ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་དགུ་པ

From Rangjung Yeshe Wiki Texts
Revision as of 06:51, 27 July 2010 by Cfynn (talk | contribs) (Created page - added text of ninth chapter)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༈ ཆོས་ཀྱི་རྒྱལ་པོས་བཻ་རོ་མན་ངག་གི་ཆོས་འཚོལ་བར་བཀོད་པ།

དེ་ནས་མངའ་བདག་རྒྱལ་པོའི་ཐུགས་དགོངས་ལ༔ སློབ་དཔོན་གཉིས་ཀྱིས་ལུང་དྲངས་མང་གསུངས་པས༔ དེ་དག་ཐམས་ཅད་བོད་དུ་ལེན་དགོས་བསམ༔ བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ༔ ལོ་ཙྪ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་བསམ༔ མངའ་བདག་བོད་ཡུལ་རུ་བཞི་ཐམས་ཅད་ནས༔ ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི༔ ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས༔ བློ་གསལ་གཡེར་ཞིང་དྲན་པ་གཞུངས་མང་བསྡུས༔ འདི་དུས་ཙ་ན་བོད་ཁམས་ཐམས་ཅད་ཀྱི༔ སྐྱེ་མེད་དྭངས་པའི་ཕ་མ་སྡུག་བསྔལ་ཆེ༔ ལམ་འཇིགས་མང་ཞིང་སྲོག་མི་བརྟན་པས་ན༔ རྒྱ་གར་ཚད་པ་ཆུ་ནད་མིག་སེར་ཆེ༔ ལྐོག་ངན་གཏོང་ཞིང་ཡུལ་འཁྱར་ཕྱོགས་ལ་བྲོས༔ དེ་དག་ཡུལ་གཞིས་རྒྱ་གར་འཁོར་ལ་བྱིན༔ ཡུལ་སྲིད་ཅན་རྣམས་རྒྱ་གར་འགྲོ་བ་ལ༔ ཡར་ཀླུང་གི་སྦ་མི་ཁྲི་བཞེར༔ འཁོན་ཀླུའི་དབང་པོ༔ ཞང་པོ་བཙན༔ ཤུད་པོ་ཁོང་ལེབ༔ སྦ་རཏྣ༔ རྨ་རིན་ཆེན་མཆོག༔ གཉགས་ཛྙཱ་ན་ཀུ་མཱ་ར༔ ཡར་ལྷ་ཕུ༔ ཡོན་ཏན་སྙིང་པོ༔ ལེགས་བྱིན་ཉི་མ༔ ལྡན་མ་རྩེ་མང་༔ སྦས་ཐེར་ལེན༔ བྲན་ཀ་མུར་ཏི༔ ཉང་ཤ་མི་གོ་ཆ༔ ཨ་བྷན་སྟག་ར༔ གནུབས་ནམ་མཁའི་སྙིང་པོ༔ འབྲོམ་རྒྱལ་བ་བློ་གྲོས༔ གླང་དཔལ་གྱི་སེང་གེ༔ རུ་ཡོང་བྷི་རཱ་ཛ༔ གྲུ་གུ་ཨེ་བཀྴ༔ ལང་གྲོ་དཀོན་མཆོག་འབྱུང་གནས༔ དྲན་པ་ནམ་མཁའ༔ མུན་བུ་རྒྱལ་བྱང་༔ བི་ཤ་མི་ཏྲ༔ ཁུ་འབྱུང་འོད༔ ཁྱུང་པོ་དབྱིག་བསོད༔ གནུབས་སངས་རྒྱས་ཡེ་ཤེས༔ སོ་ཡེ་ཤེས་དབང་༔ ཨཱརྻ་གླང་ཆེན༔ ད་ན་ཡོན་ཏན་མཆོག༔ སྡོང་འཕགས་པ་རྩེ་མོ༔ ངན་ལམ་རྒྱལ་བ་མཆོག་དབྱངས༔ སྦ་གསལ་སྣང་༔ སྦ་དཔལ་དབྱངས༔ སྦ་ཡེ་ཤེས་དབང་པོ༔ སྦ་ཡེ་ཤེས་འཇམ་དབྱངས༔ ལྷ་ལུང་དཔལ་གྱི་རྡོ་རྗེ༔ ལམ་གསུམ་རྒྱལ་བ་བྱང་ཆུབ༔ འོར་བརྒྱད་ཁ་སྤུན༔ རྨ་ཤཱཀྱ༔ མགར་ཤཱཀ་འོད༔ མཁས་པ་གོ་མི༔ སོག་པོ་དཔལ་གྱི་ཡེ་ཤེས༔ ཨཱ་ཙ་ར་ཡེ་ཤེས་དབྱངས༔ གསལ་མཆོག་དབྱངས༔ གོ་གྲམ་སྤུན་འབྱིན༔ ལོ་ཀི་ཆུང་༔ འོ་བྲན་དབང་ཕྱུག༔ ཤམ་མེ་ཀོལ༔ ལྷ་ལུང་ཡུལ་ཀོང་༔ ཞང་ཛྙཱ་ན་ཤེས་རབ༔ མེ་ཏོག་བྱང་འབར༔ ཡར་རྗེ་བརྩེགས་པེ༔ སྣ་ནམ་རྡོ་རྗེ་བདུད་འཇོམས༔ སྣ་ནམ་ཞང་ཡེ་ཤེས༔ འོ་བྲན་དཔལ་གྱི་འབྱུང་གནས༔ ཨཱ་ཙ་ར་དྷརྨཱ་ཤི་ལ༔ རཀྵི་ཏ༔ དྷེ་ཝ་སམྦྷ༔ ཞང་ཤཱཀྱ་པྲ་བྷ་ཝ༔ བྱམས་པ་དཔལ་བཟང་པོ༔ ཞང་པ་ཚབ་ཉི་མ་གྲགས༔ རྨོག་ཅོག་པ༔ བྱམས་པ་ལོ་ཙྪ་བ༔ ཞན་ལོ་ཙྪ་བ༔ ཏ་བེ་བྱང་ཆུབ་སྙིང་༔ བྲ་བ་གྲུ་བུ༔ གཙང་པ་རིང་མོ༔ རྒྱ་བརྩོན་འགྲུས་སེང་གེ༔ ལ་བྱིད་ཡེ་ཤེས་བརྩེགས༔ ཀྱོང་ཏ་ཀུག་རྡོ་རྗེ༔ ཅོག་རོ་ཀླུའི་རྒྱལ་མཚན༔ སྐ་བ་དཔལ་བརྩེགས༔ བཻ་རོ་ཙ་ན༔ ཆོས་ཀྱི་ལྷུན་པོ༔ ང་བ་རུང་གློང་༔ གཙང་པ་ལེགས་གྲུབ་ལ་སོགས་བརྒྱ་རྩ་བརྒྱད་ལ་ལོ་ཙྪ་བསླབས༔ རྒྱལ་པོས་ཐམས་ཅད་ལ་ཐད་ཐད་ལ་མཐུན་རྐྱེན་སྦྱར་ནས་བོད་ཀྱི་སྡོམ་པ་གསུམ་ཨེ་ཐུབ་བསམ་ནས་ཁྲུས་ཁང་གླིང་དུ་མཁན་པོ་གདན་དྲངས༔ སྦ་གསལ་སྣང་༔ དཔལ་དབྱངས༔ རྒྱལ་མཆོག༔ ལྷ་ལུང་དཔལ་རྡོ་རྗེ༔ རྨ་རིན་ཆེན༔ ལམ་གསུམ་རྒྱལ༔ མཁས་པ་བཻ་རོ་ཙ་ནས་རབ་ཏུ་བྱུང་༔ སད་མི་མི་བདུན་བླའི་མཆོད་གནས་སུ་བཀུར༔ དབུ་ལ་རིན་ཆེན་པྲོག་ཞུ་བསྐོན༔ ཞལ་དུ་ལི་ཀར་ལྷའི་ཞལ་སྐྱེམས་དྲངས་ནས་འོ་སྐོལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ་མདོ་སྔགས་ཀྱི་ཆོས་དར་བར་བྱ་བའི་ཕྱིར༔ རྒྱ་གར་ཡུལ་དུ་ཆོས་འཚོལ་བ་གཏོང་བ་ཡིན་པས༔ གསེར་གྱི་པ་ཏྲ་བདུན་དང་གསེར་བྲེ་དགུ༔ ཕྱག་ཏུ་བསྣམས་ལ་ཆོས་སྒྱུར་ཅིག་གསུངས་པས༔ ལོ་བཅོ་ལྔ་ལས་མ་ལོན་པའི་སྐྱེས་བུ་ཅིག་ཡོད་པ་དེ་ཁྲོམ་ནས་ལངས་ཏེ༔ རྗེའི་བཀའ་སྩལ་ཅིག་ལ་བདག་འགྲོའོ་ཞེས་ཟེར་རོ༔ དེའི་དུས་ན་གཞན་ཐམས་ཅད་ཀྱིས་ཁས་ལེན་མ་ནུས་པ་ལས༔ ཕ་མ་དང་ཡུལ་ཞིང་ཉེ་འཁོར་ཐམས་ཅད་སྤངས་ཏེ༔ མཐའི་མི་རིགས་སྐད་མི་མཐུན་པ༔ གཅན་འཕྲང་ལ་སོགས་པ་འཇིགས་པ་ཆེ་བ་ལ་ཁས་ལེན་པ་ཤིན་ཏུ་དཀའ་སྟེ་དཀའ་བ་དང་པོའོ༔ ཡང་རྒྱ་གར་གྱི་ཡུལ་ན་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བ་ལ༔ མཆོད་གནས་དགེ་སློང་གསུམ་ཡོད་དེ༔ ཁྱིམ་བདག་དོན་གཉེར་དུ་སོང་བ་ལ༔ བུ་མོ་ཞིག་གིས་ཁྱིམ་བསྲུང་གིན་བསྡད་པ་ལས༔ དགེ་སློང་ལ་ཆོས་སྟོན་མ་བྱུང་ནས༔ དགེ་སློང་བྷ་ཧུ་ལ་བྱ་བས་ཆོས་སྟོན་ལེན་དུ་འོང་བས༔ བུ་མོ་དང་ཁྱིམ་བདག་དྲག་ཤུལ་ཅན་གྱི་བུ་ཁྱེའུ་ཞིག་འདོད་པ་སྤྱོད་ཅིང་བསྡད་པ་མཐོང་བས༔ དེར་ཁྱེའུ་དེ་ངོ་ཚ་སྟེ་བྲོས༔ བུ་མོས་དགེ་སློང་ལ་འཇུས་ཏེ་ངོ་ཚ་བསྲེ་ལ་བྱ་དགོས་ཟེར་རོ༔ དེར་དགེ་སློང་བྷ་ཧུ་ལའི་བསམ་པ་ལ༔ སྤྱད་ན་སྡོམ་པ་ཉམས་ནས་དམྱལ་བར་འགྲོ༔ མ་སྤྱད་ན་མོ་ཤི་བས་སྡིག་འགྲོ༔ དེ་བས་རང་ཤི་བ་དགའ་སྙམ་སྟེ༔ མོ་ལ་ཁྱོད་མ་ཤི་ཞིག་དགའ་བར་བྱའོ་སྒོ་སྡོམས་ཤིག་བྱས་ཏེ༔ དེའི་ཤུལ་རང་གི་རྩེ་ཆུང་བཅད་དེ་ཚེ་འཕོས་པ་ཞིག༔ ཕ་ནི་གཙང་ཐེ་ལེན་ཏྲ་ཞེས་ཀྱང་བྱ༔ མ་མཁར་ཆེན་བཟའ་གཏུམ་མོ་བྱ་བའི་བུ་གཙང་ལེགས་གྲུབ་ཅེས་བྱ་བ༔ ཁྱེའུ་བློ་དང་ལྡན་པ་ཞིག་ཡུལ་ལྷ་ལུང་ན་ཡོད་པ་ཞིག་ཁྲོམ་ནས་ལངས་ཏེ༔ རྗེའི་བཀའ་སྩལ་གན་ཇག་ཐང་ཏའི་རོགས་ཞིག་བདག་གིས་བྱའོ་ཞེས་ཟེར་རོ༔ དེར་རྗེས་ཁྱེའུ་གཉིས་ཁྲིད་དེ༔ གསེར་གྱི་པ་ཏྲ་ཟུང་གཅིག་མགོ་ལ་སྦས༔ གསེར་གྱི་པ་ཏྲ་དང་ཐུར་མ་དང་ལུ་གུ་རྒྱུད་ལ་སོགས་པ་མང་པོ་དུག་པོའི་གསེབ་ཏུ་སྦས༔ གསེར་ཕྱེ་བ་མེན་གྱི་རྭ་དང་གསེར་ཕྱེའི་ཐུམ་པོ་རྟ་མཚའ་ལུ་བྱ་གདོང་ལ་བཀལ༔ ལུས་ཆས་མི་འདྲ་བ་དང་གཅན་གཟན་གྱི་སྡེར་མོ་ལ་སོགས་པ་ཡང་རྟ་མཚའ་ལུ་ལ་བཀལ༔ དེའང་ལེགས་གྲུབ་ནི་བློ་རྣོ་ཞིང་རྒྱ་གར་གྱི་འཕྲལ་སྐད་ཤེས༔ པའུ་གན་ཇག་ཏང་ནི་བྱིས་པ་ལོ་བརྒྱད་ལོན་པ་ནས་ནག་མོ་རི་དང་༔ བྲག་པོ་ཆེའི་བྲག་གཉིས་སུ་ཉི་ཟེར་ལ་བཞོན་ནས་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་༔ སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབས་པར་ཤེས་པས་སྤྲུལ་པའི་སྐུ་ཡིན་ཏེ༔ རྗེ་ཡང་དོན་འགྲུབ་པར་ཡིད་ཆེས་སོ༔


བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ ཆོས་ཀྱི་རྒྱལ་པོའི་སྐུ་དྲིན་ལ༔ རྒྱུ་འབྲས་ཀྱི་ཆོས་རྒྱས་ཤིང་༔ མན་ངག་གི་ཆོས་འཚོལ་བར་བཀོད་པའི་སྐབས་ཏེ་ལེའུ་དགུ་པའོ༔ ས་མ་ཡ༔