Ngb-pt-0222-vol-03-text

From Rangjung Yeshe Wiki Texts
Revision as of 05:52, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

ཨུ་རྒྱན་གསང་བ་བརྡའི་སྐད་དུ། ༥གོསྟུརྔནསྔོ༷གམ་ བོད་སྐད་དུ། ཡི་དམ་གྱི་གསང་རྒྱུད་བཀའི་ཐ་རམ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཞི་བ་དང་། ཁྲོ་བོ་དང་། རྔམ་པ་དང་། ཡབ་དང་་ ཡུམ་དང་། སྲས་དང་། འཁོར་དང་། སྤྲུལ་པ་དང་། ཡང་སྤྲུལ་དུ་བཅས་པ་ལ་ཕྱག་འཚལ་ལོ། །དཀར་སེར་དམར་ལྗང་འཁྲིགས་པའི་ཀློང་། །དཔལ་ཆེན་རྔམ་པའི་དཀྱིལ་འཁོར་ནས། །ཞི་བའི་ངང་ལས་ཁྲོ་སྐུར་བཞེངས། །རྣམ་འགྱུར་ཆ་ལུགས་སྤྲུལ་པ་ཅན། །བཞད་པའི་ང་རོས་སྟོང་ཁམས་གང་། །བརྩེ་བའི་ཐུགས་རྗེ་ཆེར་འགྱེད་པ། །དཔལ་ཆེན་སྟོབས་ཀྱི་རྒྱལ་པོ་ཡིས། །ཉིད་ཀྱི་སྐུ་ཡི་དཀྱིལ་འཁོར་ནས། །རང་བྱུང་སྤྲུལ་པའི་འཁོར་ཤར་ཞིང་། །མདུན་དུ་རྣམ་པར་བཀོད་པ་ལས། །གསང་ཆེན་ཐ་རམ་འདི་གསུངས་པ། །ཨ་ལ་ལ་ཧོ། །སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ། །སྤྱི་གཙུག་དབྱིངས་ཀྱི་དཀྱིལ་འཁོར་དུ། །རབ་ཏུ་གསལ་བའི་འོད་ཤར་བ། །གཅིག་ཏུ་བཟླུམ་དང་དུམ་བུར་འཐོར། །ཟླུམ་པོ་ཉིད་ཀྱི་ཀློང་དུ་ཐིམ། །དེ་ཀུན་རང་རྩལ་རྫོགས་པའི་མགོན། །དུམ་བུར་འཐོར་བ་ཀུན་ཏུ་ཁྱབ། །ནམ་མཁའི་ཁམས་ཀུན་རབ་སྣང་བྱས། །མི་མངོན་དབྱིངས་ནས་རྣམ་པར་སྣང་། །མེ་ལས་མེ་དང་ཆུ་ལས་ཆུ། །རླུང་ལས་རླུང་དང་ས་ལས་ས། །ནམ་མཁའ་གཡོ་མེད་ཡོངས་ལ་ཁྱབ། །ཁྱབ་བདག་རང་བཞིན་དཀྱིལ་འཁོར་ཅན། །རལ་པའི་ཅོད་པན་རབ་གཟེང་པས། །ས་འོག་ས་སྟེང་ས་བླར་ཁྱབ། །སྤྲུག་ཅིང་རྣམ་པར་སྤྲུགས་པས་ཀྱང་། །འགྲོ་བའི་ལོ་ཏོག་སྨིན་མཛད་དེ། །སྒྱི་ཕུད་དང་པོར་གྱུར་པའོ། །ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། སྤྱི་གཙུག་རྣམ་པར་བལྟ་བའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།ཨ་ལ་ལ་ཧོ། །སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ། །མགྲིན་སྣང་གསུང་གི་དཀྱིལ་འཁོར་དུ། །སྒྲ་ཡི་བཀོད་པ་རབ་སྣང་བ། །སྨྲ་བའི་དབྱངས་དང་ཡང་དག་ལྡན། །ལྷ་དང་ལྷ་མིན་མི་དང་ནི། །དུད་འགྲོ་ཡི་དྭགས་དམྱལ་བའི་མཐར། །ཉིད་ཀྱི་གསུང་གི་དབང་པོ་ཡིས། །ཁྱབ་ཅིང་སོ་སོའི་མཐུན་སྣང་དུ། །སྐད་དང་སྒྲ་དོན་བཅས་པ་མཛད། །ས་དང་རྡོ་དང་ཤིང་བུ་དང་། །མེ་ཆུ་རླུད་ལ་སོགས་པ་ཡི། །སྐད་དང་སྒྲ་ལས་མངོན་པའི་ཚིག །གསུང་དང་བཅས་ཏེ་ཡང་དག་སྣང་། །པདྨའི་ལྗགས་དང་དུང་གི་ཚེམས། །བུམ་པའི་དཀྱིལ་དུ་དྲིལ་བ་ཡང་། །རྣམ་པར་བཀྲ་བའི་ལེ་བརྒན་ལས། །མ་འདྲེས་སྙིང་པོའི་ཚིག་ཏུ་གསལ། །དེ་ཀུན་ཡང་དག་གསང་བའི་མགོན། །མང་པོ་གཅིག་ཏུ་དྲིལ་བ་དང་། །གཅིག་ལས་རྣམ་པ་དུ་མ་སྤྲོས། །རིགས་དྲུག་འགྲོ་བའི་སྣང་བ་ཡང་། །སོ་སོ་པ་ལ་སོ་སོ་ཡི། །ལུས་ངག་ཡིད་རྒྱུད་སྨིན་པ་དང་། །ཡང་དགདེབཞིནཉིདབསྟནཏེ། །རྣམ་གྲོལ་ཡེ་ཤེསབདེཆེནབསྟན། །རང་ལ་རང་སྣང་ཉིད་བརྡལ་བས། །ལྷ་མི་ལ་སོགས་འགྲོ་བ་ཡི། །རང་སྣང་སྣང་བའི་དལ་རྒྱས་ནས། །རྣམ་པར་བལྟ་དང་རྣམ་པར་སྨྲ། །བསགས་པ་ཐམས་ཅད་ཟད་པ་སྟེ། །དེ་ནས་བསག་པ་མི་མངའ་ལ། །བསགས་འབྲས་མྱུར་དུ་འཇིག་པའོ། །སྙིང་པོ་སྔགས་སྤྱོད་གསང་བསྟན་པ། །གསང་ཞིང་རྣམ་པར་གསང་བ་ཡི། །གསང་བའི་སྙིང་པོ་མཆོག་ལ་རེག །ཀུན་རྫོབ་མཐའ་ཡང་དེ་བཞིན་སྟོང་། །དེ་ཡང་ལྗགས་ཀྱི་དབང་པོ་ཡི། །ལོངས་སྤྱོད་མགྲིན་པའི་དཀྱིལ་འཁོར་ལས། །གསང་སྔགས་དཀྱིལ་འཁོར་རབ་འཁྲུགས་པས། །སྟོབས་ཀྱི་ནུས་པ་རྣམ་པར་སྨིན། །བཀྲོལ་བ་མེད་ཀྱང་རང་གྲོལ་དང་། །བཅིང་བ་མེད་ཀྱང་ཞིག་པའོ། །རབ་ཏུ་འཁྲུགས་པར་གྱུར་རྣམས་ཀྱང་། །འཁྲུགས་པ་མེད་ལ་དེ་བཞིན་གཤེགས། །ས་ལམ་བཀོད་པ་དུས་གཅིག་རྫོགས། །སྤྱི་ཕུད་གཉིས་པར་གྱུར་པའོ། །ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། མགྲིན་པ་རྣམ་པར་བལྟ་བའི་ལེའུ་སྟེ་གཉིས་པའོ།། །།ཨ་ལ་ལ་ཧོ། སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ། །གསང་གཏེར་ཐུགས་ཀྱི་དཀྱིལ་འཁོར་དུ། །མཁྱེན་བརྩེའི་བཀོད་པ་རབ་སྣང་བ། །འགྱུར་མེད་ཐ་རམ་ཉག་གཅིག་དོན། །རྒྱན་གྱི་བཀོད་པ་དུ་མ་དང་། །ཆོ་འཕྲུལ་རྣམ་པ་སྣ་ཛོགས་དང་། །རབ་ཏུ་འཁྲུགས་པའི་སེམས་དཔའ་དང་། །རྣམ་པར་བརྩེ་བའི་སེམས་མ་དང་། །གཉིས་མེད་རོལ་པའི་ཡེ་ཤེས་ཏེ། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། །རྣམ་པ་སྣ་ཚོགས་རབ་འཆར་བ། །རང་བྱུང་རང་ལ་རྣམ་པར་ཐིམ། །སྤྲུལ་དང་བསྒྱུར་དང་སྟབས་པ་དང་། །རྣམ་པར་རབ་ཏུ་འཁྲུགས་པ་ཡང་། །ཉིད་ལས་མ་གཡོས་ཉིད་ཀྱི་རྩལ། །འདི་བདག་ཡངས་པའི་དཔའ་ཤུགས་གསལ། །འཕྲོ་དང་འདུ་དང་འཁྱིལ་པ་དང་། །དགག་པ་དང་ནི་སྩལ་བ་དང་། །རྣམ་པར་རབ་ཏུ་གཡོ་བ་ཅན། །གཏི་མུག་ལས་ཀྱང་གཏི་མུག་དང་། །ཞེ་སྡང་ལས་ཀྱང་ཞེ་སྡང་ཉིད། །ང་རྒྱལ་ལས་ཀྱང་ང་རྒྱལ་བ། །འདོད་ཆགས་ཉིད་ཀྱང་འདོད་ཆགས་པ། །ཕྲག་དོག་ཉིད་ཀྱང་དབང་བྱེད་པ། །ལས་ཀྱི་ལས་ཏེ་ལས་ཀྱིས་ལས། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང་། །དེ་བཞིན་ཤིང་གི་ཤིང་བསྲེག་པ། །རྡོ་ཡིས་རྡོ་གཅོག་རང་རང་མཐུས། །རང་རྩལ་རང་གི་ནུས་པ་འཇིག །བདག་གིས་བདག་པོ་ཉིད་འཇོམས་བྱེད། །བདག་གིས་བདག་ཉིད་ཡང་དག་བསྟོད། །བྱས་པ་ཡིས་ནི་བྱས་པ་འཇིག །སེམས་ཀྱི་སེམས་སུན་སེམས་ཀྱིས་འབྱིན། །ལས་ཀྱིས་ལས་ནི་འཇོམས་པའོ། །ལས་ཀྱིས་ལས་ཀྱང་སོག་པ་སྟེ། །རིགས་མཐུན་ནང་གིས་རིགས་མཐུན་འཇོམས། །དཔའ་ཤུགས་བསྐྱེད་པ་དེ་བཞིན་ལྟར། །རྒྱལ་བའི་ཐུགས་ལ་ཐུགས་རྗེ་ཡི། །རོལ་པ་རྣམ་པར་རོལ་སྤྲོས་པས། །གདུལ་བྱ་གདུལ་བྱ་དག་གིས་འདུལ། །ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ནི། །ཡེ་ཤེས་རྒྱས་པ་ཉིད་ཀྱིས་མཐོང་། །རང་བྱུང་དག་པ་རང་བྱུང་གིས། །ཡང་དག་མཐོང་ནས་ཡང་དག་སྟོན། །དེ་མཐོང་རྒྱུན་མར་མཐོང་བས་མཐོང་། །རིག་པས་རིག་པ་རྟོགས་པས་རྟོགས། །དཀར་པོས་དཀར་པོ་ཉིད་བྱེད་ལ། །ནག་པོས་ནག་པོ་ཉིད་བྱེད་དོ། །ང་ལས་ང་བྱུང་ང་ཡིས་ཤེས། །ང་ལས་ང་བྱུང་ང་ཡིས་བསྒྲིབས། །ང་ལས་ང་བྱུང་ང་ཡིས་བསལ། །ཐམས་ཅད་ང་ཡི་དཀྱིལ་འཁོར་དུ། །འདུ་དང་འཕྲོ་བར་བྱེད་ཤེས་པས། ཁྲེས་དང་ཤེས་པ་ཉིད་ཤེས་བྱས། །མཁྱེན་པས་ཡང་དག་མཁྱེན་པ་ལ། །རྩལ་གྱིས་རྩལ་ཡང་འབྱིན་པར་བྱེད། །ཇི་ལྟར་ནམ་མཁའི་དཀྱིལ་འཁོར་དུ། །ནམ་མཁའ་ཉིད་དུ་རབ་སྣང་བ། །རབ་རིབ་རབ་རིབ་ཉིད་ལ་སྟེ། །རབ་རིབ་རབ་རིབ་ཉིད་ཀྱིས་སོ། །དེ་ལྟར་རྣམ་པར་བཀོད་པའི་དཔལ། །སྤྱི་ཕུད་གསུམ་པར་གྱུར་པའོ། །ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། ཐུགས་ཀ་རྣམ་པར་བལྟ་བའི་ལེའུ་སྟེ་གསུམ་པའོ།། །།ཨ་ལ་ལ་ཧོ། །སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ། །སྲིད་པའི་བདག་པོ་ཉིད་བདག་དཔལ། །སྲིད་ལས་སྲིད་པའི་ལུགས་འབྱུང་བ། །བདག་གིས་སྲིད་པ་འདིར་སྟོན་བྱེད། །ལས་ཀྱིས་འཕེན་པའི་ལས་རྣམས་ཀུན། །ལས་ཀྱིས་འཆིང་བའི་དྲ་བ་གཅོད། །མ་དག་པ་དང་དག་པ་དང་། ཁྲེན་ཏུ་དག་དང་ཡང་དག་དག །དག་པ་གསུམ་གྱི་དག་པ་ཡིས། །ལས་ཀྱི་སྒྲི་བ་པ་རྣམ་པར་བཅིང་ བཅིངས་པ་རྣམ་པར་གྲོལ་བ་ཡི། །ཡེ་ཤེས་གཟིགས་པའི་ཕུང་པོ་ཡིས། །རྣམ་པར་ངེས་པ་རྙེད་པར་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བསགས་པའི་ལས་ཀུན་ཡང་དག་པས། །སྲིད་པའི་མཚོ་ལས་རྣམ་པར་གྲོལ། །བདག་དང་བདག་གིར་འཛིན་པ་དང་། །བདག་གི་སྣང་བ་རབ་རྒྱས་པས། །དེ་ཀུན་བདག་ལས་གྲོལ་བ་ཡང་། །སྲིད་པའི་འཆིང་ལས་གྲོལ་བ་སྟེ། །བདག་དབང་རྐྱེན་གྱིས་རྣམ་བསྐྱོད་པས། །སྲིད་པ་ཉིང་འཁྲུལ་འཁོར་ལོ་ནི། །ཡང་ནས་ཡང་དུ་ཡང་བསྐོར་བས། །དེ་དག་ཐག་པ་གཅོད་པ་ཡང་། །སྲིད་པའི་འཆིང་ལས་གྲོལ་བ་སྟེ། །འདམ་ལས་སྐྱེས་པའི་པདྨ་ནི། །འདམ་གྱི་སྐྱོན་གྱིས་མ་གོས་པ། །འདམ་མེད་པདྨ་མི་འབྱུང་ཡང་། །པདྨ་ཉིད་ལས་པདྨ་ཡི། །ས་བོན་འདམ་གྱིས་བསྐྱེད་ནས་བྱུང་། །འཁོར་བར་གནས་པའི་མི་གང་དག །འཁོར་བའི་འཇིགས་པ་གྲོལ་བྱེད་པ། །འཁོར་བར་ཉིད་དུ་རང་གནས་པས། །འཁོར་སྐྱོན་མ་གོས་དེ་དག་ཀྱང་། །སྲིད་པའི་དྲ་བ་ཆོད་ལས་སོ། །དེ་ལྟར་སྲིད་པའི་དྲ་བ་དག །གཅོད་པར་བྱེད་པའི་ས་མཁན་ནི། །དངོས་ཅན་གསལ་བའི་རང་འོད་ཀྱིས། །རང་སྣང་འོད་དུ་རབ་འབར་བ། །རང་རིག་རང་བྱུང་ཆེན་པོའི་རྩལ། །འགྲོ་འདུལ་ཐབས་ཀྱི་རྒྱལ་པོ་ཡིས། །སྣ་ཚོགས་རྩལ་གྱིས་སྣང་བར་བྱེད། །རོལ་པའི་ཆོ་འཕྲུལ་འབར་བ་ལས། །ཐབས་ཀྱི་ཆོ་འཕྲུལ་རབ་སྣང་བ། །མཛད་པའི་རྣམ་སྤྲུལ་རྩལ་ཤར་ཞིང་། །ཡེ་ཤེས་སྣང་བར་རབ་རྒྱས་བྱེད། །བདག་རྟོག་འཆིང་བའི་སྲིད་པ་དང་། །གཞན་འཛིན་དབང་ཡུལ་སྲིད་པས་བཅིངས། །གཟུང་དང་འཛིན་པ་རབ་སྤངས་ནས། །སྲིད་པའི་དྲ་བ་ཀུན་ལས་གྲོལ། །ཡར་དང་མར་དུ་ཟང་ཐལ་བས། དེ་དག་སྲིད་ལས་རྣམ་གྲོལ་བ། །མར་དུ་ཐལ་བ་རབ་འགགས་ནས། །སྣང་བྱེད་རབ་ཏུ་ཐལ་བར་འགྱུར། །བར་དུ་རྣམ་པར་ལྡིང་བྱེད་ཀྱང་། །སྲིད་ལས་རྣམ་གྲོལ་ལྡིང་ལས་གྲོལ། །དེ་དང་དེ་སོགས་དཀར་ནག་ཆོས། །སྲིད་ལས་གྲོལ་དང་མ་གྲོལ་དབང་། །ལས་ཀྱི་འཆིང་བ་དག་མ་དག །འཆིང་བ་དག་པས་སྲིད་ལས་གྲོལ། །འཆིང་བ་མ་དག་སྲིད་པར་འཁོར། །དེས་ན་སྲིད་པའི་འཁོར་ལོ་ནི། །བཤིག་པའི་རྟེན་འབྲེལ་ཟབ་མོ་ནི། །ཐབས་ཀྱི་སྦྱོར་བ་རྣམས་ལས་འབྱུང་། །ཐབས་ནི་ཐབས་ལྡན་ཆེན་པོས་གསུངས། །དེ་ལ་ཡང་དག་བརྟེན་ནས་བྱས། །བླ་མ་དང་ནི་འབྲེལ་པ་ཡིས། །ཡེ་ཤེས་རྩལ་ལས་འབྱུང་བར་འགྱུར། །དེ་ནི་དཔལ་དང་ལྡན་པར་འགྱུར། །སྤྱི་ཕུད་བཞི་པར་གྱུར་པའོ། །ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། སྲིད་པའི་འཁོར་ལོ་རྣམ་པར་བལྟ་བའི་ལེའུ་སྟེ་བཞི་པའོ།། །།ཨ་ལ་ལ་ཧོ། །སྣང་སྲིད་འཁོར་འདས་སྤྱི་དཔལ་གཙོ། །གསང་བ་མཆོག་ལས་ལེགས་བྱུང་ཞིང་། །གསང་ལས་ཡང་དག་གསང་བར་ལྡན། །གསང་བའི་དཀྱིལ་འཁོར་ལས་བྱུང་ཞིང་། །འཁོར་བ་རྣམས་ཀྱང་གསང་བ་ལས། །བྱུང་ཞིང་འཁོར་བའི་འཁོར་བར་འཁོར། །དེ་བཞིན་མྱ་ངན་འདས་པ་ཡང་། །གསང་བའི་དཀྱིལ་འཁོར་ལས་བྱུང་ཞིང་། །མྱ་ངན་འདས་དང་མྱ་ངན་འདའ། །གསང་བའི་འཁྲུལ་འཁོར་འཛིན་ཀྱང་འཇིག་པ་ཅན། །གསང་བའི་གནས་ལ་རྣམ་པར་གནས། །བདེ་བའི་ཡེ་ཤེས་གང་བསྐྱེད་པ། །གསང་ཆེན་སྒོ་ཡི་རྣམ་རོལ་ལས། །འབྱུང་ལྡོག་གནས་པ་རྣམ་པར་བྱེད། །སྟེང་དང་འོག་དང་བར་དག་དང་། །སྡོང་པོ་གསུམ་དང་ཡལ་ག་དང་། །འཁོར་ལོ་ལྔ་ལ་སོགས་པ་ཡི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་། །བཀྲ་ཤིས་གང་བའི་རྫུ་འཕྲུལ་གྱིས། །རྣམ་པར་གཡོ་དང་མི་གཡོ་བའི། །ཏིང་འཛིན་ཡང་དག་འཕེལ་འགྱུར་ཞིང་། །དེ་ལ་རྣམ་པར་རྒྱུ་བ་ཡི། །རྩ་བ་ལྔ་དང་ཡན་ལག་རྣམས། །རྣམ་པར་གྱེས་པའི་རྣམ་གྲངས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག །ལས་དག་བྱང་ཆུབ་ཉིད་གྱུར་ནས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །ཟླ་བ་རྣམ་པར་དཀར་བར་འཕེལ། །ཉི་མའི་སྟོབས་ཀྱང་རབ་འབར་བས འབར་འཛག་སྟོབས་མཉམ་སྦྱོར་བ་ཡིས། །རྣམ་གྲོལ་འབྲས་བུ་མཆོག་ལ་རེག །གཡས་གཡོན་སྟེང་འོག་རྣམ་བཅིངས་པས། །གང་གི་ཐིགས་པས་རྒྱ་མཚོ་དཀྲུག །རླངས་པའི་འོད་ཟེར་སྟོང་ཁམས་ཁེངས། །འཛག་པ་མེད་པས་འཛག་པ་འཕེལ། །འོག་ནས་བཅིངས་ཏེ་སྟེང་དུ་བསྐྱོད། །སྒྲ་གཅན་དག་གིས་མཉམ་གནས་པ། །ཡོངས་ཁྱབ་ངོས་བཟུང་བྲལ་བ་ཡི། །མཆོག་དོན་རྣམ་པར་བསྤྱིངས་བལྟས་པས། །ཡང་དག་མཆོག་ལ་ཡང་དག་པར། །གནས་པའི་སྟོབས་ཀྱང་དེ་ལས་འབྱུང་། །མདོར་ན་གནས་དང་སྤྱོད་པ་དང་། །འགྲོ་དང་འོང་དང་འདུག་པ་དང་། །ཁྱིམ་དང་བདག་པོ་ནོར་བྱས་པར། །རོམཉམགཅིགདང་ཁང་མཉམ་པས། །གསང་བའི་གནས་ལས་ལེགས་པར་འབྱུང་། །ལས་གྲུབ་མཆོག་དང་ཐུན་མོང་བ། །མཐར་ཐུག་ལས་ཀྱང་མཐར་ཐུག་ཉིད། །གནས་སྐབས་ལས་ཀྱང་གནས་སྐབས་ཀྱི། །འདོད་འབྱུང་དཔ་ལ་་ངང་གསང་བར་ལྡན། །འབྲས་བུ་དེ་ལས་ཡེ་ཤེས་ལྔ། །སྐུ་གསུམ་མཆོག་ལ་རྣམ་པར་གནས། །ཡེ་ནས་གནས་པའི་བདག་ཉིད་ལ། །གནས་པར་ཤེས་ཤིང་གནས་པར་འགྱུར། །གསང་མཆོག་ཡིད་བཞིན་མཆོག་གི་གཏེར། །དེ་ལས་ཤུལ་མཚོན་གཞལ་དུ་མེད། །ཡང་དག་བཅ་དུ་གསང་བ་སྨིན། །དེ་ཕྱིར་གསང་བ་ཡང་དག་པས། །ལ་ལར་དབང་མེད་ཐབས་ཀྱིས་གསང་། །ལ་ལར་གོ་མེད་ཡེ་གསང་སྟེ། །ལ་ལར་རྨད་དུ་བྱུང་བས་གསང་། །ལ་ལར་སྒོ་མ་ཕྱེ་བས་གསང་། །དམ་མེད་ལོག་པར་ལྟ་བྱེད་ལ། །གསང་བ་གཉན་ཕྱིར་ཡང་དག་གསང་། །དེ་ལྷར་གསང་བ་རྣམ་བཀྲ་བའི། །ཐབས་དང་ཤེས་རབ་མཆོག་ལ་རེག །སྤྱི་ཕུད་ལྔ་ང།ར་གྱུར་པའོ། །ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལས། གསང་བ་མཆོག་གི་དཀྱིལ་འཁོར་རྣམ་པར་བལྟ་བའི་ལེའུ་སྟེ་ལྔ་པའོ།། །།ཨ་ལ་ལ་ཧོ། །དངོས་གྲུབ་ཡིད་བཞིན་གསང་བ་མཆོག་གི་རྒྱུད། བཀའི་ཐ་རམ་ཞེས་བྱ་བ་རྫོགས་སོ།། །།ས་མ་ལྭ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏད་རྒྱ། གཏེར་རྒྱ། ཁ་ཐམ། དྷ་ཐིམ། རྒྱ་རྒྱ་རྒྱ། བདག་འདྲ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་ཀྱིས་ཇ་དཀར་དུང་གི་སྒོ་མོ་ནས་གདན་དྲངས་པའོ།