ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བརྒྱད་པ
༈ སློབ་དཔོན་སོགས་ཀྱིས་ཆོས་བསྒྱུར་བ་དང་བཻ་རོ་ལུང་བསྟན་པ།
དེ་ནས་ལྷ་སར་བསྙལ་མཛད༔ སྟོད་ལུང་ལ་བྱོན༔ རྒྱལ་པོ་ལོ་ཧི་ཏའི་འགྲམ་དུ་ཐབས་བཏེགས་ནས་ལྷ་བཟང་ཀླུ་དཔལ་རྒྱལ་པོའི་ཚབ་མར་བཏང་༔ ལྕགས་ཅན་རྟ་ཞོན་ལྔ་བརྒྱ་བསྐོར་ནས༔ སྟོད་ལུང་གཞོང་པ་མདའ་རུ་མཇལ༔ གྲོ་བར་འདེབས་པའི་ཆུ་མ་རྙེད་ནས༔ སློབ་དཔོན་གྱིས་སྟོད་ལུང་དོང་པའི་གདོང་ལ་ཕྱག་འཁར་བཙུགས་ཏེ༔ ལྷ་བཟང་ཆུ་བྱུང་གཞོང་པ་བཟེད་ཅིག་གསུངས༔ མིང་ཡང་གཞོང་པའི་ལྷ་ཆུ་རུ་བཏགས་སོ༔ དེ་ནས་ཟུང་མཁར་ལོ་ཧི་ཏའི་འགྲམ་དུ་རྒྱལ་པོ་དང་མཇལ་འཕྲད་མཛད༔ རྒྱལ་པོ་ཕོ་སྐྱེ་རྣམས་ཀྱིས་བསྐོར༔ བཙུན་མོ་མོ་སྐྱེ་རྣམས་ཀྱིས་བསྐོར་ནས་བསུ་བ་མཛད༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་ནི་མངལ་སྐྱེས་མ་ཡིན་རྫུས་སྐྱེས་སངས་རྒྱས་ཡིན༔ རྒྱལ་པོ་མངལ་སྐྱེས་ཡིན་པས་ང་ཉིད་ཆེ༔ ཨུ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་བཟུང་༔ བོད་རིགས་སྡིག་པའི་རྒྱལ་པོ་ཕྱོགས་རིས་ཆེ༔ ངེད་གཉིས་ངོ་གང་ཁོ་ནི་རྨོངས་པ་ཡིན༔ བདག་ནི་རིག་པའི་གནས་ལྔ་ཀུན་ལ་མཁས༔ ཚེ་གཅིག་སངས་རྒྱས་སྐྱོན་ནི་གཉིས་མི་མངའ༔ ཁོ་ལ་དགོས་པར་བྱུང་ནས་ང་སྤྱན་དྲངས༔ སྔོན་ལ་རྒྱལ་པོས་ང་ལ་ཕྱག་འཚལ་དགོས༔ ཕྱག་ལེན་འདེབས་སམ་མི་འདེབས་སྙམ་དུ་དགོངས༔ བཏབ་ན་སངས་རྒྱས་བསྟན་པའི་ཆེ་བ་འཆོར༔ མ་བཏབ་རྒྱལ་པོ་ཡིན་པས་མི་དགའ་ཡོང་༔ རྒྱལ་པོས་ངའི་ཕྱག་མི་ཐུབ་བམ་སྙམ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཐུགས་དགོངས་ལ༔ ང་ནི་བོད་ཀྱི་མགོ་ནག་ཡོངས་ཀྱི་རྗེ༔ མཁན་པོ་བོ་དྷི་སཏྭས་སྔོན་ཕྱག་བཙལ༔ དེ་བཞིན་སློབ་དཔོན་ང་ལ་ཕྱག་འཚལ་སྙམ༔ ཕྱག་ལ་མ་འཆམས་ཚོམ་མེ་ངང་ལ་ལུས༔ སློབ་དཔོན་ང་ཆེ་ང་བཙན་མགུར་འདི་གསུང་༔ དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམས༔ གྲངས་མེད་གསུམ་དུ་བསོད་ནམས་བསགས༔ སངས་རྒྱས་པདྨ་འབྱུང་གནས་ཡིན༔ ཆོས་ལྟ་བ་ཡ་འབུབས་ཀྱི་གདམས་ངག་བདོག༔ ང་ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན༔ ནང་བླ་མེད་གསང་སྔགས་ཀྱི་རྣལ་འབྱོར་པ༔ ང་དགེ་སློང་པདྨ་འབྱུང་གནས་ཡིན༔ ཆོས་ལྟ་སྤྱོད་ཟུང་འཇུག་གི་གདམས་ངག་བདོག༔ ལར་རྟོགས་པ་ནམ་མཁའ་བས་ཀྱང་མཐོ༔ ཐེག་པ་ས་གཞི་བས་ཀྱང་ཆེ༔ རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ༔ ང་བླ་མ་པདྨ་འབྱུང་གནས་ཡིན༔ ཆོས་འབྲེལ་ཚད་དོན་ལྡན་གྱི་གདམས་ངག་བདོག༔ སྣང་སྲིད་འཁོར་འདས་དཔེ་ཆ་ལ༔ དྲང་དོན་ངེས་དོན་ཆོས་བཤད་བྱེད༔ ང་དགེ་བཤེས་པདྨ་འབྱུང་གནས་ཡིན༔ ཆོས་དགེ་སྡིག་ཤན་འབྱེད་ཀྱི་གདམས་ངག་བདོག༔ ང་ཡེ་ཤེས་ལྔ་ལྡན་གྱི་རྣམ་སྦྱར་གྱོན༔ སྐུ་ལྔ་ཡོངས་རྫོགས་ཀྱི་ལྷུང་བཟེད་བསྣམས༔ མཁན་པོ་པདྨ་འབྱུང་གནས་ཡིན༔ མི་ལ་སངས་རྒྱས་འཆོས་ཐབས་ཀྱི་གདམས་ངག་བདོག༔ ཞི་གནས་ལྷག་མཐོང་ཟུང་དུ་འཇུག༔ སྒོམ་མེད་རྫོགས་ཆེན་ལྟ་བ་སྐྱོང་༔ ང་སྒོམ་ཆེན་པདྨ་འབྱུང་གནས་ཡིན༔ མཉམ་བཞག་རྗེས་ཐོབ་ཀྱི་གདམས་ངག་བདོག༔ འཁོར་འདས་རྒྱལ་བའི་དཀྱིལ་འཁོར་ལ༔ བསྐྱེད་རྫོགས་སྤང་བླང་ཆ་མ་མཆིས༔ ང་སྔགས་པ་པདྨ་འབྱུང་གནས་ཡིན༔ ཆོས་བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་བདོག༔ སྣང་བ་དཀར་དམར་གབ་རྩེ་ལ༔ རྒྱུ་འབྲས་སྤང་བླང་ཞིབ་ཏུ་རྩིས༔ ང་རྩིས་མཁན་པདྨ་འབྱུང་གནས་ཡིན༔ ཆོས་སྡོམ་གསུམ་དབྱེར་མེད་ཀྱི་གདམས་ངག་བདོག༔ དུག་ལྔའི་ནད་ཀྱིས་ཟིན་པ་ལ༔ ཟག་མེད་སྨན་གྱིས་གསོ་བར་བྱེད༔ ང་སྨན་པ་པདྨ་འབྱུང་གནས་ཡིན༔ བདུད་རྩི་འཆི་སོས་ཀྱི་གདམས་ངག་བདོག༔ འདི་ལྟར་སྣང་བའི་གྱང་ལོགས་ལ༔ གཉིས་སུ་མེད་པའི་ལྷ་སྐུ་བཞེངས༔ ང་ལྷ་བཟོ་པདྨ་འབྱུང་གནས་ཡིན༔ དབྱིངས་རིག་འོད་གསལ་གྱི་གདམས་ངག་བདོག༔ བོད་ཀྱི་ཤོ་གུ་རྣལ་མ་ལ༔ དོན་ཚིག་དང་བྲལ་བའི་ཡི་གེ་བྲིས༔ ང་ཡིག་མཁན་པདྨ་འབྱུང་གནས་ཡིན༔ ཆོས་ཡི་གེ་མེད་པའི་གདམས་ངག་བདོག༔ གླིང་བཞིར་སྐྱེས་པའི་མི་རྣམས་ལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་འཆར༔ ང་མོ་མ་པདྨ་འབྱུང་གནས་ཡིན༔ ཆོས་གང་ལ་གང་འདུལ་གྱི་གདམས་ངག་བདོག༔ དུག་ལྔའི་གདོན་ལྔ་དགྲར་ལངས་ན༔ ཡེ་ཤེས་ལྔ་ཡི་ཁོང་དུ་འབྲུབ༔ ང་མཐུ་མཁན་པདྨ་འབྱུང་གནས་ཡིན༔ ཆོས་དུག་ལྔ་རྩད་གཅོད་ཀྱི་གདམས་ངག་བདོག༔ འདོད་ཡོན་མི་སྤོང་ལམ་དུ་ཁྱེར༔ ཡེ་ཤེས་ལྔ་ཡིས་ཉོན་མོངས་སངས༔ ང་བོན་པོ་པདྨ་འབྱུང་གནས་ཡིན༔ ཆོས་ལྟ་ངན་གཡང་ལོན་གྱི་གདམས་ངག་བདོག༔ རིགས་དྲུག་སེམས་ཅན་བདེ་ལ་བཀོད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ང་རྒྱལ་པོ་པདྨ་འབྱུང་གནས་ཡིན༔ ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་བདོག༔ ལས་ངན་འཁོར་བའི་དོང་སྤྲུགས་འཛིན༔ བྱ་བ་རང་སེམས་ཅི་ཐུལ་བྱེད༔ ང་བློན་པོ་པདྨ་འབྱུང་གནས་ཡིན༔ ཅི་བྱེད་ཆོས་སུ་འགྲོ་བའི་གདམས་ངག་བདོག༔ འདུན་ཕུགས་ཕྱི་མ་དོན་དུ་གཉེར༔ ཁ་ངོ་དཀོན་མཆོག་གསུམ་པོ་ལྟ༔ ང་བཙུན་པ་པདྨ་འབྱུང་གནས་ཡིན༔ འཆི་ཁར་སངས་རྒྱའི་གདམས་ངག་བདོག༔ མི་རྣམས་དད་པ་སྐྱེ་བའི་འདུན་མ་བསྐྱངས༔ གྲོས་སུ་ཕྱི་མའི་བདེ་སྐྱིད་བྱས༔ ང་གོག་པོ་པདྨ་འབྱུང་གནས་ཡིན༔ འཁྲུལ་པ་རྩད་གཅོད་ཀྱི་གདམས་ངག་བདོག༔ བྱང་སེམས་སྙིང་རྗེའི་མཚོན་ཆ་ཐོགས༔ རྣམ་རྟོག་ལོག་པའི་དགྲ་བོ་གསོད༔ ང་དཔའ་བོ་པདྨ་འབྱུང་གནས་ཡིན༔ ཆོས་འཁོར་བ་གཡུལ་ལྡོག་གི་གདམས་ངག་བདོག༔ སྦྱིན་པ་གསུམ་གྱི་ནོར་ཕོག་ནས༔ སྐལ་ལྡན་བུ་རྣམས་ཆོས་ལ་བཀོད༔ ང་རྒད་པོ་པདྨ་འབྱུང་གནས་ཡིན༔ རྒད་པོ་འཁར་ཚུགས་ཀྱི་གདམས་ངག་བདོག༔ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད༔ མཐོ་རིས་ཐར་པའི་ལམ་ལ་འགྲོ༔ ང་རྒན་མོ་པདྨ་འབྱུང་གནས་ཡིན༔ རྒན་མོ་མཛུག་ཚུགས་ཀྱི་གདམས་ངག་བདོག༔ བཟོད་པ་གསུམ་གྱི་གོ་ཆ་གྱོན༔ ཉོན་མོངས་འཁྲུལ་པའི་དགྲ་བོ་འཇོམས༔ ང་སྟག་ཤར་པདྨ་འབྱུང་གནས་ཡིན༔ ཆོས་བདུད་བཞི་ལམ་སློང་གི་གདམས་ངག་བདོག༔ བརྩོན་འགྲུས་གསུམ་གྱི་རྒྱན་ཆ་བཏགས༔ སེམས་ཅན་ཡོངས་ལ་བག་མར་འགྲོ༔ ང་སྨན་ཤར་པདྨ་འབྱུང་གནས་ཡིན༔ དྲང་དོན་ངེས་དོན་གྱི་གདམས་ངག་བདོག༔ སྣ་ཚོགས་ཡུལ་དང་རྩེད་མོ་རྩེ༔ སྣང་སྲིད་ཆོས་སྐུར་ངོ་ཤེས་པས༔ ང་བྱིས་པ་པདྨ་འབྱུང་གནས་ཡིན༔ སྐྱོན་མཚང་སུན་འབྱིན་གྱི་གདམས་ངག་བདོག༔ ཤེས་རབ་གསུམ་གྱི་མིག་གིས་བལྟ༔ དབྱིངས་རིག་དབྱེར་མེད་ནུ་ཞོ་འཐུང་༔ ང་བུ་ཆུང་པདྨ་འབྱུང་གནས་ཡིན༔ བསམ་གཏན་ཉལ་ཆོག་གི་གདམས་ངག་བདོག༔ ལར་ཁམས་གསུམ་སེམས་ཅན་མི་རྟག་འཆི༔ ཡོ་ག་ཚེ་ཡི་རིག་འཛིན་གྲུབ༔ ང་འཆི་མེད་པདྨ་འབྱུང་གནས་ཡིན༔ རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག༔ ང་འབྱུང་བ་བཞི་ལ་རག་མ་ལུས༔ ཤ་ཁྲག་ལུས་ལ་རྟེན་མི་འཆའ༔ ང་སྐྱེ་མེད་པདྨ་འབྱུང་གནས་ཡིན༔ ཕྱག་རྒྱ་ཆེན་པོའི་གདམས་ངག་བདོག༔ རྡོ་རྗེའི་སྐུ་ལ་བགྲེས་རྒུད་མེད༔ བྱང་ཆུབ་སེམས་ལ་གསལ་འགྲིབ་མེད༔ ང་རྒས་མེད་པདྨ་འབྱུང་གནས་ཡིན༔ ཉོན་མོངས་ཞི་མེད་ཀྱི་གདམས་ངག་བདོག༔ ལང་ཚོ་ལྡན་པ་ནད་ཀྱིས་འཇོམས༔ བཀྲག་མདངས་ལྡན་པ་རྐྱེན་གྱིས་འཕྲོག༔ ང་ནད་མེད་པདྨ་འབྱུང་གནས་ཡིན༔ ཆོས་རྫོགས་པ་ཆེན་པོའི་གདམས་ངག་བདོག༔ མཐའ་འཁོབ་བོད་ཀྱི་རྒྱལ་པོ་ཁྱོད༔ མི་དགེ་གླིང་གི་རྒྱལ་པོ་ལ༔ གདོལ་པ་ཤ་ཟན་སྲིན་པོས་བསྐོར༔ མུ་གེའི་འབངས་ལ་བརྟེན་པ་ནི༔ ཉམ་མི་དགའ་ཞིང་བག་མི་འགྲོ༔ སྲིན་མོ་མི་གཟུགས་བཙུན་མོ་ལ༔ འདྲེ་མོ་དམར་ནག་མཚར་མོས་བསྐོར༔ དར་ཟབ་གསེར་གཡུས་བརྒྱན་པ་ནི༔ སྙིང་མི་སྡུག་ཅིང་ཉམ་མི་དགའ༔ ཁྱོད་གདོང་དམར་སྲིན་པོ་བོད་ཀྱི་རྗེ༔ ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ༔ བོད་ཀྱི་མངའ་བདག་མ་ལགས་སམ༔ རྒྱལ་པོ་ཡིན་པས་གློ་བ་དགའ༔ མངའ་ཐང་ཆེ་བས་མཆིན་པ་སྐྱིད༔ ཕྱག་ལ་འགྱིང་བས་ཕོ་བོ་མཐོ༔ ང་རྒྱལ་པོ་ཁྱོད་ལ་ཕྱག་མི་འཚལ༔ འོན་ཀྱང་སྨོན་ལམ་འབྲེལ་པ་ཡིས༔ བོད་ཡུལ་དབུས་སུ་འོངས་ནས་མཆིས༔ རྒྱལ་པོ་ཆེན་པོ་དེར་བྱོན་ནམ༔ ཞེས་གསུངས་ཕྱག་གཡས་པ་གདེངས་མཛད་པས༔ རྫུ་འཕྲུལ་གྱི་མེ་འབར་ནས་རྒྱལ་བློན་ཐམས་ཅད་ཀྱི་ན་བཟའ་ཧྲོག་གེ་ཚིག༔ སློབ་དཔོན་གྱི་སྐུའི་འོད་ཟེར་དང་གཟི་བརྗིད་རྒྱལ་བློན་ཚོས་མ་ཐུབ་པར་གནོང་ཞིང་འགྱོད་པས་ཕྱག་གྱང་འགྱེལ་བ་བཞིན་གུས་པས་བཙལ་ནས༔ བསྐུར་གནས་ཁྱེད་ལྟ་བུ་ལ་ཆེད་མ་བྱས༔ བདག་གི་སྒྲིབ་པ་ཇི་ལྟར་བྱས་ནས་དག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མངའ་བདག་སྐུའི་དམ་ཚིག་ཉམས་ཆག་སྐོང་བ་ལ་རྡོའི་མཆོད་རྟེན་ལྔ་བཞེངས་ན་དག་ཅེས་གསུངས༔ དབུས་སུ་པདྨ་བརྒྱན་པ་བཞེངས༔ ཨུ་རྒྱན་ཆེན་པོས་གཏེར་ཁ་རེ་རེ་སྦས༔ དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལ་བསམ་ཡས་སུ་ཕྱགས་ཕབ༔ ཕོ་བྲང་དུ་སྤྱན་དྲངས༔ གསེར་གྱི་ཁྲི་ལ་བཞུགས༔ མཁན་སློབ་ཞལ་སྤྲོད་བྱས་ཞལ་སྐྱེམས་དང་བཤོས་འཇིག་རྟེན་གྱི་ཞལ་ཟས་སྣ་ཚོགས་པ་དྲངས༔ ཟ་འོག་གི་སྨུག་བེར་སྐུ་ལ་གསོལ༔ གསེར་དངུལ་ལ་སོགས་བཞེས་པ་མང་པོ་ཕུལ་ནས་ཞུས་པ༔ ཨེ་མ༔ བདག་གི་མི་དགེའི་དཔོན་པོ་གདོང་དམར་རྗེ༔ བོད་ཀྱི་མི་ནི་ཉོན་མོངས་རགས་ཤིང་གྱོང་༔ གདུལ་དཀའ་འདུལ་ཞིང་ཆོས་ཀྱི་རྟེན་འཛུགས་པས༔ སྤྲུལ་སྐུས་ས་གཞི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་དགྱེས་པའི་ཞལ་འཛུམ་མཛད་ནས་འདི་སྐད་གསུངས༔ བོད་ཁམས་སྐྱོང་བའི་མངའ་བདག་རྒྱལ་པོ་ལགས༔ མཐའ་འཁོབ་བོད་འདི་འདྲེ་ཡི་ཡུལ་དུ་འདུག༔ ལམ་དུ་ལྷ་འདྲེ་མང་ཞིག་བཏུལ་ནས་ཡོད༔ བོད་ཕྲུག་སྤྲེའུའི་ཚོགས་རྣམས་འདུལ་བའི་ཕྱིར༔ ལྷ་ཁང་བཞེངས་པ་རྒྱལ་པོ་ངོ་མཚར་ཆེ༔ གློ་བོ་སྲིན་མོ་གན་རྐྱལ་བཞག་འདྲ་བའི༔ སྙིང་ཁར་གཙུག་ལག་ཁང་ཆེན་བཞེངས་ཡང་དགོས༔ ལྟེ་བའི་སྟེང་དུ་མཆོད་རྟེན་བཞེངས་ཡང་དགོས༔ སྲིན་མོའི་མགོ་ལ་མདེའུ་ནག་པོ་དགོས༔ རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱད༔ མལ་དྲོའི་ནང་ན་བོད་ཁམས་དབང་བྱེད་པའི༔ ཀླུ་ཡི་རྒྱལ་པོ་མལ་དྲོ་གཟི་ཆེན་ཞེས༔ དེ་ལ་ཀླུ་གཏེར་གཞུག་ཅིང་སྲོག་ཆུ་དགོས༔ ཞེས་གསུངས་སོ༔ དེ་ནས་སློབ་དཔོན་གྱིས་མལ་དྲོར་བྱོན༔ དོང་སྤྲུགས་འདུས་པའི་བཤགས་པ་མཛད༔ ཀླུ་གཏེར་བཙུགས་ནས་ཀླུའི་སྲོག་ཆུ་བླངས༔ ཀླུའི་ཡིད་དམ་ལ་མ་ཐོགས་པས་ཁ་གནོན་ལ་གློ་བོ་གསེར་ཁར་གཙུག་ལག་ཁང་བཞེངས༔ དེ་ནས་ཧས་པོ་རིའི་རྩེར་བྱོན༔ སྐམ་ཆས་རློན་ཆས་ཀྱི་རྫས་ལ་ལྷ་འདྲེ་འདུར་བཅུག༔ སྦོས་པ་རྣམས་ལ་གཏེར་ཁ་བཞི་བྱས༔ འགྲམ་པ་རྣམས་ལ་མེ་བཙའ་བཞི་རྒྱབ༔ རུས་སྦལ་གྱི་མགོ་ལ་རྟ་མགྲིན་བཞེངས་སུ་བཅུག་ལ༔ ཧཱུྂ༔ ཉོན་ཅིག་པད་འབྱུང་བཀའ་ལ་ལྷ་འདྲེ་ཉོན༔ འཇིག་རྟེན་ཁམས་ན་མཚུངས་མེད་སྤྲུལ་པའི་སྐུ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ ལུས་ལ་དུག་གིས་མི་ཚུགས་འཆི་མེད་ཐོབ༔ འགྲོ་དྲུག་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་༔ དམུ་རྒོད་སེམས་ཅན་ཚེ་ཐུང་གཡེང་བ་ཆེ༔ ཁྲི་སྲོང་ལྡེ་བཙན་ལྷ་ཁང་བཞེངས་པ་འདི༔ རྒྱལ་མཚན་རྩེ་ལ་ནོར་བུ་ཕྱར་བ་འདྲ༔ བོད་དུ་དམ་ཆོས་བསྟན་པ་འཛུགས་པ་ལ༔ ལྷ་འདྲེ་སུ་མ་མགུ་ཡང་རག་མ་ལུས༔ མགྲོན་པོར་རྒྱ་གར་པཎ་ཆེན་འགུགས་པ་འདི༔ མུན་པའི་དཀྱིལ་དུ་སྒྲོན་མེ་ཁྱེར་བ་འདྲ༔ བོད་དུ་བདེ་སྐྱིད་དམ་ཆོས་དར་བ་ན༔ ལྷ་འདྲེ་ཡུལ་འབུད་སོང་ཡང་རག་མ་ལུས༔ དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིན༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བསམ་པ་སྒྲུབས༔ ལྷ་འདྲེས་རྩིགས་ཤིག་ལྷ་འདྲེ་ལས་ལ་འདུས༔ སྔགས་འཆང་པད་འབྱུང་ངའི་བཀའ་མ་བཅགས༔ ཞེས་གསུངས་སོ༔ ནམ་མཁའ་ལ་འཕུར་ནས་རྡོ་རྗེའི་འགྲོས་མཛད༔ གྲིབ་མ་གར་བྱུང་དུ་དགེ་བསྙེན་ཉེར་གཅིག་དང་༔ བརྟན་མ་བཅུ་གཉིས་གངས་རི་མོ་གཡའ་རི་མོ་ལ་སོགས་ལྷ་འདྲེ་ཐམས་ཅད་དང་༔ དྲི་ཟ་གྲུལ་བུམ་ཀླུ་དབང་ལ་སོགས་གནོད་སྦྱིན་རྣམས་དང་༔ གཟའ་ཆེན་བརྒྱད་རྒྱུ་སྐར་ཉེར་བརྒྱད་ཀྱིས་རི་ཀླུང་ཀུན་ནས་ས་རྡོ་མང་པོ་བསྡུས་ཏེ༔ ས་ཕོ་སྟག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་གཟའ་ཕུར་བུ་དར་བ༔ སྐར་མ་ལག་སོར་ཉི་མ་འབྲུག་ལ་རྩིག་རྨང་བཏིང་༔ རྒྱལ་པོ་ཉིད་ཀྱིས་བཞེངས་པའི་གཙུག་ཁང་དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བྱས༔ འཁོར་རྣམས་གསེར་གྱི་རི་བདུན་དུ་བྱས༔ ཡཀྴ་རྟ་མགོ་ཉི་ཟླའི་ཚུལ་དུ་བྱས༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚུལ་དུ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར༔ ལས་མི་ཁྲི་ཚོ་གཅིག་གིས་ཉིན་གཅིག་གྱང་བཏང་བས༔ གྱང་ཕོར་གཅིག་ལས་མ་ཐོང་ཐམས་ཅད་ངལ་དུབ༔ སློབ་དཔོན་གྱིས་ལྷ་འདྲེ་དབང་དུ་བསྡུས་ལས་ཀ་བཅོལ༔ ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་གྱེར་མཁན་བྱས༔ རྒྱལ་ཆེན་བཞིས་ལས་དཔོན་བྱས༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་སྡེ་བརྒྱད་ཀྱིས་ཀུ་སྒྲ་ཀུ་ཅོ་དང་བཅས་ནས་གྱེར་བཏང་བས༔ ཉིན་མོ་མིས་བརྩིགས་པ་བས་ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་༔ ཤིང་རྣམས་ཀླུའི་རྒྱལ་པོས་ཕུལ༔ ཀླུའི་རྒྱལ་པོ་དང་རྒྱལ་པོ་གཉིས་གྲོགས་པོ་བྱས་ནས་ཀླུའི་རིན་པོ་ཆེ་སྣ་ཚོགས་པ་ཀླུའི་རྒྱལ་པོས་རྒྱལ་པོ་ལ་ཕུལ༔ དེ་དུས་བྱང་ཁ་སྣ་བརྒྱད་མི་མང་འཚོགས་ནས་དེ་རྣམས་ཀྱི་གསེབ་ནས་བུ་མོ་ལོ་བཅུ་དྲུག་ལོན་པ་མཛེས་པའི་རྒྱན་དང་ལྡན་པ་གཅིག་འདུག་ནས༔ རྒྱལ་པོའི་བཙུན་མོར་བཞེས་དགོས་ཞུས་པ་ལ༔ ལེགས་སོ་གསུངས་ནས་འདི་ངའི་སྐྱེ་བ་སྔོན་མའི་མ་ཡིན་པས་རིགས་ངན་གསུངས་པ་ལ༔ ཞུ་བ་ནན་ཅན་ཕུལ་ནས་ཁབ་ཏུ་བཞེས༔ མོ་གསེར་གྱི་བདག་མོར་བསྐོས༔ དེ་ནས་༼བུ་ཚབ་ལྷ་ཁང་ཟེར་བ་ཡིན༽བུ་ཚལ་གསེར་ཁང་གླིང་བཞེངས༔ དམར་རྒྱན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས༔ འབྲོ་བཟའ་བྱང་ཆུབ་མས་དགེ་རྒྱས་གླིང་བཞེངས༔ གླིང་ཕྲན་བརྒྱད་རིམ་པ་ལྟར་བཞེངས༔ ཕྱོགས་བཞིར་མཆོད་རྟེན་ཆེན་པོ་བཞི་བཞེངས༔ ཀ་བ་སྟོང་དང་རྩ་གཉིས་སྒོ་མོ་སུམ་བརྒྱ་བཅུ་དྲུག༔ ལྕོག་ཆེན་བརྒྱ་དང་བཅུ་དྲུག༔ མཆོད་རྟེན་དཀར་པོ་ཤུད་བུ་དཔལ་སེང་གིས་བཞེངས༔ མཆོད་རྟེན་དམར་པོ་ཞང་རྒྱལ་ལྷ་སྣང་གིས་བཞེངས༔ མཆོད་རྟེན་ནག་པོ་ངམ་སྟག་རས་བཞེངས༔ མཆོད་རྟེན་སྔོན་པོ་རྡོ་རྗེ་སྤྲེའུ་ཆུང་གིས་བཞེངས༔ ཀླུ་བཏུལ་སྲོག་ཆུ་བུམ་གཏེར་རེ་རེ་སྦས༔ ལྕགས་རི་ནག་པོ་སྒོ་བཞི་མགོན་ཁང་བཞི༔ སྒོ་བཞིའི་མདུན་ན་རྡོ་རིང་ཆེན་པོ་བཞི་བཞེངས༔ ཡུལ་བདག་རེའི་རྩེ་ལ་མཆོད་རྟེན་སྟོང་རྩ་བརྒྱད༔ སྟག་ནས་ལོ་ལྔ་ཤིང་ཕོ་རྟ་ལོར་འབྱོངས༔ དེ་ནས་ལྷ་ཁང་ནང་དུ་ཅོང་འདོགས་པ་ལ་མི་མ་ཡིན་གྱིས་ཅོང་འདོགས་སུ་མ་སྟེར་བ་ལ༔ སློབ་དཔོན་གྱིས་མཆིམས་ཕུར་སྒྲུབ་པ་མཛད༔ རུ་ལུ་ཚངས་པའི་དབྱངས་ཀྱི་འདྲེན་སྟངས་མཛད་པས་མི་མ་ཡིན་རྣམས་ཀྱིས་ཅོང་འདོགས་སུ་བཅུག༔ སློབ་དཔོན་གྱི་དགོངས་པ་ལྷ་འདྲེས་བཤིག་མ་ནུས༔ དེ་ནས་གཙུག་ལག་ཁང་གི་དཀོར་སྲུང་ལ་མཁན་སློབ་རྒྱལ་པོ་ཡོན་མཆོད་བཀའ་གྲོས་མཛད་པས་མཁན་པོ་བོ་དྷི་སཏྭའི་ཞལ་སྔ་ནས༔ བདུད་ལ་གཏད་ན་གསོད་པའི་རང་བཞིན་ཡིན་པས༔ ཐུགས་ལ་གདོན་གསོལ་མི་མཐུན་སྣ་ཚོགས་བྱེད་པས༔ དེའི་ཚེ་འདྲེའི་སྤྲུལ་པས་གླགས་རྙེད་ནས་གདུང་རབས་བརྒྱ་དང་བཅུ་དྲུག་སོང་ཙ་ན༔ ཧོར་ཡུལ་གནམ་ཐེ་དཀར་པོའི་རྒྱལ་པོ་འབྱུང་ཞིང་བོད་འབངས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག༔ ཧོར་གྱི་ཕོ་ལྷ་རྣམས་ལྷ་བྱང་ཆུབ་ཡིན༔ དེ་དུས་རྒྱལ་པོ་ཤིང་བྱ་ཅན་སྤྱན་དྲངས་ནས་དེ་ལ་གཏད་ན་གཙུག་ཁང་མི་འཇིག༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པས་པེ་དཀར་ཀ་ཆའི་ཕྱིར་འབྲངས་ནས་འོང་བས་ང་ཡིས་པེ་དཀར་གླིང་དུ་རྟེན་ཟུག་གསུངས༔ དེ་ནས་བྷ་ཏ་ཧོར་དུ་དམག་རྒྱབ་བཅོམ༔ ཟས་ནོར་མང་པོ་དྲངས་ནས་འོང་བ་ལ༔ ལ་ལ་སྨྱོར་བཅུག་ལ་ལ་འབོག་ཏུ་བཅུག་པས༔ དེ་ནས་ཨུ་རྒྱན་པདྨས་པེ་དཀར་གླིང་དུ་རྒྱལ་པོའི་རྟེན་ཕྱི་རྟེན་ནང་རྟེན་གསང་རྟེན་རྣམས་བཙུགས་སོ༔ དེ་ནས་རྟ་ལོ་དགུན་ཟླ་འབྲིང་པོའི་སྐར་མ་རྒྱལ་ལ་མཁན་སློབ་གཉིས་ཀྱིས་མེ་ཏོག་འཐོར་རབ་གནས་མཛད་པས༔ ལྷ་ཐམས་ཅད་ཕྱག་མཚན་བསྣམས་གདེངས་ཤིང་༔ ཕྱིར་འདོན་ནས་དབུ་རྩེ་མཆོད་རྟེན་དང་བཅས་པ་ལན་གསུམ་བསྐོར་ནས༔ ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་གླེང་མཛད་ཅིང་༔ སླར་ལྷ་ཁང་ནང་དུ་ལྷ་རྣམས་བྱོན་ཏེ༔ མ་ཆགས་པདྨ་ཅན་གྱིས་བར་སྣང་བཞུགས༔ སྒོ་སྲུང་ཁྲོ་བོར་མེ་ཏོག་འཐོར་བའི་ཚེ༔ ཁྲོ་བོའི་མེ་རི་དུ་བ་སྔོ་ཕྱུར་བྱུང་༔ མེ་རི་དམར་རིང་འབར་བ་ཀུན་གྱིས་མཐོང་༔ རྒྱལ་པོ་མེ་ཤོར་སྙམ་ནས་ཐུགས་ཟོན་བྱེད༔ ཇོ་མོ་གླིང་གསུམ་མེ་ཏོག་འཐོར་བའི་ཚེ༔ ལྷ་ཁང་ཐམས་ཅད་འོད་ཀྱིས་གང་བ་བྱུང་༔ ཡོ་བྱད་འདབ་ཏུ་འཕེལ་ཞིང་དྲི་ཞིམ་ལ༔ པདྨའི་སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་༔ ཨཱརྻ་པ་ལོའི་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ འཁོར་བའི་སྙུག་རིང་ཤར་གྱིས་སྐྱེས་པ་མཐོང་༔ བྱམས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་བྲན་སྤྲིན་གསེབ་འོངས་ནས་མཆོད་པ་ཕུལ༔ འཇམ་དཔལ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ མེ་ཏོག་ཆར་པ་ལན་གསུམ་འབབ་པ་མཐོང་༔ སྔགས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་རྣམས་ནམ་མཁའི་དབྱིངས་ལ་གཤེགས་བཞུད་བྱས༔ ཁྲུས་ཁང་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་རྣམས་གསུང་བྱོན་གདམས་པ་ཆོས་སུ་སྨྲ༔ བསམ་གཏན་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ཉི་ཟླ་དུས་གཅིག་ཤར་བ་ཀུན་གྱིས་མཐོང་༔ རྟ་མགྲིན་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ རྟ་སྐད་ཐེངས་གསུམ་སྒྲོག་པ་ཀུན་གྱིས་ཐོས༔ སྒྲ་བསྒྱུར་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ རོལ་མོ་ཐམས་ཅད་རང་ཁྲོལ་དུས་གཅིག་བྱུང་༔ པེ་དཀར་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ པེ་དཀར་དབུ་རྩེར་ཐང་འཆམ་ཟོར་གཉན་ལེན༔ མཆོད་རྟེན་བཞི་ལ་མེ་ཏོག་འཐོར་བའི་ཚེ༔ གདུགས་དང་རྒྱལ་མཚན་འཕན་དར་རང་འཕྱར་བྱུང་༔ མགོན་ཁང་བཞི་ལ་མེ་ཏོག་འཐོར་བའི་ཚེ༔ ལྡེར་སོས་ཁྲོམ་འུར་སྒོ་བཞིའི་ནང་དུ་སོང་༔ ཨ་རུ་རློན་པའི་ཆར་པ་ལན་གསུམ་ཕབ༔ རྡོ་ཡི་མཆོད་རྟེན་མེ་ཏོག་འཐོར་བའི་ཚེ༔ མཆོད་རྟེན་ལྔ་ལ་འཇའ་སྣ་རེ་རེ་ཟུག༔ ལྷ་མི་ཐམས་ཅད་ངོ་མཚར་མཆོག་གྱུར་གླེང་༔ སྐྱིད་པའི་གླུ་ལེན་ཉམས་དགའ་རྐང་བྲོ་བརྡུང་༔ མཛེས་པའི་ལྷ་ལྟ་སྙན་པའི་གཏམ་དགུ་གླེང་༔ མི་རེ་གླུ་རེ་ལེན་ཅིང་རྟ་རེ་བང་རེ་རྒྱུག༔ དེ་ནས་ལྷ་ས་ཁྲ་འབྲུག་ལ་སོགས་ལྷ་ཁང་བརྒྱ་རྩ་བརྒྱད་ལ་ཨུ་རྒྱན་གྱིས་མེ་ཏོག་འཐོར་ཞིང་རབ་གནས་མཛད༔ ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི་རྒྱ་གར་རྡོ་རྗེ་གདན་དང་འདྲ་བའི་བསམ་ཡས་འདི་ལ་མོས་པ་དང་གུས་པས་ཕྱག་དང་སྐོར་བ་དང་ཞབས་ཏོག་བྱས་པ་རྣམས་ཚེ་འདིར་བར་ཆད་སེལ་ཞིང་ཕྱི་མ་སངས་རྒྱ་བར་ཐེ་ཚོམ་མེད་དོ༔ དེ་ནས་མཁན་སློབ་གཉིས་རྒྱ་གར་ཡུལ་དུ་བཞུད་པར་དགོངས་ནས་མངའ་བདག་རྗེ་ལ་གསུངས་པ༔ བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ ཐུགས་དགོངས་དག་པའི་མངའ་ཐང་སྐུ་དྲིན་ལ༔ བྲག་དམར་དཔལ་གྱི་གཙུག་ལག་ཁང་༔ སྟག་ལ་རྨང་བཏིང་ལོ་ངོ་ལྔ་ན་འབྱོངས༔ རབ་གནས་རྫོགས་ཤིང་རྒྱལ་པོའི་ཐུགས་དགོངས་རྫོགས༔ ད་ནི་རང་གི་ཡུལ་དུ་འགྲོ་བར་བྱ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་པོས་སྤྱན་ཆབ་བཏོན་ནས་མི་འབྱོན་པར་ཞུ་བ་ཕུལ་བས༔ སློབ་དཔོན་གྱིས་བཞུགས་པར་བཀའ་གནང་༔ མཁན་སློབ་གཉིས་ཟ་འོག་དགུ་བརྩེགས་ཀྱི་ཁར་བཞུགས་སུ་གསོལ༔ གསེར་སྐྱོགས་དངུལ་སྐྱོགས་མུ་མེན་གྱི་སྐྱོགས་རྣམས་ལ་འབྲས་ཆང་དང་རྒུན་ཆང་གིས་བཀང་ནས་དྲངས༔ གསེར་དང་སྤྱན་གཟིགས་སྣ་ཚོགས་པ་ཕུལ་ནས༔ གསང་སྔགས་ཕྱི་ནང་གི་ཆོས་རྣམས་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ སློབ་དཔོན་རྣམ་གཉིས་ཀྱི་གསུང་ནས༔ རྒྱལ་པོ་ཉིད་རང་རྒྱལ་ཁྲིམས་དང་ཆོས་ཁྲིམས་སྡོམས་ཤིག་གསུངས་ནས༔ རྒྱལ་པོས་རྒྱལ་ཁྲིམས་དང་ཆོས་ཁྲིམས་རང་སར་བསྡམས་སོ༔ དེའི་དུས་སུ་བོ་དྷི་སཏྭ་དང་སྐ་ཅོག་ལ་སོགས་པས་རྒྱུའི་ཆོས་མང་དུ་གསུངས༔ སངས་རྒྱས་གསང་བ་གངས་ཏི་སེ་ལ་བྱོན་པས་སྤྱན་མ་དྲངས༔ གཙང་ཐེ་ལེན་ཏྲ༔ བྲན་ཁ་མུར་ཏི༔ འཇམ་དཔལ་གོ་ཆ་བརྫངས་པས༔ བྱང་ཆུབ་སེམས་དཔའི་ཏནྟྲ་དང་༔ ཨ་བ་དྷ་ར་ལ་སོགས་ཡོ་གའི་རྒྱུད་སྡེ་རྣམས་དང་༔ སྒྱུ་འཕྲུལ་རྡོ་རྗེའི་ལས་རིམ་ལ་སོགས་མང་དུ་ཞུས༔ སློབ་དཔོན་ཧཱུྂ་ཀ་ར་གསང་སྔགས་ཀྱི་མངའ་བདག་ཏུ་གྲགས་ནས་སྤྱན་མ་དྲངས༔ དགེ་སློང་མི་ལྔའི་གཡོག་དང་དྲུག་བརྫངས་ཏེ༔ གནུབས་ནམ་མཁའི་སྙིང་པོ༔ འབྲོམ་རྒྱལ་བའི་བློ་གྲོས༔ གླང་དཔལ་གྱི་སེང་གེ༔ རུ་ཀྱོང་དྷརྨ་རཱ་ཛ༔ གྲུ་གུ་ཡེ་བཀྴ༔ ལང་གྲོ་དཀོན་མཆོག་འབྱུང་གནས་རྣམས་ཀྱིས་གཙོ་བོར་ཡང་དག་ཞུས་སོ༔ ཀྲི་ཡོག་སྡེ་གསུམ༔ མཧཱ་ཡོ་གའི་རྒྱུད་དང་ཕྱག་བཞེས་དང་༔ ལུང་ཧེ་རུ་ཀ་གལ་པོ་ལ་སོགས་རྒྱུད་དང་ཕྱག་བཞེས་མང་དུ་བསྒྱུར་རོ༔ བབས་སོ་ལྔ་པ་ལ་རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཡང་༔ རྒྱལ་པོའི་ཐུགས་མ་ཚིམ་སྟེ༔ རྒྱུ་འབྲས་ལས་འདས་པའི་ཆོས་ཞིག་བཙལ་བར་དགོངས་སོ༔ དེ་ལ་ཁྲི་སྲོང་ལྡེའུ་བཙན་སྐྱེ་བ་སྔ་མ་ལ་རྒྱ་གར་གྱི་ཡུལ་མ་དུ་ཀ་ཞེས་བྱ་བ་ན༔ ཡབ་བྲམ་ཟེ་དཔལ་ལྡན་བདེ་སྐྱོང་ཞེས་བྱ་དང་༔ མ་དྲང་སྲོང་ཤ་ཏ་ཀ་ཞེས་བྱ་བའི་བུ་དགེ་སློང་ཨ་བ་དྷཱུ་ཏི་པ་ཞེས་བྱ་བ་ཚེ་འཕོས་པའོ༔ དེ་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་ཞིང་སྐྱེ་བ་སྔ་མའི་སྟོབས་ཀྱིས་རྒྱ་གར་ན་རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པར་མཁྱེན་ནས༔ འབངས་བློན་དང་མཁས་བཙུན་ཐམས་ཅད་བསགས་ཏེ༔ རྒྱུ་འབྲས་ཀྱི་ཆོས་རྫོགས་ཀྱང་རྒྱ་གར་ན་རྒྱུ་འབྲས་ལས་འདས་པའི་ཆོས་ཞིག་ཡོད་ངེས་པར་འདུག་པས༔ མི་གཉིས་འཚོལ་དུ་བཏང་དགོས་པས་སུ་འགྲོ༔ དེའི་དགེ་བའི་རྩ་བ་ནི་ནམ་མཁའི་ཁམས་སུ་ཡང་མི་ཤོང་ངོ་ཞེས་གསུངས་པས༔ བློན་འབངས་དང་མཁས་བཙུན་ཐམས་ཅད་སྒྲ་ཆག་གོ༔ དེ་ནས་འབངས་ཀྱི་ཕྲུ་གུ་རིག་པ་ཅན་ཁ་དོག་ལེགས་ཤིང་སྐྱོན་མེད་དྭངས་པ་རྣམས་ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་ལ༔ རྒྱ་གར་ཡུལ་དུ་སྒྲ་བསྒྱུར་སློབ་ཏུ་གཏོང་༔ འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་པ་ལ༔ མཁན་པོས་སྒྲ་སློབ་བསྒྱུར་དུ་བཅུག་པ་ནི༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒཱ་ཡ༔ བོད་ཕྲུག་ཁ་ལྕེ་མ་བདེ་ཡེ་མ་ཤེས༔ མ་མོ་སྦུད་པ་ཡ༔ མ་མོ་སྦང་མ་ཡ༔ མ་མོ་ཕ་ཕ་པ་ཡ༔ བོད་ཕྲུག་སྒྲ་དེ་བོད་སྐད་བསྒྱུར་བསླབས་པས༔ སངས་རྒྱས་ལ་ཕྱག་འཚལ་ལོ༔ ཆོས་ལ་ཕྱག་འཚལ་ལོ༔ དགེ་འདུན་ལ་ཕྱག་འཚལ་ལོ༔ ཆར་གེ་ལ་ཐག་ཐ་མོ་ཡ་བས་ཧ་ཧི༔ ཆོས་ལ་ཐག་ཐ་མོ་ཡ་བས་ཧ་ཧི༔ འེ་འདུན་ལ་ཐག་ཐ་མོ་ཡ་བས་ཧ་ཧི༔ སློབ་དཔོན་པདྨས་སྒྲ་བསྒྱུར་བསླབས་པས༔ ན་མོ་གུ་རུ་ཡ༔ ན་མོ་དྷེ་བ་ཡ༔ ན་མོ་དྷཱ་ཀི་ཡ༔ བོད་ཕྲུག་གིས་ཇི་ཙམ་བསླབས་ཀྱང་མ་ཤེས་ཏེ༔ ན་མོ་སྦའུ་ཡ༔ ན་མོ་འདྲེ་སྦ་ཡ༔ ན་མོ་སྦ་ཁྱི་ཡ༔ བླ་མ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ ཡི་དམ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ མཁའ་འགྲོ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ བོད་ཕྲུག་བྱིས་པས་དེ་མ་ཤེས་ཏེ༔ གནའ་མ་ཡ་ཐག་ཐམ་མོ་ཡ་བས་ཧི༔ བྱི་སམ་ཡ་ཐག་ཐ་མོ་ཡ་བས་ཧི༔ ཤམ་བོ་ཐང་ཐག་ཐམ་མོ་ཡ་བས་ཧི༔ ཞེས་པ་ལས་མ་ཤེས་པས༔ སློབ་དཔོན་བཞད་ཅིང་ཕྱག་གཉིས་བརྡབས་པར་གྱུར༔ རྒྱལ་པོ་ཐུགས་མུག་མང་དུ་བཤུམས་པ་ཡིས༔ ཤ་ལྕགས་རུས་ཐིམ་བཞེས་པ་དུས་མི་འགྲོ༔ མཁན་སློབ་གཉིས་ལ་རྒྱལ་པོས་ཕྱག་ཕུལ་ནས༔ ཆོས་མེད་མཐའ་འཁོབ་བོད་ཡུལ་མུན་གླིང་འདིར༔ མི་ཡིས་སངས་རྒྱས་ཐོབ་པར་བྱ་དོན་དུ༔ མཁན་སློབ་རྣམ་གཉིས་སྤྱན་དྲངས་ལྷ་ཁང་བཞེངས༔ བཞུད་པ་བཤོལ་ལ་ཆོས་གསུང་ཞུ་བ་ཕུལ༔ ཐུགས་རྗེས་དགོངས་ནས་བཞུགས་པའི་ཞུ་བ་གནང་༔ ཆོས་ཁྲིམས་བསྡམས་ནས་གང་འཚམས་བྱིས་པ་བསྡུས༔ སྒྲ་ཙམ་མི་ཤེས་ལོ་ཙཱ་མི་འབྱུང་བ༔ ཆོས་བསྟན་མི་ཚུགས་ཇི་ལྟར་བྱེད་ན་ལེགས༔ ཞུས་པས༔ དུས་གསུམ་མཁྱེན་པ་པདྨའི་ཞལ་སྔ་ནས༔ ཐབས་ཤིག་ཡོད་ཀྱིས་རྒྱལ་པོ་ཐུགས་གློད་གསུངས༔ རྒྱ་གར་རྡོ་རྗེ་གདན་གྱི་ཆོས་གྲྭ་ནས༔ ཤཱཀྱ་ཐུབ་པའི་ཉེ་གནས་ཀུན་དགའ་བོ༔ ཚེ་འཕོས་ལོངས་སྐུའི་ཞིང་ཁམས་མང་ཉུལ་བ༔ ཚ་བའི་ཡུལ་གྱི་དགེ་སློང་པཱུརྞ་ཚེ་འཕོས་པ༔ མི་ལུས་ཆོས་ལྡན་སྐྱེ་བདུན་ཐ་མ་ནི༔ གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ན༔ གནས་གཞིས་གཅིག་གི་བྲང་ཁང་སྨིག་ཁུང་ན༔ ཕ་མིང་པ་གོར་ཧེ་འདོད་བྱ་བ་ལ༔ མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུ༔ གན་ཇག་ཐང་ཏ་བྱིས་པ་ལོ་བརྒྱད་པ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ སྤྲུལ་པའི་ལོ་ཙྪ་རྩོད་མེད་གྲགས་པ་འབྱུང་༔ ཨུ་རུ་འཕན་ཡུལ་སྐ་བ་དཔལ་ཞེས་པ༔ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་བ༔ ཡུམ་མིང་བྲམ་ཟེ་རྡོ་རྗེ་ལྕམ་གྱི་བུ༔ ཤཱཀ་ཐུབ་ཉེ་གནས་ཙུནྡ་ཚེ་འཕོས་པ༔ སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བ་མཆི༔ རུ་ལག་ཤངས་ཀྱི་དར་མ་སྒང་ཞེས་ན༔ ཡབ་མིང་ཅོག་རོ་རྒྱལ་འབྱུང་ཞེས་བྱ་བ༔ ཡུམ་མིང་འབྲོ་ཟ་མཛེས་མ་གཉིས་ཀྱི་བུ༔ སྔོན་གྱི་དགེ་སློང་ལིཙྪ་བྱི་ཚེ་འཕོས་པ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་པ་འབྱུང་༔ ཕ་མ་གཉིས་ལ་བསླངས་ན་སྟེར་བ་མཆི༔ ཞེས་པའི་ལུང་བསྟན་གསུངས་པ་དང་༔ དེ་ནས་རྒྱལ་བློན་དཔོན་གཡོག་བདུན༔ རྐང་ཐང་ཉི་ཤུ་རྩ་ལྔ་རྟ་ཕྱིར་ཁྲིད༔ སྙེ་མོ་བྱེ་མཁར་གནས་གཞིས་མདུན་དུ་འདུག༔ དེ་དུས་ཕྱག་དང་ཞེ་ས་མི་ཤེས་པས༔ མཇལ་བར་མ་ནུས་སྒོ་ཕྱིའི་རྒྱུ་འགྲུལ་ཆོད༔ ཕྱི་སྐད་དུས་ན་བྱིས་པ་སྦལ་སྐྱས་བྱུང་༔ ལུས་བསྐྱོད་ངག་གླུ་བསྒྲེངས་པ་སྐོར་གཅིག་བཅིངས༔ རྒྱལ་པོའི་གསུང་ནས་འདི་ལ་གཏམ་དྲི་གསུངས༔ བློན་པོས་བྱིས་པའི་མདུན་ཕྱིན་ཁྲིད་ནས་འོང་༔ པ་གོར་ཧེ་འདོད་གཞིས་ལ་ཡོད་དམ་དྲིས༔ ཡོད་པ་ཡོད་དེ་ད་ལྟ་གཏམ་འཚོལ་དུ་སོང་ཟེར༔ བྲན་ཀ་ཟ་སྒྲོན་སྐྱིད་ནི་ངོ་ཤེས་སམ་དྲིས༔ ཤེས་པ་ཤེས་ཏེ་ད་ལྟ་མིག་འཚོལ་དུ་སོང་ཟེར༔ བུ་ཁྱོད་སུའི་བུ་ཡིན་གསུངས་པས་ཕ་ཡི་བུ་ཡིན་ཟེར༔ ཁྱོད་ཀྱི་ཕ་མའི་མིང་ཇི་སྐད་ཟེར་གསུངས་པས༔ ཁྱོད་རང་གིས་མི་ངོ་ཤེས་པར་འདུག་པ་ཟེར༔ ཁྱོད་ཀྱི་ཁང་པ་གང་ཡིན་ཟེར་དྲིས་པས་ཁྱིམ་ཡིན་ཟེར༔ དེ་ལ་རྒྱལ་པོ་དགྱེས་ཏེ་འདིར་ཤོག་གསུངས༔ ཕྱག་འཚལ་བྱས་པས་ཁྱོད་ཀྱིས་སློབས་དང་ཟེར༔ བསླབས་པས་ཤེས་ནས་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་ནས༔ སློབ་དཔོན་གསུངས་པའི་བུ་དེ་འདི་རང་ཡིན་གསུངས༔ ཁ་རྟགས་ལ་ཉེ་བཟང་ལ་སྤྱང་པོ་འདུག་གསུངས༔ ངའི་ཕྱིས་ལ་ཨེ་འགྲོ་གསུངས་པས༔ ཕྱིན་ཆོག་རྟ་གཞུག་བསྐྱོན་གསུངས༔ ཕ་དེས་ཆང་ཁུར་མ་དེས་མར་ནག་ཁྱེར་ནས་བྱུང་༔ ཁྱིམ་དུ་སོང་བས་ཨ་ཏང་ཨ་མ་ཟེར༔ གཏམ་བྱུང་ཆང་ཡིན་མུན་པ་མར་མེས་སེལ༔ གོ་བརྡ་ཕྲོད་ནས་བུ་དེ་རྟ་ལ་བསྐྱོན༔ རྐང་ཐང་ཉི་ཤུའི་དཀྱིལ་དུ་སྔོན་ལ་བཏང་༔ རྒྱལ་བློན་བཅུ་གཉིས་ཕྱིས་ལ་ཐོན་བྱས་བསྡད༔ དེ་ནས་པ་གོར་ཧེ་འདོད་རྩ་རུ་བྱུང་༔ རྒྱལ་བློན་འཁོར་བཅས་ནང་དུ་སྤྱན་དྲངས་ནས༔ ཞུགས་ཆེན་སྦྲོན་ནས་མགུར་མ་གསང་དུ་བསྒྲགས༔ མངའ་བདག་འདིར་བྱོན་ཞབས་དོན་ཅི་བདོག་ཞུས༔ མངའ་བདག་རྒྱལ་པོ་འདིར་མཆིས་གཞན་དོན་མེད༔ ཁྱོད་ཀྱི་བུ་འདི་སློང་དུ་འོང་བ་ཡིན༔ ཅིས་ཀྱང་བུ་འདི་ང་ལ་བྱིན་ཅིག་གསུངས༔ ཕ་མ་གཉིས་ནི་ངུས་ནས་མ་དགའ་སྟེ༔ གཅིག་པུ་འདི་ལས་བུ་གཞན་ང་ལ་མེད༔ ལོ་ཡང་བརྒྱད་ལས་མ་སོང་ཅི་མཛད་ཞུས༔ དེ་ནས་མངའ་བདག་རྒྱལ་པོས་གསུངས་པ་ནི༔ བོད་ཕྲུག་གཞན་གྱིས་ལོ་ཙྪ་མ་ཤེས་པས༔ ལོ་ཙྪ་བསླབས་ནས་བོད་དུ་ཆོས་བསྒྱུར་འཇུག༔ སློབ་དཔོན་ཆེན་པོ་པདྨའི་ལུང་བསྟན་ཡིན༔ ཁྱོད་ཀྱི་བུ་འདི་མིན་པས་མི་ཡོང་གསུངས༔ པ་གོར་ཧེ་འདོད་ཤིན་ཏུ་ཧམ་ནས་སུ༔ རྒན་རྒོན་གཉིས་ལ་སྙིང་བརྩེ་གཅིག་པོ་འདི༔ རྒྱ་གར་ཡུལ་དུ་རྟོལ་ཀྱང་ག་ནས་རྟོལ༔ ལོ་བརྒྱད་ལོན་ནས་ཆོས་བསྒྱུར་མི་ཡོང་ལགས༔ དེ་སྐད་མི་གསུངས་ཞུ་དང་ཕྱག་བཙལ་བས༔ རྒྱལ་པོའི་ཞལ་ནས་བུ་འདི་ལོ་གཞོན་ཀྱང་༔ ད་ལྟ་འདི་ཀ་བཞིན་དུ་གཏོང་བ་མིན༔ ལོངས་ནས་འགྲོ་བ་ཡོང་དུས་གཏོང་བ་ཡིན༔ རྒན་རྒོན་གཉིས་ཀྱི་སྐྱིད་སྡུག་ང་ཤེས་གསུངས༔ བུ་འདི་ང་ལ་མི་སྦྱིན་མེད་ཐབས་མེད༔ དེ་ནས་བུ་བྱིན་ཡབ་ཡུམ་ཁྲིད་ནས་འོང་༔ ཡུལ་དབུས་གང་བཟང་སྦོམ་ལ་སྡོད་ཅིག་གསུངས༔ ཡུལ་དབུས་གནམ་ལ་ཁ་བསྟན་ཡར་ཀླུང་བཟང་༔ ཡབ་ཡུམ་ཡར་ཀླུང་རོག་པ་རྩ་རུ་བཞག༔ དེ་ནས་གན་ཇག་ཐང་ཏ་བསམ་ཡས་ཁྲིད༔ མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག༔ ལོ་གསུམ་བར་དུ་དཀར་གསུམ་མངར་གསུམ་བྱིན༔ ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་སྒྲུབ་བྱས༔ ལོ་དགུ་ལོན་ནས་ཕྱི་ནང་བློན་པོ་བྱས༔ བཅུ་གཉིས་ལོན་ནས་རྗེའི་གསོལ་ཀ་ལོ་གསུམ་བྱས༔ དེ་ནས་ལོ་ཙྪ་རྣམས་ལ་མཁས་པར་བསླབས༔ སྐ་བ་དཔལ་བརྩེགས་ཅོག་རོག་ཀླུ་ཡི་རྒྱལ༔ རྒྱལ་པོས་འགུགས་པའི་ཕོ་ཉ་བཏང་ནས་འདུག༔ ལོ་ཙྪ་སྒྲ་རྣམས་བསླབས་པས་མཁས་པར་ཤེས༔ དེ་ནས་རྒྱལ་པོས་སློབ་དཔོན་རྣམ་པ་གཉིས༔ བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས་ནས༔ གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས༔ དངུལ་གྱི་ཁྲི་ལ་མཁན་པོ་བོ་དྷི་སཏྭ་བཞུགས༔ གཡས་གྲལ་གཡོན་གྲལ་གབ་བརྩེགས་གདན་གསུམ་ལ༔ བཻ་རོས་གཙོ་བྱས་ལོ་ཙྪ་གསུམ་པོ་བཞུགས༔ དགུང་གྲལ་ཉིད་ལ་རྒྱལ་པོ་ཉིད་བཞུགས་ནས༔ སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་རེ༔ ཁྲུ་གང་པ་ལ་གསེར་གཡུའི་མཎྜལ་བཀོད༔ ལོ་ཙྪ་གསུམ་ལ་རཏྣའི་མཎྜལ་བཀོད༔ རྒྱལ་པོས་ཕྱག་བཙལ་ཆོས་གསུང་ཞུ་བ་འབུལ༔ ཨེ་མ་ཧོཿ རྒྱ་གར་ཆོས་ཀྱི་ཡུལ་ནས་འབྱོན་པ་ཡི༔ བོད་དུ་ཉི་ཟླ་ཟུང་གཅིག་ཤར་བ་གཉིས༔ མདོ་སྔགས་སྒོམ་མཚམས་མ་ལོག་གསུང་བར་ཞུ༔ ལོ་ཙྪ་གསུམ་གྱིས་བོད་སྐད་བསྒྱུར་བ་ཞུ༔ གསེར་ཕྱེ་ཀ་ཏོར་གང་གིས་མེ་ཏོག་གཏོར༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གླང་གི་ལོ་ལ་བཞུགས་ནས་སྟག་ལོའི་བར༔ གསང་སྔགས་ཕྱི་ཡི་ཀྲི་ཡོག་སྡེ་གསུམ་རྒྱུད༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ལོ་ཙྪ་བསྒྱུར་ནས་གསུངས༔ གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་རྒྱུད༔ བཻ་རོ་ཙ་ནས་ལོ་ཙྪ་བསྒྱུར་ནས་གསུངས༔ སྐུ་རིམ་ཕྱི་སྐོང་རྒྱལ་པོའི་མདོ་བཅུ་བསྒྱུར༔ ཤེས་རབ་སྙིང་པོ་ལྟ་བའི་མདོ༔ འདའ་ཀ་ཡེ་ཤེས་སྒོམ་པའི་མདོ༔ བཟང་པོ་སྤྱོད་པ་སྨོན་ལམ་མདོ༔ རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ༔ བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ༔ གཙུག་ཏོར་དཀར་མོ་བཟློག་པའི་མདོ༔ གོས་སྔོན་ཅན་ནི་བསྲུང་བའི་མདོ༔ ཚེ་དཔག་མེད་ཚེ་བསྲིང་བའི་མདོ༔ ནོར་རྒྱུན་མ་ནོར་འགྲུབ་པའི་མདོ༔ ཡི་གེ་གཅིག་མ་སྙིང་པོའི་མདོ་རྣམས་བསྒྱུར་རོ༔ ནང་སྐོང་དུ་ན་རག་གི་ཆ་ལགས༔ གསང་སྐོང་དུ་བསྙེན་སྒྲུབ་ཀྱི་ཆ་ལགས༔ དེ་ནས་རྒྱལ་པོའི་ཐུགས་དམ་མ་ཆག་པ༔ ཁ་འདོན་དྲི་མེད་བཤགས་རྒྱུད་ཉིད་ལ་བྱེད༔ ཟླ་རེ་བཞིན་དུ་དམ་སྐོང་དོང་སྤྲུགས་མཛད༔ དགུང་ལོ་བཞི་ཅུ་ཞེ་དྲུག་ཚེ་དུས་ལ༔ མི་ལོ་བཅུ་གསུམ་ཕྱིར་ལ་བསྲིངས་པར་གྱུར༔ དེ་བར་ཆོས་ཀྱི་བསྒྱུར་ཚུལ་མང་མོད་ཀྱང་༔ འདི་རུ་མཚོན་ཙམ་བསྡུས་ཀྱང་ཡི་གེ་མང་༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འཐུང་དུ་བཅུག༔ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་བསྒྱུར༔ ཞི་བ་རྡོ་རྗེ་དབྱིངས་ཀྱིས་གཙོ་བྱས་ནས༔ བདེ་གཤེགས་འདུས་པ་བརྒྱ་དང་སུམ་ཅུ་ལྔ༔ གསང་སྔགས་སྤྱི་མདོ་ཉི་ཤུ་རྩ་གཅིག་བསྒྱུར༔ སྒྱུ་འཕྲུལ་སྡེ་བརྒྱད་བླ་མེད་དོན་རྫོགས་འདུས༔ གསང་སྔགས་བསྒྱུར་ཚུལ་མཁའ་ལ་ཉི་ཤར་འདྲ༔ དེ་ནས་མཁན་པོ་བོ་དྷི་སཏྭ་དང་༔ སྐུ་གཅིག་མཚན་མང་བན་དྷེ་ཡེ་ཤེས་སྡེ༔ འདུལ་བ་ལུང་དང་ལུང་རྩ་སྡེ་བཞི་དང་༔ སྟོང་ཕྲག་བརྒྱ་པ་བྱམས་ཞུས་རྟག་ཏུ་ངུ་༔ མདོ་ཆོས་རྒྱས་འབྲིང་རྣམ་གསུམ་མ་ལུས་བསྒྱུར༔ ལངྐར་གཤེགས་པ་བམ་པོ་བཅོ་ལྔ་དང་༔ དཀོན་མཆོག་བརྩེགས་པ་སུམ་ཅུ་རྩ་ལྔ་དང་༔ ཕལ་པོ་ཆེ་ལ་བམ་པོ་ཉིས་བརྒྱ་དང་༔ མྱ་ངན་འདས་ལ་བམ་པོ་བརྒྱ་བཅུ་གཉིས༔ ལས་འབྲས་དྲང་དོན་བསྟན་པའི་མདོ་རྣམས་བསྒྱུར༔ སྐ་བ་དཔལ་བརྩེགས་གསང་སྔགས་ཕྱི་མ་བསྒྱུར༔ བྱ་རྒྱུད་ཀྲི་ཡ་སྡེ་དྲུག་སྡེ་ལྔ་དང་༔ སྤྱོད་རྒྱུད་ཨུ་པ་ཡ་ཡི་རྒྱུད་བཞི་དང་༔ རྣལ་འབྱོར་ཡོ་གའི་རྒྱུད་སྐོར་མ་ལུས་བསྒྱུར༔ གཞུང་ཆེན་བམ་པོ་སུམ་བརྒྱ་མ་བསྒྱུར་རོ༔
བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་བའི་སྐབས་དང་༔ བཻ་རོ་ཙ་ན་ལུང་བསྟན་པའི་སྐབས་ཏེ་བརྒྱད་པའོ༔