volume 026 602

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 11:03, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །གཅོད་ཡུལ་ལས་བར་དོ་འོད་གསལ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

«བར་དོ་འོད་གསལ་སྒོ་འབྱེད་ནི། ཕྲ་རགས་ཐིམས་རྗེས་འོད་གསལ་འཆར་བས་བར་དོ་ཡིན། ཞེས་བྱ་བ་ནི་འཆི་བའི་དུས་སུ་སྲིད་པའི་བར་དོ་ལ་གཅད་པར་བྱ་སྟེ། དེ་ལ་གསུམ། འཆི་ཚུལ་གྱི་རིམ་པ་དང༌། འོད་གསལ་འཆར་བའི་དུས་དང༌། བར་དོར་འཁྱམས་པའི་དུས་དང་ཚུལ། དང་པོ་ནི་ཐིམ་ཚུལ་བཞི་ཡིས་ཐིམ་སྟེ། ཕྱི་དབུགས་ཟད། སྣང་མཆེད་ཐོབ་གསུམ་ཐིམས། ནང་དབུགས་ཆད། ཨ་ཧཾ་འཕྲད་པ་གྱེས་པས་ཟག་བཅས་ཀྱི་བདེ་བ་ཡལ། རྩ་ཁམས་ཡིག་འབྲུ་ཐམས་ཅད་འཁྲུགས་པས་རིག་པ་བརྒྱལ་འགྲོ་བས་ཏེ། དཔེར་ན་ཆུ་རྙོགས་པས་ཆུ་ནང་ཤར་བའི་ཉི་ཟླ་ཡལ་ནས་མི་གསལ་བ་བཞིན་དུ། ཞག་གསུམ་མམ་བཞི་ལྔ་ལ་སོགས་པ་ཅི་རིགས་སུ་བརྒྱལ་འགྲོ། འོད་གསལ་བའི་དུས་ནི། བརྒྱལ་སངས་པའི་རྗེས། ཆུ་དྭངས་པས་ཉི་ཟླ་ཤར་བ་བཞིན་དུ། འོད་གསལ་འཆར་བ་སྟེ། འོད་གསལ་གྱི་ངོ་བོ་ནི། བར་དོའི་དུས་ཕྱག་རྒྱ་ཆེན་པོའི་སྒོམ་སྐྱེ་བ་ཡིན་ཏེ། སྣང་སྟོང་ཟུང་འཇུག །བདེ་སྟོང་དབྱེར་མེད། གསལ་སྟོང་འཛིན་མེད་ཀྱི་དོན་རྒྱུད་ལ་འཆར་བ་ཡིན་ཏེ། དེ་ཁོ་ནའི་ངང་དུ་ཙེན་ནེ་བཞག་པས། སྔར་ནས་ཉམས་ལེན་ཡོད་པའི་གང་ཟག་དེ། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ། དེའི་དུས་སུ་རང་ངོ་ཤེས། རང་དབང་ཐོབ། རང་ས་ཟིན། གཉིས་མེད་ཆོས་ཀྱི་སྐུའི་ངོ་བོར་སངས་རྒྱས་སོ། །» «སྔར་ནས་བསྐྱེད་རིམ་བསྒོམས་པ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། བྱམས་སྙིང་རྗེ་བསྒོམས་པས་སྤྲུལ་པའི་སྐུ་འབྱུང་སྟེ། སྐུ་གསུམ་ཕྲིན་ལས་དང་བཅས་པ་དེའི་དུས་སུ་ཐོབ་བོ། །གལ་ཏེ་སྔར་གྱི་སྦྱངས་པ་ཆུང་བས། བར་དོ་དང་པོ་ལ་སངས་རྒྱས་མ་ནུས་ན། གཉིས་པ་ལ་མངལ་སྒོ་དགག་པར་བྱ་སྟེ། དེ་ལ་དགག་ཐབས་གསུམ་སྟེ། ལྷ་དང་བླ་མ་བསྒོམས་པས་མངལ་སྒོ་དགག་པ་དང༌། ཆགས་སྡང་རྩད་བཅད་ལ་མངལ་སྒོ་དགག་པ་དང༌། ལས་ཀྱི་རླུང་དམར་ལ་མི་སྐྲག་མི་དངངས་ནས་མངལ་སྒོ་དགག་པའོ། །དང་པོ་ནི་མངལ་དུ་འཇུག་པའི་རྒྱུ། རང་གི་རྒྱུད་ལ་ཆགས་སྡང་ཡོད། རྐྱེན་ཕོ་མོ་ཕན་ཚུན་ཆགས་པ་སྤྱོད་པ་ལ་བརྟེན་ནས། མིག་སེར་སྐྱེས་པས་འབྲས་བུ་མོ་ལ་ཆགས་ཤིང༌། ཕོ་ལ་སྡང་བས་བུར་སྐྱེ་ལ། ཕོ་ལ་ཆགས་ཤིང་མོ་ལ་སྡང་ན་མོར་སྐྱེ་བས་ཆགས་པ་སྤྱོད་པ་མཐོང་ཡང༌། གསང་དབང་བསྐུར་བའི་བླ་མ་ཡབ་ཡུམ་དུ་བསྒོམས་ལ་ཆགས་སྡང་སྤང་ངོ༌། །ཆགས་སྡང་རྩད་བཅད་ལ་མངལ་སྒོ་དགག་པ་ནི། ཕྱི་རུ་ཆགས་པ་སྤྱོད་པ་མཐོང་བའི་ཚེ་ནང་དུ་ཆགས་སྡང་སྐྱེ་བས་ཆགས་མཁན་ཆགས་པའི་ངོ་བོ་དེ་ག་ན་འདུག །ཅི་འདྲར་འདུག་བལྟས་པས། ཆགས་པའི་ངོ་བོ་དེ་ཆགས་པ་མེད་པའི་ངང་ལ་བཞག་གོ ། ཆགས་མཁན་སྟོང་ཉིད་དུ་ཤེས་ན། ཆགས་སྡང་རང་གྲོལ་ཏུ་སོང་ནས། མངལ་སྒོ་དགག་པའོ། །ལས་ཀྱི་རླུང་དམར་ལ་མི་སྐྲག་པར་བྱས་ལ་མངལ་སྒོ་དགག་པ་ནི། མངལ་དུ་འཇུག་པའི་བག་ཆགས་ཀྱི་ལུས། རྐྱེན་ལས་ཀྱི་རླུང་དམར། ངོ་བོ་རླུང་དང་བུ་ཡུག་དྲག་ཆར་དང་སེར་བ་དང༌། མེ་འབར་བ་དང༌། ཤྭ་ལོག་དང་རི་གཟར་གྱི་རྦབ་དང་གླང་པོ་ཆེ་སྨྱོན་པ། དམག་དང་རྒྱལ་པོ་འབྱུང་སྙམ་པར་བྱེད་པ་དང༌། དེས་སྐྲག་སྟེ་བྲོས་ནས། གནས་ཁང་ཏུ་ཡིབ་ཏུ་ཕྱིན་སྙམ་བྱེད་པ་ལ་བརྟེན་ནས་མངལ་དུ་ཚུད། དེ་ལ་ལས་ཀྱི་རླུང་དམར་བཅུས་བདས་པའི་དུས་ན། སྔར་གྱི་ལུས་ནི་སྤངས། ཕྱིས་ལུས་ནི་མ་བླངས་ད་ལྟར་གྱི་ལུས་འདི་བག་ཆགས་ཡིད་ཀྱི་ལུས་ཡིན་པས། འདི་ལུས་སུ་སྣང་བ་ཙུག་འདུག་ཀྱང་བདེན་པར་གྲུབ་པ་མེད་པས། འདིར་མེ་དང་ཆུ་ལ་སོགས་པས་གནོད་མི་ནུས། ནང་ན་ལུས་དངོས་པོར་གྲུབ་པ་མེད་ལ། ཕྱི་ནས་ལས་ཀྱི་རླུང་བཅུ་བདེན་པར་གྲུབ་པར་མེད་པར། འདི་ཀ་ལ་གཅོད་བྱ་དགོས་པ་ཡིན་སྙམ་པར་བྱ། བརྟགས་ཚན་བསྐྱེད་ནས་བསྡད་པས། དེ་ཐམས་ཅད་བདེན་པར་གྲུབ་པ་མེད། སེམས་ཀྱི་ཚུལ་ཡིན་པས། རང་ཡལ་ཏུ་འགྲོའོ། ། བར་དོར་འཁྱམས་པའི་ཚུལ་ནི། ཐ་མལ་པའི་བར་དོ་དང༌། རྣལ་འབྱོར་པའི་བར་དོ་གཉིས་ལས། དང་པོ་ནི། ཡུན་རིང་ཤོས་ཞག་བཞི་བཅུ་ཞེ་དགུའི་བར་ལ། བག་ཆགས་ཡིད་ཀྱི་ལུས་མཚན་ཉིད་དྲུག་དང་ལྡན་པར་བཟུང་ནས་བདེ་སྡུག་སྣ་ཚོགས་ལ་སྤྱོད་པའོ། །རྣལ་འབྱོར་པའི་བར་དོ་ནི། གདམས་ངག་ཡོད་པས་མངལ་ཁ་བཟང་པོར་འདམས་པར་བྱ་སྟེ། སྔར་གྱི་རླུང་བཅུ་པོ་གང་ཡང་རུང་བས་བདས་པའི་ཚེ། ཡིབ་ས་སོ་སོར་འདམས་པ་གལ་ཆེ་སྟེ། དེ་ཡང་ངམ་ཕུག་དང༌། གཅོང་རོང་དང༌། གཡང་ས་དང༌། གཏིང་རིང་དུ་ཡིབ་པ་སྙམ་བྱེད་ན། ཁྱི་དང་ཕག་ལ་སོགས་པ་དུད་འགྲོའི་མངལ་དུ་སྐྱེའོ། །རྩ་དང་སྤང་དང་ལོ་མའི་སྤྱིལ་པོར་ཡིབ་ན་མི་ལུས་ཐོབ་ཀྱང་ལུས་ངན་དུ་སྐྱེའོ། ། ཁང་བཟང་དང༌། སྤང་ཁང་དང༌། རྟེན་གྱི་དྲུང་དུ་ཡིབ་སྙམ་བྱེད་ན། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས་སུ་སྐྱེའོ། །གཙུག་ལག་ཁང་དང༌། ལྷ་ཁང་དང༌། རྟེན་གྱི་དྲུང་དུ་ཡིབ་སྙམ་བྱེད་ན། དགེ་བའི་བཤེས་གཉེན་དང༌། ཆོས་མཛད་དང༌། ཆོས་དང་ལྡན་པའི་རིགས་ཀྱི་མངལ་དུ་སྐྱེའོ། །དེ་རྣམས་འདམས་པར་བྱའོ། །ཉིན་མོ་སྒྱུ་ལུས་མ་འབྱོངས་ཤིང༌། མཚན་མོ་རྨི་ལམ་མ་འབྱོངས་ན། བར་དོར་འོད་གསལ་མི་འབྱོངས་པས། དང་པོ་རང་དུ་འཕོ་བར་བྱའོ་གསུངས། རྫོགས་སོ།། དགེའོ། བཀྲ་ཤིས། «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽གཅོད་ཡུལ་ལས་བར་དོ་འོད་གསལ་སྒོ་འབྱེད།»- PAGE 50 -- PAGE 51 -- PAGE 48 -