་། འོད་དང་སློབ་དཔོན་དུ་རྫུ་བ་དང་། སྤྱང་ཁུར་རྫུ་བ་དང་། དེ་རྣམས་དགྲ་ལྷ་གྲུབ་པའི་རྟགས་བརྒྱད་ཡིན་ནོ། །མ་གྲུབ་པའི་རྟགས་བརྒྱད་ལ། སྙིང་མི་དགའ་བ་དང་། ངུ་སྙིང་འདོད་པ་དང་། ཁྲོ་སྙིང་འདོད་པ་དང་། བློ་བུ་དུ་ནད་དྲག་པོ་འོང་བ་དང་། སྙིང་གཏད་པའི་མི་དགྲར་ལྡང་བ་དང་། བཟུང་ཡང་མི་ཐུབ་པར་འཕྲོས་པ་དང་། ར་གསོབ་མི་ནོན་པ་དང་། སྒྲུབ་པ་པོ་ནང་འཐབ་པ་ནི་མ་གྲུབ་པའི་རྟགས་བརྒྱད་དོ། །དེ་ཡང་འོད་དཀར་ལ་འཁྱུད་པ་དང་། འོད་དམར་ནག་ཏུ་འོང་བ་དང་། དམར་ལ་འཕྲོ་བ་དང་། སེམས་ཅན་ལ་བརྡེག་སྙིང་འདོད་པ་དང་། ལིང་ག་ལ་རྒྱབ་སྙིང་འདོད་པ་ནི་ལས་གྲུབ་པའི་རྟགས་ཡིན་པས། སངས་ནང་པར་ཉི་མ་ཟེར་ཀ་ལ་ལིང་ག་སྲེག་པ་དང་། འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ལ་དཔང་གཟུགས་སོ། །གནོད་སྦྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། མཚན་མ་དྲོད་ཚད་ཀྱི་ལེའུ་སྟེ་ལྔ་པའོ།། །།རྣལ་འབྱོར་གང་ཞིག་ལས་ཅན་དེས། །རྨི་ལམ་དམོད་ཐབས་བཞི་རུ་གསུངས། །བདག་ལམ་རིངས་སུ་འགྲོན་གདབ་པ་དང་། བྲུབས་བྱེད་ན་གདབ་པ་དང་། དམག་འདྲེན་ན་གདབ་པ་དང་། སྲིའུ་འམ་ནད་པའི་སྔགས་སུ་གདབ་པའོ། །དེ་ལ་བདག་ལས་རིངས་སུ་འགྲོ་ན་ནུབ་མོ་ཉལ་ཀར་ཟན་དྲོན་མོའི་དབུས་ཀྱུ་བྱས་ལ། ཤ་ལག་དང་གཡས་པ་ལ་ཆང་ཕུད་སྤྱན་གཟིགས་ལ་སོགས་པ་སྡེར་མ་འགའ་བན་ཅིག་ཏུ་བསག །རས་གཙང་མས་ཁ་དགབ། ཁོའི་བློ་རྡོ་ཡང་བཞག་སྨྱུག་མ་ལ་བགས་བུ་རྩེ་མོར་བཏགས་ལ་ནས་བྲེ་གང་ལ་གཟུགས། སྐྱེས་བུ་ཆེན་པོ་བདག་ལམ་རིངས་སུ་འགྲོ་བས་མཐུན་པའི་དམ་རྫས་བཞེས་ལ། བདག་གི་དོན་འགྲུབ་ན་རྟགས་དང་མཚན་མ་བཟང་དུ་སྟོན་ཅིག །དོན་མི་འགྲུབ་ཅིང་ཉེས་གྱོད་འོང་ན་ངན་དུ་སྟོན་ཅིག་བྱ། སྲོག་གི་སྙིང་པོ་ནས་བོས་ལ་བསྐུལ་ཡང་བྱ། བསྟོད་པ་ཡང་བྱ། རྨི་ལམ་གདབ། བཟང་ངན་གྱི་ལྟས་ཇི་ལྟར་ཡིན་པར་འོང་ངོ་། །རྨི་ལམ་ཐེབས་དང་ཡ་བཏགས་རྣམས་ས་གཙང་སར་ཆོ་འབྲང་སྟོན་ལ་གཏང་ངོ་། །བྲུབས་ཆེན་པོ་བྱེད་ན་ར་ཐོད་སྐམ་པོའི་ནང་དུ་སྙིང་གསུམ་དང་། ཆང་ཕུད་དང་། རའི་དབང་པོ་ལྔ་ཕྱེ་མར་བཏགས་ལ་ཀླད་ཁུང་དུ་བླུག ཀླད་ཁུང་ལྕེས་དགག །ཚོན་སྐུད་ཀྱིས་བཅིང་། སྔས་ཀྱི་འོག་ཏུ་དོང་ཁྲུ་གང་པ་རྐོང་ལ། དེར་བཅུག་ལ་སྲོག་གི་སྙིང་པོ་ནས་བོད། དགྲ་བོ་འདི་ལ་རྟགས་ཕྱིན་ནམ་མི་ཕྱིན། །ཕྱིན་ན་ཅི་ཙམ་ན་འོང་ཞེས་དམོད་ལ། ཅི་ལྟར་དམོད་པ་ལྟར་འོང་ངོ་། །རྨི་ལམ་ཐིབས་པ་དང་ཐོད་པའི་རྫས་རྣམས་སྟོན་ལ་མཆོད་འབྲས་བྱའོ། །ནད་པའི་སྔས་སུ་འདེབས་སམ།སྲིའུ་སོས་མི་སོས་ལྟ་ན་སྔས་སུ་བཤོས་བུ་དང་། མངོན་ཆ་དང་། སྤྱན་གཟིགས་བཤམས། མདའ་ལ་དར་སྣ་བཏགས་པ་ཅིག་སྔས་སུ་བཙུགས་ལ། མི་རྣམས་ཉལ་བ་དང་ཀོག་བོ་དམོད་བཙུགས་ལ་སྲོག་གི་སྙིང་པོ་ནས་བོད་དོ། །ནད་པ་འདི་ཤི་སོས་སྟངས་ཆོད་བྱའོ། །ཅི་ལྟར་དམོད་བཙུགས་བཞིན་ལྟས་སྟོན་ནོ། །དམག་ཆེན་པོ་འདྲེན་པ་ལ་སྣ་ལྔ་ཞིབ་ཏུ་གྱོན་ལ། ལག་པ་གཡོན་དུ་དར་མདུང་ཐོགས་ལ། ལག་པ་གཡས་པས་ཆང་ཕུད་འཐོར་ཞིང་བོས་ན། རང་མི་སྨས་པ་དང་གཡུལ་ལེགས་ཉེས་ཅི་ལྟར་འོང་བ་སྟོན། གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། རྨི་ལམ་གདབ་པའི་ལེའུ་སྙེ་དྲུག་པའོ།། །།དེ་ནས་ཡང་ནི་འདི་གསུངས་ཏེ། མི་གནོད་པ་ནི་རྣམ་པ་གསུམ་སྟེ། རང་ལ་མི་གནོད་པར་བྱ་བ་དང་། འཁོར་ལ་མི་གནོད་པར་བྱ་བ་དང་། རྟ་ཕྱུགས་ལ་མི་གནོད་པར་བྱ་བ་དང་། དེ་ཡང་རང་ལྷའི་རྣལ་འབྱོར་ལ་གནས་པར་བྱ་བ་དང་། ཁོའི་ཆོ་འཕྲུལ་བཟང་ངན་གང་བྱུང་ཡང་རྣམ་པར་མི་རྟོག་པ་འམ། །ལྷའི་ང་རྒྱལ་ལ་གནས་ན་རང་ལ་མི་གནོད་དོ། །འདིས་ཕན་ནམ་སྙམ། གནོད་དམ་སྙམ། མི་འགྲུབ་བམ་སྙམ་ན། མི་འགྲུབ་པ་དང་བར་ཆད་གཉིས་ཀ་འབྱུང་ངོ་། །འཁོར་ལོ་མི་གནོད་པར་བྱ་བ་ནི། མཁོན་ལ་གཟབ། ཕུད་ལ་གཟབ། དེ་ལྟར་མ་བྱས་པར་མཁོན་བྱ་ཤིང་ཕུད་ལ་མ་གཟབས་ན། །སྲིས་ཆང་དང་ཞོ་ཆུང་གང་ཡང་ཁོས་འཁྱེར། །བློ་བུར་དུ་ནད་དྲག་པོ་འོང་། །ཚིག་པ་ཟ་ཞིང་སྙིང་མི་དགའ། སྨྱོ་འབོག་འོང་། རྟ་ཕྱུགས་ལ་མི་གནོད་པར་བྱ་བ་ནི། ཁོའི་དམ་རྫས་ཚང་བར་བྱས་ལ། ཕྱུགས་ཅི་ཡོད་པ་ཁོ་ལ་བཅོལ། བཤོས་བུ་གཏང་། གཏད་ཉེར་བྱ། དེ་ལྟར་མ་བྱས་ན། ཁོ་ལ་རྩིས་ཆུང་བྱས་ན། ཁོས་ལྕགས་ཀྱི་སྦྱང་པོ་འུར་པར་རྫུས་ནས་རྟ་ཕྱུག་ཀྱི་གཅན་དུ་འགྲོའོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། ཁོ་དམ་ལས་མི་ལྡོག་པ་ཐབས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདི་གསུངས་སོ། །གང་ཞིག་སྲིའུ་གསོ་འདོད་ན། རྡོ་རྗེ་ལེགས་པ་ཁོ་ལ་བཅོལ་ཅེས་ཏེ། སྲིའུ་གསོ་བའི་ཐབས་ལ་གསུམ། རྒྱུན་སྔགས་ཏིང་ངེ་འཛིན་གྱི་གསོ་བ་ནི། རང་ལྷའི་རྣལ་འབྱོར་གང་ཡིན་པའི་སྔགས་དང་སྐྱེས་མཆོག་གིས་སྤེལ་མར་དྲང་ངོ་། །གཏོར་མ་གཏོང་དུས་སུ་ཡང་གཞུག་ལ་ཁོ་ལ་སྔོ། དམོད་བཅོལ་བྱའོ། །དེས་སོས་ཏེ་འོང་། རྔན་པ་བྱིན་ཞིང་གསོན་སྲིའུའི་དྲུང་དུ་ནམ་ཉལ་ཉལ་ཁོ་ལ་རྔན་པ་རེ་རེ་སྤྱིན། བཤོས་བུ་བརྒྱད་ཅན་ཁྲུ་གང་པ་རེ་རེ། ཆང་ཕུད་རྒོད་རྣམས་ཀྱིས་ཁོ་ལ་མཆོད་ཅིང་དམོད་བཅོལ་བྱའོ། །དེ་ལྟར་བྱས་ན་སོས་ཏེ་འོང་། རྟེན་བཙུགས་ནས་གསོ་བ་ནི། ར་སྤུ་རྟགས་ལེགས་ཅན་ཅིག་ཁོ་ལ་སྔོ། བཤོས་བུ་དང་ཆང་ཕུད་ལ་དམོད་བཅོལ་བྱས་ལ། སྐྱེས་བུ་ཆེན་པོ་ཁྱོད་ལ་ར་འདི་རྔན་པར་སྟེར་བས་བུ་འདི་རྐང་པུ་ཚུགས་ཅིག་བྱས་ལ། ར་དང་བཙན་བཤོས་བུ་གཏང་། ཆང་ཕུད་གཏོར་རོ། །དེ་ལྟར་བྱས་ན་སོས་པར་འགྱུར་རོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། སྲིའུ་གསོ་བའི་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་འདི་གསུངས་སོ། །སློབ་མ་དམ་ལས་ལོག་པ་དང་། །ལེ་གུ་འོ་བསན་ལོག་བྱེད་པ་དང་། ཁྲ་ཁྲག་མནའ་ལས་ལོག་པ་གསུམ། །སྐྱེས་བུ་ཆེན་པོ་ཉིད་ལ་གཏད། ཅེས་ཏེ་སློབ་མ་དམ་ལོག་བྱེད་ན་ཕག་གི་ཐོད་པར་སློབ་མའི་མིང་དང་གཟུགས་བཅུག་ལ། སྐྱེར་པ་དང་། རམ་བུ་དང་། སྒོག་པ་དང་། ཉུང་མའི་ས་བོན་དང་། གུ་གུལ་ནག་པོ་དང་། འབའ་ཚ་རྣམས་ཕག་ཐོད་དུ་བླུགས་ལ་ཚོན་སྐུད་ཀྱིས་བཅིངས་ལ། དེའི་སྟེང་དུ་ཤོགས་ཞིག་ལ་སྐྱེས་བུའི་མིང་བྲིས་ལ། སློབ་མ་འདི་དམ་ལས་ལོག །ཕུང་དུ་ཆུག་བྱས་ལ་ཤགས་གདགས། ཤེང་རྐང་གཅིག་གི་རྩར་སྦས་ན་ཕུང་ངེས་སོ། །ལེ་ཁུ་བོ་བསེན་ལོག་བྱེད་ན། གླང་མའི་བྱང་བུ་མཐོ་གང་བ་ཅིག་ལ། སྟོད་དུ་ཁྲག་གིས་སྒྲུབ་བྱའི་མིང་བྲི། བར་སྣག་ཚས་སྐྱེས་བུའི་མིང་བྲི། སྨད་ནས་ར་ཁྲག་གམ་ཁྲག་གང་ཡང་འདྲ་སྟེ། ངའི་ལེ་ཁུ་བོ་འདིས་ཁྱོད་སྤངས་སོ། །འདིའི་སྲོག་གི་ཤན་པ་གྱིས་ཤིག །སྒོའི་ནོར་ལ་ལྕགས་ཀྱི་སྤྱང་མོ་བྱེ་བྲིས་ལ་ཉལ་སར་སྦས་ན་ཕུང་ངོ་། །གྲོགས་པོ་མནའ་ལས་འགལ་ན་དུག་དང་། གུ་གུལ་དང་། འབོབ་ཁུས་མིང་བྱང་བྲིས་ལ། བུད་མེད་མི་གཙང་བའི་དོར་མས་དྲིལ་ལ། སྔར་གྱི་ཤིང་ངམ། ལྷ་ཁང་ངམ་། ཆུ་མིག་མནའ་ཆད་བྱས་པའི་ས་ཡོད་ན་དེར་སྦས་སོ། །དེ་མེད་ན་གར་གཉན་སར་སྦས་ལ། གྲོགས་པོ་འདི་ཡིས་མནའ་ལས་འགལ་བས་འདི་ལ་ཆད་པ་ཆོད་ཅིག་བྱའོ། །དེས་ཕུང་ངེས་སོ། །གནོད་སྦྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། དམ་ལོག་དམ་ཉམས་བསྒྲལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འདི་གསུངས་སོ། །གང་ཞིག་ལས་ཅན་རྣལ་འབྱོར་པས། །སྐྱེས་བུ་ཆེན་པོའི་མངོན་ཤེས་བསྒྲུབ། །ཅེས་པས། གང་རྣལ་འབྱོར་བ་སྐྱེས་བུ་ལ་བཟླས་པ་དེས། འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་བར་བྱ་བ་དང་། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མཐོང་བ་དང་། རང་ལ་གཞན་གྱིས་བུག་པ་ཐོས་པ་བྱ་བའི་ཐབས་ལ། རའི་མགོ་བོ་དང་དབང་པོ་དང་མ་བྲལ་བ་ཅིག་དང་། ཤོག་བུ་ཅིག་ལ་སྐྱེས་བུ་ལྷའི་བུ་ཆ་བྱད་ལ་ལུས་ལ་མིག་བརྒྱ་རྩ་བརྒྱད་ཀྱིས་གང་བ། ཁམས་གསུམ་ཐམས་ཅད་སྤྱན་གྱིས་གང་བར་བྲིས་ལ་རའི་ཐོད་པར་གཞུག །རྡོ་ཕ་ཝང་ལོང་བུ་ཅིག་ལ་ཏྲི་ལིང་ཏྲི་ལིང་། སྨྱོ་གཟུང་སྨྱོ་གཟུང་།ས་ལེ་ས་ལེ། ཞེས་བྱ་བ་བྲིས་ལ་ཐོད་པར་གཞུག །ཐོད་པའི་ཁ་གཅོད། མེ་ལོང་ལ་མདའ་བྱ་རྒོད་མ་ཅིག་ལ་དར་སྣ་བཏགས་ཏེ། ཤོག་བུ་ཚོན་གང་བ་ཅིག་ལ། བཛྲ་ས་རྙུ་ཏྲི་པ་པ་རི་དུན་དྲི། ཞེས་བྱ་བ་བྲིས་ལ་མདའ་ལ་གདགས། ཨོ་བཛྲ་ས་རྙུ་ཏྲི་པ་བ་རི། དུན་ཏྲི་ཨེ་རྩལ་དུ་ལ་དུན་ཏྲི་མ་ཧོ་ ར་རི། ཨ་པ་རི་པ་རི། ཨ་ཁ་ལེ་ས་ལེ་ས་ལེ། ཛ་ཛ་ཕྲོ་ཕྲོ་ཨ་པ་ར་ཏུ་ནི། ཁམས་གསུམ་མཐོང་བའི་དངོས་གྲུབ་བདག་ལ་གསོལ། བདག་གི་འདོད་པ་མ་སྒྲུབས་ན། ཁྱོད་ཀྱང་དམ་ཚིག་ཉམས་པར་འགྱུར། །དེ་བས་བདག་ལ་དངོས་གྲུབ་གསོལ། །ཅེས་འབོད་ཅིང་བསྒྲུབ་ན། མིག་རྣོན་དང་། སྣ་གསང་དང་། ཉམས་དངོས་གྲུབ་སྟེར་རོ། །ར་ཐོད་དེ་རྟག་ཏུ་ལྟར་གཟུངས། དུས་ཁྱད་པར་ཅན་ལ་བཤོས་བུ་བཏང་། ་།ག་གུ་གཉིས་ཁ་གོང་ཁུག་ཡིས་ཡོན་དུ་བཞུགས། མདས་གཡབ་ཅིང་མེ་ལོང་ལྟ། གཡས་སུ་ཉན་པར་བྱ། གཡོན་དུ་བལྷ་བར་བྱ། མཐོང་ཐོས་གཉིས་ཀ་འོང་ངོ་ མིས་མ་ཚོར་བ་གལ་ཆེ། མངོན་ཤེས་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འདི་གསུངས་སོ། །གང་ཞིག་སྐྱེས་བུ་བསྒྲུབ་པ་དེས། །དམ་ཚིག་དགུ་ནི་བསྲུང་བར་བྱ། །ཞེས་གསུངས་ཏེ། སྤྱང་ཁུའི་ཐོད་པ་ཁ་ཁྲག་གིས་བྱུགས་ཏེ། ར་སྙིང་གི་ནང་དུ་དགྲའི་མིང་བྲིས་ལ་གཞུག །ར་སྙིང་སྤྱང་ཐོད་ཀྱི་ཁར་བརྩིགས་ལ་སྔོན་དམར་དཀྲི། སྤྱང་ཐོད་སྐྱེས་བུར་བསམ། ར་སྙིང་དགྲ་སྙིང་དུ་བསམ། དེ་སྐྱེས་བུས་གསོལ་བར་བསམ། བལ་ཚོན་ནད་ཀྱི་སྤྲིན་སྐྱེས་བུའི་ཁ་རླངས་སུ་བསམ་པ་དང་། བསྒྲུབ་པའི་དུས་སུ་ཆང་ཕུད་རྒྱུན་དུ་གཏོར་བ་དང་གཉིས། ར་གསུར་རྒྱུན་དུ་གཏང་བ་དང་གསུམ། གུ་གུལ་གྱི་དུད་པ་གཏང་བ་དང་བཞི། མཁོན་ལ་གཟབ་པ་དང་ལྔ་། བྱི་དང་ཡུག་མོ་བསྲུང་བ་དང་དྲུག །མདོ་གཙང་སྤྱོད་པ་ཤ་མི་ཟ་བ་དང་བདུན། རང་གི་གོས་དྲོད་མ་ཡལ་བ་མི་ལ་མི་བསྐོན་པ་དང་བརྒྱད། སྟན་དྲོད་མ་ཡལ་བ་མི་ལ་མི་འདིང་བ་དང་དགུའོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། གསང་བ་དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདི་གསུངས་སོ། །རྣལ་འབྱོར་སྐྱེས་བུ་བསྒྲུབ་པ་དེས། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །ཧཱུཾ༷། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས། །གདོད་ནས་མ་སྐྱེས་རང་བཞིན་དག་པའི་སྐུ། །མཉམ་ཉིད་རིག་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་བསྲུང་ཞིང་ལེགས་ཉེས་སྟང་འཛིན་པའི། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྟེ། །འཇིག་རྟེན་སྐྱོང་བའི་ལྷ་ལ་ཕྱག་འཚལ་བསྟོད། ཁྱོད་ནི་ཡབ་ཡུམ་དམུ་བདུད་བཤོས་པའི་སྲས། །བདུན་ཚིགས་མཐའ་རུ་སྤྱུགས་པས་སངས་རྒྱས་ཆོས་དང་མཇལ། །ལྷ་མི་ཀུན་གྱིས་དབང་བསྐུར་རྫུ་འཕྲུལ་ཅན། །ཆོས་བྱེད་དམ་ཉམས་མནའ་ཟན་རྣམས་ཀྱི་གཤེད། །སྐྱེ་བོའི་དགྲ་ལྷ་དགྲ་བོའི་གཤེད་མ་ཞེས། །གཞན་གྱི་མ་བཅོས་ཉིད་ཀྱི་ཞལ་བཞེས་པ། །ལེགས་ཉེས་སྟང་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད། །དོན་དམ་ངེས་པའི་བདེན་པ་མ་མཐོང་ཡང་། །སྐྱེས་མཆོག་ཁྱད་པར་ཅན་གྱི་གང་ཟག་གིས། །དབང་བསྐུར་མིང་བཏགས་ལས་ཀྱི་གཉེར་གཏད་པ། །ཆོས་སྐྱོང་སྲུངས་མ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གིས་ལས་དང་བསོད་ནམས་རྫུ་འཕྲུལ་གྱིས། །ལྷོ་ཡི་འཛམ་གླིང་ཁྱབ་ཅིང་ཀུན་ཏུ་རྒྱུ། ཁྱད་པར་བཞུགས་པའི་བོད་ཡུལ་ཡོངས་ཀྱིས་སྤེལ། །ཡུལ་ལྷ་གཉན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་ཐོག་མ་རང་གི་བག་ཆགས་བསམ། །སྨོན་ལམ་དམ་བཅའ་ཉངད་ཀྱི་མོས་པ་ཡིས། །རྒྱ་བོད་གཙང་བགྲོད་པ་ཡི་སྣ་འདྲེན་པ། །ཚོང་དཔོན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྐྱེ་བོ་འཐབ་རྩོད་གཡུལ་ཆེན་སྤྲོད་པའི་ཚེ། །གང་ཞིག་ཁྱོད་ལ་གསོལ་མཆོད་བྱེད་པ་དེས། །དམག་གི་རུ་བཟློག་ཕ་རོལ་གཡུལ་འཇོམས་པ། །དམག་དཔོན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི། །མུ་སྟེགས་བོན་སྨྲ་ཐོག་པར་བསྟེན་པ་དང་། །དེ་དང་མཐུན་པར་འཇིག་རྟེན་སྐྱོང་མཛད་པ། །ཐུན་མོང་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདི་ན་མཐུ་ཆེ་གང་ཡོད་ཀྱང་། །བཅོལ་བའི་ལས་རྣམས་མྱུར་དུ་མི་འགྲུབ་སྟེ། ཁྱོད་ནི་བདག་གི་རྟེན་ཅིང་ལས་བཅོལ་ལོ། །མྱུར་དུ་གྲུབ་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་བའི་གནས་ན་ལྷ་སྲིན་གཞན་རྟེན་ཡང་། །དགྲ་རྣམས་གསོད་ཀྱང་བདག་ལ་གནོད་པར་འགྱུར། ཁྱོད་ནི་གང་དང་འདྲིས་ན་རྟག་ཏུ་སྐྱོབས། །ཡུམ་གྱི་མགོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་མ་མཆོག་གཞན་རྟེན་ཡང་། །ཟུག་རྔུ་དྲག་ཅིང་རྟོགས་པ་རབ་ཏུ་ཆེ། ཁྱོད་ནི་མི་ནག་སྐྱེ་བོས་བསྒྲུབ་ན་ཡང་། །མཐུ་དབང་སྟེར་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། ཁྱོད་ནི་གསང་སྔགས་དམ་ཚིག་ཅན། །བདག་ཀྱང་དམ་སྲུང་དམ་ཚིག་མཉན་པོར་བསྲུངས། །མཉམ་པའི་དོན་གྱིས་བསྡུས་པའི་ཉེ་བ་ན། །དོན་དམ་མཚུངས་པའི་ལྷ་ལ་ཕྱག་འཚལ་བསྟོད། །སྤྱིར་ན་ཉིད་ཀྱི་མཐུ་དང་རྫུ་འཕྲུལ་གྱིས། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཏེ། །སྔགས་ཀྱི་ཕྱག་མཚན་ཕྱག་ན་རྡོ་རྗེ་བསྣམས། །རྡོ་རྗེ་ལེགས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ལས་ཀྱི་དབང་གིས་ར་ཡི་ཤ་ལ་དགྱེས། །ར་ཤ་ཁྲག་ཚིལ་རྟག་ཏུ་ཟས་སུ་གསོལ། །ར་ཡི་པགས་པ་ཉིད་ཀྱང་ན་བཟར་གསོལ། །སྐྱེས་བུ་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད། །སྤྱིར་ནི་ཉིད་ཀྱི་མཐུ་དང་རྫུ་འཕྲུལ་གྱིས། །གཅིག་ཏུ་མ་ངེས་གནས་སྐབས་ཐ་དད་ཀྱང་། །བཀའ་དང་བསྟན་པ་བསྲུངས་བར་ཞལ་བཞེས་པ། །གཙུག་ལག་དབེན་གནས་བསྲུང་ལ་ཕྱག་འཚལ་བསྟོད། །དད་པའི་ཡིད་ཀྱིས་གདུང་པའི་སྐྱེམས་ཕྱུང་ནས། །གུས་ཤིང་དད་པས་ལུས་ངག་སེམས་བཏུད་ནས། །ཡོན་ཏན་རི་རབ་སྙེད་ལས་རྡུལ་ཙམ་ཞིག །དད་པས་དད་གུས་ཕྱག་འཚལ་བསྟོད། །ཀུན་བཟང་ཐབས་ཀྱིས་སྐུ་ལ་ཁྱད་སྤྲུལ་ནས། བདུད་རྗེ་བརྒྱ་དང་མཚུངས་པར་མཐུ་བོ་ཆེ། །ལག་ནས་ཐོག་འབེབས་ཁ་ནས་སེར་ཆེན་སྒྱུག །ཐོག་སེར་སྐྱིན་ཐང་འབེབས་ལ་ཕྱག་འཚལ་བསྟོད། །གསང་བའི་གྱིང་ཆེན་བཅོ་བརྒྱད་ཀྱིས། །མངའ་བདག་ཆེན་པོ་གཟི་འབར་རྩལ། །སྟག་སྨད་སུམ་བརྒྱ་དྲུག་ཅུའི་འཁོར་གྱི་གཙོ་བོ་མཛད། །སྲོག་དབུགས་མདངས་ལ་དབང་བྱེད་པའི། །དགྲ་སྡང་སྲོག་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བཀའ་དང་ཤཱཀྱ་ཐུབ་པའི་གསུང་། །ལས་བཅོལ་གཉེར་གཏད་བཀའ་བཞིན་བསྟན་པ་བསྲུངས། །སྤོང་ལེན་མི་བྱེད་བཀའ་བཞིན་བསྒྲུབས་པ་ཡི། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་ལ་བསྟོད། །སྲོག་བརྒྱད་རང་ལ་རྫོགས་ཏེ་སྡེ་བརྒྱད་ངོ་བོར་ཤར། །ལྷ་སྲིན་ཕྱག་བརྙན་འགྱེད་ཅིང་སྤྲུལ་པ་ཕོ་ཉར་གཏོང་། །གནམ་ས་རི་ལུང་བར་སྣང་སྤྲུལ་པས་འགེངས། །ལྟས་ངན་ཆོ་འཕྲུལ་གཏོང་ལ་ཕྱག་འཚལ་བསྟོད། །འཇིགས་པའི་གཟུགས་ཅན་རྡོ་རྗེ་ལེགས་པ་ཁྱོད། །ཞལ་གྱི་ཚེམས་ཀུན་རྡོ་རྗེ་འོད་ཀྱིས་བརྒྱན། །སྐུ་ལུས་ཕྱག་སོགས་རྡོ་རྗེ་འོད་དཔུང་འཁྱིལ། །རྣལ་འབྱོར་དཀོར་རྣམས་བསྲུང་ལ་ཕྱག་འཚལ་བསྟོད། །ཅེས་བཞི་སྟོང་ཉི་ཤུ་རྩ་གཅིག་གི་བསྟོད་ཅིང་ལས་བཅོལ་ན། དོན་གང་ཡང་འགྲུབ་པར་ཐེ་ཚོམ་མེད་དོ། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཅུ་གའིས་པའོ།། །།དེ་ནས་ཡང་འདི་གསུངས་སོ། །གང་ཞིག་ལས་ཅན་སྐྱེས་བུ་དེས། །གསང་དང་གཏོད་དང་མཆོད་པ་བྱ། །གསང་བ་ལ་ཡང་རྣམ་གསུམ་སྟེ། །རང་ལ་རང་གིས་གསང་བ་དང་། །འཁོར་དང་སློབ་མ་ལ་གསང་བ་དང་། །སྤྱིར་གསང་བའོ། །མ་བསྟན་པ་དང་གསུམ། འདིའི་སྒོར་མ་ཞུགས་པ་དང་མི་མོས་པ་ལ་མི་བསྟན། སྐྱེ་བོ་དམ་མེད་ལ་མི་བསྟན། ཞེ་སྡང་གི་ཤས་ཆེ་བ་ལ་མི་བསྟན་ནོ། །གཏད་པ་ལ་ཡང་གསུམ་སྟེ། རང་གི་བུ་ལ་གཏད། སློབ་མ་ལ་གཏད། རོགས་པོ་སྙིང་རེགས་ལ་གཏད་དོ། །མཆོད་པའི་དུས་ཀྱང་བཞི་སྟེ། དཔྱིད་ཟླ་གསུམ་གྱི་བརྒྱད་ལ་མཆོད། །དགུན་ཟླ་གསུམ་གྱི་ཉ་ལ་མཆོད། །དབྱར་ཟླ་གསུམ་གྱི་སྟོང་ལ་མཆོད། །སྟོན་ཟླ་གསུམ་གྱི་ཉ་ལ་མཆོད། །གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་ལས། གསང་བ་གཏད་པ་དང་མཆོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གནོད་སྤྱིན་རྡོ་རྗེ་སྟག་མདའི་རྒྱུད་རྫོགས་སོ།། །།རྒྱ་གར་སྐད་དུ། ཨུ་པ་སི་ཀ་ཀ་ལ་ཤོ་ན་ཏནྟྲ་ནཱ་མ། བོད་སྐད་དུ། དགེ་བསྙེན་དགྲ་གསང་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་