volume 021 481

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 11:02, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༈ དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལྟ་བ་མཐའ་བྲལ་ཆེན་པོར་གདེང་བཅས་ནས། བཅུ་གཅིག་པ་སྒོམ་པ་བསམ་གཏན་དྲི་མ་མེད་པའི་ལེའུ་ལ་སྤྱི་དོན་བཞི་སྟེ། ལྟ་བས་གཏན་ལ་ཕབ་ནས་བསྒོམ་པར་བསྟན་པ། གང་གིས་བསྒོམ་པའི་དབང་པོའི་རིམ་པ་བསྟན་པ། ཇི་ལྟར་བསྒོམ་པའི་ལམ་གྱི་རིམ་པ་བཤད་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་ལྟ་བས་གཏན་ལ་ཕབ་ནས་བསྒོམ་པར་བསྟན་པ་ནི། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ནམ་མཁའ་ལྟ་བུའི་གནས་ལུགས་ཀྱི་རང་བཞིན་ལྟ་བ་མཐའ་བྲལ་ཆེན་པོ་བཤད་ནས། ད་ནི་སྒོམ་པ་རང་བྱུང་གི་ཡེ་ཤེས་འོད་གསལ་ཉི་ཟླ་ལྟ་བུ་སྟོན་པ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་ཆོས་ཀུན་མཉམ་པའི་དོན་མཐོང་ནས། ། གནས་ལུགས་ངང་ལ་ཇི་བཞིན་གཞག་པ་གཅེས། །ཞེས་སྨོས་ཏེ། དང་པོར་ལྟ་བས་མཐའ་ཆོད་ནས་སྒོམ་པས་དེའི་ངང་ལ་མཉམ་པར་གཞག་དགོས་ཏེ། དེ་ལྟ་མ་ཡིན་ན་ཉོན་མོངས་པའི་ཚོགས་ལས་མི་གྲོལ་ཞིང་ས་དང་ལམ་གྱི་ཡོན་ཏན་མི་རྫོགས་པའི་ཕྱིར་ན་ངེས་པར་བསྒོམ་པར་བྱའོ། །དེའང་གནས་ལུགས་རང་བཞིན་ཀྱིས་དག་པ་ནམ་མཁའ་ལྟ་བུའི་ངང་ལ་བློ་རེ་དོགས་ཀྱི་སྤྲོས་པ་ཆོད་པའི་ཚུལ་གྱིས་བཞག་སྟེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་ད་སྒོམས་ཤིག །བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་སྒོམ་པ་ ཡིན། །དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ན། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་བའི་ངང་ལས་མི་ཡེངས་པ། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་པ་དང༌། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ། ། སྙིང་པོ་རྟོགས་གོམས་དོན་ཉིད་གཅིག་ལས་མེད། །སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ། །རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས། །མ་ཡེངས་རེ་དོགས་མེད་ན་སྒོམ་པ་ཡིན། །ཞེས་སོ། །དེའང་ཐོས་ནས་བསམ་པ་དང་དེའི་དོན་བསྒོམ་པ་ལ་འཇུག་དགོས་ཏེ། སྙིང་པོའི་དོན་རྒྱུད་ལ་སྐྱེ་དགོས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས། །གང་གིས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་བསྒོམས་ན་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་སོ། ། སྤྱི་དོན་གཉིས་པ་གང་གིས་བསྒོམ་པའི་དབང་པོའི་རིམ་པ་བསྟན་པ་ལ་རབ་འབྲིང་ཐ་གསུམ་གྱི། དབང་པོ་རབ་ལ་དྲུག་སྟེ། ཡང་རབ་རྟོགས་པས་གྲོལ་བར་བསྟན་པ་ནི། སྒོམ་པ། དེ་ཡང་དབང་པོའི་རིམ་པས་བསྟན་པ་ སྟེ། །དབང་པོ་ཡང་རབ་གནས་ལུགས་རྟོགས་པས་གྲོལ། །སྒོམ་དང་བསྒོམ་བྱ་གཉིས་མེད་དོན་མཐོང་ནས། །སྣང་སྲིད་གཞི་གྲོལ་སེམས་ཉིད་བྱ་རྩོལ་མེད། ། ཕྱོགས་བྲལ་རིག་པ་ཆུ་བོའི་རྒྱུན་བཞིན་འཆར། །འདི་ལྟར་སྔོན་བསོད་ནམས་བསགས་པའི་སྐལ་ལྡན་དབང་པོ་ཡང་རབ་པ་རྣམས་ཀྱིས་སེམས་ཉིད་རྣལ་མའི་དོན་བསྒོམ་བྱ་དང་སྒོམ་བྱེད་ལས་འདས་པ་ནམ་མཁའ་ལྟ་བུའི་དོན་བླ་མ་དམ་པའི་རྐྱེན་གྱིས་རྟོགས་པ་ཙམ་གྱིས་གྲོལ་ཏེ། འབད་པ་དང་བཅས་ནས་བསྒོམ་མི་དགོས་པར་སེམས་ཉིད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་དུས་ཐམས་ཅད་དུ་ངང་གིས་གནས་པ་ནི་ཀུན་བྱེད་ལས། ཀྱེ་སྟོན་པ་ཀུན་བྱེད་ང་ཡིས་ལུང་བསྟན་པ། །མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །བསྒོམ་དང་མི་བསྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་གྲོལ་བས་བསྒོམ་པ་ཡིན། །ཀྱེ་བསྒོམ་དུ་མེད་པའི་མན་ངག་འདི་དག་ལ། །ཚིག་དང་སྒྲ་ལས་འདས་པའི་དོན་ཡིན་ཕྱིར། །སྔ་རབས་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཕྱི་རབས་ཀུན་བྱེད་རྒྱལ་པོས་ལུང་མི་སྟོན། །ད་ལྟ་ཀུན་བྱེད་རྒྱལ་པོས་ལུང་བསྟན་མེད། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པ་དོན་གྱི་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་མཁའ་ལ་རྩོད་པ་འདྲ། །ཞེས་སོ། ། ཀློང་གྱུར་ལ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་བསྟན་པ་ནི། དེ་ལྟ་བུའི་དགོངས་པ་ཀློང་དུ་གྱུར་དུས། སྒོམ་པ་དེའི་དོན་ལ། ཐུན་མཚམས་རིས་མེད་འདི་ཡིན་ངོས་གཟུང་ མེད། །ཐམས་ཅད་རང་གྲོལ་ཀུན་ཏུ་བཟང་པོའི་ཞིང༌། །རྟགས་དང་ཚད་མེད་རང་བྱུང་གཞི་ཀློང་ཡངས། །ཇི་བཞིན་ངང་ལ་ཡེ་བཞིན་གནས་པས་ན། །གོལ་དང་གོལ་ས་རྩལ་སྦྱོང་བོགས་འབྱིན་མེད། །ཐོབ་དང་མ་ཐོབ་མེད་པར་ཐག་ཆོད་པས། །འབྲས་བུར་སྨོན་མེད་ད་ལྟ་རྫོགས་སངས་རྒྱས། །དེ་འདྲའི་རྣལ་འབྱོར་ནམ་མཁའ་རབ་འབྱམས་ཡིན། །སྨོས་ཏེ། བདེན་ཞེན་གྲོལ་ནས་གཉེན་པོ་བསྒོམ་དུ་མེད་པས་ཀྱང་སྒོམ་པ་མེད་ལ། བདེན་ཞེན་མེད་པའི་ངང་ལ་རྒྱུན་དུ་གནས་པས་ཐུན་མཚམས་མེད་པའི་རོལ་པ་ངེས་མེད་ཕྱོགས་ལས་འདས་པ་རང་གྲོལ་ཀུན་ཏུ་བཟང་པོའི་ཞིང་ལ་སྤྱོད་པ་ནི། ཀུན་བྱེད་ལས། ཀྱེ་ཀུན་བྱེད་རྒྱལ་པོའི་དབང་ཐོབ་རིག་པ་ན། །དངོས་པོ་མ་བཅོས་ཇི་བཞིན་རྟག་ཏུ་ ཤར། །རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །གཞི་གཞག་གང་ལྟར་བཞག་ཀྱང་དེ་ཉིད་ངང༌། །ཀུན་བྱེད་རྒྱལ་པོའི་ཐབས་ཆེན་རྟོགས་པའི་དབང༌། །ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ན། །སྐྱོན་དང་ཡོན་ཏན་གཉིས་ཀ་མཉམ་ཤེས་པས། །འཇུག་དང་མི་འཇུག་དོན་ལས་ཤིན་ཏུ་འདས། །མི་འགྱུར་ལྷུན་གྲུབ་ཀུན་བྱེད་རྒྱལ་པོའི་ཞིང༌། །མ་བགྲོད་མ་སྦྱངས་རང་བཞིན་ངང་གིས་ རྫོགས། །ཞེས་སོ། །དེའང་དངོས་པོ་དང་མཚན་མའི་སྒོམ་པ་ལྟར་ངོས་གཟུང་གི་རྟགས་དང་ཚད་ཀྱང་མེད་དེ། དེ་ཉིད་ལས། དངོས་པོ་མཚན་མར་འཛིན་པའི་ཆོས་བཞིན་དུ། །ཚད་དང་རྟགས་མེད་ནམ་མཁའ་ལྟ་བུ་འོ། །ཞེས་སོ། ། དེའང་གང་དུའང་མ་ཕྱིན་པས་གོལ་བའི་ས་མེད་ཅིང༌། གང་ལའང་མ་བལྟས་པས་མཐོང་བྱེད་སྒྲིབ་པ་མེད་དེ། །དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཅེས་སོ། །གོལ་སྒྲིབ་ནི་སྦྱང་བགྲོད་ལྟ་སྒོམ་པ་རྣམས་ཀྱིས་སེམས་ཉིད་བལྟས་པས་མཐོང་བ་མེད་པ་ལ་བལྟས་པ་ན་དེ་ཉིད་སྒྲིབ་པར་བྱུང་ཞིང༌། བགྲོད་དུ་མེད་པ་ལ་བགྲོད་པ་དེ་ཉིད་གོལ་སར་གྱུར་པའང༌། དེ་ཉིད་ལས། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲིབ་ བྱུང༌། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང༌། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང༌། །ཞེས་སོ། །དེའང་རང་སེམས་དོན་གྱི་སངས་རྒྱས་སུ་ཡེ་ནས་ལྷུན་གྲུབ་ཏུ་ཐག་ཆོད་པས། ཕྱིས་དེ་ལས་གཞན་པའི་སངས་རྒྱས་ལ་སྨོན་པ་མེད་པར་ཤེས་ཏེ་དུས་དེ་ཉིད་ནས་སངས་རྒྱས་ཀྱི་ས་ལ་གནས་པའི་དོན་ཡང༌། དེ་ཉིད་ལས། སེམས་ཉིད་ཡེ་ནས་མངོན་པར་བྱང་ཆུབ་པས། ། ཐོབ་དང་མ་ཐོབ་རེ་དོགས་གཉིས་སུ་མེད། །ཅེས་པ་དང༌། ཀུན་བྱེད་ང་ལ་ཐམས་ཅད་ཚོགས་པའི་ཕྱིར། །དེ་ཕྱིར་ཕུན་སུམ་ཚོགས་ཞེས་བྱ་བར་བཤད། ། ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྟོན་པ་བསྟན་པ་འཁོར་རྣམས་འབྱུང་བའི་ཕྱིར། །ཀུན་བྱེད་ཅེས་ནི་དེ་ལ་བཏགས་པ་ཡིན། །དང་པོར་སྟོན་པ་ཕུན་སུམ་ཚོགས་པ་ནི། །ཀུན་བྱེད་ང་ཡི་རང་བྱུང་ཡེ་ཤེས་ལས། །རང་བཞིན་རྣམ་པ་གསུམ་དུ་འབྱུང་བ་སྟེ། །སྐུ་གསུམ་སྟོན་པ་གསུམ་དུ་བསྟན་པ་ཡིན། ། ཞེས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་ལ་བསྔགས་པ་ཡང༌། དེ་ཉིད་ལས། ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། ། འབྲིང་དང་ཐ་མས་བསྒོམ་དགོས་པར་གདམས་པ་ནི། དབང་པོ། འབྲིང་དང་ཐ་མས་གོམས་ལ་བརྩོན་དགོས་ཏེ། །ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་པར། །དེ་སྲིད་སྣ་ཚོགས་ཐབས་ཀྱིས་བསྒོམ་པར་བྱ། །འདི་ལྟར་དབང་པོ་འབྲིང་དང་ཐ་མས་ནི་ཤིན་ཏུ་བརྩོན་པ་ཆེན་པོས་བསྒོམ་དགོས་ཏེ། འཁོར་བའི་རྒྱུ་བདག་འཛིན་ལས་མ་གྲོལ་བའི་ཕྱིར་རོ། །དེའང་སྒོམ་མི་སྒོམ་གྱི་ས་མཚམས་ཀྱང་སེམས་ལ་གཟུང་འཛིན་དབྱིངས་སུ་ནུབ་མ་ནུབ་ལ་བྱེད་དེ། ཀུན་བྱེད་ལས། གཉིས་དང་གཉིས་མེད་དག་པའི་ཡེ་ཤེས་ནི། སྒོམ་དང་མི་སྒོམ་མིང་དུ་བཏགས་པ་སྟེ། ། ཞེས་སོ། ། སྒོམ་པའི་འཐད་པ་བསྟན་པ་ནི། སྒོམ་པའི་འཐད་པ་ཡང་རང་ཤར་རང་གྲོལ་དུ་མ་སོང་བའི་ཚེ་ཐ་མལ་རང་གའི་རྟོག་པ་ཡིན་པས་ན། ཁྱད་པར་རྣམ་རྟོག་ངན་པས་སྲིད་པར་འཁྲིད། །དེ་ཉིད་གྲོལ་ཕྱིར་བསམ་གཏན་ཐབས་ལ་བསྟན། །ཕྱི་ནས་ཤེས་རབ་མཐའ་གྲོལ་ཀློང་ཡངས་འཆར། །དེའང་རྣམ་པར་རྟོག་པས་འཁོར་བར་ལྟུང་བ་ནི། ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་དང༌། དཀོན་བརྩེགས་ལས། རྟོག་པའི་ཁོར་མོས་སྲིད་པའི་དགོན་པར་འཁྱམས། །རྟག་ཏུ་ལས་དང་ཉོན་མོངས་འདུ་བྱེད་ཅིང༌། །སྡུག་བསྔལ་བརྒྱ་ཕྲག་མངོན་པར་སྒྲུབ་པར་བྱེད། །ཅེས་སོ། །དེ་ལྟ་བུ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསྒོམས་པས་དུས་ཕྱིས་ཆོས་ཐམས་ཅད་ཡོངས་སུ་གྲོལ་བའི་ཤེས་རབ་འཆར་བར་ངེས་པ་ཡིན་ ནོ། ། ཞི་ལྷག་ཟུང་འབྲེལ་དུ་དགོས་པར་བསྟན་པ་ནི། དེའང་རྩེ་གཅིག་པའི། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ལ། །ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། །ཇི་སྐད་དུ། དཀོན་མཆོག་སྤྲིན་ལས། ཞི་གནས་ཀྱིས་ནི་ཉོན་མོངས་པ་གནོན་པར་བྱེད་དོ། །ལྷག་མཐོང་གིས་ནི་ཉོན་མོངས་པ་ཡོངས་སུ་སྦྱོང་བར་བྱེད་དོ་ཞེས་པ་དང༌། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་སོ། ། དེའང་ངོ་བོ་གཅིག་པ་དང༌། སོ་སོ་བ་གཉིས་ལས། དང་པོ་ནི་གནས་པའི་ཆ་ནས་ཞི་གནས། གསལ་བའི་ཆ་ནས་ལྷག་མཐོང་སྟེ། གསལ་སྟོང་མཐའ་བྲལ་དུ་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱིས་ནི་སྲིད་པ་ལས་སྒྲོལ་བ་ཉིད། བཤེས་སྤྲིང་ལས། ཤེས་རབ་མེད་ན་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ནི། རྒྱ་མཚོ་གནས་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་སོ། །ཐ་དད་པ་ལ་གཉིས་ཏེ། སྒྲའི་རྗེས་སུ་མཐུན་པ་དང༌། དོན་གྱི་རྗེས་སུ་མཐུན་པའོ། །དང་པོ་ནི་ཐོས་པའི་དོན་ལ་སེམས་རྩེ་གཅིག་པ་ཞི་གནས་དང༌། དེ་ལས་དོན་རྟོགས་པ་ལྷག་མཐོང་ངོ༌། །གཉིས་པ་ནི་བསྒོམས་པས་དང་པོ་རྩེ་གཅིག་ཏུ་ཟིན་པ་ཙམ་ཞི་གནས་ལ། ཕྱིས་དེ་ཡང་རང་བཞིན་མེད་པར་རྟོགས་པ་ལྷག་མཐོང་སྟེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ་ཞེས་དང༌། དགོངས་པ་ངེས་པར་འགྲེལ་པ་ལས། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཤེས་རབ་ལས་བྱུང་བ་དང༌། གདམས་ངག་ལས་བྱུང་བའོ། །ཤེས་རབ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ༌། །གདམས་ངག་ལས་བྱུང་བ་ནི། མན་ངག་གིས་སེམས་མི་གཡོ་བར་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་ཞེས་སོ། ། དེའི་རྒྱུ་མཚན་བཤད་པ་ནི། རྒྱུ་མཚན། དེས་ན་རབ་ཀྱིས་ངན་རྟོག་ཆོས་སྐུར་ ལྷོངས། །བཟང་ངན་མེད་ན་གཉེན་པོ་སྒོམ་མི་དགོས། །འབྲིང་གིས་ངང་དངས་ཟུང་འབྲེལ་བསྒོམས་པ་ཡིས། །བཟང་ངན་རྟོག་པ་དབྱིངས་སུ་ནུབ་གྱུར་ ནས། །ཟུང་འབྲེལ་རྟོགས་པ་ནམ་མཁའ་ལྟ་བུ་འཆར། །ཐ་མས་ཐོག་མར་ཞི་གནས་བཙལ་བ་ཡིས། །གང་དམིགས་དེ་ལ་བརྟན་པ་ཐོབ་པར་སླ། །དེ་ནས་ལྷག་མཐོང་སོ་སོར་རྟོག་བསྒོམས་པས། །ཕྱི་ནང་སྣང་སེམས་གཞི་གྲོལ་ཆེན་པོར་འཆར། །དེས་ན་དབང་པོའི་རིམ་པ་ཤེས་པ་གཅེས། །འདི་ལྟར་དབང་པོ་རབ་ཀྱིས་གསེར་གླིང་དུ་ཕྱིན་པ་ན་ས་རྡོ་བཙལ་གྱིས་མི་རྙེད་པ་ལྟར་གང་ཤར་ཆོས་ཉིད་དུ་གྲོལ་བས་གཉེན་པོ་དབྱིངས་སུ་དག་ནས། བསམ་གཏན་ཐུན་འཇོག་ཏུ་སྒོམ་མི་དགོས་ཏེ། ཀུན་བྱེད་ལས། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང༌། །དེ་ཉིད་སྐྱེ་མེད་ཉིད་དུ་གནས་ཤེས་པས། བྱ་བཙལ་མཚན་མའི་འདུ་ཤེས་ཀུན་དང་ བྲལ། །ཞེས་སོ། །འབྲིང་གིས་ལྟ་བ་རྟོགས་པས་སྐྱེ་བ་མེ་པའི་ངང༌། བྱིང་རྒོད་བྲལ་བའི་དྭངས། རྫིང་བུ་རྙོག་པ་དང་བྲལ་བ་མི་གཡོ་བ་ལྟར་བཞག་པས། ཞི་ལྷག་ཟུང་དུ་འབྲེལ་ཏེ་རྣམ་རྟོག་དབྱིངས་སུ་ནུབ་ནས་ནམ་མཁའ་ལྟ་བུའི་རྟོགས་པ་འཆར་ཏེ། ཏིང་ངེ་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་གཞག་ན། །མིང་དུ་མི་ཐོགས་ཉམས་མྱོང་ འབྱུང༌། །དེས་ན་ཏིང་ངེ་འཛིན་ཅེས་བྱ། །ཞེས་སོ། །ཐ་མ་སེམས་འཕྱར་ཞིང་མི་བསྲུན་པ་སྤྲཻའུ་ལྟ་བུ་ཅུང་ཟད་ཀྱང་མི་གནས་པ་དེ་རྩེ་གཅིག་ཏུ་འཛིན་པའི་ཞི་གནས་ཀྱིས་བརླན་ཏེ་བསྒོམས་པས་ཟིན་དུས། དེའི་གཉེན་པོར་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པ་ཉིད་དང༌། སྣང་བ་ཐམས་ཅད་སྒྱུ་མ་ལ་སོགས་པ་སོ་སོར་རྟོག་པའི་ལྷག་མཐོང་བསྒོམ་པས་སྐྱེ་བ་མེད་པའི་དོན་རྟོགས་ཏེ། བྱམས་པས་ཞུས་པ་ལས། ཞི་གནས་གྲུབ་པས་ལྷག་མཐོང་ལ་བསླབ་པར་བྱའོ་ཞེས་སོ། ། དབང་པོ་འབྲིང་ལ་སྒོམ་ཚུལ་བཞག་ཐབས་ལམ་བགྲོད་ཚུལ་གསུམ་གྱི། སྒོམ་ཚུལ་ལའང་ལྔ་ལས། མི་རྟོག་པར་བཞག་པར་གདམས་པ་ནི། དེ་ལྟར་དབང་པོ་དང་སྦྱར་ཏེ་སྒོམ་ཚུལ་ཡང་རིམ་པ་གསུམ་ལ། རེ་ཞིག །ད་ནི་དབང་པོ་འབྲིང་གི་སྒོམ་པ་བསྟན། །ཇི་ལྟར་ཆུ་ནི་དབའ་རླབས་རྙོག་པ་ན། །དངས་པའི་གཟུགས་བརྙན་མི་གསལ་གཡོ་བ་ལྟར། །ཡིད་ནི་མི་བསྲུན་ཀུན་རྟོག་འཕྱར་ཞིང་གཡོ། །སྣ་ཚོགས་སྤྲོས་ལ་ཀུན་ཏུ་འཆེལ་བ་ན། ། སེམས་ཉིད་འོད་གསལ་དྭངས་པའི་ཡེ་ཤེས་དང། །སྤྱན་དང་མངོན་ཤེས་གཟའ་སྐར་མི་འཆར་བས། །གཅིག་ཏུ་མི་གཡོ་མཉམ་པར་གཞག་པ་གཅེས། ། འདི་ལྟར་ཆུའི་དབའ་རླབས་གཡོ་བའི་དུས་ན་གཟུགས་བརྙན་འཛིན་རུང་དུ་སྐྱེས་པའང་གཟུགས་བརྙན་མི་འཛིན་པ་ལྟར། སེམས་ཀྱང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་ཀྱང་ཀུན་ཏུ་རྟོག་པ་གཡོ་བའི་རླབས་ཀྱིས་བྲེལ་བས་ཡོན་ཏན་མི་མངོན་པའི་ཕྱིར་གཅིག་ཏུ་མཉམ་པར་གཞག་པ་གཅེས་ཏེ། དོ་ཧ་ལས། འདི་ནི་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་བསྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡིས་བདག་ཉིད་བརྟན་པར་འགྱུར་བ་ཡིན། །ཞེས་སོ། །ཇི་ལྟར་བཞག་ན་རྟོག་པའི་དབའ་རླབས་རྙོག་པ་མེད་དུས་སེམས་ཉིད་འོད་གསལ་བའི་མར་མེ་རང་གསལ་བས་སེམས་ཀྱི་ཆུ་མི་གཡོ་བར་ཞོག་ཅིག་ཅེས་པའང༌། དེ་ལས། དབའ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པའི་བསམ་གཏན་འགྱུར། །ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་སོ། ། ལུས་གནད་དང་བཞག་ཐབས་བསྟན་པ་ནི། མཉམ་པར་བཞག་ཚུལ་རྒྱས་པར་བསྟན་པ་ནི། མཐའ་གསུམ་དང་བྲལ་བ་མི་གཡོ་བ་གསུམ་གྱི་རང་བཞིན་དུ་བཞག་སྟེ། དེའང༌། ལུས་ནི་ཆོས་བདུན་རི་རྒྱལ་ལྟ་བུ་ལ། །དབང་པོ་མཐའ་བྲལ་རྫིང་བུའི་གཟའ་སྐར་འདྲ། །སེམས་ཉིད་སྟོང་གསལ་དྭངས་པའི་ནམ་མཁའ་བཞིན། ། བྱིང་རྒོད་གཉིས་མེད་སྤྲོས་དང་བྲལ་བར་བཞག །ལུས་མི་གཡོ་བ་ཆོས་བདུན་ཏེ། རྐང་པ་སྐྱིལ་དཀྲུང༌། ལག་པ་མཉམ་གཞག །སྒལ་ཚིགས་དྲང་པོ། ལྕེ་ཡ་རྐན། དབུགས་དལ་བ། མིག་སྣ་རྩེ། མགྲིན་པ་ཡིད་ཙམ་དགུག་པར་མཉམ་པར་གཞག་གོ །དབང་པོ་མི་གཡོ་བ་ནི། མིག་མི་འགུལ། རྣ་བ་དང༌། སྣ་དང། ལྕེ་དང། ལུས་དང༌། ཡིད་རྣམས་དགག་ཀྱང་མི་དགག་སྟེ། གཟུགས་དང༌། སྒྲ་དང། དྲི་དང། རོ་དང་རེག་དང་རྟོག་པ་གང་བྱུང་ཡང་དེའི་སྒོ་མི་དགག །རྗེས་ཕྱིར་མི་འབྲང༌། སྒོ་བགགས་ན་ལྷའི་མིག་ལ་སོགས་པ་སྤྱན་ལྔ། ཡིད་ཀྱི་མངོན་ཤེས་དྲུག་རྣམས་དབང་པོ་དངས་པར་བཞག་པའི་ཡོན་ཏན་ཡིན་པ་ལ་དེ་མི་ཐོབ། རྗེས་ཕྱིར་འབྲང་ན་རྟོག་པ་ལུ་གུ་རྒྱུད་མི་ཆོད་པ་ཐ་མལ་པ་དང་ཁྱད་མེད། དེས་ན་དབང་པོ་རྫིང་བུའི་ཆུ་མི་གཡོ་བ་ལ། སོ་སོའི་སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ་མ་འགགས་པ་ལྟར་མཉམ་པར་གཞག་གོ ། དེའང་ཡུལ་སོ་སོ་ལ་རྟོག་པས་དེར་མ་བཟུང་ན་མི་གནོད་ཀྱི་སྟེང་དུ་སོ་སོའི་ཡོན་ཏན་དུ་འཆར་ཞིང༌། རྣམ་པར་སྣང་ལ་མི་རྟོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །རྣམ་པ་མེད་ན་དེའི་བློ་མེད་པས། རྣམ་པར་རྟོག་མི་རྟོག་གི་དཔྱད་ར་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་མེད་པར་འགྱུར་རོ། །དེས་ན་དབང་པོ་ལ་ཡུལ་སྣང་དུས་མི་རྟོག་པའི་ངང་ལ་བཞག་པས། སོ་སོར་རང་གི་རིག་པའི་བླ་མས། རྟོག་པ་འགྲོ་འོང་ཆད་པ་ལ་རླུང་འགགས་པར་བཤད་པ་མངོན་སུམ་དུ་རྟོགས་ཏེ། ཁ་སྣའི་རླུང་འགྱུ་ཡང་རྟོག་པ་མི་གཡོ་སྟེ་སྤྲོས་པ་ཆད་པ་ལ་རྟོག་པ་ཤི་བར་བཏགས་པས། སྤྲོས་པ་མེད་དུས་དེའི་གཉེན་པོ་བསྒོམ་མི་དགོས་པས། སྤྲོས་པའི་གཉེན་པོ་སྤྲོས་མེད་ཀྱི་རྣལ་འབྱོར་མ་སྟེ་ཤེས་རབ་ཀྱིས་ཅི་བྱ་སྟེ་མི་དགོས་པར། དོ་ཧ་ལས། མིག་ནི་མི་འཛུམས་སེམས་ཀྱང་མི་འགོག་དང། །རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། ། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། །འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ། །ཞེས་སོ། །གནད་དེ་ཉིད་ཐོག་ཏུ་ཕེབས་དུས་ཚོགས་དྲུག་ལྷུག་པའམ་མ་བཅོས་པ་ཞེས་བྱ་སྟེ། ཡུལ་དབང་པོ་ལ་སྣང་བས་དབང་ཤེས་ཡུལ་ལ་མི་རྟོག་སྟེ། དབང་པོ་ཡུལ་ལ་ལྷུང་བ་སྟེ་གསལ་ཡང་ཏིང་ངེ་འཛིན་འོད་གསལ་བའི་དགོངས་པ་ལ་མི་གནོད་ཀྱི་སྟེང་དུ་གྲོགས་བྱེད་པས་རྒྱས་པ་ཞེས་བྱ་བ། དེ་ཉིད་ལས། ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང༌། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་ རྒྱས། །ཞེས་སོ། ། སེམས་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བར་བཞག་པ་ནི་ལུས་དང་དབང་པོ་མི་གཡོ་བ་ན་ཞར་ལ་འབྱུང་སྟེ། དེའང་སྤྲོ་བསྡུ་མེད་པའི་སེམས་དངས་ལ་འོད་གསལ་བ་དེ་ཉིད་ལས་མི་གཡོ་བར་བཞག་པ་ནི། དེ་ཉིད་ལས། དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། ། སྲིད་དང་མཉམ་ཉིད་ཐ་དད་དག་ཏུ་མ་བྱེད་པར། །གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་ བྱོས། །ཞེས་སོ། །དེའང་དེའི་དུས་སུ་དངོས་པོ་ཕྱི་སྣང་བའི་ཡུལ། དངོས་མེད་ནང་རིག་པའི་སེམས་ལ་རྟོག་པས་འཆེལ་ན་སེམས་ཉིད་ལྷན་ཅིག་སྐྱེས་པ་བདེ་བར་གཤེགས་པའི་སྙིང་པོ་ལ་འཆིང་ཞིང་སྒྲིབ་པས་འཁོར་འདས་བཟང་ངན་ནམ། ཐ་ན་རང་གི་ཏིང་ངེ་འཛིན་ལ་ཞེན་འཛིན་གྱི་བློ་ཅུང་ཟད་ཀྱང་མི་བྱའོ། ། དེ་ལྟར་དངོས་པོ་དངོས་མེད་གང་ལའང་མི་རྟོག་པས་དེ་ལས་གཞན་གང་ཡང་མི་བསམ་པ་བྱུང་དུས། ཀུན་རྟོག་གི་འགྲོ་བ་མ་ལུས་པ་སེམས་ཉིད་གཞིའི་ངང་དུ་ཐིམ་པས་སེམས་མི་གཡོ་ཞིང་བརྟན་པ་ན་འཁོར་བ་ལས་གྲོལ་ཏེ་གཉིས་འཛིན་བདག་གཞན་དུ་ཞེན་པ་མེད་པས་བླ་ན་མེད་པའི་ཆོས་སྐུའི་ལུས་སྤྲོས་བསམ་བརྗོད་འདས་ཆེན་པོ་ཐོབ་པར་འགྱུར་ཏེ། དེ་ཉིད་ལས། དངོས་དང་དངོས་མེད་ཡོངས་སུ་དཔྱད་པས་ན། །དེར་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། ། གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། །ཞེས་པ་དང༌། ཀུན་བྱེད་ལས། ། ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང༌། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་སོ། ། ཡོན་ཏན་གྱི་འཆར་ཚུལ་བསྟན་པ་ནི། དེ་ལྟར་མཉམ་པར་གཞག་པ་ན་ཤིན་ཏུ་སྤྲོས་པ་དང་བྲལ་བ། དེ་ཚེ་རང་བཞིན་གཅིག་སྟེ་གདོད་མའི་ངང༌། །གཟུང་དང་འཛིན་པ་མི་དམིགས་ཆོས་ཀྱི་སྐུ། །དྲི་མེད་འོད་གསལ་ཉི་མའི་སྙིང་པོ་ནི། ། བདེ་གསལ་མི་རྟོག་མཐའ་དབུས་མེད་པ་འཆར། །དེའང་དམིགས་བསམ་ཆོས་ཉིད་དུ་འདས་པས་ཀུན་རྟོག་དབྱིངས་སུ་ཐིམ་ནས་ཆོས་སྐུར་རོ་མཉམ་གྱི་དགོངས་པ་འོད་གསལ་རྫོགས་པ་ཆེན་པོ་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་དཔེ་དོན་མཚོན་འདས་ཆེན་པོར་འཆར་ཏེ། ཀུན་བྱེད་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔཽན་མེད་ཕྱིས་མེད་གདོད་ནས་བྱུང༌། །ཆོས་སྐུས་ཁྱབ་པ་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཞེས་པ་དང༌། ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་བཞིན་དུ་གནས། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་བྱུང༌། ཞེས་པ་དང༌། དོ་ཧ་ལས། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། ། སྨྲ་རུ་མི་བཏུབ་དེ་ནི་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། ། དབང་ཕྱུག་དམ་པ་དེ་ནི་སུ་ལའང་བསྟན་ནུས་སམ། །ཞེས་པ་དང༌། ཏིང་ངེ་འཛིན་དམ་པའི་མདོ་ལས། བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །ཕྱོགས་རིས་མེད་པའི་ཉམས་མྱོང་འབྱུང༌། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། ། ཆོས་ཉིད་རྟོགས་པའི་ཚུལ་བསྟན་པ་ནི། དེ་ལྟར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་དེའི་ཚེ། རྣལ་འབྱོར་པ་དེའི་བློ་ངོར། སྣང་དང་སྟོང་པ་ཐམས་ཅད་ཕྱམ་གཅིག་ལ། །ཡོད་དང་མེད་པ་ཀུན་གྱི་མཐའ་ལས་འདས། །སྲིད་དང་ཞི་བ་གཉིས་སུ་མི་རྟོག་པ། །ཤེས་དང་ཤེས་བྱ་གཅིག་པའི་ངོ་བོ་ཉིད། །མཉམ་དང་མི་མཉམ་མེད་པའི་ཆོས་ཉིད་མཐོང༌། །ཕྱི་ནང་གི་ཆོས་ཅན་སྒྱུ་མའི་དཔེ་བརྒྱད་དང་དེའི་ཆོས་ཉིད་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་ཐ་མི་དད་པས་སྣང་སྟོང་ཕྱམ་གཅིག་ཏུ་མཐོང་བ་ཉིད། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ཁོང་ནས་འཆར། །ཞེས་སོ། །སེམས་ཉིད་ཡོད་མེད་ཀྱི་མཐའ་ལས་འདས་པ་དངས་གསལ་གཡོ་བ་མེད་པའི་ཡེ་ཤེས་སྲིད་ཞི་གཉིས་མེད་ཀྱི་རོལ་པར་འཆར་ཏེ། དེ་ཉིད་ལས། ཐོག་མ་ཐ་མ་དབུས་ཞི་ཞིང༌། །སྲིད་དང་མྱ་ངན་འདས་ཞི་བ། །ལྷུན་གྱིས་གྲུབ་པའི་བདེ་ཆེན་ཏེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་སོ། །དེའི་ཚེ་ཤེས་བྱ་ཡུལ་དང་ཤེས་བྱེད་བློ་གཉིས་སུ་མེད་པའི་ཡེ་ཤེས་མཉམ་པ་ཉིད་དུ་འཆར་ཏེ། དེ་ལས། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང༌། ། ཟབ་མོ་ཆ་ཤས་རྟོག་ཡུལ་མེད། །ཅེས་སོ། ། འཕགས་པའི་ཡེ་ཤེས་ཀྱི་དངོས་རྒྱུར་བསྟན་པ་ནི། ཚུལ། འདི་ནི་འཕགས་པའི་བདེན་མཐོང་ཡེ་ཤེས་རྒྱུ། །ཕྱི་ནས་དེ་བཞིན་ཉིད་མཐོང་བློ་མིག་གིས། །རྒྱལ་བའི་ཆོས་སྐུ་ཕུན་ཚོགས་བསྒྲུབས་པས་ན། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་མཉམ་པར་ཞོག །དེའང་སྤྲོས་པ་མེད་པའི་ཡེ་ཤེས་ཆེས་ཆེར་གོམས་རྗེས་སུ་བྱས་པ་ལས་མཐོང་བའི་ལམ་ལ་སོགས་པ་གོང་མ་རྣམས་ངང་གིས་འགྲུབ་པའི་ཚུལ་ཡང༌། རྣམ་ངེས་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །བདེ་གསལ་མི་རྟོག་བློ་འབྲས་ བུ། །ཞེས་པའི་ཚུལ་གྱིས་སོ། ། བཞག་ཐབས་ལའང་དགུ་ལས། ཡེང་མེད་སྤྲོས་བྲལ་དུ་བཞག་པ་ནི།ད་ནི་བཞག་ཚུལ་བརྒྱད་ཀྱི་རང་བཞིན་རྒྱས་པར་བསྟན་པ་ལས། ཡེང་མེད་སྤྲོས་བསྡུ་བྲལ་བར་བཞག་པ་ནི། ། སེམས་ཉིད་མ་སྐྱེས་མཁའ་ལྟར་དག་པའི་ངང༌། །སེམས་བྱུང་མི་དམིགས་སྤྲོས་ཚོགས་དེངས་པ་བཞིན། །ཡེང་མེད་སྤྲོས་དང་བྲལ་བའི་ཤེས་པ་ཡིས། །ཇི་བཞིན་ངང་ལ་ཡེ་བཞིན་མཉམ་པར་གཞག །དེ་ཡང་སེམས་ཉྀད་ནམ་མཁའ་ལྟ་བུའི་ངང་ལ་སེམས་བྱུང་གི་རྟོག་པ་རང་སོར་བཞག་པས་དེངས་པ་སྤྲིན་ཡལ་བ་ལྟ་བུ་ལྟ་བའི་ངང་དེར་མ་ཡེངས་པར་དཔེའི་རང་བཞིན་ལ་མཉམ་པར་གཞག་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རྟོག་པས་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། ཞེས་པ་དང༌། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགག་པ་མེད་པའི་ངང་དུ་ཞོག །ཅེས་སོ། ། དངས་གསལ་རྙོག་བྲལ་དུ་བཞག་པ་ནི། དངས་གསལ་རྙོག་པ་མེད་པར་བཞག་པ་ནི། དངས་ཤིང་སྟེངས་པ་རྒྱ་མཚོ་ལྟ་བུ་ལ། །གཟུང་འཛིན་རྙོག་བྲལ་དབའ་རླབས་མེད་པར་ཞོག །སེམས་མ་བྱིང་བས་དངས་ལ། མི་རྒོད་པས་སྟེངས་པ་རྒྱ་མཚོ་རང་སོར་གནས་པ་ལྟ་བུའི་ངང་དུ་གཟུང་འཛིན་རྣམ་རྟོག་གི་རྙོག་པས་མ་བསླད་པར་དངས་སེང་ངེ་བཞག་པ་ནི། ཀུན་བྱེད་ལས། རྒྱ་མཚོ་དངས་པའི་ཏིང་ངེ་འཛིན། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །ཇི་བཞིན་རྙོག་པ་ཀུན་དང་བྲལ། །ཞེས་པ་དང༌། ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང༌། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཞེས་སོ། ། མཁའ་ལྟར་ཕྱོགས་བྲལ་དུ་བཞག་པ་ནི། ཕྱོགས་བྲལ་ནམ་མཁའ་ལྟ་བུར་བཞག་པ་ནི། ། སྟོང་ཞིང་གསལ་བ་ནམ་མཁའ་ལྟ་བུ་ལ། །ཀུན་རྟོག་སྤྲིན་མེད་ཕྱོགས་ལྷུང་བྲལ་བར་ཤོག །སེམས་ཉིད་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་རྣམ་རྟོག་གི་སྤྲོ་བསྡུ་མེད་པར་བཞག་པ་ཉིད། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་ད་སྒོམས་ཤིག །བླང་དོར་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། །འདུ་ཤེས་ཞེན་འཛིན་མེད་པས་སྒོམ་དུ་མེད། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་བ། །ཡུལ་ལ་མི་འཇུག་དགོངས་པའི་དམིགས་འཇུག་བྲལ། །ཞེས་སོ། ། བྱར་མེད་བྱུང་རྒྱལ་དུ་བཞག་པ་ནི། དགག་སྒྲུབ་རེ་དོགས་དང་བྲལ་བར་བཞག་པ་ནི། བརྟན་ཞིང་མི་གཡོ་རི་རྒྱལ་ལྟ་བུ་ལ། །དགག་སྒྲུབ་གཉིས་མེད་རེ་དོགས་བྲལ་བར་ཞོག །སེམས་མི་གཡོ་བ་རི་རྒྱལ་ལྟ་བུའི་ངང་དུ་དགག་སྒྲུབ་ཀྱི་རྣམ་རྟོག་མེད་པར་བཞག་སྟེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྟོགས་པས་གཉིས་ཀའི་འཆིང་བ་རབ་བཅད་ནས། །མི་འགལ་མཉམ་པའི་དོན་ལ་གནས་བྱས་པས། །ཀུན་བྱེད་ང་ཡི་དགོངས་པར་ལྷུན་གྱིས་ གྲུབ། ། གང་གིས་འཆིང་བ་ནི་རྟོག་བཅད་བྱས་ཤིང༌། །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །སྙིང་པོའི་དོན་ལ་ཕྱོགས་རིས་དམིགས་མི་འཛིན། །དོན་ལ་མི་སྒོམ་སྙིང་རྗེའི་ཡུལ་མི་འཇུག །ཅེས་སོ། ། སྣང་ཡུལ་འགག་མེད་བཞག་པ་ནི། སྒོ་ལྔ་རང་གསལ་དུ་བཞག་པ་ནི། དག་ཅིང་གསལ་བ་མེ་ལོང་ལྟ་བུ་ལ། །སྣང་ཡུལ་མ་འགགས་གཟུགས་བརྙན་ལྟ་བུར་ཞོག ། སེམས་གསལ་དངས་ཕྱེད་པའི་ངང་དུ་དབང་པོའི་སྣང་ཡུལ་ཁྲ་བུན་ནེ་ཤིགས་སེ་འཛིན་རྟོག་མེད་ལ་མ་ཡེངས་པར་བཞག་སྟེ། ཀུན་བྱེད་ལས། ཀྱེ་དེ་ཕྱིར་སེམས་དཔའ་རྡོ་རྗེ་དེར་སྒོམས་ཤིག ། རང་བྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས། །རྟོགས་པས་དམིགས་པའི་དོན་དུ་འཇོག་མི་བྱེད། །ཡུལ་ལས་འདས་པས་རྣམ་ཤེས་སྲུང་མི་བྱེད། །དངོས་པོ་སྙིང་པོར་གསལ་བ་སྒོམ་མི་བྱེད། །རྣམ་པ་སྙིང་པོར་གསལ་བས་རེ་དོགས་མེད། །ཅེས་སོ། ། ཡེ་གྲོལ་དག་གསལ་དུ་བཞག་པ་ནི། དག་གསལ་གཉེན་པོས་མ་བསླད་པར་བཞག་པ་ནི། ཡེ་གྲོལ་སོར་གཞག་འཇའ་ཚོན་ལྟ་བུ་ལ། །བྱིང་རྒོད་གཉིས་མེད་དག་ཅིང་གསལ་བར་ཞོག །སེམས་གསལ་དངས་ཕྱེད་པའི་ངང་དུ་བྱིང་རྒོད་མེད་པར་བཞག་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཞིག །མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས། །སྣང་བ་དངོས་པོར་མི་ལྟ་འཇིག་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས། །སྟོང་པ་མི་སྒོམ་ཇི་བཞིན་རྟོགས་པས་གྲོལ། །ཞེས་པ་ལྟར་བཞག་པས་སྣང་བ་སྟོང་པར་ཤེས་པ་འཇའ་ཚོན་ལྟར་ཤེས་སོ། ། རྩེ་གཅིག་མདའ་མཁན་ལྟར་བཞག་པ་ནི། རྩེ་གཅིག་མ་ཡེངས་པར་བཞག་པ་ནི། གཞན་དུ་མ་ཡེངས་མདའ་མཁན་ལྟ་བུ་ལ། །གཉུག་མའི་ཡེ་ཤེས་སྤྲོ་བསྡུ་བྲལ་བར་ ཞོག །སེམས་ཆོས་ཉིད་ཀྱི་ངང་ལས་མ་ཡེངས་པར་ཙེན་ནེ་ཅེ་རེ་བ་མདའ་བསྲངས་པ་ལྟར་མིག་ཏུ་བཅུག་སྟེ་བཞག་པ་ནི། ཀུན་བྱེད་ལས། དེ་ལྟར་སྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་གཟུང་བ་མན་ངག་ཡིན། ཞེས་ སོ། ། བྱར་མེད་ལྷུན་གྲུབ་ཏུ་བཞག་པ་ནི། བླཽ་བདེ་ལས་ཟིན་དུ་བཞག་པ་ནི། ཐག་ཆོད་ཤེས་པ་ལས་ཟིན་ལྟ་བུ་ལ། །རེ་དོགས་གཉིས་མེད་ལྷུན་གྱིས་གྲུབ་པར་ཞོག ། སེམས་རང་སོར་བཞག་པ་ལས་ཆོས་སྐུ་རང་གནས་སུ་ཐག་ཆོད་པས་ཕྱི་ནས་རེ་བ་དང་དོགས་པ་མེད་པའི་ངང་དེར་རང་བབས་སུ་གློད་ནས་བཞག་སྟེ། ཀུན་བྱེད་ལས། ཀྱེ་ལམ་འདིར་འཇུག་ཅིང་བསྒོམ་པའི་རྣལ་འབྱོར་པ། །ད་ལྟ་ཉིད་ནས་རྒྱལ་བའི་ས་ལ་གནས། །དགོངས་པ་མི་འཛིན་ཕྱོགས་རིས་གཟུང་དུ་མེད། །སྙིང་པོའི་ལམ་ལ་འཇུག་དང་མི་འཇུག་འདས། །ཞེས་སོ། །དེའང་སྒོ་གསུམ་གྱི་ནར་གློད་ནས་མ་ཡེངས་ཙམ་དུ་འཇོག་གི །ཧ་ཅང་དྲན་པ་བསྒྲིམས་པའང་མི་དགོས་སོ། །ཡང་རྒྱ་ཡན་དུ་ཡེངས་ནའང་ཐ་མལ་དུ་ལྟུང་བས་ན། ཐ་མལ་གྱི་ཤེས་པ་རང་བབས་མ་ཡེངས་པའི་ངང་ལ་བཞག་པར་ཡང༌། དེ་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་ལ། །མ་བསམས་ཡལ་བར་གནས་པས་འཁོར་བ་ཉིད། །བཙལ་ཞིང་བསྒོམས་པས་རྣམ་རྟོག་མཚན་མའི་ལམ། །ཞེས་སོ། །ཇི་ལྟར་བྱ་ན། དེ་ལས། ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་ལུས་མི་བཅོས་དབང་པོ་མི་བརྟུལ་ཏེ། །ངག་ཀྱང་མི་བསྡམ་བྱ་བཙལ་གང་ཡང་མེད། །སེམས་ཀྱང་གར་གཏད་མི་གཡོའི་ངང་ལ་བཞག །བྱ་བ་མེད་པའི་ཕྲིན་ལས་འདི་བསྒོམས་པས། །བྱས་པ་མེད་པར་དོན་ཀུན་རྫོགས་པར་འགྱུར། །ཞེས་པ་དང། ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། །ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ན། །རྟོགས་པའི་ཀློང་ལ་དྲན་ཞིང་འདྲིས་པ་ལས། །སྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག །ཅེས་སོ། ། བཞག་ཐབས་བརྒྱད་ཀྱིས་དོན་བསྡུ་བ་ནི། དེ་ལྟར་བཞག་ཐབས་བརྒྱད་ཀྱི་ཚུལ། འདི་ནི་རང་བཞིན་དག་པའི་ཏིང་ངེ་འཛིན། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན། །སྐྱེ་མེད་ངང་དེར་གནས་པས་ཞི་གནས་ལ། །གསལ་སྟོང་སྤྲོས་དང་བྲལ་བས་ལྷག་མཐོང་ཉིད། །དབྱེར་མེད་ངོ་བོ་གཅིག་པས་ཟུང་དུ་འབྲེལ། ། དེའང་གཟུང་འཛིན་མེད་པས་རང་བཞིན་དག་པའི་ཏིང་ངེ་འཛིན་ཏེ་ཞི་ལྷག་ཟུང་དུ་འབྲེལ་ཚུལ་ཡང༌། །ཡིན་ཐོག་ཏུ་གནས་པའི་ཆ་ཞི་གནས་ལ། དེ་དུས་གསལ་ཆ་ལྷག་མཐོང་ཞེས་བརྗོད་ཀྱང་དབྱེར་མེད་པས་ཟུང་དུ་འཇུག་པ་ཞེས་བཏགས་དུས་ནས་གཉིས་ཀ་གང་དུའང་དབྱེ་བསལ་མེད་པས། ཞི་གནས་ཞི་གནས་ཀྱི་འདུ་ཤེས་ཞི། ལྷག་མཐོང་ལྷག་མཐོང་དུ་རྟོག་པ་མེད་པས་དབྱེར་མེད་གཉུག་མའི་ཟུང་འཇུག་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའི་ཞི་གནས་ནི་ཡང་དག་པའི་བསམ་པ་སྟེ་ཞི་བའི་འདུ་ཤེས་ལ་ཡང་མི་གནས་པའོ། །ལྷག་མཐོང་ནི་ལྟ་བ་མཐོང་བ་སྟེ་ལྟ་བ་ཉིད་ཀྱང་རྗེས་སུ་མི་མཐོང་བའོ། །གང་གིས་དེ་ལྟར་མཐོང་བ་དེ་ཉིད་ཡང་དག་པར་མཐོང་བའོ་ཞེས་སོ། ། ལམ་བགྲོད་ཚུལ་ལ་ཡང་བདུན་ལས། བཞག་ཐབས་བརྒྱད་ཀྱིས་བརྗོད་མེད་མཐོང་ཚུལ་ནི། ད་ནི་དེ་ལྟར་བཞག་པས་ཡེ་ཤེས་བཞིའི་རིམ་པས་ལམ་གྱི་བགྲོད་ཚུལ་ཡང་བཤད་དེ། རྣམ་པ་བཞི་ལས། དང་པོ་སྣང་བའི་ཡེ་ཤེས་བསྟན་པ་ནི། བཞག་ཐབས་བརྒྱད་ཀྱིས་སེམས་གཉུག་མར་གནས་པ། དེ་ཚེ་ཟབ་ཞི་སྤྲོས་དང་བྲལ་བའི་སེམས། ། སྨྲ་བསམ་བརྗོད་དུ་མེད་པའི་དོན་མཐོང་བས། །སྣང་བའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །འོད་གསལ་ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། །སེམས་ཉིད་སྨྲ་བསམ་བརྗོད་ལས་འདས་པའི་ངང་དུ་བློའི་འཇུག་པ་ཞི་ནས་དངས་གསལ་གཡོ་བ་མེད་པའི་ཡེ་ཤེས་ཐོག་མར་སྐྱེས་པ་གང་ཡིན་པ་དེ་ནི་སྣང་བའི་ཡེ་ཤེས་ཏེ་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏེ། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པས་རྫོགས་པའོ། །ཞེས་སོ། ། འདི་དག་གཉིས་མེད་རྣམ་རྒྱལ་དུ་བར་དོའི་སྐད་ཅིག་བཞི་ལ་སྦྱར་ཏེ་གྲོལ་ཚུལ་བཤད་པའང༌། ད་ལྟ་འདི་བཞིན་ཡོད་པ་ངོ་ཤེས་ཤིང་ཐོབ་པ་རྣམས་དེར་གྲོལ་བ་ཡིན་ནོ། ། ཐར་ལམ་ཟིན་པའི་རྟགས་ནི། དེའང་སྣང་བའི་ཡེ་ཤེས་འོད་གསལ་དང་པོར་སྐྱེས་པས་སེམས་ཉིད་གཉུག་མའི་ཡེ་ཤེས་ངོས་ཟིན། ཐར་པའི་ལམ་སྣ་ཟིན་པས་བྱང་ཆུབ་ཀྱི་ས་བོན་ཐེབས་པའོ། །འོད་གསལ་བའི་ཡེ་ཤེས། དེ་ཉིད་མཐོང་བས་སེམས་ནི་རབ་ཞི་ཞིང༌། །ཕྱི་ནང་ཆོས་ལ་དགག་སྒྲུབ་ཞེན་པ་ཆུང། །སྟོང་པའི་ངང་ནས་སྙིང་རྗེ་ཕྱོགས་མེད་འཆར། །རང་གཞན་དོན་དུ་དགེ་ལ་སྤྱོད་ཅིང་བསྐུལ། །དབེན་པར་དགའ་ཞིང་རྣམ་གཡེང་འདུ་འཛི་ཉུང༌། །རྨི་ལམ་ན་ཡང་དགེ་བའི་ཆོས་ལ་སྤྱོད། །དེས་ནི་ཐར་པའི་ལམ་སྣ་ཟིན་པ་ཡིན། །སེམས་ཉིད་འོད་གསལ་གཞིའི་ཡེ་ཤེས་ངོས་ཟིན་དུས་གློ་བུར་ཀུན་རྟོག་རང་སར་གྲོལ་བས་འོད་གསལ་མ་བུ་འདྲེས་ཏེ། ཀུན་སྤྱོད་གཅིག་ཏུ་དགེ་བས་ཕྱི་སྣ་ཚོགས་ཀྱི་ཆོས་ཡུལ་ལྔ། ནང་དྲན་རིག་གི་སེམས་དགག་སྒྲུབ་དང་བཅས་པ་ཐམས་ཅད་ལ་ཞེན་པ་བྲལ་ཞིང༌། སེམས་རང་གསལ་སྟོང་པའི་ངང་ནས་སེམས་ཅན་ལ་ཉེ་རིང་ཕྱོགས་ཆ་མེད་པའི་སྙིང་རྗེ་སྐྱེ་བས་རང་ཡང་དགེ་བ་ལ་སྤྱོད། གཞན་ཡང་དགེ་བ་འབའ་ཞིག་ལ་བསྐུལ། རབ་ཏུ་དབེན་པའི་རི་སུལ་དང་ནགས་འདབ་ལ་སོགས་བར་དགའ་ཞིང་རྣམ་གཡེང་དང་འདུ་འཛི་སྤོངས་ཏེ། ཐ་ན་རྨི་ལམ་དུའང་མི་དགེ་བའི་སེམས་མེད་པར་དཀར་པོ་དགེ་བའི་སྣང་བ་འབའ་ཞིག་འཆར་ཞིང༌། ལུས་དང་ངག་དང་ཡིད་གསུམ་ཤིན་ཏུ་སྦྱངས་པ་ལ་གནས་པས་ཚོགས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་ཞིང་སྒོམ་ཁང་དུ་འོད་གསལ་གྱི་སྣང་བ་སྣ་ཚོགས་པ་མཐོང་བར་འགྱུར་ཏེ། ལངྐར་གཤེགས་པ་ལས། བསམ་པ་མེད་པར་ལུས་བསྲངས་ནས། །སངས་རྒྱས་དང་ནི་བྱང་ཆུབ་ལ། །ཡང་དང་ཡང་དུ་ཕྱག་བཙལ་ནས། །བདག་མེད་པ་ནི་རྣམ་པར་བསྒོམ། །རྣལ་འབྱོར་ཅན་གྱིས་དེ་བསྒོམས་ན། །པདྨོ་ཚེ་ལ་དབང་བསྐུར་འགྱུར། །འགྲོ་བ་ཀུན་ལ་བསྐྱབ་པའི་ཡིད། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་ དང༌། །འོད་དང་པདྨ་ལྟ་བུ་དང༌། །རི་མོ་ནམ་མཁའི་མེ་འདྲ་མཐོང༌། །ཞེས་པ་ནས། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་སོ། ། མཆེད་པའི་ཡེ་ཤེས་ནི། ཚུལ་དེ་དག །དེ་ནས་ཆེས་ཆེར་གོང་དུ་གོམས་པ་ཡིས། ། སེམས་གསལ་ཡེ་ཤེས་སྔོན་བས་རྒྱ་ཆེ་ཞིང༌། །སྣང་བ་རྨི་ལམ་སྒྱུ་མར་རབ་ཏུ་རྟོགས། ཆོས་རྣམས་གཉིས་མེད་ངང་དུ་རོ་གཅིག་པས། །སྐྱེས་དང་མ་སྐྱེས་མེད་པར་མཐོང་བའི་ཚེ། །མཆེད་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །བསམ་གཏན་དགའ་བས་བརྒྱན་པ་ཐོབ་པ་ཡིན། །སྔར་གྱི་དོན་ལ་ཆེས་ཆེར་གོམས་ནས་སེམས་སྟོང་གསལ་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པའི་ཤས་ཆུང་ངུ་སོང་བས་ཤེས་རབ་དང་ཏིང་ངེ་འཛིན་དང་ཉམས་སུ་མྱོང་བ་རླབས་ཆེ་ཞིང༌། ཕྱིའི་སྣང་བའང་ངང་གིས་ཞར་ལ་རྨི་ལམ་སྒྱུ་མར་མཐོང་ལ། ཆོས་ཐམས་ཅད་རང་བཞིན་དུ་མ་རོ་གཅིག་གི་རྟོགས་པ་འཆར་ཞིང་ནམ་མཁའ་ལྟ་བུའི་ངང་གནས་ལ་ནི་མཆེད་པའི་ཡེ་ཤེས་ཞེས་བྱ་སྟེ། སྒྱུ་འཕྲུལ་ལམ་རིམ་ལས། རྨི་ལམ་ན་ཡང་སྒྱུ་མར་མཐོང༌། མཆེད་པ་གོང་དུ་འཕེལ་བའོ། །ཞེས་སོ། །དྲོད་ཐོབ་པའི་རྟགས་ནི། དུས༌། དེ་ཚེ་ལུས་སེམས་སྔོན་བས་རབ་དག་ཅིང༌། །ཐབས་དང་ཤེས་རབ་དྲི་མེད་རྟོགས་པ་འཆར། །མངོན་ཤེས་ལྡན་ཞིང་སྙིང་རྗེས་ཕན་པ་འགྲུབ། །སྲིད་ལ་སྐྱོ་བས་སེམས་ནི་ངེས་པར་འབྱུང༌། །རྨི་ལམ་ན་ཡང་ཆོས་ཀུན་དེ་འདྲར་རྟོགས། །ལུས་ཀྱི་ཕྱི་ནང་ཤིག་སྲོ་འབུ་སྲིན་མེད། །བྱིང་རྒོད་བྲལ་ཞིང་ཉིན་མཚན་ཏིང་འཛིན་འགྲུབ། །སྐྱེ་བོ་དེས་ནི་འཕགས་ལམ་མྱུར་དུ་མཐོང༌། རྟོགས་པ་དྲི་མ་མེད་པས་ལུས་སེམས་ཤིན་ཏུ་སྦྱངས་པའི་རྟགས་ཁྱད་པར་ཅན་ཡང༌། ཟུང་འབྲེལ་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་ཉིན་མཚན་དུ་གནས་པས་དེ་ལས་འབྲལ་མི་ཕོད་ཅིང༌། སྙིང་རྗེས་སེམས་ཅན་ལ་ཕན་པ་སྤྱོད་ཅིང་འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་ཐུན་མོངས་མ་ཡིན་པ་སྐྱེ་བ་དང༌། རྨི་ལམ་དུའང་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལ་སོགས་པར་མཐོང་ཞིང༌། ལུས་ཀྱི་ནང་དུ་སྲིན་བུ་མེད་ལ་ཕྱིའི་ཤིག་སྲོ་མེད་པ་ལ་སོགས་པ་སྦྱོར་ལམ་གྱི་རྟགས་རྣམས་ཐོབ་ཅིང་མྱུར་དུ་མཐོང་ལམ་ལ་རེག་པར་འགྱུར་ཏེ། སྔ་མ་ལས། འཕེལ་བ་ལས་ནི་འཕགས་པའི་ལམ། །རབ་ཏུ་ཐོབ་པར་དཀའ་བ་མེད། ། ཅེས་སོ། །ཐོབ་པ་འཕགས་པའི་ཡེ་ཤེས་ནི། ཡང༌། དེ་ནས་ཆེས་ཆེར་གོམས་པས་སྔོན་བས་ལྷག །ཏིང་འཛིན་རྟོགས་པའི་ཉི་མ་སྔོན་མེད་འཆར། །ཆོས་ཀུན་ཚུལ་གཅིག་མཉམ་པའི་དོན་མཐོང་ནས། །སྤྱན་དང་མངོན་ཤེས་སྒྲིབ་པ་མེད་མངའ་ནས། །ཞིང་ཁམས་བརྒྱ་སྟོང་བྱེ་བ་དཔག་མེད་མཐོང༌། །དེ་ཚེ་ཟག་མེད་འཕགས་པའི་ཡེ་ཤེས་ཏེ། །ཐོབ་པ་ཞེས་བྱ་མངོན་དུ་གྱུར་པ་ཡིན། ། འདིར་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟག་པ་མེད་པ་དང་པོར་མཐོང་བས་ཐོབ་པ་ཞེས་བྱ་བའི་ཡེ་ཤེས་བརྙེས་ཏེ། ནང་གི་སྙིང་གའི་རྩ་འཁོར་ལ་བརྟེན་པའི་འདབ་མའི་རླུང་བརྒྱ་ཕྲག་གཅིག་དག །ཁམས་དངས་མའི་ཡེ་ཤེས་དེ་ཆེར་འོད་གསལ་ཞིང་འཁོར་ལོ་གཞན་རྣམས་སུའང་གསལ་བས་རླུང་སེམས་ཁྱད་པར་ཅན་བརྒྱ་ཕྲག་བཅུ་གཉིས་བརྟན་ཞིང་ཉོན་མོངས་པའི་རླུང་བརྒྱ་ཕྲག་བཅུ་གཉིས་འགགས་པས། སྔགས་ལྟར་ན་ནང་གི་ཁམས་ལ་ཡེ་ལྡན་གྱི་ཞིང་ཁམས་སྣང་ལ། མཚན་ཉིད་ལྟར་ན་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པ་ཕྱིའི་ཞིང་སྣང་བར་བཤད་དེ། སོ་སོའི་སྐྱེ་བོའི་སའི་སྤྱན་དང་མངོན་ཤེས་ལྟར་སྒྲིབ་པ་དང་ཐོགས་པ་ཅན་ལས་ཆེས་དག་ཅིང་སྒྲིབ་པ་མེད་པ་ཐོབ་སྟེ་ཀུན་བརྟགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལས་རྣམས་པར་གྲོལ་ཞིང་ཡེ་ཤེས་འོད་གསལ་བའི་དགོངས་པ་མངོན་དུ་གྱུར་པའོ། ། ཕལ་པོ་ཆེ་ལས། འཚེ་བ་ཆད་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་ཉམ་ངའི་གནོད་པ་མེད། །ཅེས་འཇིགས་པ་ལྔ་ལས་གྲོལ་བ་ཡིན་ནོ། ། མཐོང་ཟིན་གོམས་པས་གཟུངས་སྤྲིན་ཡེ་ཤེས་འཆར་ཚུལ་ནི། འཕགས་པའི་ཡེ་ཤེས་དང་པོ་ཐོབ་པ། དེ་ལས་ཆེས་ཆེར་གོང་དུ་འཕེལ་བ་ཡིས། །རྟོགས་པའི་ཏིང་འཛིན་ཡོན་ཏན་གྲངས་མེད་ཅིང༌། །རྟོག་དང་མ་རྟོག་མཉམ་པའི་ཆོས་ཉིད་ལས། ། གཟུངས་སྤྲིན་ཡེ་ཤེས་དྲི་མེད་རྒྱ་ཆེ་ཞིང༌། །མཉམ་པར་གཞག་དང་མ་གཞག་གཉིས་མེད་པར། །རྟག་ཏུ་མཉམ་གཞག་སྤྲུལ་པ་བསམ་ཡས་སྟོན། །ཚད་མེད་ཞིང་དང་ཡེ་ཤེས་གཟིགས་པ་འཇུག །དེའང་མཐོང་ཟིན་གྱི་དོན་གོམས་པར་བྱེད་པས་སྒོམ་པའི་ལམ་སྟེ། ཆུང་འབྲིང་ཆེན་པོ་ཐོབ་པས་ས་རེ་རེར་ཡོན་ཏན་སྔར་བཤད་པ་དེ་དག་གྲངས་མེད་པ་ཐོབ་ཅིང་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་ལ། ས་དང་པོ་ནས་བདུན་པའི་བར་དུ་རྗེས་ཐོབ་ན་རྟོག་པ་ཡོད་པས་མཉམ་རྗེས་ཐ་དད་པའང་ཡོད་ལ། དག་པ་ས་གསུམ་ནས་མངོན་གྱུར་གྱི་རྟོག་པ་མེད་པས་འདྲེས་པ་ནི་ཡེ་ཤེས་ཉིད་དུ་རོ་གཅིག་པའི་ཕྱིར་ཏེ། རྒྱུད་བླ་ལས། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང༌། །ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། ། ཉེ་བར་ཐོབ་པ་འཕགས་ལམ་རྫོགས་ཚུལ་ནི། ཡོན་ཏན་ཁྱད་པར་ཅན་དེ་དག་ཀྱང་རྡོ་རྗེའི་ལུས་ཀྱི། རྩ་ཁམས་དག་ཅིང་རླུང་སེམས་ཡོན་ཏན་མཆོག །ཤིན་ཏུ་རྒྱ་ཆེ་དྲི་མ་མེད་པ་ན། །ཉེ་བར་ཐོབ་པ་ཞེས་བྱའི་ཡེ་ཤེས་ཏེ། །འཕགས་ལམ་རྫོགས་ནས་མྱུར་དུ་བྱང་ཆུབ་འཐོབ། །འདི་ནི་འོད་གསལ་སྙིང་པོའི་ཐེག་པ་སྟེ། །སྐལ་བཟང་འབྲས་བུ་ཚེ་འདིར་གྲོལ་བ་ཡིན། །དེའང་སྒོམ་ལམ་གྱི་ཡེ་ཤེས་ནི་ཉེ་བར་ཐོབ་པ་ཞེས་བྱ་སྟེ་འཕགས་ལམ་བརྒྱད་བསྒོམས་པས་ལྷན་ཅིག་སྐྱེས་པས་དགུའི་དྲི་མ་རྣམས་སྦྱོང་བ་ཡིན་ནོ། །སྤྱིར་གྱི་ས་དང་ལམ་གྱི་ཡོན་ཏན་རྣམས་རྩ་རླུང་ཐིག་ལེ་ལས་སུ་རུང་བ་ལས་སྣང་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཀྱང་དེ་དག་ལས་སུ་རུང་ཞིང་རྩོལ་བས་སྦྱངས་པ་ལས་ཀྱང་རུང་བ་ཡིན་ནོ། །དེའང་དབུ་མ་ལ་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་དང་པོ་གཉིས་གྲོལ་བས་ས་དང་པོ་ནས། ཉི་ཤུ་པ་གྲོལ་བས་བཅུ་པའི་བར་གྱི་ཡོན་ཏན་འཆར་ཞིང༌། སྦྱང་གཞིའི་རྩ་འདབ་རྣམས་སྦྱོང་བྱེད་ཀྱི་རྩ་འདབ་ཀྱི་ཡེ་ཤེས་མཆེད་པས་བསྐམས་དུས་རླུང་ཞབས་འཁྲུལ་སྣང་སྟོངས་ཏེ། སྦྱོང་བྱེད་ཡེ་ཤེས་ཀྱི་རྩར་ཡེ་ཤེས་ཀྱི་དངས་མ་དང་རླུང་རྣམས་པར་མི་རྟོག་པ་རྒྱུ་བ་མེད་པ་ཚུད་པ་ལས་ལམ་གྱི་རྟགས་རྣམས་འབྱུང་ངོ། །དེའང་སྤྲུལ་པའི་འཁོར་ལོའི་རྩ་འདབ་ལས་སུ་རུང་བས་ཚོགས་སྦྱོར་གྱི་ཡོན་ཏན་འཆར། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང༌། མགྲིན་པ་ལོངས་སྤྱོད་ཀྱི་ལས་སུ་རུང་བས་ལོངས་སྐུའི་ཞིང་སྣང༌། སྙིང་གའི་ལས་སུ་རུང་བས་མཐོང་ལམ་སྐྱེ། མགྲིན་པས་ས་དང་པོ་ནས་བདུན་པའི་བར་ལོངས་སྐུའི་ཡོན་ཏན་སྣང༌། སྤྱི་བོའི་ལས་སུ་རུང་བས་དག་པ་ས་གསུམ་གྱི་ཡོན་ཏན་འཆར། ཉི་ཤུ་རྩ་གཅིག་པ་དབུ་མའི་མདུད་པ་གྲོལ་དུས་རྩ་འཁོར་ཐམས་ཅད་ཤིན་ཏུ་དག་པས་སྐུ་དང་ཡེ་ཤེས་སུ་འཆར་རོ། །དེའང༌། སྒྱུ་འཕྲུལ་རྡོ་རྗེ་ལས། ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེས་འབྲི་ལས། །རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞི་འམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་ས། བཞོ་བས་སྟེང་དང་འོག་ཏུ་གྲགས། །ཞེས་སོ། །དེའང་སྔར་བཤད་པ་ལྟར་འཁོར་ལོ་གསུམ་ལྟར་ན་སྐུ་གསུམ། བཞི་ལྟར་ན་བདེ་བ་ཆེན་པོ་དང་བཞི། ལྔ་ལྟར་ན་ཡེ་ཤེས་ཆེན་པོ་དང་ལྔ་རྫོགས་ཤིང༌། མདུད་པ་ཉི་ཤུས་ས་བཅུའོ། གཅིག་གིས་སངས་རྒྱས་ཀྱི་ས་སྟེ། དེ་དག་གོང་ནས་གོང་དུ་གྲོལ་ནས་འོད་གསལ་དུ་འཇུག་པའོ། །སྐབས་འདིར་རང་བཞིན་གྱིས་རྩ་མདུད་གྲོལ་བ་ལས་གྲོལ་བའི་ཚུལ་བར་དོ་འཕྲོས་སུ་བཤད་པར་བྱ་སྟེ། དེའང་འོད་གསལ་བཞི་ལས། གནས་སྐབས་གང་དུ་འཆར་བ་ངོས་བཟུང་ན། སྔར་བསྟན་པ་ལྟར་དབུ་མའི་དབུས་ཀྱི་ཡེ་ཤེས་འོད་གསལ་གྱི་རྩ། སྙིང་དབུས་དངས་མ་ཆེན་པོའི་རང་བཞིན་ལ་འབྱུང་བ་ཐིམ་དུས་འཆར་རོ། །དེའང་ཐིམ་ཚུལ་ནི། ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་ཕྱི་མ་ལས། ལུས་ཅན་རྣམས་ནི་འཆི་བའི་ཚེ། ། གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་དྲི་རོ་ནི་རེག་ལ་ཐིམ། །རེག་ནི་ཆོས་ལ་ཐིམ་པར་འགྱུར། །ཞེས་པ་དེའི་ཚེ། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་སོ། །དེའང་གཟུགས་སྒྲ་ལ་ཐིམ་པས་གཟུགས་མི་གསལ་བར་སོང་དུས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། སྒྲ་དྲི་ལ་ཐིམ་པས་རྣ་བ་མི་གསང་དུ་སོང་དུས་ཆུ་མེ་ལ་ཐིམ་པས་གཤེར་བའི་ཆ་བསྐམ་ཞིང་ཁྲག་རྣམས་ཀྱི་དངས་མ་རྩ་བྲན་ནས་རོ་རྐྱང་དུ་འདུ། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར་དུས་མེ་རླུང་ལ་ཐིམ་པས་དྲོད་མཐའ་ནས་སྡུད་ཅིང་འཁོར་ལོ་བཞིའི་འདབ་མ་རྣམས་ཀྱི་དངས་མ་དབུས་སུ་འཇུག །རོ་རེག་ལ་ཐིམ་པས་ལྕེས་རོ་མི་ཚོར་དུས་རླུང་རྣམ་ཤེས་ལ་ཐིམ་པས་དབུགས་འགྱུ་བ་འཆད། རོ་བརྐྱང་གི་དངས་མ་ཐམས་ཅད་ཡར་སྣ་མར་སྣའི་རྩེར་སླེབ། རེག་ཆོས་ལ་ཐིམ་དུས་ལུས་ཀྱིས་རེག་བྱ་མི་ཚོར་ཞིང་མདངས་ཉམས་དུས་རྣམ་ཤེས་འོད་གསལ་ལ་འཇུག་སྟེ། དབུ་མའི་ཡར་སྣའི་ཧཾ་ལ་རོ་མའི་དངས་མ་དཀར་པོ་ཐིམ། མར་སྣར་ཨ་ལ་བརྐྱང་མའི་དངས་མ་དམར་པོ་ཐིམ་པ་སྙིང་གའི་ཡེ་ཤེས་འོད་གསལ་གྱི་དངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་འགགས་ནས་ཡེ་ཤེས་འོད་གསལ་བ་འཆར་རོ། །དེའང་སེམས་ལ་སངས་རྒྱས་རང་ཆས་སུ་ཡོད་པ་ཉིད་རང་ལ་སྣང་བར་འགྱུར་ཏེ། སེམས་ཉིད་སྟོང་པའི་ངང་ལས་ཆོས་ཀྱི་སྐུའི་འོད་གསལ་རྣམ་པ་བཞི་དང༌། སྣང་བའི་ཆ་ལས་ལྷུན་གྲུབ་གཟུགས་ཀྱི་སྐུའི་འོད་གསལ་རྣམ་པ་ལྔ་འཆར་རོ། །དང་པོ་ནི་སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། ཉེ་བར་ཐོབ་པའི་ཡེ་ཤེས་སོ། །དང་པོ་ནི་རྣམ་ཤེས་འོད་གསལ་ལ་ཐིམ་པའི་སྐད་ཅིག་ལ། ཕྱི་རྟགས་སམ་སྣང་བ་ལ་འོད་ཟེར་ལྔ་སྨིག་རྒྱུའི་རྣམ་པ་ཙམ་སྟེ་འབྱུང་བའི་དངས་མ་ལྔ་སྙིང་པོ་ལ་ཐིམ་པའི་གནད་ཀྱིས་འཆར་རོ། །ནང་རྟགས་སམ་ངོ་བོ་ལ་བདེ་གསལ་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་འཆར་ཏེ། གཉིས་མེད་རྣམ་རྒྱལ་ལས། དང་པོ་སྨིག་རྒྱུའི་དེ་ཉིད་ཀྱང། །འོད་ཟེར་ལྔ་དང་ལྡན་པ་མཐོང༌། །ཞེས་པ་དང༌། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་དེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་འབྱུང་རླུང་དང་བཅས་པ་གང༌། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ ཡིན། །ཞེས་སོ། །ཡེ་ཤེས་དེས་ཞེ་ལྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག་སྟེ། ཨཱརྱ་དེ་བའི་སྤྱོད་བསྡུས་ལས། རྣམ་རྟོག་སུམ་ཅུ་རྩ་གསུམ་པོའི་མིང་གང་ཞེ་ན། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་བར་མ་དང༌། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང༌། ཡིད་ཀྱིས་འགྲོ་བ་དང༌། སོང་བ་དང༌། མྱ་ངན་དང༌། མྱ་ངན་བར་མ་དང༌། ཤིན་ཏུ་མྱ་ངན་དང༌། ཞི་བ་དང༌། རྣམ་རྟོག་དང༌། འཇིགས་པ་དང། འཇིགས་པ་བར་མ་དང༌། ཤིན་ཏུ་འཇྀགས་པ་དང༌། སྲེད་པ་དང༌། སྲེད་པ་བར་མ་དང༌། ཤིན་ཏུ་སྲེད་པ་དང༌། ཉེ་བར་ལེན་པ་དང༌། མི་དགེ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་དང༌། ཚོར་བ་བར་མ་དང༌། ཤིན་ཏུ་ཚོར་བ་དང༌། རིག་པ་པོ་དང༌། རིག་གཞི་དང༌། སོ་སོར་རྟོག་པ་དང། ངོ་ཚ་ཤེས་པ་དང༌། བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང། དོགས་པ་དང་བཅས་པ་དང༌། བསགས་པ་ཉིད་དང༌། ཕྲག་དོག་སྟེ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་མོ་ཞེས་སོ། ། གཉིས་པ་སྣང་བ་མཆེད་པ་ལ་ཐིམ་པའི་ཡེ་ཤེས་ཀྱི་དུས་སུ། ཕྱི་རྟགས་སྐྱ་ཝལ་བ་ཟླ་བ་ཤར་བ་ལྟ་བུ་ནི་ཡིད་ཀུན་གཞི་ལ་འཇུག་པས་ཤར་རྩའི་གདངས་དཀར་པོ་གསལ་བའོ། །ནང་རྟགས་སྔར་བས་གསལ་བ་དེར་འཛིན་མེད་པ་སྟེ། རྣམ་རྒྱལ་ལས། གཉིས་པ་ཟླ་བ་ལྟ་བུ་དང། །ཞེས་པ་དང༌། མཆེད་པ་རྣམ་པར་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་པ། །ཡེ་ཤེས་ཕྲ་བ་རླུང་བྲལ་མི་རྟོག་པ། ། ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། ། ཞེས་སོ། །ཡེ་ཤེས་དེས་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་འགག་སྟེ། སྤྱོད་བསྡུས་ལས། འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་གང་ཞེ་ན། ཆགས་པ་དང༌། ཆགས་པ་བར་མ་དང༌། ཀུན་དུ་ཆགས་པ་དང༌། དགའ་བ་དང༌། དགའ་བ་བར་མ་དང༌། ཤིན་ཏུ་དགའ་བ་དང༌། རངས་པ་དང༌། རབ་ཏུ་མགུ་བ་དང༌། ངོ་མཚར་བ་དང༌། དགོད་པ་དང༌། ཚིམ་པ་དང༌། འཁྲུལ་པ་དང༌། འོ་བྱེད་པ་དང༌། འཇིབ་པ་དང༌། བརྟན་པ་དང༌། བརྩེན་པ་དང༌། ང་རྒྱལ་དང༌། བྱ་བ་དང༌། འགྲོགས་པ་དང༌། སྟོབས་དང་སྤྲོ་བ་དང༌། ལྷན་ཅིག་བྱེད་པའི་དགའ་ལ་སྦྱོར་བ་དང༌། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང༌། སྒེག་པ་དང༌། རྣམ་པར་སྒེག་པ་དང༌། ཞེ་འགྲས་པ་དང༌། དགེ་བ་དང༌། ཚིག་གསལ་བ་དང༌། བདེན་པ་དང༌། མི་བདེན་པ་དང༌། ངེས་པ་དང༌། ཉེ་བར་ལེན་པ་དང༌། སྤྱིན་པ་པོ་དང༌། གཞན་ལ་སྐུར་པ་དང༌། དཔའ་བོ་དང༌། ངོ་ཚ་བ་མེད་པ་དང༌། གཡོ་སྒྱུ་དང༌། སྡུག་པ་དང༌། མི་སྲུན་པ་དང༌། གྱ་གྱུ་ཆེ་བ་སྟེ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུའོ། །ཞེས་སོ། ། གསུམ་པ་མཆེད་པ་ཐོབ་པ་ལ་ཐིམ་པའི་ཡེ་ཤེས་ནི། ཕྱི་རྟགས་སུ་ཉི་མ་ཤར་བའམ་མེའི་སྣང་བ་ལྟར་དམར་སེར་དུ་སྣང་སྟེ་ཉོན་ཡིད་ཀུན་གཞིར་ཐིམ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩའི་གདངས་སོ། །ནང་རྟགས་སུ་བདེ་གསལ་འཛིན་པ་མེད་པའི་ཡེ་ཤེས་སྔོན་བས་ལྷག་པ་འཆར་ཏེ། རྣམ་རྒྱལ་ལས། གསུམ་པ་ཉི་མ་ལྟ་བུ་དང༌། །ཞེས་པ་དང༌། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། ། ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་སོ། །ཡེ་ཤེས་དེས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་སྟེ། སྤྱོད་བསྡུས་ལས། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་གང་ཞེ་ན། མི་གསལ་བ་དང༌། བརྗེས་ངེས་པ་དང༌། འཁྲུལ་པ་དང༌། མི་སྨྲ་བ་དང༌། སྐྱོ་བ་དང༌། ལེ་ལོ་དང༌། ཐེ་ཚོམ་སྟེ། ཐམས་ཅད་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་དེ་དག་འགག་གོ་ཞེས་སོ། །བཞི་པ་ཐོབ་པ་ཉེ་བར་ཐོབ་པ་ལ་ཐིམ་པའི་ཡེ་ཤེས་ནི། ཕྱི་རྟགས་མཐིང་ནག་གམ་ལྗང་ནག་མུན་སྲོས་པ་ལྟ་བུ་སྟེ། གཏི་མུག་ཀུན་གཞིའི་ཆ་ཆོས་ཀྱི་དབྱིངས་སུ་ཐིམ་པས་དབུས་རྩའི་གདངས་སོ། །ནང་རྟགས་སྔོན་བས་དངས་ལ་འོད་གསལ་བས་ཞེན་རྟོག་གི་དྲི་མ་མཐའ་དག་དག་པ་སྟེ། རྣམ་རྒྱལ་ལས། བཞི་པ་མུན་པ་ལྟ་བུ་དང༌། །ཞེས་པ་དང༌། ཉེ་བ་ཐོབ་པ་དྲི་མ་མེད་པ་ སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རང་བཞིན་ཏིང་འཛིན་མཆོག་མི་འགྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། ། ཞེས་སོ། །དེའི་དུས་སུ་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དངས་མ་ལ་ཐིག་ལེ་ཨ་ཧྃ་རྫོགས་པར་ཐིམ་ནས་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་འཆར་རོ། །འོད་གསལ་བཞི་རིམ་ཀྱིས་འཆར་བ་ཡང་ཨ་ཧྃ་སྙིང་གའི་རྩ་འདབ་ཏུ་འདུས་པ་དངས་མའི་རྩ་ནང་གི་དངས་མ་ཆེན་པོ་ལ་རིམ་གྱིས་ཐིམ་པས་དེར་གྱུར་པའོ། ། དེའང་འོད་གསལ་དང་པོ་གསུམ་གྱི་དུས་སུ་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ་ལ། བཞི་པའི་དུས་སུ་ཕྲ་བ་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བའི་སྐབས་ཤིག་དེར་འབྱུང་བས་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་སྟེ། སངས་རྒྱས་མངོན་དུ་བྱེད་དུས་བཞིན་ནོ། །དེའང་སངས་རྒྱས་ཀྱི་སྤངས་པས་མི་ལྡོག་ལ། འདི་ངོ་མ་ཤེས་ན་ལྡོག་པ་ནི། སངས་རྒྱས་ཀྱིས་ལམ་དུ་སྤངས་པ་ཡིན་ལ། འདི་སྤངས་པ་མེད་པས་ལྡོག་གོ །ངོ་ཤེས་ནས་མི་ལྡོག་པ་ནི། ངོ་ཤེས་དུས་གྲོལ་ནས་མངོན་ཤེས་ལ་སོགས་ཟག་མེད་བརྙེས་པས་ལྡོག་པའི་གནས་མེད་པ་ཡིན་པའི་ཕྱིར་རོ། །ཆོས་སྐུའི་འོད་གསལ་ལོ། །དེ་ནས་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ནི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་འཆར་ཏེ། རྣམ་རྒྱལ་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་མཐའ་དབུས་མེད་པ་འཆར། ། ཞེས་པས། དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ་འོད་མཐིང་ག་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེའང་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་ཡོད་པའི་གནད་ཀྱིས་སོ། ། དེ་ནས་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་གནས་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པའི་གཙོ་འཁོར་རྣམས་ཚོམ་བུའི་དཀྱིལ་འཁོར་དུ་འཆར་རོ། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་རང་ཤར་བས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་སྟེ། སྔར་ངོ་འཕྲོད་ཅིང་བརྟན་པ་ཡོད་པ་རྣམས་དུས་དེར་གྲོལ་ལོ། །དེའང་འོད་གསལ་གྱི་སྐད་ཅིག་རྣམས་བསམ་གཏན་གྱི་ཞག་ཡིན་པས། ད་ལྟ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྣམ་རྟོག་ཕྱི་མ་འཕྲོས་སྔ་མ་འགགས་པའི་བར་གྱི་གསལ་དངས་ཇི་ཙམ་གནས་ཡུན་རིང་བ་བར་དོའི་སྐད་ཅིག་མ་བསམ་གཏན་གྱི་རིམ་པའང་དེ་ཡིན་པས། ད་ལྟ་ཉིད་ནས་བརྟན་པ་ཆེ་བ་གལ་ཆེའོ། །དེར་ངོ་མ་ཤེས་ན་སྲིད་པའི་བར་དོ་ལ་རྨི་ལམ་ལྟར་ཡད་ཡུད་དུ་སྣང་བའི་ཕྱེད་སྔ་མའི་སྣང་བ་དང༌། ཕྱེད་ཕྱི་མའི་གནས་དང་ཡུལ་གྱི་སྣང་བར་འཆར་དུས། རབ་ཀྱིས་བདེན་མེད། འབྲིང་གིས་བསྐྱེད་རྫོགས་སྒྱུ་མ་ལྟ་བུ། ཐ་མས་སྐྱབས་འགྲོ་ལ་སོགས་པས་བར་དོའི་འཇིགས་པ་ལས་ལོག་ནས་མཐོ་རིས་སུ་སྐྱེས་ཏེ་ཕྱི་མ་ལ་གྲོལ་བར་གསུངས་སོ། །འཕྲོས་དང་བཅས་པས་འོད་གསལ་རྣམ་པ་བཞིས་ལམ་བགྲོད་བའི་ཚུལ་བཤད་ཟིན་ཏོ། ། དབང་པོ་ཐ་མ་ལ་སྒོམ་རིམ་བཞག་ཐབས་གོམས་པས་རིགས་འཛིན་འགྲུབ་ཚུལ་གསུམ་ཡོད་པའི། བསྒོམ་པའི་རིམ་པ་ལ་ཡང་མདོར་བསྟན་ཞི་ལྷག་གསུམ་གྱི། མདོར་བསྟན་པ་ནི། ད་ནི། དབང་པོ་ཐ་མས་བསྒོམ་པའི་རིམ་པ་ཡང༌། དང་པོར་ཞི་ལྷག་སོ་སོར་རྩལ་སྦྱང་སྟེ། །བརྟན་བར་གྱུར་ནས་ཟུང་འཇུག་དབྱེར་མེད་བསྒོམ། །དེ་ཡང་ཐབས་ཚུལ་དཔག་མེད་ཚུལ་ལ་བསླབ། ། ཞི་གནས་ལའང་གསུམ་ལས། རྣམ་རྟོག་འདུལ་བར་བསྟན་པ་ནི། ཇི་ལྟར་ཞེ་ན། ཐོག་མར་ཞི་གནས་བཙལ་བའི་རིམ་པ་ནི། །དབེན་པའི་ཕྱོགས་སུ་སྟན་ལ་རབ་འདུག་ནས། ། དབུགས་དབྱུང་རྔུབ་པའི་ཁ་དོག་གྲངས་རྣམས་ཀྱིས། །ཉིན་འགར་རྣམ་རྟོག་འདུལ་ཞིང་གནས་པར་བྱ། །དེའང་བསམ་གཏན་གྱི་ཚེར་མ་སྐྱེ་བོའི་འཚེ་བ་དང་འདུ་འཛིན་དང་ཀླག་ཅོར་ལ་སོགས་པ་མེད་པའི་གནས་རང་བཞིན་གྱིས་ཡིད་འཛིན་པར་སྟན་བདེ་བ་ལ་འདུག་སྟེ་སྐྱིལ་དཀྲུང་བཅས་ནས་ལག་པ་པུས་མོ་ལ་བཀབ་སྟེ། རྩ་གསུམ་གསལ་བའི་རོ་མ་དཀར་པོ་ནས་སྣ་བུག་གཡས་ལ་རླུང་ཕྱིར་སོང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲོ་ཁང་ནས་དུ་བ་སོང་བ་ལྟར་སངས། ནང་དུ་འཇུག་དུས་སངས་རྒྱས་ལ་སོགས་པའི་ཏིང་ངེ་འཛིན་འོད་དུ་གྱུར་པ་སྣ་བུག་གཡོན་ནས་བརྐྱང་མ་དམར་པོའི་ནང་དུ་ཞུགས་ཏེ་དབུ་མའི་ནང་དུ་ཐིམ་པར་བསམས་ལ་དར་ཅིག་ཐུབ་ཐང་དུ་སྟེང་འོག་གི་རླུང་ཁ་སྦྱར་ལ་གཟུང༌། ཡང་དལ་བུས་སྔ་མ་བཞིན་བཏང་ལ་ལྷག་ཅུང་ཟད་རེ་གཟུང༌། རླུང་གི་ཁ་དོག་ནི་དཔྱིད་གསུམ་ས་རླུང་བད་ཀན་གྱིས་འཐིབས་པའི་དུས་ཏེ་དེའི་གཉེན་པོར་རླུང་གི་རླུང་ལྗང་གུ །དབྱར་གསུམ་མེའི་ཚ་བ་བསལ་བའི་ཕྱིར་ཆུ་རླུང་དཀར་པོ། སྟོན་གསུམ་མཁྲིས་པ་གཡོ་བ་བསལ་བའི་ཕྱིར་ས་རླུང་སེར་པོ། དགུན་གསུམ་གྲང་བ་ཆུའི་གཉེན་པོར་མེའི་རླུང་དམར་པོ་བསྒོམ་མོ། ། དབྱིབས་ནི་སྙིང་ནང་དུ་རླུང་སེམས་ཀྱི་དངས་མ་གཞུ་ལྟ་བུ་དང༌། གྲུ་གསུམ་པ་དང༌། ཟླུམ་པོ་དང༌། གྲུ་བཞི་རྣམས་བསྒོམ་ཞིང༌། དེ་དང་མཐུན་པའི་རེག་བྱ་ཅན་ནོ། །གྲངས་ནི་ཁུག་པ་བདུན་ཚུན་ཆད་ཡིད་ཀྱིས་བྱའོ། །དེའང་ལས་དང་པོ་པས་རླུང་དེ་སྣ་བུག་ནས་ཁྲུ་བཞི་ལ་སོགས་པ་ནས་ཇེ་ཆེ་ཇེ་རིང་སྟོང་གསུམ་ལ་སོགས་པའི་བར་དུ་སྤྲོ་ཞིང༌། དེ་ལས་གཞན་གང་ལའང་ཡིད་མ་ཡེངས་པར་བྱའོ། ཁམས་འདུས་པའི་ཚེ་ནང་དུ་མ་ལུས་པར་ཧ་དྲག་པོས་ཕྱིར་འཕངས་པས་སེམས་ལ། བདེ་བ་དང་དད་པ་སྐྱེས་པ་ལ་སོགས་པའི་དུས་སུ་ནང་དུ་གཟུང་ ངོ། །དེའང་རླུང་ལ་ཉིན་ཞག་འགར་སྦྱངས་པས་སེམས་གསལ་དངས་གང་དུའང་མི་རྟོག་པའི་ཞི་གནས་སྐྱེ་སྟེ། དེའི་ཚེ་རགས་པའི་རླུང་རྒྱུ་བ་མེད་ཅིང་སེམས་རྟོག་པ་མེད་པ་ན་རོ་བརྐྱང་གི་དངས་མ་དཀར་དམར་ཉི་ཟླའི་ཆ་མི་ གཡོ་ཞིང༌། དེའི་ནང་དུ་རླུང་ཞབས་རྒྱུ་བ་མེད་དེ་དབུ་མར་མི་རྟོག་པའི་ངང་ ལ་གནས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པར་གྱུར་ཏེ། དོ་ཧ་ ལས། གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཞིང༌། །ཅེས་སོ། ། དམིགས་པ་རྩེ་གཅིག་པ་ནི། དེ་ནས་རྣམ་རྟོག་རགས་པ་རྣམས་མགོ་ནོན་པ་དང༌། དེ་ལྟར་བསྒོམས་པའི་རྗེས་ཐོགས། དེ་ནས་བྱམས་སོགས་བཞི་དང་སེམས་གཉིས་དང༌། །བསྐྱེད་རིམ་དང་ནི་བྲིས་སྐུ་གླེགས་བམ་སོགས། །དགེ་བའི་ཡུལ་ནི་གང་ཡང་རུང་ཞིག་ལ། །དམིགས་པ་རྩེ་གཅིག་མ་ཡེངས་མཉམ་པར་གཞག །དེའང་བྱམས་སོགས་ཚད་མེད་བཞིའམ། སྨོན་འཇུག་གཉིས་ལ་བསླབ་པར། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བ་དང༌། བྱང་ཆུབ་སེམས་ནི་བསྒོམ་པར་བྱ། ཞེས་པའམ་བསྐྱེད་རིམ་མམ། པོ་ཏིའམ། རི་མོ་ལ་སོགས་པ་ལྷའི་སྐུ་ལ་སེམས་གཟུང་བར། ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་མཛེས་པ། ། དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་གཞག་ཡིན། །ཞེས་པའམ། མདོར་ན་སྔོན་ནས་དམིགས་མེད་ལ་མ་གོམས་པས་དམིགས་ཡུལ་དགེ་བ་གང་རུང་ཞིག་ལས་གཞན་དུ་མ་ཡེངས་པར་བསྒོམ་སྟེ། མདོ་སྡེའི་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོ། ། ཞི་གནས་ཀྱི་ཏིང་འཛིན་དངོས་ནི། ཐབས། དེ་ལྟར་བཞག་པས་སེམས་ནི་ལས་རུང་ཞིང༌། །གཞན་དུ་མི་འཕྲོ་གར་གཏད་ཡུལ་ལ་ཟིན། །ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས། །ལུས་ངག་སེམས་ནི་དགའ་བདེས་ཁྱབ་པ་ན། །རྩེ་གཅིག་མི་གཡོའི་ཞི་གནས་གྲུབ་པ་ཡིན། །ཡུལ་གང་ལ་སེམས་གཟུང་སར་མཉམ་གཞག་མ་བཏང་རིང་ལ་རྟོག་པ་མི་འཕྲོ་ཞིང༌། སེམས་བདེ་ལུས་བདེ་ངག་སྨྲ་བ་ཉུང་ཞིང་ཚིག་འཇམ་ལ་མདོག་སྣུམ་པ་ནི་ཞི་གནས་རྩེ་གཅིག་པ་གྲུབ་པའི་དུས་ཏེ། མདོ་ལས། དགེ་སློང་རྣལ་འབྱོར་སྤྱོད་པ་བདག་གི་ལུས་སེམས་ལས་སུ་རུང་བ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་ཡིན། སྨྲ་བ་ཉུང་ཞིང་ཚིག་འཇམ་པ་ཡིན། པགས་པའི་མདོག་ཀྱང་རབ་ཏུ་སྣུམ་པ་ཡིན་ཞེས་པ་ལ་སོགས་པ་གསུངས་སོ། ། ལྷག་མཐོང་ལའང་གཉིས་ལས། བསླབ་ཚུལ་ནི། ཞི་གནས་ལས་སུ་རུང་བ། དེ་ནས་ལྷག་མཐོང་དོན་ལ་བསླབ་པ་ནི། ཕྱི་རོལ་སྣང་སྲིད་འཁོར་འདས་ཆོས་འདི་ རྣམས། །སྣ་ཚོགས་སྣང་བས་རྨི་ལམ་སྒྱུ་འདྲ་ཞིང༌། །གཟུགས་བརྙན་སྤྲུལ་པ་སྒྲ་བརྙན་དྲི་ཟའི་གྲོང༌། །མིག་ཡོར་སྨིག་རྒྱུ་འདྲ་ཞིང་སྙིང་པོ་མེད། །སྣང་བས་སྟོང་སྟེ་རང་བཞིན་སྟོང་པའི་ངང༌། །གཟོད་མ་ནས་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བརྒྱད་ལྟར་བསྒོམ་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་ སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །ཞེས་པ་དང༌། ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་དང༌། །སྒྱུ་མ་ཇི་བཞིན་རྨི་ལམ་ཅི་འདྲ་བར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་བྱ་སྟེ། །མཚན་མར་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཞེས་པ་དང༌། ནམ་མཁའ་མཛོད་ཀྱི་མདོ་ལས། ཆོས་གཅིག་གིས་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང༌། །སྨིག་སྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ ནི། །བརྫུན་ཞིང་ཐེར་ཟུག་མིན་པ་རྗེས་སུ་རྟོགས་གྱུར་པ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་སོ། །འདི་ལྟར་ཇོ་འཁྲུལ་ངོར་སྣང་བའི་མ་དག་པ་སྣོད་བཅུད་ཐམས་ཅད་དང༌། དག་པ་དཀོན་མཆོག་གི་སྣང་བ་ཐམས་ཅད་ཀྱང་རྨི་ལམ་ལྟར་དོན་ལ་མ་གྲུབ་ལ། འཁྲུལ་ངོར་བག་ཆགས་སམ་བསགས་པའི་དབང་གིས་སྣང་བ་སྟེ། དེའི་སྣང་བ་ལ་ཤར་བ་དེ་ཀུན་དག་དག་འདྲ་ཡང་གཉིས་བཅས་ཀྱི་སྣང་ངོར་ཤར་བས་བརྫུན་པ་སྟེ། མདོ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་གསུངས་པ་ཡིན་ནོ། ། འཁྲུལ་ངོར་སྣང་བའི་སངས་རྒྱས་བརྫུན་པ་སྤྲུལ་པའི་རང་བཞིན་ཆུའི་ཟླ་བ་ལྟར། དབྱིངས་ཆོས་སྐུ་དང་ལོངས་སྐུ་ལས་མ་འཕོས་བཞིན་སྣང་བ་བརྫུན་གྱི། དག་པ་སངས་རྒྱས་ཀྱི་རང་བཞིན་འོག་མིན་ན་བཞུགས་པ་མེད་པའི་བརྫུན་པ་ནི་མ་ཡིན་ནོ། །དེའང་འཁྲུལ་རྟོག་གིས་འཁོར་བ་དང་དེའི་བདེ་སྡུག་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཚོར་བས་བགྲངས་པ་འདྲ་ཡང༌། དུས་དེ་ཉིད་ནས་སེམས་ཉིད་སྐྱེ་བ་མེད་པའི་ངང་ལ་ལྟོས་ན་འཁོར་མ་འཁོར་མེད་པ་རྨི་ལམ་ལྟར་འཁྲུལ་པ་བག་ཆགས་ཀྱི་གཉིད་ལ་ཤར་དུས་ནས་འཁྲུལ་སྣང་ཡོད་མ་མྱོང་བར་བཤད་དེ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ ཀྱང༌། །གང་དག་ཤི་འཕོས་ངན་སོང་དག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱོན་པའི། །གནོད་པ་བྱེད་པའང་ཡོད་པ་མ་ཡིན་ཏེ། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་ མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌། །གསེར་གྱི་ཁང་མཆོད་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། ། རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་བྱུང་མེད་དེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་ སོ། །མདོར་ན་སྣང་བཏགས་ཀྱི་ཆོས་འདི་དག་སྒྱུ་མའི་དཔེ་བརྒྱད་ལྟར་མེད་ལ་སྣང་བ་སང་སེང་འལ་འོལ་དུ་བསྒོམ་པ་ལ་བརྩོན་པར་བྱའོ། ། འཆར་ཚུལ་ནི། དེ་ལྟར་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པས་ནམ་མཁའ་ལྟར་བསྒོམ་པ་ནི། ཆོས། ཐམས་ཅད་ནམ་མཁའ་འདྲ་ཞིང་བདག་མེད་པས། ། སྐྱེ་མེད་སྤྲོས་དང་བྲལ་བར་མཉམ་པར་གཞག །དེ་ཡིས་ཕྱི་རོལ་ཆོས་ལ་བདག་མེད་ཅིང༌། །གཟུང་དང་གཟུང་ཡུལ་རང་བཞིན་མེད་པར་རྟོགས། །དེའང་སྣང་ལ་བདེན་པར་མེད་པ་དེ་ཡང་བཏགས་པ་ཙམ་ལས། དོན་ལ་རང་བཞིན་གྱིས་ཡོད་མེད་སྤྲོས་པའི་ཡུལ་མ་ཡིན་པའི་ངང་ལ་མཉམ་པར་གཞག་གོ །དེས་ནི་ཕྱི་བདེན་པའམ་བདེན་མེད་སྒྱུ་མར་འཛིན་པའི་རྟོག་པའང་ལྡོག་པས། དེའི་ཚེ་གཟུང་བའི་ཡུལ་མི་དམིགས་པར་རྟོགས་དུས་དེ་ལ་ཞེན་ཆ་གཟུང་རྟོག་གི་བློ་མ་གྲུབ་པས་ཞར་ལ་འཛིན་པའང་མ་གྲུབ་པར་ཤེས་ཏེ། གང་གི་ངོ་བོར་མེད་ཅིང་དམིགས་པ་ལས་འདས་པའི་ཆོས་ཉིད་དུ་རྟོགས་ཤིང་བསྒོམ་པར་བྱའོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྔོན་འདས་དུས་ཀྱི་བསྐལ་པ་བསམ་ཡས་ན། །མི་ཡི་གཙོ་བོ་བྱུང་བར་ངས་དྲན་ཏེ། །དྲང་སྲོང་ཆེན་པོ་གཟིངས་ཀྱི་དོན་མཛད་པ། །མིང་ནི་དངོས་པོ་མེད་ལས་བྱུང་ཞེས་ བྱ། །སྐྱེས་མ་ཐག་ཏུ་མཁའ་ལ་རབ་ཏུ་གནས། །ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་མཐུན་པར་མཚན་བཏགས་པའི། །སྒྲ་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་གྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། ། རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་གྱུར་ ཚེ། །རྩྭ་ཤིང་གེལ་པ་སྨན་རི་བྲག་རྣམས་ལས། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་བྱུང༌། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །དེ་ལྟ་བུ་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་པ་ཤིན་ཏུ་བྱུང་བར་གྱུར། །ཞེས་གསུངས་པ་བཞིན་ནོ། ། བཞག་ཐབས་ལ་བཅུ་གསུམ་ལས། །སེམས་ལ་བརྟག་པ་ནི། དེ་ལྟར་བསྒོམས་པའི་རྗེས་ཐོགས། དེ་ནས་ནང་གི་སེམས་ལ་འདི་ལྟར་བརྟག །སྣ་ཚོགས་རྟོག་ལ་ངོ་བོ་མེད་པའི་སེམས། །དགག་སྒྲུབ་བདེན་བརྫུན་བདེ་སྡུག་བཏང་སྙོམས་སོགས། །ཡུལ་ལ་འཕྲོ་ཞིང་ངོས་གཟུང་མེད་པ་ཁྱོད། །དང་པོ་གང་འོངས་ད་ལྟ་གང་ན་གནས། ། ཐ་མ་གར་འགྲོ་དབྱིབས་དང་ཁ་དོག་ཅི། །སྙམ་དུ་བརྟགས་ཚེ་འདི་ལྟར་མཐོང་བར་འགྱུར། །ཞེས་པ་སྟེ། དེའང་ཡུལ་སྣ་ཚོགས་ལ་དགའ་མི་དགའ་ཡིན་མ་ཡིན་བདེན་བརྫུན་བདེ་སྡུག་ལ་སོགས་པར་ཤ་ར་ར་འཕྲོ་ཞིང་རྟོག་པ་ཁྱོད། དང་པོ་གང་ནས་འོངས། ད་ལྟ་གང་ན་གནས། ཐ་མ་གང་དུ་འགྲོ། ཁ་དོག་ཅི་འདུག །དབྱིབས་དང་མཚན་མ་ཅི་འདྲ་ཞེས་སྐད་ཅིག་ཀྱང་མ་ཡེངས་པར་བརྟགས་ཤིང་གཞིག་རས་དཔྱད་པ་ལ་འབད་པར་བྱ་སྟེ། དཀོན་བརྩེགས་ལས། འོད་སྲུངས། འདི་ལ་ཆོས་རྣམས་ཀྱི་སོ་སོར་རྟོག་པའི་ཤེས་རབ་གང་ཞེ་ན་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་གསུངས་པའི་དོན་ཏོ། །དེ་ལྟར་བརྟགས་པས་རྟོག་པའི་ཡུལ་དང་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མི་དམིགས་པ་ཤིང་ལས་མེ་བྱུང་དུས་ཤིང་ཉིད་ཀྱང་ཚིག་པ་ལས། བུད་ཤིང་ཟད་ནས་གཉིས་ཀ་ངོ་བོ་མེད་པ་ལྟར་རྟོགས་པ་ནི། དེ་ཉིད་ལས། དཔེར་ན་ཤིང་ཉིད་རླུང་གིས་དྲུད་པ་ལས། །མེ་བྱུང་ནས་ནི་དེ་ཉིད་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད། །ཅེས་པའི་ཚུལ་གྱིས་སོ། ། གནས་ལུགས་མཐོང་ཚུལ་ནི། འཛིན་པ་མ་གྲུབ་པར་རྟོག་པ་ནི། དགག་སྒྲུབ་ལ་འཕྲོ་བ་དང༌། དེ་ལ་སོ་སོར་དཔྱོད་པའི། སེམས་ནི་དང་པོར་སྐྱེ་བའི་རྒྱུས་སྟོང་ ཞིང༌། །བར་དུ་གནས་དང་ཐ་མར་འགག་པས་སྟོང༌། ཁ་དོག་དབྱིབས་མེད་ངོ་བོ་ངོས་གཟུང་མེད། །འདས་པ་འགགས་ཤིང་མ་འོངས་མ་སྐྱེས་ལ། །ད་ལྟ་མི་གནས་ཕྱི་ནང་གང་ནའང་མེད། །ནམ་མཁའ་འདྲ་ཞིང་སྤྲོས་དང་བྲལ་བར་ཤེས། །འདི་ལྟ་སེམས་དེ་ནི་ཡོད་པ་ལྟར་སྣང་བ་རྟོག་པས་བསླད་པ་སྟེ། དོན་ལ་ངོ་བོ་གང་ཡང་མེད་པ་ལ་སྐྱེ་རྒྱུ་མེད་པས་དང་པོར་སྐྱེ་བའི་རྒྱུས་སྟོང༌། མ་སྐྱེས་པ་ལ་གནས་མཁན་མེད་པས་གནས་པ་ངོ་བོས་སྟོང༌། མི་གནས་པ་ལ་འགག་རྒྱུ་མེད་པས་འགག་པ་རང་གི་མཚན་ཉིད་ཀྱིས་སྟོང༌། ཁ་དོག་མེད། དབྱིབས་མེད། བསྟན་དུ་མེད། ཕྱི་ནང་བར་གསུམ་དུ་བཙལ་ཞིང་དཔྱད་ཀྱང་མི་རྙེད་དེ། མ་རྙེད་པའི་ངང་དེ་དཔེ་ནམ་མཁའ་ལྟར་ངོས་གཟུང་དཔྱད་ར་མེད་པར་སང་ངེ་བ་ཡངས་ཕྱམ་མེ་བ་བྱ་བྱེད་དང་བྲལ་བ་ཞིག་འབྱུང་བ་ནི་ཆོས་སྐུ་རང་ལུགས་ཀྱི་དགོངས་པ་སྟེ། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མ་རྙེད་ངོས་གཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་སོ། ། གློད་ནས་བཞག་པ་ནི། དུས། དེ་ཚེ་སེམས་ལ་གང་ཡང་མི་བསམ་པར། །ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་གློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། ། ཐམས་ཅད་གཉིས་མེད་མཉམ་པའི་ངང་ལ་གཞག །ཁུར་གྱིས་དུབ་པ་ངལ་གསོ་བ་ལྟར་སྔར་རྟོག་དཔྱོད་ཀྱི་རྣམ་པས་དཔྱད་པའི་གོམ་པ་དོར་བས་ངལ་བ་ན་མཐའ་གཏུགས་པའམ་ངལ་སར་སླེབ་པ་ལྟར་ཕྱམ་གྱིས་སོང་བ་སྟེ། རང་ལུགས་སུ་ལྷོད་ཀྱིས་གློད་པས་དྲན་བསམ་གང་ཡང་མེད་ལ་རིག་པའི་མདངས་བདེ་བ་དང་བཅས་པ་མ་འགགས་པར་སྣང་བ་ཐམས་ཅད་ཁྲོལ་ལེ་ཤིགས་སེ་བུན་ནེ་བའི་ངང་ལ་གཞག་གོ །དོ་ཧ་ལས། འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །རྨོངས་རྣམས་གང་གིས་འཆིང་གྱུར་པ། ། མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །ཞེས་སོ། །སྤྱིར་ཡང་སེམས་ནི་བསྒོམས་ཏེ་རྩེ་གཅིག་ཏུ་བཟུང་ན་འཕྲོ་རང་འཕྲོ་ལ། གང་དགར་སོང་ཞིག་ཅེས་གློད་ན་རང་སོར་གནས་པ་ཆོས་ཉིད་ཡིན་ཏེ་རྔ་མོ་དང་འདྲ་བར། དེ་ཉིད་ལས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལོག་རྔ་མོ་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་རྣམས་ཀྱང་རང་ལ་ཅེར་ཏེ་ལྟོས། །ཞེས་སོ། །དེའང་གཟིངས་ཀྱི་བྱ་རོག་ལྟར་སེམས་ཀྱང་འཕྲོ་རུ་བཅུག་ནས། ད་ཅུང་ཟད་ཀྱང་ནང་དུ་མ་འོང་ཞིག་ཅེས་བྱས་ན། ཕྱི་ཡུལ་འཕྲོ་བ་བཞིན་བྱས་ཀྱང་ནང་དུ་ལོག་ནས་སྟོང་པ་རང་གནས་ཀྱི་དགོངས་པ་ལ་སྔ་མ་ལྟར་གནས་པའང༌། དེ་ལས། ཡུལ་ཉིད་རྣམ་པར་དག་སྟེ་བསྟོན་བྱ་མིན། །སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་བབས། །ཞེས་སོ། ། གཟུགས་སོགས་ཀྱི་ཡུལ་རྣམས་ལ་སེམས་འཕྲོ་བའི་དུས་སུ། ཡུལ་བདེན་པར་མེད་པས་བློ་ཡང་སྐད་ཅིག་གིས་དེ་ལ་བརྟེན་པར་མི་བྱེད་དེ་རང་ལོག་ནས་དཔྱད་ར་མེད་པའི་སྟོང་པ་ཉིད་དུ་གནས་སོ། །དཔེ་ཕྱིའི་རྒྱ་མཚོ་ལ་གཟིངས་ཁ་ནས་འཕུར་བའི་བྱ་རོག་ཕྱིའི་ཡུལ་ལ་མི་བརྟེན་པར་གཟིངས་དེ་ཉིད་དུ་བབས་པ་བཞིན་ནོ། །རྟོགས་པ་འཆར་ཚུལ། བསྒོམ་པའི་ཚུལ། དེ་ཡིས་ངར་འཛིན་གང་ཟག་བདག་མེད་ཅིང༌། །འཛིན་པའི་སེམས་ལ་རང་བཞིན་མེད་པར་རྟོགས། །དེ་ལྟར་ང་དང་བདག་ཏུ་ཞེན་པའི་རྣམ་རྟོག་རྩད་བཅད་པས་མ་རྙེད་པའི་དོན་ལ་གོམས་པས་འཛིན་བྱེད་གང་ཟག་གི་བདག་མེད་པས་འཛིན་པ་རང་བཞིན་མེད་ལ། སྔར་གཟུང་ཡུལ་ངོ་བོ་མེད་པས་གཟུང་བ་བདག་མེད་པར་རྟོགས་ཏེ། བདག་གཉིས་ཀྱིས་སྟོང་པར་རྟོགས་པས་འཁོར་བར་སྐྱེ་བའི་ཡུལ་དང་སྐྱེ་མཁན་གཉིས་མ་གྲུབ་སྟེ་འཁོར་བ་རང་བཞིན་མེད་པར་གྲོལ་བ་ནི་མྱ་ངན་ལས་འདས་པའི་དགོངས་པར་ཕྱིན་པའོ། །དེའང་འཁོར་བ་སེམས་ལས་གཞན་མ་ཡིན་པས་དེའི་ཕྱིར་ཏེ། དོ་ཧ་ལས། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། །རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་ཙེན་ན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རྟོགས་དུས་ཚེ་འདིར་མ་གྲོལ་ཡང་ཕྱི་མར་གྲོལ་ངེས་ཏེ། དབུ་མ་བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་འཐོབ་འགྱུར་ལས་བཞིན་ནོ། །ཞེས་སོ། །དཔེ་དགེ་བའམ་མི་དགེ་བ་རླབས་ཆེ་བས་མི་མྱོང་མི་སྲིད་པར་ཕྱི་མ་ལ་མྱོང་བར་འགྱུར་པའི་ལས་བཞིན་ཏེ་ངེས་པར་མྱོང་འགྱུརགྱི་ལས་བཞིན་ཞེས་སོ། ། བརྟན་པ་ཐོབ་ཚུལ་ནི། ཞི་ལྷག་སོ་སོར་བརྟན་པ་ཐོབ་པ། དེ་ནས་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི། །སྣང་སེམས་གཉིས་མེད་ཆུ་དང་ཆུ་ཟླ་བཞིན། །རྫིང་བུར་ཆུ་ཟླ་ཤར་དུས་ཆུ་དང་ཟླ་གཟུགས་ཐ་དད་མེད་པ་ལྟར་སྣང་བ་དང་སྣང་བ་འཛིན་པའི་དུས་དེའི་བློ་གཉིས་སུ་མེད་པའོ། །སྣང་བ་ནི་གཟུང་བའོ། །སྣང་ཡུལ་ལ་མི་ཟེར་བ་ཡིན་པར་གོ་བར་བྱའོ། །སྣང་ཡུལ་དང་དེའི་སྟོང་པ་གཉིས་ཆུ་དང་ཆུ་ཟླ་ལྟར་གཉིས་མེད་གནས་སོ། ། གཉིས་མེད་ཀྱི་དོན་ལ་བསླབ་ཚུལ་ནི། དེ་ལྟར་ཡིན་ཡང་མ་རིག་པས། །གཉིས་སུ་གཟུང་བས་སྲིད་པར་འཁྲུལ་ན་ཡང༌། །གཉིས་མེད་ཤེས་པས་མྱ་ངན་འདས་ཞེར་ འགྲོ །དེ་བས་གཉིས་མེད་དོན་ལ་འདི་ལྟར་བསླབ། །ཆོས་རྣམས་མ་སྐྱེས་སེམས་ཀྱི་ངོ་བོ་ཉིད། །སེམས་ཀྱི་རང་བཞིན་དག་ཅིང་དྲི་མ་མེད། །དྲི་མེད་སྟོང་གསལ་སྤྲོས་དང་བྲལ་བརགཞག །དོན་མེད་པ་ལ་བདག་ཏུ་གཟུང་བས་སྲིད་པར་འཁྲུལ་པ་རྨི་ལམ་གྱི་ཆུ་ལ་འཇིགས་པར་གཟུང་བས་སླར་འཇིགས་སྔངས་ཇེ་ཆེར་གྱུར་པ་ལྟར་སོང་བའི་འཁྲུལ་སྣང་གི་བག་ཆགས་བརྟན་པ་པས་བསྐྱེད་པ་ནི་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མ་གྲུབ་པ་ཡིན་ལ། འཁྲུལ་སྣང་འཆར་བའི་གཞི་སེམས་དེ་ཡང་རང་བཞིན་གྱིས་དག་ཅིང་ངོ་བོ་མེད་པས་ཉོན་མོངས་པའི་དྲི་མས་གོས་མ་མྱོང་བར་ཤེས་ཏེ། རྒྱུད་བླ་ལས། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ནས། །ཞེས་པ་ལྟར། དྲི་མ་མེད་པའི་ཡེ་ཤེས། མཐའ་ཡིས་མ་གོས་པའི་སྙིང་པོ་སྤྲོས་པ་དང་བྲལ་བའི་ངོ་བོ་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བཞག་སྟེ། རྟོག་དཔྱོད་ཀྱི་ཚོལ་ཁྲོ་གང་ཡང་མི་བྱའོ། །བྱས་ན་སེམས་ཉིད་བརྙོགས་པ་འཁོར་བའི་ཀུན་རྟོག་འཕེལ་བ་དུག་སྦྲུལ་གཟེབ་ན་ཡོད་པ་དེ་ཉིད་རང་སོར་བཞག་ན་གནོད་པ་མེད་ལ་གཙེས་ན་གནོད་པ་ལྟར། སེམས་ཀྱང་རྩོལ་སྒྲུབ་དང་བླང་དོར་མེད་པར་བསྟན་པ་ནི། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའ་བ། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་དག་པས་ཀུན་གྱིས་དཔྱད་བྱ་མིན། ། གལ་ཏེ་དཔྱད་ན་དུག་སྦྲུལ་གཙེས་པ་ཁོ་ནར་ཟད། །ཅེས་དང། །ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ངང་གིས་གནས། །ཞེས་སོ། ། མཐའ་བྲལ་དབུ་མར་རྟོགས་ཚུལ་ནི། སྒོམ་པའི་ཚུལ། དེ་ཡིས་ཉོན་མོངས་རྙོགས་པ་རབ་ཞི་ཞིང༌། །རྣམ་པར་མི་རྟོག་ཡེ་ཤེས་ཆེན་པོར་གནས། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་འགྱུར་ཞིང༌། །གཟུང་འཛིན་གཉིས་མེད་མཐའ་བྲལ་དབུ་མར་རྟོགས། །ཉོན་མོངས་པའི་རྙོག་པ་ཞི་ཞིང་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རིག་པ་དང་གྲོལ་པའི་ཡོན་ཏན་སྤྱན་དང་མངོན་ཤེས་འགྲུབ་སྟེ། སྡུད་པར། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པར་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་སོ། ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་སངས་རྒྱས་ཀྱི་དགོངས་པར་བསྟན་པ་ནི། མཉམ་པར་བཞག་པའི་དུས། དེ་ཚེ་སེམས་ནི་ནམ་མཁའ་ལྟ་བུ་ལ། །ཡུལ་ནི་མི་དམིགས་རང་བཞིན་སྤྲོས་དང་བྲལ། །བསྒོམ་དང་བསྒོམ་བྱ་མེད་པའི་ཆོས་ཉིད་ལ། །བྱ་རྒྱུ་བྱེད་མཁན་མེད་པས་གདོད་མའི་ངང༌། །དྲི་མེད་རང་བཞིན་དག་པའི་སངས་རྒྱས་ཡིན། །མཉམ་པར་བཞག་པ་དེའི་ཚེ་སེམས་ནི་སྤྲོས་བསྡུ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ལས་སྣང་ཡུལ་སྣང་ཡང་འཛིན་པ་མི་དམིགས་པས་རང་བཞིན་གཉིས་ཀྱི་འདུ་ཤེས་འཇུག་པ་མེད་པའི་གཉིས་མེད་ཀྱི་ཡེ་ཤེས། སྒོམ་དང་བསྒོ་མཁན་གཉིས་སུ་མེད་པས་བྱ་རྒྱུ་དང་བྱེད་མཁན་རང་སར་གྲོལ་བ་ནི་སེམས་བྱུང་གི་འཇུག་པ་དབྱིངས་སུ་ཐིམ་པས་རང་བཞིན་གདོད་མའི་དབྱིངས་སུ་དུས་དེར་ཕྱིན་ཏེ། སེམས་ཉིད་དོན་གྱི་སངས་རྒྱས་ཆོས་སྐུ་རང་གནས་ཀྱི་དགོངས་པ་ལ་གནས་པའི་དུས་སོ། །དོ་ཧ་ལས། མ་ལུས་རྒྱུན་དུ་གནས་པའི་སངས་རྒྱས་དེ། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པས་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ༌། །ཞེས་སོ། །དེའི་ཚེ་སེམས་སེམས་བྱུང་སེམས་ཉིད་རང་བཞིན་གྱིས་དག་པ་ལ་ཐིམ་པས་རྣམ་རྟོག་མི་གཡོ་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ་ཡང༌། དེ་ལས། རྣམ་རྟོག་ཡིད་ནི་མི་གཡོ་བརྟན་པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང༌། །ཞེས་སོ། །ཆོས་ཉིད་རྟོགས་པའི་ཚུལ་ནི། གཞན་ཡང་དུས་དེའི་ཚེ། གཟུང་ཡུལ་མི་དམིགས་ཆུ་ཟླ་མིག་ཡོར་ ལ། །འཛིན་མཁན་མི་དམིགས་གཡོ་མེད་ཕྱོགས་ལྷུང་བྲལ། །སྣང་སེམས་གཉིས་མེད་ཕ་རོལ་ཕྱིན་པའི་ངང༌། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད། །ཕྱི་གཟུང་བའི་ཡུལ་ལྔ་ཆུ་ཟླ་ལམ་མིག་ཡོར་ལྟར་རྟོག་པས་གཟུང་བའི་རྟོག་པས་བདེན་པར་ཞེན་པའི་དམིགས་པ་ཅུང་ཟད་མེད་ཅིང༌། ནང་འཛིན་པའི་ཤེས་པ་ཆ་མེད་ནམ་མཁའ་ལྟར་རྟོགས་པས་དེར་འཛིན་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་རང་སོ་སྤྲོ་བསྡུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཟབ་པ། ཞི་བ། སྤྲོས་པ་དང་བྲལ་བ། ངང་གིས་འོད་གསལ་བ། སོ་སོ་རང་གི་ཡེ་ཤེས་བདུད་རྩི་ལྟ་བུ་སྟེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་པ་སྟེ། ཚུ་རོལ་འཁོར་བ། ཕ་རོལ་མྱ་ངན་ལས་འདས་པ། དེ་གཉིས་ཀྱི་བར་སློབ་པའི་ལམ་གསུམ་མི་དམིགས་པས་ཤེསརབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང༌། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་སོ། ། ལྟ་བ་མཐར་ཕྱིན་པའི་ཚུལ་ནི། དེ་ལྟ་བུའི་ངང་ལ་གནས་པ་ནི། འཛིན་མེད་ཡངས་པའི་ཏིང་འཛིན་གྲུ་ཆེན་གྱིས། །སྲིད་གསུམ་རྒྱ་མཚོའི་ཕ་རོལ་བརྒལ་བས་ན། །ཞི་བདེའི་སྟེང་དུ་བླཽ་བདེ་རྒྱུན་མི་འཆར། །རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ཕྱིན། །ལྟ་བ་ཡངས་པ་ཆེན་པོའི་དོན་རྟོགས་པའི་ངང་ལ་གནས་པ་གྲུ་ལྟ་བུས་འཁོར་བ་སྤྲོས་པའི་རྒྱ་མཚོ་བརྒལ་ནས། གཞི་ཡེ་ནས་སྤྲོས་པ་མེད་པར། བློ་དུས་དེར་སྤྲོས་པ་མེད་པར་འདྲེས་ཏེ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ལ་རྫོགས་པ་ཆེན་པོའི་ངང་ཞེས་བཏགས་པས་དེར་ཕྱིན་ཞེས་བྱ་སྟེ། རང་བྱུང་བྱས་པ་མེད་པའི་དོན་ཀུན་རྫོགས་པའི་རྟོགས་པ་འཆར་བ་ཡང༌། ཀུན་བྱེད་ལས། ཀྱེ་དེ་ཕྱིར་ཀུན་བྱེད་ང་ཡིས་ལུང་བསྟན་པ། །ཐོས་པའི་དོན་ལ་མ་ནོར་བརྟན་པར་བྱོས། །བྱ་བཙལ་ཀུན་དང་བྲལ་བའི་འཕྲིན་ལས་ཀྱིས། །མ་བྱས་དོན་ཀུན་རྫོགས་པའི་རྟོགས་པ་འཆར། །ཞེས་སོ། ། ཞི་ལྷག་མཚན་ཉིད་པ་ངོས་གཟུང་བ་ནི། དེ་ལྟར་མཉམ་པར་བཞག་དུས་སེམས་སྤྲོ་བསྡུ་མེད་པར་ལྷན་ནེར། གནས་པས་ཞི་གནས་ཆོས་སྐུ་སྟོང་པ་ལ། །གསལ་བས་ལྷག་མཐོང་གཟུགས་སྐུ་སྣང་བ་ཉིད། །ཐབས་དང་ཤེས་རབ་ཚོགས་གཉིས་བསྐྱེད་རྫོགས་གྲུབ། དེའང་གནས་པས་མི་རྟོག་པ་སྟོང་པའི་ཆ་ནི་ཞི་གནས་ཆོས་ཀྱི་སྐུའི་རྒྱུ་ཅན་ཡེ་ཤེས་ཀྱི་ཚོགས་ཤེས་རབ་རྫོགས་པའི་རིམ་པ་ཡིན་ལ། གསལ་བས་སྣང་བའི་ཆ་ནི་ལྷག་མཐོང་གཟུགས་སྐུའི་རྒྱུ་ཅན་བསོད་ནམས་ཀྱི་ཚོགས་ཐབས་བསྐྱེད་པའི་རིམ་པར་ལྷུན་གྱིས་གྲུབ་པའོ། །དེའི་དུས་སུ་དམིགས་པ་མེད་པ་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་ཡང༌། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པའོ། །མི་བསྲུང་བར་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་སོ། །དེའང་སྦྱྀན་སོགས་དྲུག་སྤྱཽད་པ་ནི་དེ་ལ་གནས་པས་དེ་དག་གི་ཕ་རོལ་ཏུ་མ་ཕྱིན་ལ། དེ་དག་གི་སེམས་དཔའ་ཐམས་ཅད་ལས་འདས་པ་ན་ཕ་རོལ་ཏུ་ཕྱིན་པར་གྱུར་པའོ། །དེའི་དུས་སུ་དོན་གྱི་ཚུལ་ཁྲིམས་ཀྱང་རྫོགས་ཏེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། གང་ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་བ་མི་དམིགས་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །ཚོགས་གཉིས་ཀྱང་རྫོགས་པར༌། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། དེ་ལ་མི་དམིགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ་ཞེས་པ་དང༌། ཡེ་ཤེས་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་གིས་གསོལ་པ། དགེ་སློང་རྣལ་འབྱོར་སྤྱོད་པ་པོ་རྣམས་ཀྱིས་ཚོགས་ཇི་ལྟར་བསག་པར་བགྱི། བཀའ་སྩལ་པ། ཚོགས་ནི་བསོད་ནམས་དང་ཡེ་ཤེས་སོ། བསག་པ་ནི་མང་དུ་སྤེལ་བའོ། །གསོལ་པ། བསོད་ནམས་ཀྱི་ཚོགས་ཇི་ལྟར་ལགས། བཀའ་སྩལ་པ། སྦྱིན་པ་ལ་སོགས་པ། དཀར་པོའི་ཆོས་མཚན་མ་དང་བཅས་པའོ། །གསོལ་པ། ཡེ་ཤེས་ཀྱི་ཚོགས་གང་ལགས། བཀའ་སྩལ་པ། ཤེས་རབ་ལ་སོགས་པ་མཚན་མ་མེད་པའོ། །གསོལ་པ། དེ་གཉིས་ཇི་ལྟར་གསོག་པ་ལགས། བཀའ་སྩལ་པ། བསོད་ནམས་ཀྱི་ཚོགས་ནི་འཁོར་བའི་ཚོགས་ཞེས་བྱ་སྟེ། དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་མཚུངས་སོ། །ཅིའི་ཕྱིར་ཞེ་ན། མྱུར་དུ་བརླག་པ། ཟད་པ། བྱིས་པ་འབྲིད་པ། ལྷ་དང་མིའི་བདེ་བ་མྱོང་ནས་སླར་ངན་སོང་དུ་འཁོར་བ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་མྱ་ངན་ལས་འདས་པའི་ཚོགས་ཞེས་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ། མི་བརླག་པ། མི་ཟད་པ། མི་སླུ་བ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡེ་ཤེས་ཏོག་ཡེ་ཤེས་ཀྱི་ཚོགས་ཁོ་ན་བསག་པར་བྱའོ་ཞེས་ སོ། །དེའང་བསོད་ནམས་ཆ་མཐུན་རྣམས་ཐར་པ་ཆ་མཐུན་དུ་བསྒྱུར་ཞིང་བསམ་གཏན་པས་བསམ་གཏན་གཙོ་བོར་བྱ་བ་ལ་དགོངས་སོ། ། ཞི་ལྷག་གཉིས་ཀྱི་བྱེད་ལས་ནི། དེའང༌། ལྷག་མཐོང་རྟོགས་པའི་ཤེས་རབ་བསྐྱེད་བྱས་ནས། །ཞི་གནས་ཀྱིས་ནི་དེ་ཡི་ངང་ལ་གནས། །ཡང་སྔར་ལྷག་མཐོང་གིས་རྟོགས་པའི་དོན་ལ་འདྲིས་པ་ནི་ཞི་གནས་ལ་རག་ལས་པས་ཀྱང་ཟུང་འབྲེལ་དུ་འགྲུབ་པར་བྱ་བ་ལ་ངེས་པར་འབད་དོ། །དེ་ལྟར་གོམས་པས་དམིགས་མེད་རྟོགས་པའི་དུས་ནི། ཇི་ལྟར་ཞེ་ན་མཉམ་པར་འཇོག་པའི་ དུས། །གང་ཚེ་གཟུང་འཛིན་དངོས་དང་དངོས་མེད་དུ། །བློ་ཡི་རྣམ་པར་རབ་ཏུ་མི་གནས་པ། །དེ་ཚེ་དབྱིངས་དང་ཡེ་ཤེས་གཉིས་མེད་པར། །སེམས་དང་སེམས་བྱུང་དམིགས་པ་མེད་པར་ཞི། །ཡང་དག་པའི་དོན་བསྒོམ་དུས་གཟུང་འཛིན་དངོས་པོ་དང་དངོས་མེད་རང་བཞིན་མེད་པར་རྟོགས་པ་ནི་དང་པོར་བྱ་བའི་ལྷག་མཐོང་ཡིན་ལ། དེ་ལྟར་རྟོགས་པའི་ངང་ལ་བླཽའི་རྣམ་པ་སྐྱེ་བ་མེད་པར་གནས་པ་ནི་ཕྱི་ནས་བྱ་བའི་ཞི་གནས་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ན་དེ་གཉིས་དབྱེར་མེད་པ་ནི་ཟུང་དུ་འབྲེལ་པའི་འབྲས་བུ་གྲུབ་པས་ཀྱང་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག ། བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་བཞིན་ནོ། ། གོམས་པས་ཏིང་འཛིན་འགྲུབ་ཚུལ་ལ་ཡང་དྲུག་ལས། ཏིང་ངེ་འཛིན་གྱི་ཡོན་ཏན་ནི། དེ་ལྟར་གོམས་པ་ལས་ཏིང་ངེ་འཛིན་གྱི་ཡོན་ཏན་ཇི་ལྟར་འགྲུབ་པའི་ཚུལ་ནི། སེམས་ལ་ཡོན་ཏན་ཡེ་ལྡན་དུ་ཡོད་ཀྱང་དྲི་མས་བསྒྲིབས་པའི་ཚེ་མི་སྣང་བས། ཞི་གནས་དང་ལྷག་མཐོང་བསྒོམས་པས་སྒྲིབ་པ་ཅི་རིགས་སུ་དག་པ་ལས་གནས་སྐབས་སུ་ཐོབ་པའི་ཚུལ་ཏེ་སེམས་ཀྱི་ཀུན་རྟོག་དབྱིངས་སུ་ནུབ་པའི་ཚེ། རང་བཞིན་གདོད་ནས་དག་པའི་སེམས་ཉིད་ལ། །གནས་སྐབས་གློ་བུར་ཀུན་རྟོག་དག་པ་ན། །སྙོམས་འཇུག་དགུ་དང་རྫུ་འཕྲུལ་མངོན་ཤེས་འགྲུབ། །ཏིང་འཛིན་གྲངས་མེད་གཟུངས་སྤྲིན་ལྷུན་གྱིས་གྲུབ། །དེ་ཡང་གནས་སྐབས་སུ་སེམས་ཀྱིས་ཀུན་རྟོག་དག་པས་སྙོམས་འཇུག་ལ་སོགས་པ་ཡོན་ཏན་གྱི་ཚོགས་དུ་མ་འགྲུབ་པ་ཡིན་ནོ། ། སྙོམས་འཇུག་དགུ་བཤད་པ་ནི། དེ་དག་གང་ཞེ་ན། དང་པོ་སྙོམས་འཇུག་དགུ་ནི། རང་ས་འདོད་པའི་སེམས་གང་རྩེ་གཅིག་པ། །དེ་ལས་རྟོག་དང་དཔྱོད་པའི་ཏིང་ངེ་འཛིན། །དགའ་བདེའི་ཡན་ལག་བསམ་གཏན་དང་པོ་སྐྱེ། །དེ་ལས་རྟོག་མེད་དཔྱོད་པའི་ཏིང་ངེ་འཛིན། །སེམས་གསལ་དགའ་བདེའི་རང་བཞིན་གཉིས་པ་སྐྱེ། །དེ་ལས་རྟོག་དཔྱོད་གཉིས་མེད་ཏིང་ངེ་འཛིན། །དགའ་བདེས་བརླན་པའི་ཡན་ལག་གསུམ་པ་སྐྱེ། །དེ་ལས་དགའ་བ་སྡུད་པའི་ཏིང་ངེ་ འཛིན། །བཞི་པ་ཕན་ཡོན་ཡན་ལག་བཅས་པ་སྐྱེ། །དེ་ལ་འགོག་པའི་སེམས་དང་བསམ་གཏན་བཞི་གཟུགས་མེད་བཞི་སྟེ་དགུའི་ཏིང་ངེ་འཛིན་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ཡང་འདོད་པའི་སེམས་རྩེ་གཅིག་པ་ནི་སྔར་བཤད་པའི་ཞི་ལྷག་ཟུང་འབྲེལ་དུ་བསྒོམས་པས་སེམས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་ལ་སོགས་པ་འདོད་པའི་རྟེན་ལས་ཐོབ་པ་སྟེ། སྐབས་འདིར་རང་གི་རྟེན་དལ་འབྱོར་ལས་ཐོག་པས་མི་ལ་སྦྱར་ རོ། །དེ་ནས་བསམ་གཏན་གྱི་སེམས་ནི། ཉེར་བསྡོགས་དང་དངོས་གཞི་གཉིས་ལས། ཉེར་བསྡོགས་ནི་སྦྱོར་བ་སྟེ་ཁ་ཅིག་ལས་དངོས་གཞི་ཙམ་མོ་ཞེས་བཤད་དོ། །དེའང་སྔ་མ་སྔ་མའི་བསམ་གཏན་གྱི་དངོས་གཞི་ཕྱི་མ་ཕྱི་མའི་ཉེར་བསྡོགས་སུ་བཤད་པར་རིག་པར་བྱའོ། །དང་པོ་སེམས་རྩེ་གཅིག་ཏུ་འཇོག་དུས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་སྟེ། དེའང་མཉམ་པར་འཇོག་དགོས་སྙམ་དུ་རྟོག་པ་དང་བཅས་ཤིང༌། དེ་ཉིད་གང་དུའང་མི་རྟོག་པའི་ངང་དུ་འཇོག་པའི་དྲན་རྩེའི་དཔྱོད་པ་དང་བཅས་པའི་སྦྱོར་བ་ལས་དངོས་གཞི་མི་རྟོག་པའི་ཡེ་ཤེས་སྐྱེའོ། །ཐུན་རྗེས་དང་མཚམས་སུ་རྟོག་དཔྱོད་དང་ལྡན་པའོ། །བསམ་གཏན་གཉིས་པ་ནི། དང་པོའི་སེམས་ཀྱི་ཉེར་བསྡོགས་ལས་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་སྦྱོར་བ། དངོས་གཞི་གསལ་ལ་མི་རྟོག་པའོ། །གསུམ་པ་ནི། གཉིས་པའི་སེམས་ཀྱི་ཉེར་བསྡོགས་ལས་རྟོག་དཔྱོད་གང་ཡང་མེད་པར་ཁྲོང་གིས། དངོས་གཞི་ཁྱད་པར་ཅན་མི་རྟོག་པ་སྐྱེའོ། །བཞི་པ་ནི། གསུམ་པའི་སེམས་ཀྱི་ཉེར་བསྡོགས་ལས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་དང་བཅས་པའི་དངོས་གཞི་ཁྱད་པར་ཅན་སྐྱེའོ། ། ཡུམ་བར་མ་ལས། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ། །དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ་ཞེས་སོ། ། བསམ་གཏན་གྱི་སེམས་ཐོབ་ཚུལ་ནི། བསམ་གཏན་གྱི་སེམས། དེ་ལས་མཁའ་ལྟར་དག་ཅིང་དངས་པའི་སེམས། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པར་འགྱུར། །དེ་ལས་ཆོས་ཀུན་སེམས་ཉིད་སྤྲོས་པ་མེད། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་པར་འགྱུར། །དེ་ལས་སྣང་སེམས་མི་དམིགས་སྤྲོས་དང་བྲལ། ། ཅི་ཡང་མེད་པའི་སྐྱེ་མཆེད་འགྲུབ་པར་འགྱུར། །དེ་ལས་ཡོད་མེད་སྤྲོས་ཀུན་བྲལ་བའི་སེམས། །ཡོད་མིན་མེད་མིན་སྐྱེ་མཆེད་འགྲུབ་པར་འགྱུར། །དེ་ལས་སྣ་ཚོགས་ཉོན་མོངས་སྤྲོས་པའི་སེམས། །རང་བཞིན་འགོག་པ་ཞི་བ་ཐོབ་པར་འགྱུར། །འདིར་བསམ་གཏན་གྱི་སེམས་ཐོབ་པའི་རྟེན་ལས་གཟུགས་མེད་ཀྱི་སེམས་ཁྱད་པར་ཅན་སྐྱེ་བས། དང་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་དག་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པ་བརྟན་པའོ། །རྣམ་ཤེས་མཐའ་ཡས་ནི། དེ་ཡང་སེམས་ཙམ་ལ། སེམས་དེ་ཡང་ཐོག་མཐའ་ཐམས་ཅད་དང་བྲལ་ཞིང་མཐའ་ཡས་པར་སེམས་པའི་ཡིད་ལ་བྱེད་པའོ། །ཅི་ཡང་མེད་པ་ནི། དེ་ཡང་མི་དམིགས་པས་གང་དུའང་མི་མཐོང་བའི་སེམས་སོ། །སྲིད་རྩེ་ནི། ཡོད་མེད་གང་གིའང་མཐའ་ལས་འདས་པའི་ཡིད་ལ་བྱེད་པའོ། །འགོག་པ་ནི། སེམས་ཀྱི་སྤྲོས་པ་མ་ལུས་པ་འགོག་པ་སྟེ། འཇུག་འགྲེལ་ལས། འདིར་འགོག་པ་ནི་སེམས་ཀྱི་སྤྲོས་པ་འགོག་པའི་ཕྱིར་ཏེ་ཞེས་སོ། །དབྱེ་ན་བློས་གཞིགས་ཤིང་དཔྱད་ནས་སོ་སོར་བརྟགས་པའི་འགོག་པ་དང༌། མ་གཞིགས་བར་ཆོས་ཉིད་ཀྱི་ངང་ལ་འཇོག་པ་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་སོ། །དེའང་བྱང་ཆུབ་སེམས་དཔའི་འགོག་པ་ནི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པ་ཡིན་ཏེ། འཇུག་པ་ལས། རྟག་ཏུ་འགོག་པར་གཏོགས་པའི་བསམ་གཏན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེ་ལྷག་པར་སྐྱེ། །ཞེས་སོ། །དེ་ལྟར་སྤྲོས་པ་མ་བཀག་གོ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྙིང་རྗེ་སྐྱེ་བས་སྤྲོས་པ་ཡོད་པ་མ་ཡིན་ནོ། ། དེ་དག་ཀྱང༌། ཡུམ་བར་མ་ལས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱའོ་ཞེས་པའི་དོན་ཏོ། །སྤྱིར་སོ་སོའི་སྐྱེ་བོ་དང་འཕགས་པའི་བསམ་གཏན་ནི་འབྲས་བུ་ཆེ་བའི་སེམས་ཀྱི་བར་མཉམ་དུ་ཐོབ་པ་ལས། དེ་ནས་ཞི་གནས་ཀྱི་བདེ་བ་ལ་ཕྱོགས་ཏེ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའོ་སྙམ་ནས་དེའི་ངང་དུ་བློའི་འཇུག་པ་ནུབ་པ་ལས་གཟུགས་མེད་ཀྱི་སེམས་ཀྱིས་སྲིད་རྩེའི་བར་དུ་འཕེན་ལ། འཕགས་པ་ནི་ལྷག་མཐོང་གི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་དང་བདག་གིར་གཟུང་དུ་མེད་པའི་རང་བཞིན་ཟུང་འབྲེལ་ཁྱད་པར་ཅན་བསྒྲུབས་པས། མི་ཆེའི་སེམས་ཐོབ་ནས་འོག་མིན་གྱི་བར་དུ་མཐོང་སྒོམ་གྱི་ཡེ་ཤེས་གོང་མ་ཐོབ་པས་མྱ་ངན་ལས་འདའོ། ། དེའི་སེམས་ལ་བསམ་གཏན་གཟུགས་མེད་ཀྱི་ཆའི་ཡོན་ཏན་ཚང་བས་ཏིང་ངེ་འཛིན་དེ་དག་ལ་འཇུག་གི། ཁམས་དེ་དག་གི་སེམས་རང་མཚན་པ་མ་ཡིན་ཏེ་ཐེག་ཆེན་འཕགས་པ་རྣམས་ཁམས་གོང་མར་སྐྱེ་བ་མི་འཛིན་པའི་ཕྱིར་རོ། ། སྙོམས་འཇུག་དགུ་སྦྱར་ཚུལ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་མཐར་གྱིས་སྙོམས་འཇུག་དགུ་པོ་ཡང། །རིམ་དང་རིམ་མིན་ཐོད་རྒལ་རྩལ་སྦྱངས་པས། །རང་གཞན་སྔ་ཕྱིའི་ཚེ་རབས་ལས་རྣམས་དང༌། །སེམས་ཀྱི་སྤྱོད་ཡུལ་གང་ཡིན་ཤེས་པ་དང༌། །འཆི་ཕོ་སྐྱེ་དང་སྒྲིབ་པས་ཆོད་ཀྱང་མཐོང༌། །གཅིག་དང་དུ་མར་རྫུ་ཞིང་རྣམ་པར་འཕྲུལ། །ཉོན་མོངས་མེད་ཅིང་ཇི་སྙེད་ཇི་བཞིན་ཤེས། ། ཞིང་རྣམས་བདེ་གཤེགས་སྲས་ཀྱིས་གང་བ་མཐོང༌། །དེ་ལ་མཐར་གྱིས་གནས་པའི་ཏིང་ངེ་འཛིན་བསྒོམས་པས་ལྔར་མི་ཤེས་པའི་སྤྱན་དང་མངོན་པར་ཤེས་པ་སྒྲིབ་པ་མེད་པས་རྣམ་པར་འཕྲུལ་ཞིང༌། ས་གོང་ནས་གོང་དུ་འཕར་བའི་ཡོན་ཏན་དང་ཞིང་ཁམས་མཐོང་ནས་ཆོས་ཉན་པ་དང་ཚོགས་རྫོགས་པ་ལ་སོགས་པ་བྱེད་དོ། །མཐར་གྱིས་གནས་པ་དེའི་སྒོམ་ཚུལ་ལ་གསུམ་ལས། སེང་གེ་རྣམ་བསྒྱིངས་ནི་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་ཡར་རིམ་པར་བསྒོམས་ནས་མར་ལ་ཡང་རིམ་པར་བསྒོམ་པ་སྐས་གདང་བུ་དགུ་པ་ལ་ཡར་འཛེག་མར་འབེབས་བྱེད་པ་བཞིན་ནོ། །ཡུམ་བར་མ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན་ཞེས་པ་ནས། བསམ་གཏན་དང་པོ་ཉེ་བར་བསྒྲུབ་ཏེ་གནས་སོ་ཞེས་པ་ནས་འགོག་པ་དང་སྲིད་རྩེ་ནས་བསམ་གཏན་དང་པོའི་བར་དུ་གསུངས་སོ། །ཐོད་རྒལ་ཆུང་ངུ་ནི་བསམ་གཏན་གཟུགས་མེད་འགོག་པ་དགུ་ལ་ཡར་རིམ་གྱིས་བསྒོམས་ནས་མར་བསམ་གཏན་དང་པོར་མཆོངས་ནས་བསྒོམ་པའོ། །ཐོད་རྒལ་ཆེན་པོ་ནི་གཉིས་ལས། ལུགས་མཐུན་འགོག་པ་བར་དུ་བཅུག་པ་ནི་བསམ་གཏན་དང་པོ་བསྒོམ། འགོག་པ་བསྒོམ་པ་ནས་འགོག་པའི་བར་དུ་དེ་བཞིན་དུ་བྱེད་པས་མཚོན་ཏེ། །ནང་ཚན་རེ་བར་དུ་བཅུག་ནས་རེ་མོས་སུ་བསྒོམ་པའོ། །མཉམ་པར་མ་བཞག་པའི་སེམས་བར་དུ་བཅུག་པ་ནི་འགོག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ་ཞེས་མར་བསམ་གཏན་དང་པོ་བར་དུ་རིམ་གྱིས་བསྒོམ་པའོ། །དེ་བཞིན་དུ་བསམ་གཏན་དང་པོ་ནས་གསུམ་པ་ལ་འཇུག་པ་ནས་འགོག་པའི་བར་དུ་ཡར་འགྲོ་མར་འོང་རེ་རེ་བར་དུ་བོར་ནས་བསྒོམ་པ་དང༌། གཉིས་དང༌། གསུམ་དང་བཞི་དང༌། ལྔ་དང༌། དྲུག་དང༌། བདུན་དང༌། བརྒྱད་བརྒྱད་བར་དུ་བོར་ཞིང་ཡར་འགྲོ་མར་འོང་རེས་ཀྱིས་བསྒོམ་པའི་ཚུལ་གསུངས་ཏེ། མངོན་རྟོགས་རྒྱན་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། ། འགོག་པའི་བར་དུ་མི་འདྲར་འགྲོ །ཞེས་སོ། །སྤྱན་ལྔ་དང་མངོན་ཤེས་དྲུག་ནི་སྔར་སྨོས་ཟིན་ཏོ། ། ཏིང་འཛིན་གསུམ་ཐོབ་པའི་དུས་ནི། ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པའི་དུས། དེ་ཚེ་སྣང་བ་སྒྱུ་མར་རབ་རྟོགས་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཉིད་དང་ནི། ། སེམས་ཀྱི་གདུང་བྲལ་རྙོག་པ་རབ་ཞིའི་ཕྱིར། །ཟླ་བ་དྲི་མ་མེད་པའི་ཏིང་འཛིན་དང༌། །ཆོས་ཀུན་མི་དམིགས་མཉམ་པའི་ངང་གཅིག་པས། །མཁའ་ལྟར་གོས་པ་མེད་པའི་ཏིང་འཛིན་སོགས། །བརྒྱ་སྟོང་གྲངས་མེད་རབ་ཏུ་འགྲུབ་པར་འགྱུར། །ཉི་མའི་དཀྱིལ་འཁོར་གཅིག་ཉིད་མུན་པ་སེལ་བས་སྣང་བྱེད་དང༌། འོད་ཟེར་འཕྲོ་བས་འོད་སྟོང་ལྡན་དང༌། པདྨོ་ཁ་འབྱེད་པས་པདྨོའི་གཉེན་ལ་སོགས་པ་ཐ་དད་པར་བཏགས་པ་དེ་བཞིན་དུ། སྣང་བ་སྒྱུ་མར་རྟོགས་ནས་དེའི་ངང་ལ་རྩེ་གཅིག་པའི་ཆ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། ཉོན་མོངས་པའི་མུན་ནག་དང་གདུང་བ་ཞི་བའི་ཆ་ནས་ཟླ་བ་དྲི་མ་མེད་པ་དང༌། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པས་ནམ་མཁའ་ལྟར་གོས་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་བློ་རྫས་གཅིག་ལ་ཆའི་ཡོན་ཏན་ཇེ་མང་དུ་གོང་དུ་འཕེལ་པས་བརྒྱ་སྟོང་གྲངས་མེད་པ་ཡང་འཐོབ་བོ། །མདོ་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་གསུངས་སོ། ། ཏིང་ངེ་འཛིན་ཟུང་འབྲེལ་ཐོབ་ཚུལ་ནི། དེའང༌། ལྷག་མཐོང་གིས་ནི་རབ་ཏུ་རྟོགས་པའི་དོན། །ཞི་གནས་དམ་པས་རྩེ་གཅིག་གཟུང་བའི་ཕྱིར། །གཟུངས་དང་ཏིང་འཛིན་ཟུང་འབྲེལ་ལྷུན་གྱིས་གྲུབ། །སོ་སོར་རྟོག་པའི་ལྷག་མཐོང་གིས་ཆོས་ཀྱི་ཚིག་དོན་ལེགས་པར་རྟོགས་པ་རྣམས་ཞི་གནས་ཀྱིས་རྩེ་གཅིག་ཏུ་རྒྱུད་ལ་འཛིན་པའི་ཕྱིར་ན། ལྷག་མཐོང་ནི་གཟུངས་ལ། ཞི་གནས་ནི་ཏིང་ངེ་འཛིན་དུ་གནས་ཏེ་ཡེ་ཤེས་རྒྱས་པ་ལས། ལྷག་མཐོང་ནི་ཆོས་ཀྱི་སྒོའི་གཟུངས་སོ། །ཞི་གནས་ནི་ཏིང་ངེ་འཛིན་ཏོ་ཞེས་སོ། །གཟུངས་དེ་ཡང༌། ལེགས་པར་གྲུབ་པའི་རྒྱུད་ལས། གཟུངས་ནྀ་གང་ཕྱིར་རྣམ་གསུམ་གཟུངས། །ཚིག་དང་དོན་དང་གཉིས་ཀ་དང༌། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པའི་ཕྱིར་ན་གཟུངས་ཞེས་བྱ། །ཞེས་སོ། །དེ་དག་གིས་སྤྱིའི་རིམ་པ་བརྗོད་ཟིན་ཏོ། ། སྤྱི་དོན་གསུམ་པ་ཇི་ལྟར་བསྒོམ་པའི་ལམ་གྱི་རིམ་པ་བཤད་པ་ལ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་དགོས་པ་བཤད་པས་མཇུག་བསྡུ་བ་དྲུག་གི། ཚོགས་ལམ་ལ་གསུམ་སྟེ། ཆུང་ངུ་ནི། ད་ནི་བྱེ་བྲག་ལམ་གྱི་རིམ་པའི་དབྱེ་བ་ཤེས་པར་བྱ་བ་ནི། འདིར་ལྟར། ལམ་ལྔའི་རིམ་པ་བགྲོད་ལས་གྲོལ་བ་ སྟེ། །ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་དང་ཆོས། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་ཞིང༌། །ཞེས་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱང་ལམ་ལྔ་བགྲོད་ནས་སངས་རྒྱས་པས་ན། འདིར་དེའི་རིམ་པ་བརྗོད་དེ། དེའང་ལྔ་ལས། དང་པོ་ཚོགས་ཀྱི་ལམ་ནི་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ལམ་དང་པོ་བསྒོམ་པ་ནས་བཟུང་སྟེ་དྲོད་རྒྱུད་ལ་མ་སྐྱེས་ཀྱི་བར་གྱི་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་རྟོགས་པ་དང་ཏིང་ངེ་འཛིན་དགེ་བའི་ཚོགས་དང་བཅས་པའི་རང་བཞིན་ཐར་པའི་གླིང་དུ་བགྲོད་པའི་ལམ་མོ། །ལམ་དེའི་རྒྱུ་ནི་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བའི་རྟེན་གང་ཡིན་པའི་རིགས་སད་ པའོ། །འབྲས་བུ་ནི་ལམ་ཕྱི་མ་བཞིའོ། །ངེས་ཚིག་ནི་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པས་ན་ཚོགས་ལམ་མོ། །དབྱེ་ན་གསུམ་ལས། ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་མཉམ་རྗེས་གཉིས་ཀྱིས་བསྒོམ་པ་སྟེ། དེའང་རང་དང་གཞན་གྱི་ལུས་ལ་མཉམ་གཞག་ཏུ་ནམ་མཁའ་ལྟར་བསྒོམ་ ཞིང༌། རྗེས་ཐོབ་ཏུ་སྒྱུ་མ་ལྟར་བུ་དང༌། ཆགས་པའི་གཉེན་པོར་མི་གཙང་བའི་འདུ་ཤེས་བསྒོམ་པའོ། །ཚོར་བའང་མཉམ་གཞག་ཏུ་མི་དམིགས་པ་དང༌། རྗེས་ཐོབ་ཏུ་ཆུ་ཤིང་ལྟར་བསྒོམ་མོ། །སྡུག་བསྔལ་བ་ཉིད་དུ་ཡིད་ལ་བྱེད་དོ། ། སེམས་ཀྱང་མ་སྐྱེས་པ་དང༌། མི་རྟག་པ་ཉིད་དུ་བསྒོམ་པ་དང༌། ཆོས་ཀྱང་མིང་ཙམ་དང༌། སྒྱུ་མ་ཙམ་དུ་མཉམ་རྗེས་སུ་བསྒོམ་པའོ། །བྱང་ཆུབ་ཀྱི་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ། གང་གིས་ལུས་ནམ་མཁའ་དང་མཚུངས་པར་མཐོང་བ་དེ་ནི་ལུས་ལ་ལུས་ཀྱིས་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །ཚོར་བ་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉིས་ཀ་མེད་པར་ཡང་མི་དམིགས་པ་འདི་ནི་ཚོར་བ་ལ་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །སེམས་དེ་ནི་མིང་ཙམ་སྟེ་རང་བཞིན་གྱིས་མ་སྐྱེས་པར་མཐོང་བ་དེ་ནི་སེམས་དྲན་པ་ཉེ་བར་གཞག་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་མཐོང་བ་དེ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ་ཞེས་སོ། ། འབྲིང་པོ་ནི། འབྲིང་དུ་སྔ་མ་གོམ་པ་ལས་ཕུལ་དུ་བྱུང་བའི་ཡང་དག་པར་སྤོང་བ་བཞི་བསྒོམ་པར་བསྟན་པ་ནི། ཚོགས་ལམ། འབྲིང་དུ་འདུན་དང་འབད་རྩོལ་བརྩོན་འགྲུས་བཞིས། །དགེ་དང་མི་དགེའི་ཞེན་བཞི་ཡང་དག་སྤོང༌། ། དེའང་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད། འབད་རྩོལ། བརྩོན་འགྲུས་རབ་ཏུ་བརྩམ། སྐྱེས་པ་སྤང་བའི་ཕྱིར་འབད་པ་ལ་སོགས་པ་བཞི དགེ་བ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་སྤེལ་བའི་ཕྱིར་འབད་པ་ལ་སོགས་པ་བཞི་བྱེད་དེ། ཡུམ་བར་མ་ལས། རབ་འབྱོར། དེ་ལ་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རབ་ཏུ་བརྩམ་མོ་ཞེས་པ་ལ་སོགས་པ་བཞི་གསུངས་སོ། ། ཆེན་པོ་ནི།ཚོགས་ལམ། ཆེན་པོར་འདུན་སེམས་དཔྱོད་དང་དྲན་པ་ བཞིས། །རྫུ་འཕྲུལ་རྟེན་འགྲུབ་རྐང་པ་བཞི་པོ་བསྒོམ། །འདུན་པ་དང༌། དཔྱོད་པ་དང། སེམས་པ་དང༌། དྲན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་སྟེ། ཡུམ་ལས། འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང་ཞེས་པ་བཞི་གསུངས་སོ། །དེ་ལྟར་ཚོགས་ལམ་གྱི་དུས་འདིར་ནི་བྱང་ཆུབ་ལ་དམིགས་པའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་བསྡམ་པ་དང༌། ཟས་ཀྱི་ཚོད་རིག་པ་དང། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བས་རྣལ་འབྱོར་ལ་བརྩོན་པ་དང༌། བླང་དོར་གྱི་བྱ་བ་ཤེས་བཞིན་དུ་གནས་པས་མངོན་པར་དགའ་བ་དང༌། དགེ་བ་ལ་མི་འགྱོད་པ་དང༌། སྤྲོ་བ་དང༌། དད་པ་དང༌། མོས་པ་ལ་སོགས་པ་ཐར་པའི་རྒྱུར་འགྱུར་བའི་དགེ་བ་གཞན་དང༌། ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་སྦྱོར་ལམ་ལ། སྦྱོར་བ་ཡིན་ནོ། །དེའང་ཚོགས་ལམ་ཆུང་ངུ་ནས་གྲངས་མེད་གསུམ་ལ་སོགས་པའི་ཚོགས་གསོག་པའི་འགོ་རྩོམ་པ་ཡིན་ཏེ། ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དག །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔས་གྲངས་མེད་གསུམ། །ཀུན་དུ་བརྩོན་པར་མཛད་ཅེས་བརྗོད། །ཅེས་ཏེ། དྲན་པ་གཉེར་གཞག་བཞི་བསྒོམ་པའི་དུས་སྦྱོར་ལམ་སྐྱེ་བའི་དུས་མ་ངེས་པའོ། །ཡང་དག་སྤོང་བཞི་བསྒོམ་པའི་དུས་ནི་སྦྱོར་ལམ་ཚེ་ཕྱི་མ་ལ་སྐྱེ་བའི་དུས་ངེས་པའོ། །རྫུ་འཕྲུལ་རྐང་བཞི་བསྒོམ་པའི་དུས་སྦྱོར་ལམ་ཚེ་དེ་ཉིད་ལ་སྐྱེ་བར་ངེས་པའོ། །ལམ་འདིའི་གཉེན་པོའི་ཁྱད་ནི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་བས་རྣམ་པར་སུན་འབྱིན་པའི་གཉེན་པོའོ། །སྤངས་པ་ནི་ཟག་བཅས་ཀྱི་ཆོས་ལ་སྐྱོན་དུ་མཐོང་བས་མངོན་ཞེན་མངོན་གྱུར་པའི་ངོ་སྐལ་དུ་གྱུར་ཆད་སྤངས་པའོ། །རྟོགས་པ་ནི་བདག་མེད་གཉིས་ཐོས་བསམ་གྱིས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཤས་ཆེ། སྒོམ་བྱུང་གིས་རྟོགས་པའང་ཡོད་དེ། ཀུན་ལས་བཏུས་ལས། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ་ཞེས་སོ། །ཡོན་ཏན་ནི་སྤྱན་དང་མངོན་ཤེས་ལ་སོགས་པ་ཅི་རིགས་ཡོད་དེ། མདོ་སྡེའི་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ ནི། །སངས་རྒྱས་རྣམས་ལས་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་པ་དང༌། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་པ་མངོན་སུམ་འདོམས་མཛད་ཅིང༌། །ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་གི །ཚན་ལས་དྲངས་ཏེ་བྱང་ཆུབ་ལ་འགོད་དོ། །ཞེས་སོ། །ཚོགས་ལམ་ཆེན་པོ་ཐོབ་དུས་མངོན་ཤེས་དང་སྤྱན་དང་རྫུ་འཕྲུལ་ཅི་རིགས་སུ་ཡོད་དོ། །བསྒོམ་བྱའི་གདམས་ངག་ཀྱང་ལུས་ངག་གི་འཇུག་ལྡོག་ལ་དམིགས་པའི་ཚུལ་ཁྲིམས་དང། གསུང་རབ་ཀྱི་ཚིག་དོན་ལ་དམིགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང༌། དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང༌། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་ཆོས་ཀྱི་ཕྱག་རྒྱ་བཞི་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་དུ་མ་སྐྱེས་པའི་ཐར་པ་ཆ་མཐུན་ལྔ་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལུས་དལ་འབྱོར་དང༌། འཆི་བ་དང༌། སྐྱེ་བ་ དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་རྣམས་བསྒོམ་ཞིང༌། སྤྱོད་པ་རྣམ་པར་སྤྱོད་པ་ན་མི་གཙང་བའི་འདུ་ཤེས་དང༌། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བསྒོམ་པར་བྱའོ། །དེའང་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་བསྒོམ་ཞིང༌། རྗེས་བསྔོ་བས་ཟིན་པའི་ཚུལ་གྱིས་མི་གཙང་བའི་འདུ་ཤེས་དགུ་བསྒོམ་པའང༌། རང་དང་གཞན་གྱི་ལུས་ལ། རྣམ་པར་བམ་པ་དང༌། འབུས་གཞིགས་པ་དང༌། དམར་བ་དང༌། སྔོ་བ་དང༌། གནག་པ་དང༌། ཟོས་པ་དང༌། འཐོར་བ་དང༌། ཚིག་པ་དང༌། རུལ་བའི་འདུ་ཤེས་བསྒོམ་པར་ བྱའོ། །དེའང་འདོད་ཆགས་ལ་མི་གཙང་བ་དང༌། ཞེས་སྡང་ལ་བྱམས་པ་དང༌། གཏི་མུག་ལ་རྟེན་འབྲེལ་བསྒོམ་པར། དཔུང་བཟང་གིས་ཞུས་པའི་མདོ་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་སོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ནི། ཉི་ཁྲིའི་གཞུང་འགྲེལ་ལས། བདག་གིས་ནམ་ཞིག་སེམས་ཅན་གྱི་སྡུག་བསྔལ་སེལ་ནུས་སྙམ་པ་དང༌། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང༌། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱི་སེམས་ཅན་གྱི་དོན་ནུས་སྙམ་པ་དང༌། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ནས་ཀྱང་སེམས་ཅན་ལ་ཕན་འདོགས་ནུས་སྙམ་པ་དང༌། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་ནུས་སྙམ་པ་དང༌། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང༌། ནམ་ཞིག་སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང༌། དོན་དམ་པའི་རོ་ལ་གཅིག་ཏུ་དཔྱོད་པ་དང༌། སྐྱེ་བོ་ཐམས་ཅད་སེམས་པར་མི་བྱེད་པའི་ཚིག་དང༌། གཞན་ལ་མི་ཕན་པའི་འཚོ་བ་དང༌། ལུས་དང༌། ཤེས་རབ་དང༌། ནོར་དང༌། དབང་ཕྱུག་དང་ལྡན་པ་དང༌། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང༌། ནམ་ཞིག་སེམས་ཅན་གྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཅིང་བདག་གི་དགེ་བའི་འབྲས་བུ་དེ་དག་ལ་སྨིན་པས་བདེ་བར་གྱུར་ཅིག་སྙམ་དུ་སེམས་པ་ཡིན་ནོ་ཞེས་སོ། །འདི་དག་ཀྱང་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་བསྒོམ་པར་བྱའོ། །གཞན་ཡང་སྔར་བསྟན་པའི་ཚུལ་གྱིས་སྤྱོད་ཡུལ་ཡོངས་སུ་དག་པའང་བསྒོམ་པར་བྱའོ། ། སྦྱོར་ལམ་ནི། དེ་ནས་སྦྱོར་ལམ་འཆད་པ། འདི་ལྟར། སྦྱོར་ལམ་བཞི་སྟེ་དྲོད་དང་རྩེ་མོ་རུ། །དད་བརྩོན་དྲན་དང་ཏིང་འཛིན་ཤེས་རབ་ཀྱིས། དབང་པོ་ལྔ་དང་བཟོད་པ་ཆོས་མཆོག་ཏུ། །དད་སོགས་སྟོབས་ལྔ་རབ་ཏུ་སྒོམ་པར་བྱེད། ། དེ་ལ་སྦྱོར་ལམ་གྱི་རྟེན་ནི་ཚོགས་ལམ་ཆེན་པོ་གང་ལ་སྐྱེས་པ་མཐར་ཐུག་གི་གང་ཟག་འགྲོ་བ་དྲུག་གང་རུང་ངོ༌། །དེའང་ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་གྲངས་མེད་པ་ལ་སྐྱེ་བར་མདོ་ལས་བཤད་དོ། །བསམ་པའི་རྟེན་ནི་འདོད་པའམ་བསམ་གཏན་ས་དྲུག་གང་རུང་ཡིན་ནོ། །རྒྱུ་ནི་ཚོགས་ལམ་ཆེན་པོ་མཐར་ཐུག་སྟེ། འགྲེལ་ཆུང་ལས། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་སོ་ཞེས་སོ། །ངོ་བོ་ནི་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས་སོ། །དབྱེ་ན་དྲོད། རྩེ་མོ། བཟོད་པ། ཆོས་ཀྱི་མཆོག་བཞིའོ། །དེའང་དྲོད་དང་རྩེ་མོར། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ལྔ་བསྒོམ་པའོ། ། དེའང་རྣམ་བྱང་བསྐྱེད་པ་ལ་དངོས་སུ་དབང་བྱེད་པས་དབང་པོ་ཞེས་བྱའོ། ། ཡུམ་བར་མ་ལས། དད་པའི་དབང་པོ་དང་ཞེས་པ་ལྔ་བཤད་དོ། །དེའང་སྦྱོར་ལམ་བཞིར་ཡེ་ཤེས་བཞི་ལས། དང་པོ་ཐེག་ཆེན་གྱི་དྲོད་སྣང་བ་ཐོབ་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ཡིད་ཀྱི་སྣང་བ་ཙམ་དུ་མཐོང་བ་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་ཅུང་ཟད་ཐོབ་པས་དོན་བདེན་པར་འཛིན་པའི་གཉེན་པོ་བྱེད་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའི་མཉམ་གཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་སོ། །སྐབས་འདིའི་སྣང་བ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་བྱ་སྟེ། ཆུ་བོ་ཚ་སྒོ་ཅན་གྱི་མདོ་ལས། སྣང་བ་ཞེས་བྱ་བ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་ཚིག་བླ་དགས་སོ་ཞེས་མདོ་སྡེའི་རྒྱན་གྱི་འགྲེལ་པར་དྲངས་པའི་ཕྱིར་རོ། །རྩེ་མོ་སྣང་བ་མཆེད་པའི་ཡེ་ཤེས་ནི་ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའི་ཕྱིར་བདག་མེད་པ་བསྒོམ་པ་ལ་བརྩོན་པས་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་འབྲིང་དུ་ཐོབ་པ་ཡིན་ཏེ། སྔ་མ་ལས། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་དུ་རྩོམ། །ཞེས་སོ། །བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཡེ་ཤེས་ནི་སེམས་ཙམ་དུ་གནས་པའི་འཛིན་པའི་སྒོམ་བྱུང་གི་སྣང་བ་རབ་ཏུ་ཐོབ་པས་ཕྱི་རོལ་དོན་དུ་ཞེན་པའི་གཉེན་པོ་བྱེད་པ་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ ཡི། །རྣམ་པར་གཡེང་བ་དེ་སྤོངས་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་སོ། །ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ནི་དོན་དུ་འཛིན་པའི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་ཡོངས་སུ་རྫོགས་པས་ཐེག་ཆེན་མཐོང་ལམ་ཐོབ་པ་ལ་གཞན་གྱིས་བར་མ་ཆོད་པ་ཡིན་ཏེ། དེ་ཉིད་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །དེ་ལྟར་ངེས་འབྱེད་ཆ་བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བས་བཅུ་གཉིས་སུ་ཡོད་དོ། །མངོན་རྟོགས་རྒྱན་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། ། ཞེས་སོ། ། འདི་དག་ལ་གཉེན་པོའི་ཁྱད་ནི་མགོ་གནོན་གྱིས་སྤོང་བ་གཉེན་པོ་ཡིན་ནོ། །སྤྱིར་གཉེན་པོ་ལ་སུན་འབྱིན་པའི་གཉེན་པོ། སྤོང་བའི་གཉེན་པོ། རྟེན་གཉེན་པོ། ཐག་བསྲིང་གི་གཉེན་པོ་དང་བཞི་ཡིན་ནོ། །སྤོང་བའི་གཉེན་པོ་ལ་གཉིས་ལས། མགོ་གནོན་ནི་མངོན་གྱུར་ཉམ་སྨོད་པས་སྤོང་བ་དང༌། རྩ་བ་ནས་སྤོང་པ་ས་བོན་དྲུངས་འབྱིན་པ་བར་ཆད་མེད་ལམ་ལྟ་བུའོ། །སྤངས་པའི་ཁྱད་པར་ནི་སྒྲིབ་པའི་ས་བོན་དང་མངོན་གྱུར་ཉམ་སྨད་པ་དང༌། སོ་སོའི་སྐྱེ་བོའི་ཕོངས་པ་དང་རྒུད་པ་ལས་གྲོལ་བ་ཡིན་ནོ། །རྟོགས་པའི་ཁྱད་པར་ནི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་བདག་མེད་གཉིས་དོན་སྤྱིའི་ཚུལ་གྱིས་རྟོགས་པའོ། །ཡོན་ཏན་ནི་དཀོན་མཆོག་སྤྲིན་ལས་ཏིང་ངེ་འཛིན་དང་གཟུངས་དང་མངོན་ཤེས་ལ་སོགས་པ་དུ་མ་གསུངས་སོ། ཚོགས་ལམ་ལས་འཕགས་པའི་ཁྱད་ནི་ཚོགས་ལམ་ཆེན་པོ་དང་སྒོམ་བྱུང་དུ་ཁྱད་མེད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅུང་ཟད་གསལ་བས་མཐོང་ལམ་ལ་ཉེ་རིང་གི་ཁྱད་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལས་འདིའི་ཁྱད་པར་ཡིན་པར་རིག་པར་བྱའོ་ཞེས་སོ། ། མཐོང་ལམ་ནི། དེ་ནས་འཕགས་པའི་ཡེ་ཤེས་དང་པོར། མཐོང་བའི་ལམ་སྟེ་རབ་ཏུ་དགའ་བའི་སར། །དད་བརྩོན་དྲན་པ་ཤེས་རབ་ཏིང་འཛིན་དགའ། ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ནི་ལེགས་བསྒོམ་ཞིང༌། །ཞེས་བྱ་བ་ལ། ཆོས་མཆོག་ཆེན་པོ་མཐར་ཐུག་པའི་མཇུག་ཐོགས་སུ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བ་ནི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པ་རེ་རེ་བཞིན་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་སྟེ་བཞི་བཞིའི་བདག་ཉིད་ནི། མངོན་རྟོགས་རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལས། །ཞེས་པ་དང༌། དེའི་འགྲེལ་པ་ལས། བདེན་པ་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་སྟེ་དེ་ལྟར་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་བའི་ལམ་ཡིན་ནོ་ཞེས་སོ། །དེའང་ཡེ་ཤེས་འདི་སྐྱེ་བའི་ལུས་ཀྱི་རྟེན་ཆོས་མཆོག་ཆེན་པོ་དང་གཅིག་པས་འགྲོ་བ་རིགས་དྲུག་གང་རུང་སྟེ། ཉན་ཐོས་པའི་ལྟར་མ་ཡིན་ནོ། །བསམ་པའི་རྟེན་བསམ་གཏན་བཞི་པའོ། །རྒྱུ་ནི་ཆོས་མཆོག་མཐར་ཐུག་ནི་དངོས་རྒྱུ་དང་ཚོགས་སྦྱོར་གཞན་བརྒྱུད་པའི་རྒྱུའོ། །འབྲས་བུ་ལམ་ཕྱི་མ་གཉིས་བསྐྱེད་པའོ། །ངོ་བོ་ལ་བདེན་བཞིའི་དབྱེ་བས་ཁམས་ཀྱི་དྲི་མ་སྤོང་བ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་གོ །དེ་ཡང་དྲི་མ་དང༌། གཉེན་པོ་གཉིས་ལས། དང་པོ་ནི་འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལོག་པར་ལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པའི་ལྟ་བ་སྟེ་ལྟ་བ་ལྔ་དང༌། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ་དང་བཅུས་འདོད་པའི་ཁམས་སུ་བདེན་པ་བཞི་པོ་རེ་རེ་ལའང་ཉོན་མོངས་པ་བཅུ་ཆར་ལོག་པོར་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་སུ་བདེན་པ་བཞི་པོ་རེ་རེ་ལ་ཁོང་ཁྲོ་མ་གཏོགས་པ་དགུ་དགུ་ལོག་པོར་འཇུག་པས་བདུན་ཅུ་རྩ་གཉིས་ཏེ་མཐོང་སྤང་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་ནི། ཀུན་ལས་བཏུས་ལས། ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིགས་སོ་ཞེས་སོ། །བསམ་གཏན་ས་བཞི་དང་གཟུགས་མེད་པ་བཞིར་ཁོང་ཁྲོ་མི་འཇུག་པ་ནི་རྒྱུད་ཞི་གནས་ཀྱིས་བརླན་པར་བྱས་པས་ཀུན་ནས་མནར་སེམས་པ་ཁོང་ཁྲོའི་གཞི་དགུ་མེད་པའི་ཕྱིར་རོ། །དགུ་ནི་བདག་ལ་སྔར་ཡང་གནོད་པ་བྱས། །ད་ལྟ་བྱེད། མ་འོངས་པ་ནའང་བྱེད་པར་འགྱུར་སྙམ་པ་གསུམ། དེ་བཞིན་དུ་གཉེན་ལའང་གསུམ། བདག་གི་དགྲ་ལ་ཕན་བཏགས་སྙམ་པ་ལ་སོགས་པ་གསུམ་སྟེ་དགུའོ། །དེའང་ཉོན་མོངས་པ་དེ་དག་གིས་ལོག་པར་འཇུག་ཚུལ་ནི་སྡུག་བསྔལ་གྱི་བདེན་པ་ལ་མཚོན་ན། འཇིག་ཚོགས་ལ་ལྟ་བས་སྡུག་བསྔལ་གྱི་བདེན་པ་ལ་བདག་དང་བདག་གི་བར་འཛིན་ཏོ། །མཐར་འཛིན་པའི་ལྟ་བས་སྡུག་བསྔལ་གྱི་བདེན་པ་ལ་ཡོད་མེད་རྟག་ཆད་དུ་འཛིན་ཏོ། །ལོག་པར་ལྟ་བས་སྡུག་བསྔལ་གྱི་བདེན་པ་མེད་པར་འཛིན་ཏོ། །མ་རིག་པས་སྡུག་བདེན་གྱི་མཚན་ཉིད་མི་ཤེས་བཞིན་དུ་འཇུག་གོ །ཐེ་ཚོམ་གྱིས་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་གྱི་བདེན་པ་ཡིན་མ་ཡིན་ཐེ་ཚོམ་ཟ་བཞིན་དུ་འཇུག་གོ ། འཇུག་ཚུལ་ལྔ་པོ་དེ་ལ་འདོད་ཆགས་ཀྱིས་ཞེན་ཅིང་ཆགས་པར་བྱེད་དོ། །ང་རྒྱལ་གྱིས་རློམ་ཞིང་ཁེངས་པར་བྱེད་དོ། །ལྟ་བ་མཆོག་འཛིན་གྱིས་མཆོག་དམ་པར་འཛིན་ཏོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་དག་གྲོལ་གྱི་ལམ་དུ་འཛིན་ཏོ། ཁོང་ཁྲོས་འཇུག་ཚུལ་ལྔ་པོ་དེ་དང་མི་མཐུན་པ་ལ་ཁྲོ་བའི་སེམས་སུ་བྱེད་དོ། །སྡུག་བསྔལ་ལ་ཇི་ལྟ་བར་བདེན་པ་ལྷག་མ་རྣམས་ལའང་དེ་བཞིན་དུ་འཇུག་པར་རིག་པར་བྱའོ། །དེའང་འགོག་བདེན་གྱི་མིང་ལ་དམིགས་ནས་འཇུག་གི་དོན་ལ་དམིགས་པ་མ་ཡིན་ནོ། །གཉེན་པོའི་དབྱེ་བ་ནི། ཁམས་གསུམ་ཀའི་ཉོན་མོངས་པ་མཐོང་བས་སྤང་བྱ་དྲིལ་ནས་སྤོང་བས། དེའང་སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་བདེན་རྣམས་ཀྱི། ཆོས་ཤེས་པའི་བཟོད་པ་བཞི་བློ་རྫས་གཅིག་ལྡོག་པ་བདེན་བཞི་སོ་སོ་ལ་ལྟོས་པའི་ཆ་བཞི་ཡིན་པས་ན་སྐད་ཅིག་གཅིག་ལ་སྐྱེས་དུས་མཐོང་སྤང་གི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་ཡིན་པས། མཐོང་སྤང་བརྒྱ་རྩ་བཅུ་གཉིས་པོ་རྣམས་སྐད་ཅིག་གིས་སྤོངས་སོ། །དེའང་བདེན་བཞི་སོ་སོའི་ཆོས་ཤེས་པའི་བཟོད་པའི་ཉེ་རྒྱུ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནུས་ལྡན་གཉིས་པོ་དེ་ཕྲད། དུས་གཉིས་པ་ལ་དངོས་རྒྱུ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནུས་མེད་གཉིས་པོ་དེ་ཕྲད། དུས་གསུམ་པ་ལ་ཆོས་བཟོད་བཞི་པོ་སྐྱེ་བ་དང་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཕྲ་མོ་མཐའ་དག་འགག་པ་དུས་མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་སྟེ། རྒྱུད་བླ་ལས། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་བཟློག་པར་འགྱུར། །ཞེས་སོ། །དེ་ནས་བདེན་བཞི་སོ་སོའི་ཆོས་བཞི་བློ་རྫས་གཅིག་པས་ཁམས་གསུམ་གྱི་བདེན་པ་བཞིའི་རྣམ་པའི་ཉོན་མོངས་པ་ལས་གྲོལ་བ་གཉེན་པོ་རྣམ་གྲོལ་གྱི་ལམ་མོ། །དེ་བཞིན་དུ་རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ཐག་བསྲིང་གི་གཉེན་པོ་ཁྱད་པར་གྱི་ལམ་མོ། །དེ་ལྟར་སྤངས་པ་དེ་དག་ཀྱང་སྒྲིབ་པ་གཉིས་ཡིན་ལ། དེ་གཉིས་ལས་གྲོལ་བ་ཡིན་ཏེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་གཉིས་སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །དེ་གཉིས་ཀྱི་ཁྱད་ནི། རྒྱུད་བླ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས། སེམས་རབ་ཏུ་མ་ཞི་བར་བྱེད་པ་གང་མི་དགེ་བའམ་སྒྲིབ་པ་ལུང་དུ་མ་བསྟན་བའི་ངོ་བོར་སེར་སྣ་ལ་སོགས་པ་ནི་ཉོན་སྒྲིབ་ཡིན་ལ། འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་གང་དགེ་བ་ཟག་བཅས་སམ་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་ནི་ཤེས་སྒྲིབ་ཡིན་ནོ། །དེའང་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤང་ཡིན་ལ། ལྷན་སྐྱེས་ནི་སྒོམ་སྤང་ཡིན་ནོ། ། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་ནི་མཐོང་སྤང་ཡིན་ལ། ཕྲ་བ་ནི་སྒོམ་སྤང་ཡིན་ནོ། །རྟོགས་པའི་ཁྱད་པར་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་བདག་མེད་གཉིས་མངོན་སུམ་དུ་རྟོགས་པ་ཡིན་ནོ། །ཡོན་ཏན་ནི་སྔར་སྨོས་པའི་ས་དང་པོའི་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་རྣམས་སོ། །དུས་ཀྱི་ཁྱད་པར་ནི་དང་པོར་བདེན་པ་བཞིས་ཕྱེ་བའི་ཆོས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་ཆོས་ཤེས་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་ཤེས་བཞི་དུས་གཅིག་ལ་སྐྱེ་བས་བྱ་རྫོགས་ཀྱི་སྐད་ཅིག་བཞི་ལ་ངོ་བོ་རིགས་བཞི་ལྡོག་པ་བཅུ་དྲུག་ཏུ་སྐྱེ་བ་ཡིན་ཏེ། བདེན་བཞི་ཅིག་ཅར་དུ་རྟོགས་ཤིང་བཟོད་ཤེས་བཞི་རིམ་གྱིས་སྐྱེ་བའི་ཕྱིར་རོ། །དེའང་མཐོང་སྤང་རྣམས་ཆོས་བཟོད་ཀྱིས་སྐད་ཅིག་ལ་སྤོང་ལ་མཐོང་ལམ་ཆ་བཞིའི་རིམ་པས་སྐྱེ་བ་ཡིན་ནོ། ། དེའང་ས་དང་པོའི་ཚེ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པའོ། །གང་ཞེ་ན། བཤེས་སྤྲིང་ལས། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང༌། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང༌། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཞེས་སོ། ། ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ། སུས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། སུས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡོངས་སུ་མི་བསྒྲུབ་པའི་ཕྱིར་ཆོས་ཐམས་ཅད་དབེན་ཞིང་མི་དམིགས་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། །སུས་ལུས་ཀྱི་འདུ་ཤེས་བཤིག་པའི་ཕྱིར་ཁམས་གསུམ་མི་ལེན་མི་འདོར་པ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། སུས་དགའ་བ་དང་མི་དགའ་བ་བཤིག་པའི་ཕྱིར་འདུ་བྱེད་ཐམས་ཅད་ལ་དགའ་བ་མི་བསྐྱེད་པ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། སུས་དམིགས་པའི་དངོས་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་སེམས་ཤིན་ཏུ་སྦྱངས་བར་གྱུར་པ་འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། སུས་ཆོས་ཐམས་ཅད་རྣམ་པར་བཤིག་པ་རྗེས་སུ་རྟོག་པའི་ཕྱིར་སེམས་མི་དམིགས་པ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཇམ་དཔལ། སུས་ཆོས་ཐམས་ཅད་ལ་གནས་པར་མི་བྱེད་བརྟེན་པར་མི་བྱེད་ཆགས་པར་མི་བྱེད་འཆིང་བར་མི་བྱེད་ཅིང་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་པའི་བཏང་སྙོམས་ཅན་དུ་གྱུར་ཏེ་དགའ་བ་ཐོབ་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་ཞེས་སོ། ། སྒོམ་ལམ་ནི། དེ་ནས་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར། །སྒོམ་ལམ་ཆུང་འབྲིང་ཆེན་པོ་རེ་རེ་བཞིན། །ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང་དང་ནི། །ཆུང་ངུའི་ཆེ་སོགས་ས་དགུ་རིམ་པ་བཞིན། །དྲི་མ་མེད་དང་འོད་བྱེད་འོད་འཕྲོ་ཅན། ། སྦྱང་དཀར་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་རྣམས་སུ། །ཡང་དག་ལྟ་དང་རྟོག་པ་ངག་དང་ ལས། །འཚོ་རྩོལ་དྲན་པ་ཏིང་འཛིན་འཕགས་ལམ་བརྒྱད། །དེའང་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་དུ་མཐོང་ཟིན་གྱི་དོན་གོང་ནས་གོང་དུ་གོམས་པར་བྱེད་པ་ལ་སྒོམ་ལམ་ཞེས་བརྗོད་དེ། མགོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། ། ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་སོ། །དེའང་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ་ས་དགུའོ། །གང་ཞེ་ན། ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པ། ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ། ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བ་ཅན་ནོ། །འབྲིང་གི་ཆུང་ངུ་ས་ལྔ་པ་སྦྱང་དཀའ་པ། འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ། འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བའོ། །ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ། ཆེན་པོའི་འབྲིང་ས་དགུ་པ་ལེགས་པའི་བློ་གྲོས། ཆེན་པོའི་ཆེན་པོ་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ལྟར་ས་དགུ་ནི། དེ་ཉིད་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་སོ། །དེ་ལ་སྒོམ་སྤང་ཡང་ཆེན་པོ། འབྲིང༌། ཆུ་ངུ་རེ་རེ་བཞིན། ཆེན་པོའི་ཆེན་པོ། །ཆེན་པོའི་འབྲིང༌། ཆེན་པོའི་ཆུང་ངུ༌། འབྲིང་གི་ཆེན་པོ། འབྲིང་གི་འབྲིང༌། འབྲིང་གི་ཆུང་ངུ༌། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང༌། ཆུང་ངུའི་ཆུང་ངུ་སྟེ་དགུའོ། །དྲི་མ་མེད་པ་ལ་སོགས་པའི་ས་དགུ་ལ་རིམ་པ་བཞིན་སྤོང་ངོ༌། །དེའང་སྒོམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པས་སྒོམ་སྤང་ཆེན་པོའི་ཆེན་པོ་སྤོང་བ་ནས། སྒོམ་སྤང་ཆུང་ངུའི་ཆུང་ངུ་སྒོམ་ལམ་ཆེན་པོའི་ཆེན་པོ་ས་བཅུ་པས་སྤོང་བ་ཡིན་ནོ། དེའང་དྲི་མ་རགས་པ་ལ་ཆེ་བར་བཏགས། ཕྲ་བ་ལ་ཆུང་བར་བཏགས་པའི་དབང་དུ་མཛད་ནས་དེ་སྐད་ཅེས་བརྗོད་དོ། །དེ་ལྟར་སྒོམ་པའི་ལམ་འདི་དག་སྐྱེ་བའི་ལུས་ཀྱི་རྟེན་མཐོང་ལམ་དང་གཅིག་སྟེ། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་འདོད་གཟུགས་ཀྱི་ལྷ་ལ་སྐྱེ་བ་ཤས་ཆེ་ལ། གཞན་ལའང་སྐྱེ་སྲིད་ཅིང༌། སྐྱེས་ཟིན་གནས་པའི་རྟེན་དུ་ནི་ཐམས་ཅད་རུང་སྟེ། དེ་ཉིད་ལས། ཞིང་སྤྱོད་སྒྱུ་མ་ལྟར་གནས་དང༌། །བསམས་བཞིན་སྲིད་པ་ལེན་པ་དང༌། ། ཞེས་སོ། །སེམས་ཀྱི་རྟེན་ནི་བསམ་གཏན་བཞི་པ་ལ་བརྟེན་པ་ཤས་ཆེ་ཞིང་གཞན་ལའང་རྟེན་དུ་རུང་བར་འཆད་དོ། །རྒྱུ་ནི་ལམ་དང་པོ་གསུམ་མོ། ། འབྲས་བུ་ནི་མི་སློབ་པའི་ལམ་མོ། །ངོ་བོ་ནི་ས་དགུའི་རང་རང་གི་དྲི་མ་སྤོང་བའི་གཉེན་པོ་ལ་ལྟོས་ནས། སྦྱོར་བ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་གྲོལ་གྱི་ལམ་དང༌། ཁྱད་པར་གྱི་ལམ་དང་བཞིའོ། །དེ་དག་ཀྱང་དེའི་སྒྲིབ་པ་སྤོང་བ་ལ། སྦྱོར་བ་དང་བར་ཆད་མེད་ལམ་ནི་སྤོང་བའི་གཉེན་པོའོ། །རྣམ་གྲོལ་གྱི་ལམ་ནི་རྟེན་གཉེན་པོའོ། །ཁྱད་པར་གྱི་ལམ་ནི་ཐག་བསྲིང་གི་གཉེན་པོའོ། །དཔེར་ན་ས་གཉིས་པའི་ཡེ་ཤེས་སྐྱེ་བའི་སྐད་ཅིག་སྔ་ལོགས་ས་དང་པོའི་མཇུག་གི་ས་གཉིས་པ་སྐྱེ་བ་ལ་སྒྲིབ་པའི་མངོན་གྱུར་གྱི་ཉོན་མོངས་མགོ་གནོན་གྱིས་སྤོང༌། གཉིས་པའི་ཡེ་ཤེས་སྐྱེ་བཞིན་པ་བར་ཆད་མེད་ལམ་དེས་རང་གི་ངོ་སྐལ་དུ་གྱུར་པའི་ཚུལ་ཁྲིམས་འཆལ་པའི་ས་བོན་ལྟ་བུ་རྩ་བ་ནས་སྤོང༌། སྐད་ཅིག་གཉིས་པ་ནས་སའི་དངོས་གཞི་རྣམ་གྲོལ་གྱི་ལམ་གྱིས་རྟེན་གཉེན་པོ་བྱེད། སའི་མཇུག་གི་ཁྱད་པར་གྱི་ལམ་གྱིས་ཐག་བསྲིང་གི་གཉེན་པོ་བྱེད་དོ། །ས་དེའི་སྐད་ཅིག་དང་པོ་ནས་རྫོགས་ཀྱི་བར་རང་རང་གི་དྲི་མ་ཐམས་ཅད་ཚུལ་དེས་སྤོང་ཞིང༌། དེ་དག་གི་དྲི་མ་ཡོངས་སུ་རྫོགས་པ་ནི་ས་དེ་འགག་པ་དང་དུས་མཉམ་པས་སྤོང་བའོ། །དེ་ལ་དེང་སང་གི་ཕར་ཕྱིན་པ་རྩིང་པོ་ཁ་ཅིག་མཐོང་སྤང་ཐམས་ཅད་སྐྱེ་འགྱུར་ལམ་གྱིས་སྤོང་ལ། སྒོམ་སྤང་ཐམས་ཅད་འགག་འགྱུར་ལམ་གྱིས་སྤོང་ཞེས་འདོད་པ་ནི་གཉེན་པོའི་ཚུལ་ལ་རབ་ཏུ་རྨོངས་པས་སྐྱོང་བྱེད་དག་དང་ཆོས་མཚུངས་པར་མཐོང་ངོ༌། ། དཀོན་མཆོག་བརྩེགས་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲི་མ་མེད་པ་འདི་ཡོངས་སུ་སྐྱེས་པ་དེའི་ཚེ་ཚུལ་ཁྲིམས་འཆལ་བའི་དྲི་མ་རྣམས་ཡོངས་སུ་སྤངས་པ་ཡིན་ཏེ་ཞེས་པ་ནས། ས་བཅུའི་མི་མཐུན་ཕྱོགས་དྲི་མ་བཅུ་ས་དེ་དག་སྐྱེས་དུས་བར་ཆད་མེད་ལམ་ལ་སྤངས་ནས། རྣམ་གྲོལ་ལམ་གྱིས་རྟེན་གཉེན་པོ་བྱས། ཁྱད་པར་གཉེན་པོས་ཐག་བསྲིང་བར་བྱས་ཏེ་སྤོང་བ་ཡིན་ནོ། ། དེའང་མཐོང་སྤང་མ་ལུས་པ་སྤངས་པ་དང༌། སྒོམ་སྤང་རང་སའི་ཅི་རིགས་སུ་སྤངས་པ་ཡིན་ནོ། །ཡོན་ཏན་ནི་སྔར་སའི་སྐབས་སུ་བཤད་ཟིན་ཏོ། ། ས་དགུའི་དྲི་མ་དགུ་ཇི་ལྟར་སྤོང་པ་ནི། ལྷན་ཅིག་སྐྱེས་པའི་དྲི་མ་དྲུག་སྟེ། འདོད་ཆགས་པ་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བའོ། །དེ་དག་ཁམས་ཀྱི་དབྱེ་བས་འདོད་པ་ན་དྲུག །བསམ་གཏན་དང་གཟུགས་མེད་པ་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག་གོ །སའི་སྒོ་ནས་དབྱེ་ན་འདོད་པ་ན་དྲུག །བསམ་གཏན་བཞི། གཟུགས་མེད་བཞི་སྟེ་བརྒྱད་ན་ལྔ་ལྔ་བགྲངས་པས་ཉི་ཤུ་རྩ་དྲུག་གོ །དེ་དག་ཀྱང་ཆེ་འབྲིང་གིས་དབྱེ་ན་འདོད་པའི་དྲུག་ལས། འདོད་ཆགས་ལ་ཆེ་འབྲིང་དགུ །གཞན་ལྔ་ལ་དགུ་དགུ་སྟེ་ལྔ་བཅུ་རྩ་བཞི། བསམ་གཏན་ས་བཞི་ན་ཁོང་ཁྲོ་བོར་བས་ཉོན་མོངས་པ་ལྔ་ལ་ཆེ་འབྲིང་དགུ་དགུ་སྟེ་བཞི་བཅུ་རྩ་ལྔ་པ་ཚན་པ་ལྔ། དེ་བཞིན་དུ་གཟུགས་མེད་ནའང་བཞི་བཅུ་རྩ་ལྔ་པ་ཚན་པ་ལྔ་སྟེ་བསྡོམས་པས་སྒོམ་སྤང་བཞི་བརྒྱ་དང་བཅུ་བཞི་ཡོད་དོ། །སྤོང་ཚུལ་སྦྱོར་བས་མགོ་སྨད། བར་ཆད་མེད་པས་དངོས་སུ་སྤངས། རྣམ་གྲོལ་གྱིས་རྟེན་གཉེན་པོ་བྱས། ཁྱད་པར་ལམ་གྱིས་ཐག་བསྲིང་གི་གཉེན་པོ་བྱས་པའི་ཚུལ་གྱིས་ས་དགུ་པོ་རྣམས་སུ་མངོན་གྱུར་དང་ས་བོན་རྣམས་སྤངས་པ་ཡིན་ནོ། །ས་དེ་དག་ཏུ་འཕགས་ལམ་བརྒྱད་ཡོངས་སུ་བསྒོམ་པའང༌། བཤེས་སྤྲིང་ལས། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང༌། །དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང༌། ། ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །ཞེས་སོ། །དེ་དག་ཀྱང༌། བྱང་ཆུབ་ཀྱི་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ། གང་གིས་ཆོས་ཐམས་ཅད་མི་མཉམ་པ་མེད་ཅིང་གཉིས་སུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ། ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་རྟག་ཏུ་མེད་རྣམ་པར་རྟག་ཏུ་མེད་ལ་ཡོངས་སུ་རྟག་ཏུ་མེད་པའི་ཚུལ་གྱིས་མཐོང་བ་འདི་ནི་ཡང་དག་པའི་རྟོག་པའོ། །འཇམ་དཔལ། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ །འཇམ་དཔལ། ཆོས་ཐམས་ཅད་བྱ་བ་མེད་ཅིང་བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། ། འཇམ་དཔལ། ཆོས་ཐམས་ཅད་མི་གསོག་མི་འབྲི་བར་མཐོང་བ་འདི་ནི་ཡང་དག་པའི་འཚོ་བའོ། །འཇལ་དཔལ། ཆོས་ཐམས་ཅད་རྩོལ་བ་མེད་ཅིང་བསྒྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་འདི་ནི་ཡང་དག་པའི་རྩོལ་བའོ། །འཇམ་དཔལ། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་དྲན་པའོ། ། འཇམ་དཔལ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རང་བཞིན་གྱིས་མཉམ་པར་བཞག་ཅིང་འཁྲུགས་པ་མེད་ལ་མི་དམིགས་པར་མཐོང་བ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་སོ། །ས་འདི་དག་རང་གི་ངོ་བོ་ལ་ལྟོས་ན་དམིགས་བསམ་ལས་འདས་པ་སྟེ། ཕལ་པོ་ཆེ་ལས། རྒྱལ་བའི་སྲས་རྣམས་ས་འདི་རྣམས་ནི་ཤིན་ཏུ་རྣམ་དག་བར་སྣང་བྱའི་རྗེས་དང་མཚུངས་ཞེས་སོ། །འོན་ཀྱང་ཁམས་ལ་སྒྲིབ་པའི་རིམ་པ་རྣམས་བསལ་བས་ཁམས་མཐར་ཐུག་གནས་གྱུར་པ་བྱང་ཆུབ་མཐོང་བ་ལ་ལྟོས་ཏེ་ཐ་དད་དུ་བཞག་གོ །དྲི་མ་སོ་སོ་བ་རྣམས་དག་པ་མཐར་ཐུག་དུས་གདོད་མའི་དབྱིངས་སམ་འོད་གསལ་བའི་སངས་རྒྱས་རང་གསལ་དུ་མཐོང་བའང་ཆོས་ཀྱི་དབང་གིས་ཟླ་བ་ལྟར་སྣང་བ་ནི། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ ཀྱང༌། །རིམ་གྱི་རིམ་གྱིས་འཕེལ་བར་མཐོང༌། ། ཇི་ལྟར་ཡར་ངོའི་བཅོ་ལྔ་ ལ། །ཟླ་བ་རྫོགས་པར་གྱུར་པ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པ་གསལ། །ཞེས་སོ། ། མི་སློབ་པའི་ལམ་ནི། ཚུལ། དེ་ལྟར་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །སློབ་པའི་ལམ་བཞིར་བསྒོམས་པའི་མཇུག་ཐོགས་སུ། །མི་སློབ་ས་ལ་མི་གནས་མྱ་ངན་འདའ། །བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སློབ་ལམ་གྱིས་བསྡུས་པ་རྣམས་ཡོངས་སུ་རྫོགས་པའི་མཐར་མི་སློབ་པའི་ས་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་དོ། །དེའང་ལུས་ཀྱི་རྟེན་ཐེག་པ་ཐུན་མོང་བ་དང་བསྟུན་ན་འཛམ་བུའི་གླིང་གི་རྒྱལ་རིགས་སམ་བྲལ་ཟེ་གང་རུང་ཡིན་ལ། ཐེག་པ་ཆེན་པོ་བ་ལྟར་ན་ལོངས་སྐུ་འོག་མིན་དུ་ཐོབ་པས་དེའི་རྟེན་ལ་སྐྱེ་བར་འདོད་དེ། ས་བཅུ་པའི་སེམས་དཔའ་དེའི་རྟེན་གང་ཡིན་པ་དང་གཅིག་གོ །བསམ་པའི་རྟེན་བསམ་གཏན་བཞི་པའོ། །རྒྱུ་ནི་ཐེག་ཆེན་སློབ་ལམ་བཞིའོ། །འབྲས་བུ་ནི་འཕྲིན་ལས་ཆེན་པོས་འགྲོ་བ་མཐའ་ཡས་པ་བྱང་ཆུབ་ལ་དགོད་པའོ། །ངོ་བོ་ནི་སངས་རྒྱས་ཀྱི་སའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའོ། །སྤངས་བ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་པ་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེས་འདི་བཅོམ་ལྡན་འདས་སུ་བཤད། །ཅེས་སོ། །རྟོགས་པའི་ཁྱད་ནི་ཆོས་སྐུ་ཡོངས་རྫོགས་མངོན་སུམ་དུ་རྟོགས་ཏེ། རྒྱུད་བླའི་འགྲེལ་པར། བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། ། ཞེས་སོ། །ཡོན་ཏན་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་ཡས་པ་ཐམས་ཅད་རྫོགས་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་ས་གཞན་ཏེ། །རྣམ་པ་ཀུན་ཏུ་གཞལ་ཡས་པར། །རྒྱ་ཆེན་དེ་ནི་སྟོབས་བཅུ་དང༌། ། ལྡན་པ་ཡིན་པ་ཙམ་ཞིག་བརྗོད། །དེ་ཡི་སྟོབས་ནི་རེ་རེ་ཡང༌། །འགྲོ་བ་ཀུན་གཞི་དཔག་ཏུ་མེད། །སངས་རྒྱས་རྣམས་གྱི་ཚད་མེད་ཉིད། །ཕྱོགས་རྣམས་ཀུན་གྱི་ནམ་མཁའ་དང༌། །ས་ཆུ་མེ་རླུང་ཇི་ལྟ་བར། །དེ་ཙམ་བཞིན་དུ་བརྗོད་པར་བྱས། །ཞེས་སོ། ། ས་ལམ་གྱི་དགོས་པ་བརྗོད་པས་མཇུག་བསྡུ་བ་ནི། ད་ནི་དེ་ལྟར་ས་དང་ལམ་གྱི་དགོས་པ་བརྗོད་པས་མཇུག་བསྡུ་བ་ནི། ཚུལ། འདི་ལྟར་ས་དང་ལམ་རྣམས་མ་བགྲོད་པའི། །སངས་རྒྱས་དེ་འདྲ་ནམ་ཡང་འབྱུང་བ་མེད། །བསྐལ་མང་ཚེ་རབས་དུ་མ་ཚེ་གང་གྲོལ། །དེ་དག་ཀུན་ཀྱང་ལམ་འདིར་བརྟེན་པས་ན། །རྒྱུ་འབྲས་ཐེག་པ་གང་ལ་ཞུགས་རྣམས་ཀྱིས། །ས་དང་ལམ་རྣམས་མཁྱེན་ནས་བགྲོད་པར་མཛོད། །བླ་ན་མེད་པའི་སངས་རྒྱས་ནི་ས་དང་ལམ་རྣམས་ཡོངས་སུ་མ་རྫོགས་པར་འབྱུང་བ་དེ་ནི་མི་སྲིད་དེ། སངས་རྒྱས་འགྲོ་བའི་མདོ་ལས། གང་དག་བསྐལ་པའི་སངས་རྒྱས་བྱང་ཆུབ་བརྙེས། །མི་དབང་ཁ་ལོས་སྒྱུར་བ་དེ་དག་ཀུན། །ས་དང་ལམ་རྣམས་རིམ་པར་བགྲོད་ལས་བྱུང༌། །དེ་ལྟ་བས་ན་རྒྱལ་བའི་མཛོད་འདོད་པས། །བྱང་ཆུབ་དམ་པ་འདིར་བརྟེན་བརྩོན་པར་གྱིས། །ལམ་འདི་ལས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་སོ། །དེས་ན་བསྐལ་པ་དུ་མས་སངས་རྒྱས་ཐོབ་པའམ། ཚེ་བཅུ་དྲུག་ལ་སོགས་པས་ཐོབ་པའམ། ཤིན་ཏུ་མྱུར་བ་ཚེ་གཅིག་གི་སངས་རྒྱས་ཐོབ་ཀྱང་རུང་སྟེ། ས་ལམ་གྱི་རིམ་པ་ནི་ཇི་ལྟ་བ་བཞིན་བགྲོད་དགོས་ཏེ། དེ་དག་གི་སྒྲིབ་པ་དག་ཅིང་ཡོན་ཏན་རྫོགས་པར་ཐོབ་དགོས་པའི་ཕྱིར་རོ། །དེང་སང་ནི་ས་དང་ལམ་གྱི་རིམ་པ་ལ་མ་བརྟེན་ཡང་སངས་རྒྱས་ཐོབ་ལ། ཚོགས་མ་རྫོགས། སྒྲིབ་པ་མ་སྦྱངས། ས་ལམ་མ་རྫོགས་པར་བྱང་ཆུབ་ཐོབ་པར་འདོད་པའི་ལུགས་སྨྲ་བ་དག་ནི་ཚུལ་གཞན་ཞིག་གིས་བྱིན་གྱིས་བརླབས་པར་མངོན་ནོ། །ཅིའི་ཕྱིར་ཞེ་ན། མཁས་གྲུབ་རྣམས་དང༌། མདོ་རྒྱུད་ཆེན་པོ་རྣམས་དང༌། བསྟན་བཅོས་ཆེན་པོ་རྣམས་དང་འགལ་བའི་ཕྱིར་རོ། །དེ་བས་ན་ཡང་དག་པའི་ས་དང་ལམ་ལ་བསླབ་པར་བྱ་བ་ལ་འབད་དོ། ། སྤྱི་དོན་བཞི་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི། ཡང་དག་པའི་ཚུལ། དེ་ལྟར་ཟབ་ཞི་འོད་གསལ་སྙིང་པོ་ཡིས། ། འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །སྲིད་འདིར་ཡུན་རིང་སྤྲོས་ལ་འཆེལ་བ་ཡིས། ། དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོན་ཏེ། ཡང་དག་པའི་ལམ་པོ་ཆེ་བཀོད་ལེགས་པའི་ཆར་གྱི་སྣང་བ་བསིལ་བས་གང་བའི་མཚོ་ཆུ་དལ་གྱིས་འབབ་པའི་དགེ་བས་འགྲོ་བའི་ཉོན་མོངས་པའི་རྙོག་པ་རབ་ཏུ་ཞི་ནས། ཐོག་མ་མེད་པའི་འཁོར་བའི་སྤྲོས་པས་དུབ་བའི་སེམས་ཉིད་འདི་རང་བཞིན་གྱིས་དག་པའི་ཆོས་སྐུ་བདེ་བ་ཆེན་པོའི་དགོན་པར་ངལ་སོས་པར་ཤོག་ཅིག་ཅེས་པའོ། ། མེ་ལོང་ཡེ་ཤེས་ཆོས་ཉིད་གང་ཆེན་མཚོ། །མི་རྟོག་མཉམ་པའི་ངང་དུ་འགྲོ་ཀུན་གྱི། །མུ་བཞིའི་དྲི་བྲལ་སྤངས་རྟོགས་མཐར་ཕྱིན་ནས། །མ་ལུས་སྐྱེ་དགུའི་རེ་བ་རྫོགས་པར་ཤོག །མ་རིག་འཐིབས་པོའི་དགོན་པར་འཁྱམས་པ་རྣམས། །མེ་གསུམ་གདུང་བའི་སྡུག་བསྔལ་གྱིས་གཙེས་ཏེ། །མིག་མེད་ཐར་པའི་ལམ་དང་བྲལ་བ་རྣམས། །མི་གནས་མྱ་ངན་འདས་པ་ཐོབ་པར་ཤོག །མི་ལུས་རིན་ཆེན་དལ་འབྱོར་འདི་ཐོབ་ཀྱང༌། །མི་རྟག་སྙིང་པོ་མེད་ཅིང་འདོར་བས་ན། ། མི་དགེའི་སྡིག་རྣམས་རབ་ཏུ་སྤང་བྱས་ཏེ། །མ་ལུས་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལམ་བསམ་གཏན་དྲི་མ་མེད་པ་ཞི་ལྷག་ཟུང་དུ་འབྲེལ་བའི་ལེའུ་སྟེ་བཅུ་གཅིག་པའི་འགྲེལ་ བའོ།། །། ༈ དེ་ལྟར་ཉམས་སུ་བླངས་ནས་འབྲས་བུའི་མཐར་ཐུག་ལ་ནི་རྒྱུས་མཚམས་སྦྱོར་བ། བཅུ་གཉིས་པ་བོགས་འདོན་སྤྱོད་པའི་ལེའུ་ལ་སྤྱི་དོན་གསུམ་སྟེ། བསམ་གཏན་འགྲུབ་པའི་རྒྱུ་ལ་བསླབ་པར་གདམས་པ། ཏིང་ངི་འཛིན་མི་གཡོ་བ་གསུམ་བསྟན་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་བསམ་གཏན་འགྲུབ་པའི་རྒྱུ་ལ་བསླབ་པར་གདམས་པ་ནི། དེ་ལྟར་ལམ་སྒོམ་པའི་ཚུལ་རབ་ཏུ་ཟབ་མོ་བཤད་ནས། ད་ནི་དེའི་ཡན་ལག་ངེས་པར་འགྲུབ་པའི་རང་བཞིན་བརྗོད་པར་བྱ་སྟེ། བཤད་མ་ཐག་པའི་ཚུལ། དེ་ལྟར་ཟུང་འཇུག་བསམ་གཏན་འགྲུབ་པའི་རྒྱུ། །ཏིང་འཛིན་མི་གཡོ་ཡན་ལག་གསུམ་ལ་བསླབ། །གང་གི་ཚེ་ཡོངས་སུ་བསྒྲུབ་པར་བྱ་བའི་ལམ་གྱི་ངོ་བོ་བསམ་གཏན་ཁྱད་པར་ཅན་དེ་ཡང་སྦྱོར་བ་ཡན་ལག་གསུལ་ལྡན་གྱིས་ཡོངས་སུ་འགྲུབ་པར་འགྱུར་རོ། ། སྤྱི་དོན་གཉིས་པ་ཏིང་ངེ་འཛིན་མི་གཡོ་བ་གསུམ་བསྟན་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ནི། ཡན་ལག་གསུམ་པོ་དེ་དག་གང་ཞེ་ན། འདི་ལྟར། གང་གིས་བསྒྲུབ་པ་ཆོ་གའི་ཡན་ལག་དང༌། །ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་དང༌། །གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་གོ། །འདི་ལྟར་ཡང་དག་པའི་ཏིང་ངེ་འཛིན་བསྒྲུབ་པ་ཐམས་ཅད་ཚུལ་གསུམ་གྱིས་འགྲུབ་པར་འགྱུར་ཏེ། གང་ཟག་གང་གིས་བསྒྲུབ་པ་དང༌། ཐབས་ཇི་ལྟ་བུས་བསྒྲུབ་པ་དང༌། ངོ་བོ་གང་བསྒྲུབ་པའོ། ། རྒྱས་པར་བཤད་པ་ལ་གང་གིས་བསྒྲུབ་པ་ཆོ་གའི། ཇི་ལྟར་བསྒྲུབ་པ་ཐབས་ཀྱི། གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་གསུམ་སྟེ། གང་གིས་སྒྲུབ་པོ་ཆོ་གའི་ཡན་ལག་ལ་ལྔ་ལས། ངེས་འབྱུང་ཅན་གྱིས་འགྲུབ་པ་ནི། དང་པོ་གང་ཟག་ གང་གིས་བསྒྲུབ་པའི་སྐྱེ་བོ་ངེས་འབྱུང་ཅན། །ལུས་ནི་འདུ་འཛིའི་གྲོང་ལས་རྒྱང་བསྲིངས་ཤིང༌། །སེམས་ནི་སྤྲོས་པའི་ཚོགས་ལས་རིང་དུ་བསྲིངས། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །འདི་ལྟར་ལུས་ངག་འདུ་འཛིས་གཡེངས་ཤིང་སེམས་སྤྲོས་པའི་དྲ་བ་སྟོང་གིས་གཡེངས་པས་ནི་ཞི་གནས་ཙམ་ཡང་མི་འགྲུབ་ན་ཡང་དག་པའི་ཏིང་ངེ་འཛིན་ལྟ་ཅི་སྨོས་ཏེ། དེ་བས་ན་ལུས་འདུ་འཛིའི་གྲོང་ལས་བསྲིངས་ཏེ་དགོན་པར་ཕྱོགས་ནས་གཅིག་པུར་རབ་ཏུ་དབེན་པའི་ནགས་སམ་གནས་སུ་འདུག་པ་དང༌། སེམས་རྟོག་པའི་ཚོགས་ལས་རིང་དུ་བསྲིངས་ཏེ་ཞི་གནས་ཀྱིས་བརླན་པའི་རྒྱུད་ལ་ཟབ་མོའི་ཏིང་ངེ་འཛིན་འགྲུབ་པར། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ། དེ་ལྟ་བས་ན་ཏིང་ངེ་འཛིན་འདོད་པས་འདུ་འཛི་དང་རྣམ་པར་གཡེང་བའི་ཡུལ་འཁོར་སྤངས་ཏེ་གཅིག་པུར་ཞི་བའི་ནགས་སུ་གནས་པ་ལ་བརྩོན་པར་བྱའོ་ཞེས་སོ། །དེའང་ཁྱིམ་དུ་ གནས་པས་མི་འགྲུབ་པར། །དེ་ཉིད་ལས། གང་དག་ཁྱིམ་གྱི་ནང་ན་འདུག་བཞིན་དུ། །བྱང་ཆུབ་དམ་པ་ཡོངས་དག་རྙེད་པ་ནི། །དེ་འདྲའི་སངས་རྒྱས་ སྔོན་ཆད་མ་བྱུང་ཞིང༌། །ད་ལྟ་མི་གནས་མ་འོངས་པ་ནའང་མེད། །ཅེས་སོ། ། ཁྲིམས་ལྡན་མང་དུ་ཐོས་པས་འགྲུབ་པ་ནི། གཞན་ཡང༌། དད་ལྡན་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ལ། །བག་ཡོད་ཚུལ་ཁྲིམས་དག་ཅིང་དགེ་ལ་སྤྲོ། །མང་ཐོས་འདོད་པ་ཆུང་ཞིང་ཆོག་ཤེས་ལྡན། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །དད་པ་དང་ལྡན་པས་འགྲུབ་སྟེ་ཆོས་ལ་དད་པས་འཇུག་ཅིང་ཞུགས་པ་ནའང་ལྷག་པར་དད་པས་ཆེས་གོང་དུ་འཕེལ་བའི་ཕྱིར་ཏེ། དཀོན་བརྩེགས་ལས། དད་པ་ཅན་གྱི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་ངང་གིས་འབྱུང༌། །ཞེས་སོ། །ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ནི་ཏིང་ངེ་འཛིན་བསྒོམ་པ་ལ་སྤྲོ་བ་དང་མི་འདོར་བས་རྣལ་འབྱོར་དུ་བྱེད་ལ། བག་ཡོད་པས་རྣམ་གཡེང་ལས་སེམས་བསྲུང་བའི་ཕྱིར་ཏིང་ངེ་འཛིན་འགྲུབ་སྟེ། ཏིང་ངེ་འཛིན་དམ་པའི་མདོ་ལས། བག་ཡོད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས། །ཟབ་མོའི་ཏིང་འཛིན་དམ་པ་རྙེད་པར་འགྱུར། །ཞེས་ སོ། །ཚུལ་ཁྲིམས་ཀྱིས་འགྲུབ་པར། སྔ་མ་ལས། ཚུལ་ཁྲིམས་ལྡན་པའི་མགོ་ལ་དེ་འདུག་སྟེ། །ཏིང་འཛིན་ཞི་བ་མཆོག་འདི་རྙེད་པར་འགྱུར། །ཞེས་སོ། །དགེ་བ་ལ་སྤྲོ་བ་དང༌། མང་དུ་ཐོས་པ་དང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཏིང་ངེ་འཛིན་འགྲུབ་པར། ཟླ་བ་སྒྲོན་མ་ལས། ཡོན་ཏན་ཚོགས་རབ་འདོད་དང་ཆོག་ཤེས་ལྡན། །མང་དུ་ཐོས་ཤིང་ཡོ་བྱད་བསྙུངས་པ་དང༌། ། དགོན་པར་གནས་ཤིང་གཅིག་པུར་དབེན་ལ་དགའ། །དེ་ཡིས་ཏིང་འཛིན་མཆོག་འདི་རྙེད་མི་དཀའ། །ཞེས་སོ། ། སྒྲིབ་པ་ལྔ་སྤངས་པས་འགྲུབ་པ་ནི། གཞན་ཡང༌། ལུས་སེམས་བསྡམས་ཤིང་དབེན་པར་གནས་ལ་དགའ། །གཉིད་དང་སྙོམ་ལས་སྨྲ་ལ་དགའ་བ་སྤངས། །རྒོད་འགྱོད་མེད་ཅིང་གཞན་དང་འདྲིས་པ་ཉུང༌། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་ འགྲུབ། །འདི་ལྟར་སེམས་དང་ལུས་མ་བསྡམས་པ་ནི་རྒོད་བག་གི་རྣམ་པར་གྱུར་པས་ཞི་བའི་ལམ་དང་འགལ་བ་དང༌། གྲོང་འདབས་ལ་སོགས་པ་མང་པོ་འདུ་བའི་གནས་ནི་རྣམ་པར་གཡེང་བས་ཉམས་པ་དང༌། གཉིད་དང་རྨུགས་པ་དང་སྙོམ་ལས་སུ་གནས་པ་ལ་དགའ་བ་ནི་བྱ་བ་གཞན་ཡང་མི་འགྲུབ་ན་ཏིང་ངེ་འཛིན་ལྟ་ཅི་སྨོས་ཏེ་འགལ་ཟླ་ཡིན་པ་དང༌། རྒོད་པ་དང་འགྱོད་པ་ནི་སེམས་གཡེང་བའི་ཕྱིར་ལྷག་མཐོང་ལ་བར་དུ་གཅོད་པ་དང༌། སྐྱེ་བོ་དང་བཤེས་འདྲིས་མང་བ་ནི་བྲེལ་བ་དུ་མ་དང་ཆགས་སྡང་གི་གནས་སུ་གྱུར་པའི་ཕྱིར་བསམ་གཏན་དང་འགལ་བ་དང༌། སྨྲ་ལ་དགའ་བ་ནི་ཏིང་ངེ་འཛིན་གྱི་ཉམས་ཡོད་པ་དག་འགྲིབ་ཅིང་སྐྱེ་བའི་གེགས་བྱེད་ལ་འཁོན་དང་རྩོད་པ་དུ་མའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར། འདི་དག་སྤངས་ན་ཏིང་ངེ་འཛིན་ངང་གིས་འཕེལ་ཞིང་རྒྱལ་བའི་ཆོས་འཛིན་པ་ཡིན་ཏེ། སྔ་མ་ལས། འདུ་འཛི་མེད་ཅིང་དབེན་ལ་དགའ་བ་དང༌། །འདྲིས་པ་ཉུང་ཞིང་གཉིད་དང་སྙོམ་ལས་སྤངས། །མི་ཞུམ་རྒོད་པ་མེད་ཅིང་ལུས་སེམས་བསྡམས། །དེ་ཡིས་ཏིང་འཛིན་མཆོག་འདི་རྙེད་མི་དཀའ། ། ཞེས་པ་དང༌། ཡེ་ཤེས་ཕྱག་རྒྱ་ལས། ཚོགས་ལས་བསྲིངས་ཤིང་རབ་ཏུ་ཞི་ལ་ མོས། །རི་དགས་ལྟ་བུར་མཛེས་ཤིང་གནས་མེད་རྒྱུ། །མཁའ་ལ་རླུང་བཞིན་རྙེད་ལ་མི་ཆགས་ལ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། ། ཞེས་སོ། ། དབེན་པར་གནས་ཤིང་བྱ་བ་ཉུང་བས་འགྲུབ་པ་ནི། གཞན་ཡང༌། གྲོང་དང་གྲོང་འདབ་སྐྱེ་བོའི་འདུ་འཛི་མེད། །གནས་དང་དགོན་པར་མང་པོའི་རྟེན་འདྲིས་མེད། །དོན་དང་བྱ་བ་སྣ་ཚོགས་བྲེལ་བ་མེད། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །གང་དག་གྲོང་དང་གྲོང་འདབ་པའི་སྐྱེ་བོ་རྣམས་དང་འགྲོགས་ཤིང་ས་མདོ་ལས་སོགས་པའི་གནས་སམ། དགོན་པའི་གནས་ཀྱི་རབ་ཏུ་བྱུང་བ་དག་དང་རྟེན་འདྲིས་བྱེད་ལ། ཚེ་འདིའི་རྣམ་པར་གཡེང་བའི་དོན་དང་བྱ་བ་མང་བ་དེ་དག་གིས་ནམ་ཡང་ཞི་བའི་ཏིང་འཛིན་མི་འགྲུབ་པས། གང་དུ་གནས་ཀྱང་བཤེས་འདྲིས་ཉུང་ཞིང་དོན་དང་བྱ་བ་ཉུང་བ་དག་ལ་ངང་གིས་དགེ་བ་འཕེལ་ཞིང་ཏིང་ངེ་འཛིན་འགྲུབ་པ་ཡིན་ཏེ་ཚུལ་བཞིན་ཡིད་ལ་བྱེད་པ་མང་བའི་ཕྱིར་རོ། ། དཀོན་མཆོག་བརྩེགས་པ་ལས། མ་འོངས་དུས་ན་དགེ་སློང་དག །འཕྱར་ཞིང་གཡེང་ལ་མ་བསྡམས་པ། །རྙེད་དང་བཀུར་སྟིས་རྒྱགས་པ་དག །ཚུལ་ཁྲིམས་ལྡན་ལ་ཁྲོ་བ་འབྱུང༌། །གང་དག་ཏིང་འཛིན་འདོད་རྣམས་ཀྱིས། །དེ་དག་རྣམས་ལ་མི་བརྟེན་ཅིང༌། །གཅིག་པུར་བས་མཐའི་གནས་མལ་དུ། །གནས་ཏེ་དབེན་ལ་དགའ་བར་གྱིས། །ཞེས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཁོ་ནས་འདའ་བར་བྱ་སྟེ། བཤེས་སྤྲིང་ལས། དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། ། ཚུལ་བཞིན་ཡིད་ལ་བྱེད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །ཞེས་སོ། ། གང་ཟག་ཐེག་པ་ཆེན་པོའི་རིགས་ཅན་གྱིས་འགྲུབ་པ་ནི། གཞན་ཡང༌། ཚེ་འདིའི་བདེ་དང་ཕྱི་མའི་བདེ་འབྲས་དང༌། །རང་དོན་ཞི་བ་གཉེར་མིན་འགྲོ་བའི་ཕྱིར། །སྲིད་ལས་ཐར་འདོད་ངེས་འབྱུང་སྐྱོ་ཤས་ཅན། །དེ་ཡིས་ཏིང་འཛིན་མཆོག་འདི་མྱུར་དུ་ འགྲུབ། །འདི་ལྟར་གཞན་དོན་དུ་ཞི་བའི་དགོན་པར་བསམ་གཏན་གཉེར་བས་གནས་པར་བྱ་བ་ལས། རང་དོན་དུ་ཉན་རང་གི་ཞི་བདེ་དོན་དུ་གཉེར་བ་ནི་སྐྱེས་བུ་དམ་པ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ལམ་མ་ཡིན་པའི་ཕྱིར་ རོ། །དེས་ན་ཚེ་འདིའི་བདེ་འབྲས་དང༌། ཕྱི་མའི་བདེ་འབྲས་ལྷ་མིའི་དཔལ་ཐོབ་པ་དང༌། རང་དོན་དུ་ཞི་བ་མི་འདོད་པས་འཁོར་བའི་སེམས་ཅན་གྱི་ཕྱིར་སྲིད་པ་ལ་སྐྱོ་ཞིང་ངེས་པར་འབྱུང་བའི་བློས་བསམ་གཏན་བསྒྲུབ་པ་ནི་རྟེན་གྱི་གང་ཟག་ཏུ་རིག་པར་བྱའོ། །ཏིང་ངེ་འཛིན་མཆོག་དམ་པ་ལས། སྲིད་པའི་བདེ་ལ་རབ་ཏུ་མ་ཆགས་ཤིང༌། །གཅིག་པུར་ཞི་བ་ཚོལ་བའི་སེམས་བྲལ་ཏེ། ། འདུས་བྱས་རྣམས་ལ་སྐྱོ་བའི་ཡིད་ལྡན་པ། །དེ་ཡིས་ཏིང་འཛིན་མཆོག་རབ་དམ་པ་འགྲུབ། །ཅེས་སོ། །དེ་ལ་ཚེ་འདིའི་བདེ་བ་མཐའ་དག་ལ་མ་ཆགས་ ཤིང༌། ཁྱད་པར་དུ་ནོར་ལ་སྲེད་པ་དག་གིས་ཡོ་བྱད་བསྙུངས་པ་ལ་བསླབ་དགོས་ཏེ། བཤེས་སྤྲིང་ལས། གདུག་པ་དུག་དང་མཚོན་དང་དགྲ་བོ་དང༌། །མེ་བཞིན་འདོད་པའི་བདེ་ལ་ཡིད་དབྱུང་འཛོད། །འདོད་པ་རྣམས་ནི་ཕུང་གྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་སོ། །ནང་སེམས་ཅན་ལ་ཆགས་པས་གཙོ་བོར་དེ་དག་སྤང་དགོས་ཏེ། དེ་ཉིད་ལས། བུད་མེད་གཞོན་ནུའི་ལུས་འདི་ལོགས་ཤིག་ ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང༌། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང༌། །པགས་པས་གཡོགས་དང་རྒྱན་ཡང་ལོགས་ཤིག་གཟིགས། ། ཞེས་པ་དང༌། དྲན་པ་ཉེར་གཞག་ལས། བུད་མེད་ཕུང་བར་བྱེད་པ་སྟེ། ། འཇིག་རྟེན་འདི་དང་ཕ་རོལ་ཕུང༌། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤང༌། །ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། སྟོང་གི་འཇིག་རྟེན་གྱི་ཁམས་སུ་ཡོངས་སུ་བརྟགས་ན་ཇི་ལྟར་བདག་གི་ཆུང་མ་ལྟར་དགྲར་གྱུར་པ་གཞན་གང་ཡང་མེད་དོ་ཞེས་སོ། །མདོར་ན་རང་གི་རྒྱུད་ལ་གང་ཤས་ཆེ་བའི་ཉོན་མོངས་པ་དེ་དང་པོར་བརྟགས་ལ་གཙོ་བོར་སྤང་ཞིང༌། དབང་པོ་དྲུག་གི་ཡུལ་ལ་ཞེན་པ་ཀུན་སྤང་དགོས་ཏེ། བཤེས་སྤྲིང་ལས། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག །གཡུལ་ངོར་དགྲ་སོགས་ལས་རྒྱལ་དེ་དག་ལ། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །ཞེས་སོ། །གཞན་ཡང༌། དེ་ཉིད་ལས། རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང༌། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང༌། །ཆང་དག་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ཞེས་སོ། །གཞན་ཡང་རང་གི་ཆོས་ལ་མཆོག་ཏུ་འཛིན་པས་གཞན་ལ་སྨོད་པ་དང༌། ཟབ་མོའའི་ཆོས་ལ་ཐེ་ཚོམ་ཟ་བ་དང༌། མི་རྟག་པ་ལ་རྟག་པར་འཛིན། མི་བདེན་པ་ལ་བདེན་པར་འཛིན། ཕྱིན་ཅི་ལོག་ལ་དམ་པར་འཛིན། འཁོར་བ་སྡུག་བསྔལ་བ་ལ་བདེ་བར་འཛིན་པ་སྟེ་ཕྱིན་ཅི་ལོག་བཞི་དང་བཅས་པ་སྲིད་པ་ཀུན་ཏུ་སྦྱོར་བ་ཡིན་པས་གཙོ་བོར་སྤང་དགོས་པའང༌། དེ་ལས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་བཞི་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་གྱིས། །ཞེས་སོ། །ཁྱད་པར་དུ་རྙེད་ན་དགའ་བ་དང༌། མ་རྙེད་ན་མི་དགའ་བ་དང༌། བདེ་ན་དགའ་བ་དང༌། སྡུག་ན་མི་དགའ་བ་དང༌། སྙན་གྲགས་ཐོབ་ན་དགའ་བ་དང༌། སྐུར་བ་དང་མི་སྙན་པ་བྱུང་དུས་མི་དགའ་བ་དང༌། བསྟོད་ན་དགའ་བ་དང༌། སྨད་ན་མི་དགའ་བ་སྟེ་འཇིག་རྟེན་ཆོས་བརྒྱད་ངེས་པར་སྤང་བ་ཉིད། དེ་ལས། འཇིག་རྟེན་མཁྱེན་པས་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་སོ། །དེའང་ནོར་བདུན་བསྒྲུབ་པར། དེ་ལས། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་ནི། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ཞེས་སོ། །ཁྱིམ་པ་ལ་སོགས་གཞན་དག་དགེ་བ་ལ་བསྐུལ་ཞིང་གསོ་སྦྱོང་ལ་འགོད་པའང༌། དེ་ལས། འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང༌། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང༌། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། ། སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །ཅེས་སོ། །མདོར་ན་བསམ་གཏན་པ་དགོན་པར་གནས་པས། སྡོམ་པའི་ཚུལ་ཁྲིམས་ཀྱིས་ཉེས་སྤྱོད་ཆ་དང་བཅས་པ་ལས་རང་གི་སེམས་བསྡམ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་སྔར་མེད་པའི་ཏིང་ངེ་འཛིན་དང་རྣམ་པར་གྲོལ་བ་ལ་སོགས་པ་བསྒྲུབ་ཅིང་ཡོད་པ་རྣམས་གོང་དུ་སྤེལ་ནས་དགེ་བའི་ཕྱོགས་འབའ་ཞིག་གིས་ཉིན་མཚན་འདའ་བ་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་དེར་ལྷགས་པའི་སྐྱེ་བོ་དགེ་བ་ལ་བསྐུལ་ཞིང་ཆོས་འདོད་པ་དང་གཏན་ཁྲིམས་ནོངས་པ་རྣམས་ལ་གང་དང་གང་འཚམས་པའི་ཆོས་ཀྱིས་མགུ་བར་བྱ་ཞིང༌། ཐ་ན་བྱ་དང་རི་དགས་དང་འབུ་སྲིན་དང་གྲོག་མ་ལ་སོགས་པའི་སེམས་ཅན་ལའང་མི་འཚེ་ཞིང་ཟས་ལ་སོགས་པ་བྱིན་ནས་དེ་བཞིན་གཤེགས་པའི་མཚན་ནས་བརྗོད། དཀོན་མཆོག་གསུམ་ཀྱི་སྒྲ་བསྒྲག །ནམ་ཞིག་ན་འདི་དག་ཀྱང་སངས་རྒྱས་སུ་འགྱུར་ངེས་སྙམ་པ་དང༌། ནམ་ཞིག་ན་འདི་དག་བདག་གིས་འཁོར་བ་ལས་ཐར་བར་བྱ་སྙམ་པ་དང༌། འདི་དག་ཀྱང་སྤྲུལ་པ་ཡིན་པའང་སྲིད་སྙམ་ནས་གུས་པ་བསྐྱེད་ཅིང་མོས་གུས་དང་དག་སྣང་བྱ་བ་དང༌། ད་ལྟ་ཡོད་ཀྱང་དོ་མོད་མེད་པ་ལ་སོགས་པས་འབྲལ་བ་དང་མི་རྟག་པ་ཉིད་དུ་ཡིད་ལ་བྱ་ཞིང༌། སྐད་ཅིག་ཀྱང་ཐ་མལ་དུ་མ་ཡིན་པར་བློ་དགེ་བ་འབའ་ཞིག་གིས་འདའ་བར་བྱའོ། ། ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་ལ་ཞི་ལྷག་བསྒྲུབ་པའི་ཐབས་དངོས་དང་སོ་སོར་བཤད་པ་གཉིས་ལས། ཞི་ལྷག་བསྒྲུབ་པའི་ཐབས་ལའང་གསུམ་སྟེ། སྤང་གཉེན་བསྟན་པ་ནི། དོན་གཉིས་པ། ཇི་ལྟར་བསྲུང་པ་ཐབས་ཀྱི་ཡན་ལག་ཀྱང༌། །གཉིད་རྨུགས་རྒོད་འགྱོད་ཐེ་ཚོམ་སྒྲིབ་པ་ལྔ། ། སྤངས་ཏེ་ཞི་ལྷག་ཟུང་འབྲེལ་ཚུལ་གྱིས་བསྒྲུབ། །གཉིད་རྨུགས་གཉིས་ཀྱིས་ཞི་གནས་རབ་ཏུ་སྒྲིབ། །རྒོད་འགྱོད་གཉིས་ཀྱིས་ལྷག་མཐོང་རྣམ་པར་གཡེང༌། །ཐེ་ཚོམ་གཉིས་ཀའི་གནོད་བྱེད་མི་མཐུན་ཕྱོགས། །འདིར་རྣལ་འབྱོར་སྤྱོད་པ་བ་དག་གིས་བསམ་གཏན་ལ་སྒྲིབ་པ་ནི་ལྔ་སྟེ། ཡང་དག་པའི་ཞི་གནས་གསལ་དངས་ཕྱེད་པ་ལ་ནི་གཉིད་དང་རྨུགས་པས་བྱིང་བར་བྱེད་ལ། ལྷག་མཐོང་དངས་ལ་རྩེ་གཅིག་པ་ནི་རྒོད་པ་དང་འགྱོད་པས་འཕྲོ་བར་བྱེད་ཅིང༌། ཐེ་ཚོམ་གཉིས་ཀའི་དུས་སུ་མི་འགྲུབ་པའི་རྒྱུའོ། །གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་ལ། རྨུགས་པ་ནི་ཡུལ་མི་གསལ་བའི་ཤེས་པ་ལུང་མ་བསྟན་དང༌། རྒོད་པ་ནི་ཡུལ་གྱི་ཕྱིར་སེམས་འཕྲོ་བ་ཡིན་ལ། འགྱོད་པ་ནི་བྱ་བ་འགའ་ཞིག་ཡིད་ལ་གཅགས་པས་མངོན་པར་མི་དགའ་བའི་ཤེས་པ། ཐེ་ཚོམ་ནི་གཉིས་བཅས་ཀྱི་བློས་ཟིན་མེད་པས་བྱ་བ་བསྒྲུབ་པ་ལ་བར་དུ་གཅོད་པའོ། །འདི་དག་སྤང་དགོས་པ་ཉིད། བཤེས་སྤྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་ དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོས་རྐུན་ལགས་པར་མཁྱེན་པར་ མཛོད། །ཅེས་སོ། །དེའང་རྒོད་འགྱོད་གཉིས་གཅིག་གཉིད་རྨུགས་གཉིས་གཅིག་འདོད་པ་ལ་འདུན་པ། གནོད་སེམས། ཐེ་ཚོམ་སྟེ་ལྔའོ། །གེགས་བསལ་བ་ནི། དེའང་གཉིད་རྨུགས་ལ་སོགས་པ། དེ་ལྟར་ལྔ་ཉིད་བྱིང་རྒོད་གཉིས་སུ་འདུ། །བྱིང་ན་གསེང་ཞིང་རྒོད་ན་རྩེ་གཅིག་བསྒོམ། །དེ་ལ་གཉིད་རྨུགས་གཉིས་ནི་བྱིང་བ་ཡིན་པས་གསེངས་ལ་ཡིད་ལ་བྱེད་པ་བཅུ་གཅིག་བསྒོམ་ཞིང༌། གཞན་རྣམས་རྒོད་པ་ཡིན་པས་སེམས་གནས་པའི་ཐབས་དགུ་པ་བསྒོམ་པ་ལ་འབད་པར་བྱའོ། །གཉེན་པོ་ཟུང་འབྲེལ་བསྟེན་པ་ནི། དེའང་འདི་ལྟར། ཞི་གནས་མེད་པའི་ལྷག་མཐོང་སྤྲོས་ལ་རྒོད། ། ལྷག་མཐོང་མེད་པའི་ཞི་གནས་ལུང་མ་བསྟན། །ཟུང་འབྲེལ་སྒྲིབ་པའི་གཉེན་པོ་མཆོག་གི་ལམ། །ཞི་གནས་ཀྱིས་མ་བརླན་པའི་ཤེས་རབ་ནི་ཚིག་གི་གོ་ཡུལ་ཙམ་ལ། ལྷག་མཐོང་གིས་མ་ཟིན་པའི་ཞི་གནས་ནི་ལུང་མ་བསྟན་འཁོར་བའི་ས་བོན་ལས་འཕགས་པར་མི་ནུས་པའི་ཕྱིར་ཟུང་འབྲེལ་ལ་འབད་དེ། བཤེས་སྤྲིང་ལས། ཤེས་རབ་མེད་པར་བསམ་གཏན་ཡོན་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། ། གང་ལ་དེ་གཉིས་ཡོད་པ་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་སོ། ། སོ་སོར་བཤད་པ་ལ་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས། ཞི་གནས་ལའང་བཞི་ལས་འགྲུབ་པའི་རྒྱུ་ནི། དེ་ལ་དང་པོ། ཞི་གནས་ལུག་ངག་ཡིད་སེམས་དལ་བས་འགྲུབ། །དེ་ཡང་ཆོས་ཀུན་རང་བཞིན་མཉམ་པའི་ངང༌། །དམིགས་པ་རབ་ཞི་གཙོ་བོའི་ཡན་ལག་ཡིན། ། དམིགས་པ་གཅིག་ལ་སེམས་འཛིན་འཁོར་གྱི་ཚུལ། །འདི་ལྟར་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ནི་སྒོ་གསུམ་རབ་ཏུ་དལ་བས་འགྲུབ་སྟེ། ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་དལ། རླུང་དལ་བས་ཁམས་དལ་བ་འཁོར་ལོ་བཞིའི་འདབ་མ་ལ་སོགས་པ་རང་གནས་སུ་སྡོད་པས། སེམས་གནས་ཀྱི་ཞི་གནས་ངང་གིས་འགྲུབ་སྟེ། སེམས་ཀྱི་རྟེན་ཁམས་དངས་མ་མི་གཡོ་བར་ས་གཅིག་ཏུ་སྡོད་པའི་ཕྱིར་རོ། །དེ་ལྟར་དལ་བུས་སྒོམ་དུས་སེམས་སྤྲོ་བསྡུ་མེད་པའི་རང་བཞིན་དེ་ཉིད་ཞི་གནས་ཀྱི་ངོ་བོ་དང་གཙོ་བོ་ཡིན་ལ། དེ་བརྟན་པར་བྱ་བའི་དོན་དུ་དམིགས་ཡུལ་གཅིག་ལ་སེམས་བཟུང་བས་ཅུང་ཟད་མི་རྟོག་པ་འཁོར་གྱི་ཚུལ་དུ་གནས་སོ། །དེའང་གཤིས་ལ་སེམས་འདིའི་རང་བཞིན་གང་ནས་ཀྱང་མ་འོངས་མི་འགྲོ་མི་གནས་པའི་རང་ལུགས་ཕྱམ་ཕྱལ་ལེ་བ་ཞིག་དུས་རྒྱུན་དུ་ཡོད་དེ། གསལ་དངས་ཕྱེད་པའི་ཆ་དེ་ནས་ལྷག་མཐོང༌། གནས་ཆ་དེ་ནས་ཞི་གནས། གཉིས་སུ་མེད་པས་ཟུང་འབྲེལ་ཞེས་སྨོས་ཏེ། ཡོད་ནི་སེམས་ཅན་ཀུན་ལ་དུས་རྟག་ཏུ་ཡོད་ཅིང༌། གསལ་བ་ནི་ངང་གིས་མི་གཡོ་བ་ངལ་སོས་པ་ལ་སོགས་པའི་དུས་སུ་ངོ་འཕྲོད་པར་སླ་བ་ཡིན་ནོ། །རྣལ་འབྱོར་པས་ནི་འཕྲོས་སམ་གནས་ཀྱང་རང་རང་ས་བཅོས་བསླད་མེད་པའི་ཞི་ལྷག་ཤེས་པས་གྲོལ་བ་ཡིན་ནོ། ། དམིག་པ་འཛིན་ལུགས་ནི། དམིགས་པ་གཅིག་ལ་སེམས་འཛིན་ལུགས༌། དེ་ཡང་སྣང་བཅས་སྣང་མེད་རྣམ་པ་གཉིས། །ཕྱི་ནང་གཉིས་ཏེ་བཞི་ཡིས་ཟིན་པར་ འགྱུར། །སྣང་བཅས་གཟུགས་སོགས་སྒོ་ལྔའི་ཡུལ་རྣམས་ལ། །སྣང་མེད་མི་རྟོག་རྩེ་གཅིག་ངང་ལ་འཇོག །ཕྱི་རོལ་རྡོ་ཤིང་སྐུ་གཟུགས་ལ་སོགས་དང༌། ། ནང་ཉིད་སྙིང་གར་པདྨ་འཐུར་འཕྱང་སོགས། །དང་པོ་སྣང་བཅས་ལ་སེམས་གཟུང་ཚུལ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་གང་རུང་ལ་སེམས་མ་ཡེངས་པར་གཏད་པས་རྩེ་གཅིག་ཏུ་གནས་པའོ། །དེ་བརྟན་ནས་སྣང་མེད་ལ་སེམས་གཟུང་བ་ནི་གང་དུའང་མི་རྟོག་པའི་ངང་ལ་སེམས་འཛིན་པའོ། ། དེའང་ལུས་ཀྱི་ནང་དུ་ལྷའི་སྐུའམ། ཡི་གེའམ། སྙིང་གར་པདྨ་འཐུར་འཕྱང་དང་འཁོར་ལོ་ལ་སོགས་པའི་ཕྱག་མཚན་ནམ། འོད་ལ་སོགས་པ་བསྒོམས་པས་སྤྲོས་པ་ཞི་གནས་བདེ་ཤས་ཆེ་བའི་ཞི་གནས་སྐྱེ་ལ། ཕྱི་རོལ་ཏུ་རྡོའམ་ཤིང་ངམ་སྐུ་གཟུགས་ལ་སོགས་པའི་རྟེན་ཞིག་ལས་མ་ཡེངས་པར་བཟུང་ནའང་གསལ་དངས་ཕྱེད་པའི་ཞི་གནས་སྐྱེའོ། །དེའང་སྤྲོས་པ་ཤས་ཆེ་བས་ཕྱིར་བཟུང་ན་འཕྲོ་བས་ནང་དུ་གཟུང་ཞིང༌། རྟོག་པ་ཉུང་བས་ནང་དུ་བཟུང་ན་བྱིང་བ་ཤས་ཆེ་བས་ཕྱིར་གཟུང་ངོ༌། །དེའང་དང་པོར་མཚན་བཅས་གང་རུང་ཞིག་ལ་སེམས་བཟུང་བས་རྗེས་ལ་མཚན་མེད་ངང་གིས་འབྱུང་ངོ༌། ། མི་ཤེས་པ་དག་སྐུ་གཟུགས་ལ་སོགས་པའི་ཡུལ་ལ་སེམས་བཟུང་ན་སྤྲོས་པར་འགྲོ་བས། ཅི་ཡང་མེད་པའི་ངང་སྤྲོས་མེད་དུ་བཞག་ཟེར་བ་ནི་གནད་མ་གོ་ཞིང་ཉམས་མྱོང་ཆུང་བའི་སྐད་ཡིན་ཏེ། འདི་ལྟར་རང་གི་སེམས་གང་ལ་གཏད་ཀྱང་འདྲ་སྟེ། གཏོད་དུས་དང་པོར་རྟོག་པ་ཞིག་སྔོན་དུ་འགྲོ་ཡང༌། དེ་ནས་ཡུལ་དེ་སྣང་ལ་དེར་འཛིན་མ་ཞུགས་པའི་ངང་དུ་སེམས་སྤྲོ་བསྡུ་མེད་པར་དངས་སང་ངེ་ཡེར་རེ་ཝལ་ལེ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་མི་གནས་མི་སྲིད་དོ། །སྣང་མེད་ཀྱི་ངང་དུ་སེམས་གཟུང་ཡང་དེ་ལས་ཉམས་ལྷག་ཏུ་མི་འབྱུང་ལ། ཉེས་ན་བྱིང་བའམ་རྒོད་པ་ཞིག་གིས་མི་གནོད་མི་སྲིད་དོ། །མདོར་ན་ཡུལ་སྣང་ལ་དེར་འཛིན་མ་ཞུགས་པའི་ངང་ལ་བློ་སྤྲོ་བསྡུ་དང་བྲལ་བར་གནས་པ་ལ་ཁོ་བོ་ནི་བསམ་གཏན་ཞེས་འདོད་པས། སྣང་བཅས་སམ་སྣང་མེད་གང་ལ་སེམས་གཟུང་ཡང་བདེ་གསལ་མི་རྟོག་པའི་ཉམས་མཐའ་བྲལ་འཛིན་མེད་ཆེན་པོའི་རྟོགས་པས་བརྒྱན་པ་འཆར་དགོས་པར་འདོད་དེ། དེ་མ་ཤར་ན་སྐྱོན་བཅས། ཤར་ན་ཡང་དག་པའི་བསམ་གཏན་ཐམས་ཤེས་གཉིས་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་འདོད་དོ། ། ཐབས་ཀྱི་ཡན་ལག་ནི། མདོར་ན། དམིགས་ཡུལ་གཅིག་ལ་རྩེ་གཅིག་སེམས་འཇོག་པ། །ཞི་གནས་བསྒྲུབ་པའི་ཐབས་ཀྱི་ཡན་ལག་ཡིན། །དམིགས་པས་གང་ལ་འཇོག་པར་འདོད་པ་དེ་ལ་སེམས་རྩེ་གཅིག་ཏུ་གཟུང་ངོ༌། །དེ་ནས་སེམས་གནས་པའི་ཐབས་དགུས་དེ་བརྟན་པར་བྱ་སྟེ། དམིགས་པ་དེ་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། ཕྱིར་འཕྲོ་ན་སེམས་བསླན་ཏེ་འཇོག་པ་དང༌། ཕྱི་ཕྱིར་བརྟུན་ཏེ་ཉེ་བར་འཇོག་པ་དང༌། དེ་ལ་དགའ་བ་བསྐྱེད་ནས་འདུལ་བ་དང༌། རྣམ་གཡེང་གི་ཉེས་པ་ཞི་བར་བྱེད་པ་དང༌། གཉིད་རྨུགས་ལ་སོགས་བསལ་ནས་རྣམ་པར་ཞི་བར་བྱེད་པ་དང༌། གཞན་ལ་མི་འཕྲོ་བར་རྩེ་གཅིག་ཏུ་བྱེད་པ་དང༌། དེ་ལ་མི་རྩོལ་བར་མཉམ་པར་འཇོག་པ་སྟེ་དགུའོ། ། ཡུམ་བར་མ་ལས། སེམས་འཇོག་པར་བྱེད། རྒྱུན་དུ་འཇོག་པར་བྱེད། བསླན་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། རྣམ་པར་ཞི་བར་བྱེད། རྩེ་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད་དོ་ཞེས་པའི་དོན་ཏོ། ། འགྲུབ་པའི་ཐབས་ནི། ཚུལ། དེ་ཡིས་རྩེ་གཅིག་ཞི་གནས་སྐྱེས་པའི་ཚེ། །སྤེལ་ཞིང་བརྟན་ཕྱིར་ལྷག་མཐོང་ཡེ་ཤེས་སྤྲོ། །བོགས་འབྱིན་སྤྱོད་ལམ་ཀུན་དང་བསྲེ་བ་གཅེས། །སྟེངས་ན་ལུས་སེམས་གསེངས་ལ་སྔར་བཞིན་བསྒོམ། ། འདིས་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། །སེམས་རྩེ་གཅིག་ཏུ་ཟིན་པ་ཙམ་གྱིས་རྐྱེན་མི་ཐུབ་ཅིང་ལྷག་མཐོང་གང་དང་ཡང་འདྲེར་མི་རུང་བས། རྩེ་གཅིག་པའི་དུས་དེར་སྣང་བ་སྒྱུ་མ་ལ་སོགས་པའི་ལྷག་མཐོང་དང་བསྲེ་བ་དང༌། འགྲོ་འདུག་ལ་སོགས་པ་ཞི་གནས་དང་བསྲེས་ལ་སྒོམ་ཞིང༌། སྐྱེད་མེད་ན་སེམས་སྤྲོ་ལུས་ངག་གཡེངས་བའི་རྗེས་ལ་སྔ་མ་ལྟར་བསྒོམས་པས། དེ་ནས་དམིགས་པ་གང་ལ་འཇོག་པར་འདོད་པ་དང༌། དུས་ནམ་གྱི་ཚེ་འཇོག་པར་འདོད་པ་དང༌། ཡུལ་ཇི་སྲིད་འཇོག་པར་འདོད་པ་དང༌། ཚུལ་ཇི་ལྟ་བུས་འཇོག་པར་འདོད་པ་ལ་རང་དབང་ཐོབ་པས་འཇུག་ལྡོག་ནུས་པ་འབྱུང་སྟེ། མདོ་སྡེའི་རྒྱན་ལས། དེ་ཡིས་དེ་ནི་འཕེལ་བྱས་ནས། ། འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་ངེས་འཐོབ་བོ། །ཞེས་སོ། ། ལྷག་མཐོང་ལའང་བརྒྱད་ལས། ཡན་ལག་གཙོ་འཁོར་གྱི་ཚུལ་ནི། དེ་ལྟར་ཞི་གནས་འབྱོངས་ཏེ། ལྷག་ མཐོང་འདོད་པས་སེམས་གསལ་དངས་པའི་ངང༌། །སོ་སོར་རྟོག་པ་གཙོ་བོའི་ཡན་ལག་ལ། །མི་རྟོག་མཉམ་པར་འཇོག་པ་འཁོར་གྱི་ཚུལ། །འདི་ལྟར་ཞི་གནས་ཀྱི་ཚེ། སེམས་གསལ་ལ་དངས་པའི་ངང་ལས་ཆོས་རྣམས་ཀྱི་རང་བཞིན་ལ་བལྟ་བ་གཙོ་བོའི་ཡན་ལག་ལ། བློ་མི་རྟོག་པའི་གསལ་ཆ་མི་འཕྲོ་བ་དེ་འཁོར་རམ་ཕལ་པའི་ཚུལ་དུ་ཡོད་པའོ། །སོ་སོར་རྟོག་པའི་ལྷག་མཐོང་རྩལ་སྦྱང་བ་ནི། སོ་སོར་རྟོག་པའི་ལྷག་མཐོང༌། དེ་ཡང་ཆོས་ཅན་ཆོས་ཉིད་རྣམ་པ་གཉིས། །ཆོས་ཅན་སྒྱུ་མའི་དཔེ་བརྒྱད་བལྟ་བྱ་ཞིང༌། །ཆོས་ཉིད་མཁའ་ལྟར་སྟོང་པའི་རྩལ་སྦྱང་བྱ། །ཇི་བཞིན་ངང་ལ་བཞག་པས་ཡེ་ཤེས་འཆར། །མཉམ་གཞག་བརྟན་པའི་ངང་ལས། ཕྱི་རོལ་གྱི་སྣང་བ་འདི་དག་ཆོས་ཅན་རྟེན་འབྲེལ་རྨི་ལམ་སྒྱུ་མ་ལ་སོགས་པ་སྣང་ལ་བདེན་པ་མེད་པའི་ངོ་བོར་རིམ་གྱིས་བརྟགས་པ་དེའི་ངང་ལ་ཇི་ཙམ་འདོད་པར་མཉམ་པར་བཞག་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང༌། །རྨི་ལམ་མིག་ཡོར་སྒྲ་བརྙན་སྤྲུལ་བ་འདྲ། །གར་མཁན་ཚོན་འདྲར་གང་གིས་རྟོགས་གྱུར་པ། ། བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་བལྟ་ཞིང༌། ཆོས་ཉིད་རང་བཞིན་གྱིས་མ་སྐྱེས་པ་ན་མཁའ་ལྟ་བུའི་ངང་ལ་བློའི་ཚོལ་ཁྲོ་དང་བྲལ་བར་བཞག་སྟེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། ། ཞེས་པ་ལྟར་རོ། །དེ་ལྟར་མཉམ་པར་བཞག་པས་སྣང་ཡུལ་སྒྱུ་མ་ལྟར་རྟོགས་ལ་འཛིན་བྱེད་མ་ཞུགས་པ། རང་བཞིན་ནམ་མཁའ་ལྟར་རྟོགས་ལ་སྣང་ཡུལ་མ་འགགས་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ་རང་བྱུང་གི་ཡེ་ཤེས་འཆར་ཏེ། ཀུན་བྱེད་ལས། ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཆོས་རྣམས་ཀུན་གྱི་བལྟ་བའི་མེ་ལོང་སྟེ། །གསལ་ལ་རང་བཞིན་མེད་པར་ཀུན་འཆར་བས། །མ་བལྟས་རང་བཞིན་གསལ་བར་ལུང་བསྟན་ནོ། །མ་སྐྱེས་དེ་བཞིན་ཉིད་ཀྱི་ཡུལ་ཉིད་ལ། །བལྟ་བའི་ཡུལ་མེད་མཐོང་བ་ཆེན་པོར་རྟོགས། ། ཞེས་སོ། ། བྱིང་རྒོད་རྩལ་སྦྱང་བོགས་འབྱིན་པ་ནི། དེ་ལྟར་བསྒོམས་པའི་ལྷག་མཐོང་དེ་ཉིད། །ལྟེངས་ན་སྣ་ཚོགས་ཆོས་ལ་རྩལ་སྦྱང་སྟེ། །སྒྱུ་མ་སྟོང་པ་གཉིས་མེད་དག་པར་ བལྟ། །འཕྲོ་ན་ཞི་གནས་ངང་ལ་མཉམ་པར་གཞག །དེ་ཚེ་ནམ་མཁའ་ལྟ་བུའི་འོད་གསལ་ནི། །སྟོང་གསལ་སྤྲོས་དང་བྲལ་བའི་ངོ་བོ་མཐོང༌། །དེ་ཡིས་སྒྲིབ་གཉིས་སྤྲིན་ལས་གྲོལ་བ་འགྲུབ། །རེས་འགའ་རྒྱ་མཚོ་ལྟ་བུའི་འོད་གསལ་འཆར། །ཤར་གྲོལ་ངང་དངས་རྟོག་མེད་ལྷུན་གྱིས་གྲུབ། །བོགས་འབྱིན་སྤྱོད་ལམ་ཀུན་དང་དེ་ཉིད་བསྲེ། །འདིས་ནི་ལྷག་མཐོང་མྱུར་དུ་འགྲུབ་པར་ འགྱུར། །ལྷག་མཐོང་སྟེངས་པས་སྐྱེད་མེད་ནི་དགག་སྒྲུབ་ལ་སོགས་པའི་ཆོས་མང་པོ་སྤྲོས་ཏེ་སྒྱུ་མར་ཝལ་ཝལ་རྩལ་སྦྱང་ཞིང་རྒྱུ་མ་གཉིས་མེད་དུ་ལ་བཟླ་བ་དང༌། རྟོག་པ་འཕྲོ་ན་སྔར་བཞིན་ཞི་གནས་ལ་མཉམ་པར་བཞག་ཅིང༌། དེའི་ངང་ལ་སྟེངས་ན་ཡིད་ལ་བྱེད་པ་བཅུ་གཅིག་བསྒོམ་པར་བྱའོ། །དེའང་རྟེན་འབྲེལ་ལ་སོགས་པའི་ཆོས་ལ་རྟོག་དཔྱོད་དུ་ཡིད་ལ་བྱའོ། །དེས་འཕྲོ་ན་ཞི་གནས་ལ་བཞག་ཅིང་དཔྱོད་པ་ཅུང་ཟད་ཡིད་ལ་བྱའོ། །དེས་རྟོག་ན་རྟོག་དཔྱོད་མི་འགྱུ་བའི་ངང་དུ་མི་རྟོག་པ་ཡིད་ལ་བྱའོ། །དེའི་དོན་ལས་མ་ཡེངས་པའི་ཞི་གནས་ཡིད་ལ་བྱའོ། །དེ་ཡང་གསལ་དངས་ཕྱེད་པའི་ལྷག་མཐོང་ཡིད་ལ་ བྱའོ། །དེའི་ཚེ་གསལ་སྟོང་གཉིས་སུ་མེད་པའི་ཟུང་འབྲེལ་ཡིད་ལ་བྱའོ། །དེའི་ངང་ལ་རྒྱུན་བསྲིང་བའི་ཕྱིར་སེམས་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱའོ། ། དེའི་དུས་སུ་སེམས་གནས་པའི་ངང་ལས་མི་གཡོ་བ་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱའོ། །གསལ་དངས་ཕྱེད་པ་ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱའོ། །སྟོང་གསལ་གཉིས་མེད་དུ་འདྲེས་པ་ཟུང་འཇུག་གི་རྒྱུ་མཚན་ཡིད་ལ་བྱའོ། །ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱའོ། །ཡུམ་བར་མ་ལས། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཡིད་ལ་བྱེད་པ་དང༌། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་བཅས་པའི་ཡིད་ལ་བྱེད་པ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་དང༌། ཞི་གནས་ཡིད་ལ་བྱེད་པ་དང༌། ལྷག་མཐོང་ཡིད་ལ་བྱེད་པ་དང༌། །ཟུང་དུ་འབྲེལ་པ་ཡིད་ལ་བྱེད་པ་དང༌། སེམས་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། །ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། །ཟུང་དུ་འབྲེལ་བའི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། ། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་སེམས་སྦྱང་བར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་སེམས་འཕྲོ་ན་བཏུལ། བྱིང་ན་གསེང༌། ཞི་ལྷག་གཉིས་སུ་མེད་པར་རྩལ་སྦྱངས་པས་རྒྱ་མཚོ་དབའ་རླབས་ཞི་བ་ལྟ་བུ་ཞི་གནས་ཀློང་དུ་གྱུར་པའི་འོད་གསལ་འཆར་ཏེ། སེམས་གང་གཏད་ཀྱི་དོན་ལ་གསལ་དངས་འཛིན་མེད་དུ་གནས་ཤིང༌། རྟོག་པ་འགྱུ་བའི་དབའ་རླབས་ཀྱིས་མི་གནོད་པར་རང་ཤར་དུས་དེ་ཉིད་དུ་གྲོལ་བ་དུས་མཉམ་པ་འབྱུང་ངོ༌། །ནམ་མཁའ་སྤྲིན་དང་པ་ལྟ་བུ་ལྷག་མཐོང་གི་འོད་གསལ་ཀློང་དུ་གྱུར་པས། སེམས་ཉིད་འཕོ་འགྱུར་བཅོས་བསླད་དང་བྲལ་བ་སྟོང་གསལ་རྗེན་པའི་ངོ་བོ་མཐོང་དུས། སེམས་གནས་ཀྱང་ཆོས་ཉིད་ཀྱི་ངང་དུ་གནས་པས་ཡིན་མིན་གདོད་ནས་དག་པའི་གདེང་ཐོབ། འཕྲོ་བ་ཆོས་ཉིད་ཀྱི་རོལ་པར་ཤར་བས་གང་སྣང་ཡེ་ཤེས་ཀྱི་རྩལ་དུ་ཤེས་ཏེ་རྐྱེན་སྣང་རང་བྱུང་གི་ཡེ་ཤེས་སུ་གྲོལ་བའི་དུས་སོ། །དེའི་ཚེ་རང་སེམས་སྐུ་གསུམ་གྱི་ངོ་བོར་མཐོང་བས་རྩོལ་སྒྲུབ་མཚན་མའི་ཆོས་ལས་གྲོལ་བ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་པ་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༌། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟ་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་ཏེ། །ད་ལྟ་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་སོ། ། གཉིས་ཀ་འབྱོངས་ནས་དབྱེར་མེད་ཟུང་འཇུག་ནི། དེ་ལྟར་ཞི་ལྷག་སོ་སོར་འབྱོངས་ནས་དེ་གཉིས་དབྱེར་མེད་པའི། ཟུང་འཇུག་ཤེས་པ་འཕྲོ་གནས་མཉམ་པའི་ངང༌། ། གཉིས་ཀར་མི་རྟོག་ཡེ་ཤེས་གཙོ་བོ་ལ། །ཡེང་མེད་སྤྲོས་དང་བྲལ་བ་འཁོར་གྱི་ཚུལ། །ཟུང་དུ་འཇུག་པ་ནི་ཞི་ལྷག་གི་ངོ་བོ་གསལ་སྟོང་གཉིས་མེད་དུ་ཤར་བ་དེའི་ཚེ། འཕྲོ་བ་དང་གནས་པ་མི་འགལ་བས་ཡུལ་སྣང་ལ་དེར་མི་འཛིན་པའི་ཡེ་ཤེས་རྟོག་བྲལ་མ་འཁྲུལ་བ་དེ་གཙོ་བོ་ལ། དེའི་ངང་ལས་མ་ཡེངས་པའི་ཤེས་པའི་རང་བཞིན་འཁོར་དུ་གནས་སོ། །དེའང་དུས་ཐམས་ཅད་དུ་སེམས་ཉིད་གཉིས་མེད་གཙོ་བོའི་ངང་ཡིན་ཡང༌། དེ་ཞི་ལྷག་གིས་མཉམ་པར་བཞག་དུས་རྟོགས་པར་སླ་བས། ཐབས་ཡེང་མེད་དེ་འཁོར་རམ་ཡན་ལག་ཏུ་ལྡན་པ་ཡིན་ནོ། ། ཀླུ་སྒྲུབ་ཀྱིས། གང་ཚེ་གཟུང་དང་འཛིན་པ་དག །གཉིས་སུ་མེད་པར་གྱུར་པ་ན། །རང་བཞིན་ཐ་དད་མ་ཡིན་པས། །ཟུང་དུ་འཇུག་པར་དེ་བཤད་དོ། ། ཞེས་སོ། །དེའི་ཚེ་གཞིའི་སེམས་ཉིད་དུ་གློ་བུར་གྱི་སྤྲོས་པ་ནུབ་པས་ཆུ་ལ་ཆུ་གཞག་པ་ལྟར་རོ་མཉམ་དབྱེ་བ་མེད་པ་ནི། དོ་ཧ་ལས། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། ། ཞེས་པ་ལྟར་ཡིན་ནོ། ། ཤར་གྲོལ་གཉིས་མེད་ནི། ཟུང་འཇུག་དེའི་ངང་ལ་གནས་དུས། རྟོག་པ། ཇི་ལྟར་ཤར་གནས་དེ་ཡི་ངང་བཞག་པས། །ཤར་བས་གྲོལ་ལ་གནས་པས་མཉམ་པ་ཉིད། །ཞི་ལྷག་ཟུང་འབྲེལ་བདེ་གསལ་མི་རྟོག་འཆར། །སྣང་སྟོང་ཐབས་ཤེས་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །ཆུ་ལ་རླབས་ཞི་བ་ལྟར། རྣམ་རྟོག་གང་ཤར་སྐད་ཅིག་གིས་རང་བྱུང་རང་ཞིར་སོང་ནས་ཤར་གྲོལ་དུས་མཉམ་པ་དེའི་ཚེ། ཤར་བས་གྲོལ་བ་ལྷག་མཐོང་ཡིན་ལ་སྣང་བཅས་བསོད་ནམས་ཀྱི་ཚོགས་བསྐྱེད་རིམ་དུ་ལྷུན་གྱིས་གྲུབ་ཅིང༌། རང་ཞི་བའི་རང་རིག་པ་དངས་གསལ་དང་བཅས་པ་ལ་གནས་པ་ཞི་གནས་ཏེ་སྣང་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་རིམ་པར་གྲུབ་པས། ཟུང་འཇུག་གི་རང་བཞིན་དུ་ཡེ་ནས་སེམས་ལ་ལྷུན་གྲུབ་ཏུ་གནས་པའོ། །ཀུན་བྱེད་ལས། ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། ། རྩོལ་བ་མི་འཇུག་གཉེན་པོས་སེམས་མི་སྦྱོང༌། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཞེས་སོ། ། རྩལ་སྦྱང་ཟློག་སྒོམ་བྱ་བ་ནི། དེ་ལྟར་ཟུང་འཇུག་བཅོས་བསླད་མེད་པར་བསྒོམས་པས། སྟེངས་ན་ཞི་ལྷག་སོ་སོར་རྩལ་སྦྱང་ཞིང༌། །བྱིང་རྒོད་ཆེ་ན་བཟློག་ལ་བསྒོམ་པར་བྱ། །དེའང་ཞི་གནས་སྟེངས་ན་ལྷག་མཐོང་བསྒོམ་ཞིང༌། ལྷག་མཐོང་སྟེངས་ན་ཞི་གནས་བསྒོམས་ལ། བྱིང་ན་ལྷག་མཐོང་དང༌། རྒོད་ན་ཞི་གནས་བསྒོམས་པས་སྐྱོན་ལས་གྲོལ་བའོ། །བོགས་འབྱིན་བཤད་པ་ནི། དེའི། བོགས་འབྱིན་ནམ་མཁའ་དངས་ཤིང་སྤྲིན་མེད་ཚེ། །ཉི་མར་རྒྱབ་ཕྱོགས་མཁའ་ལ་རབ་བལྟས་པས། །སྟོང་གསལ་ཤེས་པ་སྤྲོས་དང་བྲལ་བ་འཆར། །ནམ་མཁའ་དག་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ནས། གཙུག་ཏོར་རྣམ་པར་བལྟ་བའི་ལྟ་སྟངས་ཀྱིས་བལྟས་པས། སེམས་གསལ་སྟོང་གི་ངང་ལས་སྐད་ཅིག་དེའི་མོད་ལ་འཆར་བ་ནི་ཟུང་འཇུག་གི་ཡེ་ཤེས་ཡིན་ནོ། །སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པའི་དོན་ཏོ། །ཕྱི་ནང་གསང་བའི་འོད་གསལ་འཆར་ཚུལ་ནི། དེའི་ཚེ། ཕྱི་རོལ་དཔེ་ཡི་ནམ་མཁའ་དག་པ་ལས། ། ནང་གི་ཆོས་ཉིད་དོན་གྱི་ནམ་མཁའ་ཆེ། །གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་སྟེ། །ནམ་མཁའ་སུམ་སྤྲུགས་དགོངས་པ་ཤེས་པར་བྱ། །དཔེ་ཕྱི་རོལ་གྱི་ནམ་མཁའ་ལ་བལྟས་པས། དོན་རང་གི་རིག་པ་ཤར་ཏེ། གསང་བ་ཡེ་ཤེས་ཀྱི་དགོངས་པ་འཆར་བ་འདི་ནི་མཐར་ཐུག་དོན་གྱི་གདམས་པ་ཐམས་ཅད་འདིར་དངོས་སུ་བསྟན་པ་ནི། དོ་ཧ་ལས། འོན་ཀྱང་གཅིག་ཏུ་བླ་མའི་ཞལ་ལ་ལྟོས་པ་ཡིན། །ཞེས་པ་དང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་པའི་དོན་ཏེ། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་དག་ལ་དྲིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁར་རྣལ་འབྱོར་དུ་བྱེད་པ་ཡིན་ནོ་ཞེས་པ་དང༌། དོ་ཧ་ལས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུའང་སེམས་གཟུང་བྱ། །ཞེས་པའི་དོན་ཏོ། །དཔེ་ནམ་མཁའ་སྟོང་གསལ་འགག་པ་མེད་པ་བཞིན་དུ། དེ་དུས་ཀྱི་ཤེས་པའང་སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནང་གི་ནམ་མཁའོ། །དེ་ལས་སྟོང་གསལ་སྤྲོས་པ་དང༌། །བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་དང་ལྷན་ཅིག་ཤར་བས། ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་དུ་རང་གྲོལ་ཏེ་དངོས་པོ་དང་མཚན་འཛིན་ཐམས་ཅད་ལས་གྲོལ་བ་ནི་གསང་བ་འོད་གསལ་ཆེན་པོའི་ནམ་མཁའོ། །དེའི་དུས་སུ་དུ་བ་ལ་སོགས་པའི་རྟགས་བཅུ་དང༌། འོད་ལྔའི་སྣང་བའང་རླུང་སེམས་དབུ་མར་ཆུད་པས་ནམ་མཁའི་དབྱིངས་ཀུན་ཏུ་སྣང་བར་བྱེད་དོ། །ཕལ་པོ་ཆེ་ལས། རང་བཞིན་དམིགས་སུ་མེད་པ་ལས། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ལ་ལ་ནམ་མཁའི་དཀྱིལ་ནས་གསལ། །སྣ་ཚོགས་བརྗོད་ཀྱིས་མི་ལང་བའོ། །ཞེས་སོ། །འདི་དག་ནི་ཡང་དག་པའི་ཏིང་ངེ་འཛིན་བརྟན་པའི་རྟགས་ཏེ་མི་འདོད་ཀྱང་ངང་གིས་འབྱུང་བ་ཡིན་ནོ། ། གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་ལ་བརྒྱད་ལས། རྫོགས་ཆེན་སྤང་བླང་ལས་འདས་པར་བསྟན་པ་ནི། དོན་གསུམ་པ། གཉིས་མེད་བསྒྲུབ་པ་ངོ་བོའི་ཡན་ལག་ནི། །ཐམས་ཅད་ངོ་མཉམ་རྫོགས་པ་ཆེན་པོའི་ངང༌། །སྤང་བླང་མི་བྱ་དམིགས་གཏད་ཞེན་པ་དོར། །འཛིན་ཞེན་ཐམས་ཅད་སྲིད་པའི་འདུ་བྱེད་ལ། །དམིགས་གཏད་མེད་ན་མཁའ་བཞིན་བཅིངས་གྲོལ་མེད། །འདི་ལྟར་གཤིས་ཀྱི་ངོ་བོ་ནི་རྩོལ་སྒྲུབ་སྤང་བླང་ལས་འདས་པ་ནམ་མཁའ་ལྟ་བུ་ཡིན་ལ། དེའི་དོན་རྟོགས་པ་ལྟ་བ། དེའི་ངང་ལས་མ་ཡེངས་པ་བསྒོམ་པ་ཡིན་པས་ན། སྒོམ་པ་དེ་ཡང་ཡོད་མེད་སྤང་བླང་རེ་དོགས་ལས་འདས་པར་ཤེས་ནས། བསྒོམ་པའི་ཏིང་ངེ་འཛིན་འདི་བསྒོམས་པས་བརྟན་པ་ཐོབ་ནས་བཟང་དུ་འགྲོ་སྙམ་པའང་མེད་པས་བསྒོམས་ན་གཞན་ལྟ་ཅི་སྨོས་ཏེ། ཀུན་བྱེད་ལས། བདེ་བ་འདོད་པ་ཆགས་པའི་ནད་ཡིན་པས། ། འདོད་པ་མེད་པས་བདེ་བ་ལེན་པར་བྱེད། །སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་པ་དང༌། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་ནི་བསྒྲུབ་མི་དགོས། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་སོ། །དེའང་འཛིན་ཞེན་ཡོད་ན་སྲིད་པ་ལས་མི་གྲོལ་ཏེ། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། རེ་དང་དོགས་པའི་དུག་གིས་རྣལ་འབྱོར་སེམས་མྱོས་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་དེར་འཆིང་བར་འགྱུར། །ཞེས་སོ། །དམིགས་གཏད་མེད་ན་བཅིང་གྲོལ་ལས་འདས་ཏེ། དེ་ཉིད་ལས། རེ་དོགས་མེད་པའི་མཐར་ཐུག་པ་ནི་རྡོ་རྗེའི་སེམས། །དམྱལ་བར་སོང་སྲིད་ན་ཡང་དེ་ལ་སྡུག་བསྔལ་མེད། །འབྲས་བུའི་མཆོག་ལ་གནས་ཀྱང་ལྷག་པ་རྙེད་མིན་པས། །བདེ་དང་སྡུག་བསྔལ་ཉིད་ཀྱིས་ཕན་དང་གནོད་སྤངས་ནས། །བཟང་དང་དམན་པའི་སྤྱོད་པས་དེ་ལ་འཕེལ་འགྲིབ་མེད། ། རྟོགས་པའི་ཡེ་ཤེས་གཉིས་བྲལ་འདི་ལས་མ་གཏོགས་པའི། །སངས་རྒྱས་ཆེ་བར་འདོད་ན་རྨོངས་པར་ཤེས་པར་བྱ། །ཞེས་སོ། ། དེ་དག་གི་དོན་དཔེས་བསྟན་པ་ནི། དེ་ལྟ་བུའི་ཆོས་ཉིད་སྤང་བླང་ལས་འདས་པའི་རང་བཞིན་རྒྱས་པར་བཤད་པ་ནི། དཔེ། ཇི་ལྟར་གཟུགས་བརྙན་སྣ་ཚོགས་མེ་ལོང་དང༌། །དེ་ལྟར་ཆོས་རྣམས་སྣ་ཚོགས་སྟོང་པའི་ངང༌། །གཟུགས་བརྙན་མེ་ལོང་གི་ངོས་ལས་གཞན་མ་ཡིན་པ་ལྟར། ཆོས་ཐམས་ཅད་སྟོང་པའི་ངང་དུ་ཤེས་པར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། མེ་ལོང་དག་ཅིང་གསལ་བ་ལ། ། གཟུགས་བརྙན་རང་བཞིན་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་མ་སྐྱེས་ པའི། །གཟུགས་བརྙན་ཡང་དག་བལྟ་བར་བྱོས། །ཞེས་སོ། ། དགག་སྒྲུབ་དཔེས་བསྟན་པ་ནི། །ཡང་དཔེ། ཇི་ལྟར་སྤྲིན་རྣམས་སྣ་ཚོགས་ནམ་མཁའི་ངང༌། །དེ་བཞིན་དགག་སྒྲུབ་སྣ་ཚོགས་སེམས་ཉིད་ངང༌། །སྐད་ཅིག་གིས་འཁྲིགས་ཤིང་དེངས་པའི་སྤྲིན་རྣམས་ནམ་མཁའི་ངང་ལས་མ་གཡོས་པ་བཞིན་དུ། བློ་ལ་དགག་སྒྲུབ་ཅི་ཤར་ཡང་སེམས་ཉིད་ཀྱི་ངང་ལས་མ་གཡོས་ཏེ། མན་ངག་གསེར་ཕྲེང་ལས། སྤྲིན་རྣམས་ཐམས་ཅད་ནམ་མཁའི་ངང༌། །སེམས་ཀྱི་རྟོག་པ་ཆོས་ཉིད་དང༌། །ཞེས་སོ། ། ཉམས་རྟོགས་དཔེས་བསྟན་པ་ནི། ཡང་དཔེ། ཇི་ལྟར་ཆུ་བོ་སྣ་ཚོགས་རྒྱ་མཚོའི་ངང༌། །དེ་བཞིན་ཉམས་རྟོགས་སྣ་ཚོགས་སྒོམ་པའི་ངང༌། །ཆུ་བྲལ་རྒྱ་མཚོར་རོ་གཅིག་པ་ལྟར། ཉམས་རྟོགས་སྒོམ་པར་རོ་གཅིག་པ་ནི། དེ་ཉིད་ལས། ཡོན་ཏན་རིན་ཆེན་རྒྱ་མཚོ་ལ། །སྣ་ཚོགས་ཉམས་ཀྱི་ཆུ་རྣམས་ཀུན། །འབབ་ཅིང་ངང་གིས་མི་གཡོ་བ། །སེམས་བརྟན་ཡིད་བཞིན་ཁྱད་པར་རོ། །ཞེས་སོ། ། འཁོར་འདས་དཔེས་བསྟན་པ་ནི། ཡང་དཔེ། ཇི་ལྟར་སྒྱུ་མ་སྣ་ཚོགས་སྤྲུལ་པའི་ངང༌། །དེ་བཞིན་འཁོར་འདས་སྣ་ཚོགས་ཆོས་ཉིད་ངང༌། །སྒྱུ་མ་ཐམས་ཅད་སྣང་དུས་ནས་རང་བཞིན་མེད་པ་ལྟར། འཁོར་འདས་ཆོས་ཉིད་ལས་མི་གཡོ་བར་ཤེས་པར་བྱ་སྟེ། བཟང་པོས་ཞུས་པའི་མདོ་ལས། །ཆོས་ཀུན་སྒྱུ་མའི་རང་བཞིན་དུ། །ངོ་བོ་ཉིད་ཀྱིས་སྟོང་པར་བསྟན། །ཞེས་པ་དང༌། དོ་ཧ་ལས། འཁོར་བ་གང་ཡིན་མྱ་ངན་འདས་པ་གང༌། །ཞེས་སོ། ། སེམས་དང་སེམས་ཉིད་བསྟན་པ་ནི། ཡང་དཔེ། ཇི་ལྟར་ཕྱོགས་བཅུའི་ནམ་མཁའ་གཞི་བྲལ་ངང༌། །དེ་བཞིན་ཡེ་གྲོལ་ཆོས་རྣམས་ལྟ་བའི་ངང༌། །ཇི་ལྟར་ཆུ་ལ་ཆུ་བཞག་གཉིས་མེད་དང༌། །དེ་བཞིན་སེམས་དང་སེམས་ཉིད་དབྱེར་མེད་དང༌། ། ནམ་མཁའི་དབྱིངས་ལ་རང་བཞིན་ཐ་དད་པ་མེད་པ་ལྟར། །ཆོས་ཐམས་ཅད་ལ་རང་བཞིན་གཉིས་སུ་མེད་དེ། ཀུན་བྱེད་ལས། ནམ་མཁའ་དབྱེ་བ་མེད་པ་བཞིན། །དེ་བཞིན་ཆོས་རྣམས་དབྱེར་མེད་དོ། །ཞེས་སོ། །ཆུ་དང་ཆུ་འདྲེས་དུས་གཉིས་སུ་མེད་པ་ལྟར། སེམས་ཉིད་ཀྱི་ངང་དུ་སེམས་བྱུང་གི་རྟོག་པ་རང་ཞིར་ཐིམ་པས་གཉིས་སུ་མེད་དོ། །གསེར་ཕྲེང་ལས། ཇི་ལྟར་ཆུ་ལ་ཆུ་ཐིམ་ལྟར། ། སེམས་དང་སེམས་ཉིད་གཉིས་མེད་དོ། །ཞེས་སོ། ། རྟོག་དང་མི་རྟོག་དཔེས་བསྟན་པ་ནི། ཡང་དཔེ། ཇི་ལྟར་སྣ་ཚོགས་རྨི་ལམ་གཉིད་ཀྱི་ ངང༌། །དེ་བཞིན་བླང་དོར་གཉིས་མེད་སྤྱོད་པའི་ངང༌། །ཇི་ལྟར་མཚོ་དང་དབའ་རླབས་ཆུ་བོའི་ངང༌། །དེ་བཞིན་རྟོག་དང་མི་རྟོག་མཉམ་པའི་ངང༌། །རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟར། བླང་དོར་ཐམས་ཅད་གཉིས་སུ་མེད་པའི་ངང་དུ་རོ་གཅིག་པ་ནི། །དེ་ཉིད་ལས། རྨི་ལམ་གཉིད་ཀྱི་ཀློང་ན་གསལ། །ཆོས་རྣམས་སྟོང་པ་གཉིས་མེད་གསལ། །ཞེས་སོ། །དབའ་རླབས་ཆུའི་དབྱིངས་དང་བཅས་པ་ཆུ་ལས་གཞན་མ་ཡིན་པ་ལྟར། །རྟོག་པ་དང་མི་རྟོག་པ་མཉམ་པ་ཉིད་ནི། དོ་ཧ་ལས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་སོ། ། རེ་དོགས་དཔེས་བསྟན་པ་ནི། ཡང་དཔེ། ཇི་ལྟར་ཚོང་པ་དོན་གྲུབ་བདེ་བའི་ངང༌། །དེ་བཞིན་རེ་དོགས་གཉིས་མེད་འབྲས་བུའི་ངང༌། །ཐམས་ཅད་ཕྱམ་གཅིག་རྫོགས་པ་ཆེན་པོའི་ངང༌། །ཁྱབ་གདལ་དབྱིངས་ཀྱི་ཆོས་ཉིད་ཤེས་པར་བྱ། །ཚོད་ཟིན་ནས་སེམས་རེ་དོགས་མེད་པའི་ངང་དུ་བློ་བདེ་བ་ལྟར། སངས་རྒྱས་རང་སེམས་སུ་ཐག་ཆོད་ནས་དེའི་ངང་དུ་བློ་བདེ་བ་ཡང༌། དེ་ཉིད་ལས། གླང་ཆེན་ལོབ་ནས་སེམས་ཚགས་ཚུད་པ་ན། །དེར་ནི་འགྲོ་འོང་བཅད་ནས་དལ་བ་སྟེ། །འདི་ལྟར་རྟོགས་ན་གང་དུའང་འདྲི་ས་མེད། །ཅེས་སོ། །དེའང་སེམས་ཉིད་རང་བྱུང་གི་ཡེ་ཤེས་བླང་དོར་མེད་པའི་ངང་འདིར་ཐམས་ཅད་རྫོགས་པས་བྱ་བཙལ་མཚན་མའི་འདུ་ཤེས་ལས་གྲོལ་བར་བྱ་སྟེ། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱ་བྱེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང༌། ། དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ནས། ། རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་སོ། ། སྤྱི་དོན་གསུམ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་དེ་དག་གི་དགེ་བ་སེམས་ཅན་ལ་བསྔོ་བ་ནི། ཚུལ། དེ་ལྟར་སྣ་ཚོགས་གཉིས་མེད་རོ་གཅིག་གིས། །འགྲོ་ཀུན་བདག་གཞན་གཟུང་འཛིན་ལས་གྲོལ་ཏེ། །འདི་ཞེས་དམིགས་པས་འཁྲུལ་པའི་སྲིད་པ་འདིར། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །མཆོག་ཏུ་རྨད་དུ་བྱུང་བའི་དགེ་བ་དྲི་མ་མེད་པ་ནམ་མཁའ་ལྟར་ཡངས་ཤིང་གཉིས་སུ་མེད་པ་དེས། འགྲོ་བའི་ཁམས་གང་རྣམས་རིང་མོ་ཞིག་ནས་གཉིས་སུ་གཟུང་བའི་འཁྲུལ་པས་སྲིད་པར་དུབ་པ་ལས། བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་དུ་རྣམ་པས་འཕྲོ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མེ་ཏོག་བརྩེགས་པའི་སྐྱེད་མོས་ཚལ་དུ་ངལ་སོས་པར་ཤོག་ཅིག་ཅེས་པའོ། །ལྷ་ཡུལ་ས་སྟེང་ནམ་མཁའ་རྣམ་བརྒྱན་པའི། །འོད་ཀྱི་རྐང་རྟེན་དམར་བ་ལས་བྱུང་བ། །འཕགས་པའི་འདུན་སར་འགྲོ་ཀུན་ལེགས་བགྲོད་དེ། །རྒྱལ་མཛོད་འབྱོར་པ་རྒྱ་ཆེན་དང་ལྡན་ ཤོག །རི་རྩེ་ནགས་ཀྱི་མཐོངས་ནི་ཉམས་དགའ་བ། །སྨན་ལྗོངས་མེ་ཏོག་འབབ་ཆུས་བརྒྱན་པ་དེར། །བདག་གི་ཚེ་འདི་དོན་ཡོད་འདའ་བྱེད་ཅིང༌། །རྣམ་གྲོལ་ཡོན་ཏན་མཆོག་རབ་འགྲུབ་པར་ཤོག །ཟླ་བའི་རྐེད་ངོས་སྤྲིན་གྱིས་མཛེས་པ་གང༌། །ཆེས་དཀར་ཀུ་མུ་ཏ་རྣམས་རྒྱས་བྱེད་ལྟར། །འོད་བཟང་ཞི་བའི་རི་བོང་འཛིན་ཟེར་གྱིས། །མ་ལུས་འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཅིག ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཏིང་ངེ་འཛིན་བསྒྲུབ་པའི་ཡན་ལག་ཐབས་ལ་མཁས་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པའོ།། །།མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༡༽ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། སྨད་ཆ།

- PAGE 372 -- PAGE 371 -