volume 021 479

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 11:02, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ ཤིང་རྟ་ཆེན་པོའི་སྨད་ཆ་བཞུགས་སོ། །

«དེ་ལྟར་སྨོན་པ་ཚད་མེད་པ་བཞིས་སེམས་རྒྱུད་ལེགས་པར་སྦྱངས་རྗེས། བརྒྱད་པ་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རྒྱ་མཚོའི་སྙིང་པོར་གྱུར་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོར་བཤད་པའི་ལེའུ་ལ་སྤྱི་དོན་གསུམ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པར་བསྟན་པ། སེམས་བསྐྱེད་ཚུལ་དངོས་རྒྱས་པར་བཤད་པ། སྐབས་ཀྱི་དགེ་བ་བསྔོ་» «བའོ། །སྤྱི་དོན་དང་པོ་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པར་བསྟན་པ་ནི།» ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་བརྗོད་པར་བྱ་སྟེ། བཤད་མ་ཐག་པའི་ཚུལ། དེ་ལྟར་ཚད་མེད་ལེགས་པར་གོམས་པ་ཡིས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་གཉིས་བསྒོམ། ། ཞེས་སྨོས་ཏེ། དེའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ། ལམ་ཐམས་ཅད་ཀྱི་སྙིང་པོ། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ། མྱུར་དུ་བླ་ན་མེད་པའི་ཁང་བཟངས་སུ་བགྲོད་པའི་བཞོན་པ་ནི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ཡིན་པས། འདིར་དེ་བསྐྱེད་པ་ལ་བསླབ་པར་བྱ་སྟེ། བྱམས་པས་ཞུས་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ། ཆོས་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་སོ། ། « སྤྱི་དོན་གཉིས་པ་སེམས་བསྐྱེད་ཉིད་རྒྱས་པར་བཤད་པ་ལ་བཅུ་སྟེ། དང་པོ་ཕན་ཡོན་བཤད་པ་ལའང་དྲུག་ལས། སྲིད་ནས་ཞི་བར་འདྲེན་པའི་ཕན་ཡོན་ནི།» དེ་དག་གི་ཡོན་ཏན་ཇི་ལྟ་བུ་ཞེ་ན། དེ་ཡང་ཉོན་མོངས་སྲིད་མཚོ་མཐར་འབྱིན་ཞིང༌། །འཇིགས་དང་མྱ་ངན་སྡིག་ཀུན་སེལ་བྱེད་དེ། ། ལས་དང་སྡུག་བསྔལ་འདུ་བྱེད་རྣམ་པར་འཇོམས། །སྲིད་ནས་ཞི་བར་འགྲོ་བ་འདྲེན་བྱེད་ཡིན། །ཞེས་སྨོས་ཏེ། འདི་ལྟར་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་ནི། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སྲིད་པའི་ཆུ་བོ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུའོ་ཞེས་སོ། །འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱེལ་མ་དཔའ་བོ་ལྟ་བུ་སྟེ། བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ། འདི་ལྟེ་སྟེ། དཔའ་བོ་ལ་བརྟེན་པ་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་བོ་བརྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ་ཞེས་པ་དང༌། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་སོ། །མྱ་ངན་དང་སྡིག་པ་མཐའ་དག་ཀྱང་སེལ་བར། དེ་ཉིད་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། ། སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་པ་དང༌། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། མི་གང་ལ་ལ་བྱང་ཆུབ་རྡུལ་དང་བྲལ་བ་བླ་མེད་ཞིང་འཇུག་པ། །དེ་ནི་ངན་སོང་ངན་འགྲོའི་ལམ་དང་མི་ཁོམ་བརྒྱད་པོ་ཐམས་ཅད་གཅོག །དེ་ནི་ལྷ་དང་མི་ཡི་ལམ་རྣམས་རབ་ཏུ་དབྱེ་ཞིང་རྣམ་པར་སྦྱངས། །ལོང་བར་མི་འགྱུར་འོན་པར་མ་ཡིན་དབང་པོ་ཐམས་ཅད་ཚང་བར་འགྱུར། །ཞེས་སོ། །ལས་དང་ཉོན་མོངས་པའི་བུད་ཤིང་བསྲེག་པས་མེ་དང་འདྲ་བ་ཉིད་ཀྱང༌། སྔ་མ་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། ། ཅེས་པ་དང༌། བྱམས་པའི་རྣམ་ཐར་ལས། ཉེས་པ་ཐམས་ཅད་བསྲེག་པས་བསྐལ་པ་འཚིག་པའི་མེ་ལྟ་བུའོ་ཞེས་སོ། །གཞན་ཡང་སངས་རྒྱས་ཐོབ་པར་བྱེད་པས་སྲིད་པ་ནས་འདྲེན་པ་ཡིན་ཏེ། །སྤྱོད་འཇུག་ལས། འདི་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། ། ཅེས་སོ། ། « འཇིག་རྟེན་གྱི་མཆོད་སྡོང་དུ་འགྲོ་བའི་ཕན་ཡོན་ནི།» གཞན་ཡང་སེམས་བསྐྱེད་པ་དེ་ཡོད་པའི་མི། །གང་ལ་སེམས་དཔའ་མངོན་གྱུར་མེད་ན་ཡང༌། །སྙིང་རྗེའི་དགེ་རྒྱུན་གོང་ནས་གོང་འཕེལ་ཞིང༌། །མཉམ་གཞག་ན་ཡང་ཐབས་ཤེས་ཟུང་དུ་འབྲེལ། ། ལུས་ངག་རྩོམ་པ་ཐམས་ཅད་དོན་ཡོད་ཅིང༌། །ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་སྡོང་འགྱུར། །འདི་ལྟར་སེམས་བསྐྱེད་པ་དེ་ཐོབ་ལ་མ་ཉམས་པར་ཡོད་པས་སེམས་མི་རྟོག་པར་མཉམ་པར་བཞག་པ་ན་ཡང༌། དེའི་ཤེས་རབ་དེ་དང་ཟུང་དུ་འབྲེལ་བ་དང༌། གཉིད་དུ་སོང་བ་དང༌། བརྒྱལ་བ་དང༌། དྲན་པའི་འདུ་ཤེས་མེད་པར་སྙོམས་པར་འཇུག་པ་དང༌། འདུ་ཤེས་དང་ཚོར་བ་དང་འགོག་པའི་སྙོམས་འཇུག་དང༌། རྟག་ཏུ་འདུ་ཤེས་མེད་པ་སྟེ་གནས་སྐབས་ལྔར་སེམས་མངོན་གྱུར་པ་མེད་པར། སུམ་ཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པ་འོ། །ཞེས་པ་ལྟར་གྱུར་པ་ནའང་སེམས་བསྐྱེད་སྔར་ཐོབ་ལ་མ་ཉམས་པར་ཡོད་ན་བསོད་ནམས་རྒྱུན་མི་འཆད་པར་ཡོད་པ་ཉིད། སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། ། མཐའ་ཡས་རབ་ཏུ་གྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །ཞེས་སོ། །གཞན་ཡང་རྩོམ་པ་ཐམས་ཅད་དོན་ཡོད་པར། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་སོ། །དེའང་གང་ཅི་བྱ་བ་ལུང་མ་བསྟན་དང༌། དགེ་བ་ཅི་སྤྱོད་པ་ཐམས་ཅད་སེམས་བསྐྱེད་མངོན་གྱུར་གྱིས་འཕྲལ་དུ་མ་ཟིན་ཀྱང༌། ཐོབ་ལ་མ་ཉམས་པའི་སེམས་བསྐྱེད་ཀྱིས་ཟིན་པས་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་བ་ཡིན་ནོ། །འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བ་ཡང༌། སྡོང་པོ་བཀོད་པ་ལས། སེམས་བསྐྱེད་པ་དེ་དང་ལྡན་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་སྡོང་ཆེན་པོའོ་ཞེས་སོ། ། «དགེ་བ་གོང་ནས་གོང་དུ་འཕེལ་བའི་ཕན་ཡོན་ནི། »འདི་ལྟར་བསོད་ནམས་ཆ་མཐུན་གྱི། དགེ་གཞན་འབྲས་བུ་དམན་ཏེ་ཟད་པ་ལྟར། །རིན་ཆེན་སེམས་ཟིན་དགེ་བ་མི་ཟད་འཕེལ། །ཇི་ལྟར་རྒྱ་མཚོ་དངས་པའི་ཆུ་འབབ་དང༌། །ས་གཞི་བཟང་པོར་ལོ་ཐོག་ཕུན་ཚོགས་བཞིན། །འདི་ལྟར་རྒྱ་མཚོར་བབ་པའི་ཆུ་ཐིགས་པ་གཅིག་ཀྱང་བསྐལ་པའི་བར་དུ་མི་ཟད་ཅིང་འཕེལ་བ་དང༌། ས་གཞི་བཟང་པོར་ཏིལ་ཉག་མ་གཅིག་བཏབ་ཀྱང་རྒྱ་ཆེར་འཕེལ་བ་ལྟར། སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་དེ་དང་འདྲ་སྟེ། བྱམས་པས་ཞུས་པའི་མདོ་ལས། བྱམས་པ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་ཅིག་བབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ། ཡང་འདི་ལྟ་སྟེ་དཔེར་ན། འབྱུང་ཁུངས་བཟང་བར་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ཡང་རྒྱ་ཆེར་འཕེལ་བར་འགྱུར་རོ་ཞེས་སོ། ། གཞན་ཡང་བསོད་ནམས་ཆ་མཐུན་གྱི་དགེ་བ་ཆུ་ཤིང་ལྟར་ལན་གཅིག་འབྲས་བུ་ཕྱུང་ནས་ཟད་པ་ལྟ་བུ་མ་ཡིན་པར། གནས་སྐབས་དང་མཐར་ཐུག་གི་བདེ་འབྲས་དཔག་ཏུ་མེད་པ་བྱུང་ཡང་མི་ཟད་ཅིང་འཕེལ་བ་འབྲས་ལྡན་ཆེན་པོའི་ལྗོན་ཤིང་ལྟ་བུ་སྟེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་དང༌། ཟ་མ་ཏོག་བཀོད་པ་ལས། འཇམ་དཔལ། འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ། ། འཇམ་དཔལ། དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་གཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་སོ། ། «ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕན་ཡོན་ནི།» གཞན་ཡང་ལེགས་པའི་ཆོས་མ་ལུས་པ། ཀུན་གྱི་རྩ་བ་ས་བོན་སྙིང་རྗེའི་བདག །སྲིད་པ་ན་ཡང་བདེ་བའི་འབྲས་མང་ཞིང༌། །ཞི་བའི་རང་བཞིན་བྱང་ཆུབ་མཆོག་གི་རྒྱུ། །རིན་ཆེན་སེམས་ལེགས་བསྐྱེད་ལ་འབད་པར་མཛོད། །ཇི་སྐད་དུ། ཚངས་པས་ཞུས་པའི་མདོ་ལས། ཚངས་པ། འདི་ལ་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པས་ས་བོན་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ལས་ནི་མྱུ་གུ་དང༌། ལོ་མ་དང༌། མེ་ཏོག་དང་འབྲས་བུ་འབྱུང་བ་དེ་བཞིན་དུ། ལྷག་པའི་བསམ་པ་ལས་ནི་ལྷ་དང་མིའི་ནང་དུ་བདེ་བ་དུ་མ་མྱོང་ཞིང༌། སླར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བྱེད་དོ་ཞེས་པ་དང༌། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱཻས་ཏེ་བདེ་བ་མྱོང༌། ལན་དུ་མར་མིའི་ནང་དུ་སྐྱེས་ཏེ་བདེ་བ་མྱོང༌། ལྷ་དང་མིར་བཅས་པ་ཐམས་ཅད་དུ་ཡང་དབང་པོ་བྱེད་པར་གྱུར་ཀྱང༌། ད་དུང་དུའང་རྒྱལ་པོ་ཁྱོད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བས་བྲི་བའམ་གང་བར་མི་མངོན་ནོ་ཞེས་སོ། ། «སྡུག་བསྔལ་གྱི་ནད་གསོ་ཞིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕན་ཡོན་ནི། »གཞན་ཡང་ཕན་ཡོན་ཚད་མེད་དེ། སེམས་བསྐྱེད་པ། དེ་ནི་དཔལ་རྒྱས་ཡིད་བཞིན་བུམ་པ་བཟང༌། ། འགྲོ་བའི་ནད་གསོ་བདེ་འབྱུང་སྨན་གྱི་མཆོག །ཡེ་ཤེས་ཉི་མ་གདུང་སེལ་ཟླ་བ་སྟེ། །མཁའ་བཞིན་དྲི་མེད་ཡོན་ཏན་རྒྱུ་སྐར་ཚོགས། །རྟག་ཏུ་ཕན་བདེ་བྱེད་པའི་རང་བཞིན་ལ། ཞེས་པ་ནི། སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པ་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བ་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པས་ཡིད་ཀྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །འཁོར་བའི་ཆུ་བོ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་སྡོང་ལྟ་བུའོ། །བསམ་པ་ཐམས་ཅད་འགྲུབ་པས་བུམ་པ་བཟང་པོ་ལྟ་བུའོ་ཞེས་པ་དང༌། སྤྱོད་འཇུག་ལས། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། ། འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུངས་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང༌། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་སོ། ། «ཡོན་ཏན་རྒྱ་ཆེ་བའི་ཕན་ཡོན་ནི།» དེ་ལྟ་བུའི་ཡོན་ཏན་ཚད་མེད་ཅིང་བློས། བསམ་ཡས་བསོད་ནམས་སྤྲིན་ཚོགས་དཔག་ཏུ་མེད། །རྒྱལ་བའི་ཡོན་ཏན་ཤིན་ཏུ་རྨད་བྱུང་དང༌། །ཆོས་ཀྱི་དབྱིངས་ལྟར་དཔག་ཡས་རྒྱ་ཆེ་འོ། །འདི་ལྟར་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་འཛིན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་དེ་གང་ཞེ་ན་འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་སོ། །དེ་བཞིན་དུ་ཆོས་ཀྱི་རྣམ་པ་དུ་མ་དག་ཀྱང་སྣང་ཞིང་སངས་རྒྱས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། གང་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ནའང་ནམ་མཁའི་དཀྱིལ་དང༌། རྩིག་པ་དང༌། ཤིང་ལྗོན་པ་རྣམས་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱིས་དཔྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ༌། །དེ་བས་ན་བྱང་ཆུབ་སེམས་དཔས་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས། འདི་ལྟ་སྟེ་དཔེར་ན། གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། ། བཅོམ་ལྡན་འདས། འདི་ལྟ་སྟེ་དཔེར་ན། ཡན་ལག་གི་དང་པོ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །དེ་བཞིན་དུ་ལྷག་པའི་བསམ་པ་གང་ལ་ཡོད་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ་ཞེས་སོ། ། གཞན་ཡང་དེ་བཞིན་གཤེགས་པ་མཆོད་པའི་མཆོག་ཏུ་འགྱུར་ཏེ། ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ནས། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ ནས། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། ། ཞེས་པ་དང༌། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་པ་དང༌། སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་མདོ་ལས། ཚངས་པ། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པའོ། ། བསོད་ནམས་ཚད་མེད་པའོ། །གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང༌། གང་ཇི་ལྟར་ཐོས་པ་རྣམས་དེ་བཞིན་དུ་བསྒྲུབ་པ་སྟེ། ཚངས་པ། གསུམ་པོ་དེ་དག་ནི་དེ་བཞིན་གཤེགས་པ་མཆོད་པ་དང༌། རིམ་གྲོ་བྱ་བ་བླ་ན་མེད་པའོ། །ཚངས་པ། གལ་ཏེ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྐལ་པར་བཞུགས་ནས། མཆོད་པའི་དངོས་པོ་འདི་དག་གི་རྣམ་པར་སྨིན་པ་བསྟན་ཡང་བསྐལ་པ་ཟད་པར་འགྱུར་གྱི། བསོད་ནམས་ཀྱི་ཕུང་པོ་དེའི་ཕན་ཡོན་ཟད་པར་མི་འགྱུར་རོ་ཞེས་སོ། ། གཞན་ཡང་ངན་སོང་ལས་ཐར་ནས་ཞི་བ་དམ་པ་འཐོབ་པ་ལ་སོགས་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང༌། ཕྱག་བྱ་བའི་འོས་སུ་འགྱུར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་པ་དང༌། དམན་པ་མཆོག་ཏུ་གྱུར་བ་ཡང༌། དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌། ། ཞེས་སོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་པ་དང༌། སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལེགས་པ་ཡོད་པ་ཇི་ལྟ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེགས་པ་དང་ཡོན་ཏན་ཡང་དེ་ཙམ་སྟེ། ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེའོ་ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱིས་ཕན་པར་དགོངས་ནས་བསྟན་ཏེ། སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་དེ་ཉིད་ཕན་པར་གཟིགས། །ཞེས་སོ། ། དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་ཡང༌། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་ཞིང་ཆེན་པོ་སྟེ། ལ་ལ་ཞིག་གིས་ཁྲོ་བར་བྱས་ན་ཡང་བསོད་ནམས་མ་ཡིན་པ་ཚད་མེད་པ་དང་དེའི་འབྲས་བུས་ངན་སོང་སྐྱེད་པར་བྱེད་དེ། དེ་ཉིད་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། ། དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ། ཞེས་དང༌། གཞན་ཡང༌། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོར། འཇམ་དཔལ། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་དང་བརྙས་པའི་སེམས་ཇི་སྙེད་པ་དེ་ཙམ་གྱིས་བསྐལ་པར་དམྱལ་བར་གནས་པས་གོ་ཆ་བགོ་བར་བྱའོ་ཞེས་སོ། །འོན་ཏེ་དད་པས་དགེ་བ་བྱེད་ན་ལྷག་པར་ཡང་བསོད་ནམས་འཕེལ་བར། སྔ་མ་ལས། འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །ཞེས་སོ། །ཇི་ལྟར་འཕེལ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ། ཡོངས་སུ་རྟག་པར་གཟུང་སྟེ་དཔེར་བྱ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་པ་ལས། གང་ལ་ལ་ཞིག་གིས་དེ་དག་གི་མིག་བསྐྱེད་པའམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་པ་མུན་ནག་ཅན་དུ་བཙུད་པ་བཏོན་ཏེ། འཁོར་ལོས་སྒྱུར་བའམ་ཚངས་པའི་བདེ་བ་ལ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ཞིང་བསྔགས་པ་བརྗོད་ན། །འདི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ་ཞེས་སོ། །གཞན་ཡང་ཉོན་མོངས་པའི་སེམས་ཀྱིས་བལྟ་ནའང་ངན་སོང་དུ་མི་འགྲོ་ཞིང་མཐོ་རིས་སུ་སྐྱེ་ན་དད་པས་བལྟ་བ་ནི་ལྟ་ཅི་སྨོས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། བྱང་ཆུབ་སེམས་དཔའ་དགའ་བྱེད་ཅེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ཞིག་མཉན་ཡོད་དུ་བསོད་སྙོམས་སྤྱོད་པ་ན། ཚོང་དཔོན་གྱི་བུ་མོ་དཔལ་ཡོན་ཅན་གྱི་མཆོག་ཅེས་བྱ་བས་མཐོང་སྟེ། བུ་མོ་དེ་དག་འདོད་ཆགས་ཀྱི་མེ་རབ་ཏུ་འབར་བས་གདུང་བཞིན་དུ་ཚེའི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེར་ལྷའི་བུ་དེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཨེ་མ་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་ཀྱི་སེམས་ཀྱིས་བལྟས་པས་ཀྱང་རྣམ་པར་སྨིན་པ་འདི་ལྟ་བུ་འབྱུང་བར་འགྱུར་ན། དད་པས་མཆོད་ཅིང་བལྟས་ན་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། ལྷའི་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་འོངས་ཏེ་མེ་ཏོག་ལ་སོགས་པས་མཆོད་པར་བྱས་སོ་ཞེས་སོ། །གཞན་ཡང་དེ་ལ་མ་དད་པས་ངན་སོང་དུ་སོང་ཡང་མཐར་དེའི་ཐུགས་རྗེས་སྐྱོབ་པས་འཁོར་བའི་ཕ་རོལ་དུ་སྒྲོལ་ཞིང༌། དད་པས་འབྲེལ་ནའང་དོན་ཡོད་པས་མྱུར་དུ་བྱང་ཆུབ་འཐོབ་སྟེ། དཀོན་བརྩེགས་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་སྡིག་པའི་ལས་བྱས་པ་དག་ཀྱང༌། ལས་དེས་ངན་སོང་དུ་སོང་བ་ལས། སླར་ཡང་བྱང་ཆུབ་སེམས་དཔའ་དེས་བརྩོན་པ་ཆེན་པོས་ཐར་བར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འཇོག་གོ་ཞེས་པ་དང༌། སྤྱོད་འཇུག་ལས། བདག་ལ་དམིགས་ནས་གང་དག་གིས། ཁྲོ་བའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་དང༌། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་ཀུ་མཆི། །ཞེས་སོ། ། «གཉིས་པ་ངོ་བོ་བཤད་པ་ལའང་བདུན་ལས། སྨོན་འཇུག་གཉིས་སྤྱིར་བསྟན་པ་ནི། »ད་ནི་སེམས་བསྐྱེད་པའི་ངོ་བོ་བཤད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་མཆོག་ཏུ། སེམས་བསྐྱེད་པ་ནི་ཚད་མེད་འགྲོ་བའི་ཕྱིར། །ཡང་དག་སངས་རྒྱས་ཐོབ་པར་འདོད་པ་སྟེ། ། སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །འགྲོ་བར་འདོད་དང་འགྲོ་བ་ཉིད་བཞིན་ནོ། །དེ་ལ་སེམས་བསྐྱེད་པ་ནི་གཞན་དོན་དུ་སངས་རྒྱས་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་ འདོད། །ཅེས་སོ། །དེ་ཡང་སེམས་ནི་དོན་གྱི་ངོ་བོ་རིགས་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་བསྐྱེད་པར་འགྱུར་ཏེ། འདུན་པ་སེམས་བསྐྱེད་ལ་སོགས་པ་ཞར་ལ་ཐོབ་པ་བཞིན་ནོ། །དེ་ལ་ངོ་བོ་གཉིས་ལས། སྨོན་པ་སེམས་བསྐྱེད་ནི་བྱང་ཆུབ་ཐོབ་པར་འདུན་པ་ཡིན་ལ། འཇུག་པ་ནི་དེའི་ཆོས་ལ་སྦྱོར་བ་སྟེ། བསམ་པས་སྨོན་པ་དང་སྦྱོར་བས་ཁྱབ་པ་ཉིད་འགྲོ་བར་འདོད་པ་དང་འགྲོ་བཞིན་པ་ལྟ་བུར། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ལ་འདིར་དབྱེ་ཚུལ་དུ་མ་ཤེས་པར་བྱ་སྟེ། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པ་གཉིས་སུ་ཡང་ཡོད་དེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །དེའང་སོ་སོའི་སྐྱེ་བོ་དང་འཕགས་པའི་སེམས་བསྐྱེད་པ་གཉིས་སམ། ཕྱི་རོལ་སེམས་ཅན་ལ་དམིགས་པ་དང༌། ནང་སེམས་ཉིད་ལ་དམིགས་པ་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་བ། བཅོམ་ལྡན་འདས། སེམས་ཇི་ལྟར་བསྐྱེད་པར་བགྱི། བཀའ་སྩལ་པ། ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པའི་སེམས་སྔོན་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེས་པ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ་ཞེས་སོ། །ཚུལ་ཁྲིམས་གསུམ་མམ་བསླབ་པ་གསུམ་ལ་ལྟོས་ནས་སེམས་བསྐྱེད་པ་གསུམ་དུའང་ཡོད་དེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང༌། དགེ་བའི་ཆོས་སྡུད་པའི་སེམས་དང༌། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ་ཞེས་ སོ། །ཚོགས་སྦྱོར་ན་མོས་པས་སྤྱོད་པ་དང༌། ས་དང་པོ་ནས་བདུན་པའི་བར་ལྷག་བསམ་དག་པ་དང༌། དག་པ་ས་གསུམ་ན་རྣམ་པར་སྨིན་པ་དང༌། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་པ་སྟེ་བཞིར་ཡང༌། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། ། ཞེས་སོ། །ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་ལམ་ལྔའི་སེམས་བསྐྱེད་པ་ལྔར་ཡང་ཡོད་དེ། ཉི་ཁྲི་ལས། ལས་དང་པོ་པའི་སེམས་བསྐྱེད་པ་དང༌། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་པ་དང༌། ཆོས་མཐོང་བའི་སེམས་བསྐྱེད་པ་དང༌། རྣམ་པར་གྲོལ་བའི་སེམས་བསྐྱེད་པ་དང༌། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། རབ་འབྱོར། འདི་ལ་མ་ཞུགས་པ་གཞུག་པར་བྱའོ། །ཞུགས་པ་ཡོངས་སུ་སྦྱང་བར་བྱའོ། །ལྷའི་མིག་བསྐྱེད་པར་བྱའོ། །འཕགས་པའི་ལམ་བདེན་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་ཐོབ་པར་བྱའོ་ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་ནས་དྲུག་ཏུ་ཡང་ཡོད་དེ། དེ་ཉིད་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཡངས་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་དུ་མ་གྱུར་པ་སྟེ་ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ལྟོས་ནས་བཅུར་ཡང་ཡོད་དེ། དགེ་བའི་ལྷས། དེ་ལྟར་ནང་དུ་ཡང་དག་འཇོག་པའི་བསམ་གཏན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ་བསྒོམས་ནས་ཞེས་སོ། །ས་མཚམས་ཀྱིས་དབྱེ་ན་ཉི་ཤུ་རྩ་གཉིས་དཔེས་བསྟན་པ་ཉིད། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་ལྟར། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། ། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོ། །དཔེ་དེ་དག་གི་དོན་ནི་རིམ་པ་ལྟར། དེའི་བགྲེལ་པ་ལས། འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་དང༌། སྦྱོར་བ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་ལ་མཁས་པ་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། བསོད་ནམས་དང་ཡེ་ཤེས་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང༌། སྙིང་རྗེ་དང་ལྷག་མཐོང་དང༌། གཟུངས་དང་སྤོབས་པ་དང༌། ཆོས་ཀྱི་དགའ་སྟོན་དང༌། བགྲོད་པ་གཅིག་པའི་ལམ་དང༌། ཆོས་ཀྱི་སྐུ་དང་ལྡན་པ་ནི་ཞེས་སོ། །ས་མཚམས་ནི། འདུན་པ་ས་ལྟ་བུ་དང༌། བསམ་པ་གསེར་ལྟ་བུ་དང༌། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་གསུམ་ནི་རིམ་པ་ལྟར་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་ལ་དེ་སྐད་ཅེས་བཏགས་སོ། །སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། །སྦྱིན་པ་གཏེར་ལྟ་བུ་དང༌། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང༌། བཟོད་པ་མཚོ་ལྟ་བུ་དང༌། བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང༌། བསམ་གཏན་རི་ལྟ་བུ་ དང༌། ཤེས་རབ་སྨན་ལྟ་བུ་དང༌། ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ་ དང༌། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང༌། སྟོབས་ཉི་མ་ལྟ་བུ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པ་ལྟ་བུ་ནི་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་ནོ། །མངོན་ཤེས་རྒྱལ་པོ་ལྟ་བུ་དང༌། ཚོགས་གཉིས་མཛོད་ཁང་ལྟ་བུ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ་དང༌། སྙིང་རྗེ་ལྷག་མཐོང་གཉིས་བཞོན་པ་བཟང་པོ་ལྟ་བུ་དང༌། གཟུངས་སྤོབས་གཉིས་བཀོད་མའི་ཆུ་མིག་ལྟ་བུ་ལྔ་ནི་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་སྒྲ་བརྙན་ལྟ་བུ་དང༌། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང༌། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་ནི་ས་བཅུ་པ་ལ་ཡོད་དེ་ཡེ་ཤེས་དང་འཕྲིན་ལས་ཆེན་པོས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། དེ་སྐད་དུའང་འགྲེལ་པ་དོན་གསལ་ལས། དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ། །དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། །མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། ། དེའི་འོག་ཏུ་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། དེའི་འོག་ཏུ་སེམས་བསྐྱེད་པ་གསུམ་ནི། སྦྱོར་བ་དང༌། དངོས་དང༌། མཇུག་གི་སྒོ་ནས་སངས་རྒྱས་ཀྱིས་སས་བསྡུས་ཏེ། དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ་ཞེས་སོ། ཁ་ཅིག་སྐབས་འདིའི་ཐ་མ་གསུམ་ཀུན་དུ་འོད་ཀྱི་ས་ལ་སྦྱོར་བའི་ལུང་དུ་འཆད་པ་མི་རིགས་ཏེ། སངས་རྒྱས་ཀྱིས་དེ་ལ་འཇུག་མི་དམིགས་པའི་ཕྱིར་ཏེ། ཟད་པའམ་མཐའ་མི་དམིགས་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཞེས་པ་ཐེག་ཆེན་གྱི་དགྲ་བཅོམ་ཞུགས་པའི་ས་སྟེ་བཅུ་པའི་སྦྱོར་དངོས་རྗེས་གསུམ་དུ་བཤད་ཅིང༌། མདོ་སྡེའི་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཉི་ཤུ་རྩ་གཉིས་པོ་འདི་ཚོགས་ལམ་ནས་ས་བཅུ་པའི་བར་དུ་གསུངས་པ་ཡིན་ནོ། །འདིར་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དམ་མེད་ཅེ་ན། སློབ་ལམ་པའི་སེམས་བསྐྱེད་ལྟར་ད་གཟོད་ཐོབ་པར་འདོད་པ་མེད་དེ་ཐོབ་ཟིན་པའི་ཕྱིར་དང༌། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར་ཆོ་གས་བླངས་པའི་སེམས་བསྐྱེད་མེད་པ་ཡིན་ནོ། །དོན་དམ་སེམས་བསྐྱེད་ཡོད་དེ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་གོང་ནས་གོང་དུ་ཡོད་པའི་ཕྱིར་ཏེ། དོར་བ་མེད་པའི་སྟོང་པ་ཉིད་ཡོད་པའི་ཕྱིར་དང༌། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་དོན་མཛད་པ་ཡོད་དེ། ཡུམ་བར་མ་ལས། ངས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་སེམས་བསྐྱེད་པ་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། སེམས་ཅན་གང་དག་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ལ་ཕན་པ་དང་བདེ་བའི་ཕྱིར་ཆོས་བསྟན་ཏེ་ཞེས་སོ། །དེ་ལྟར་ཉི་ཤུ་རྩ་གཉིས་ལ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པ་ནི་དང་པོ་གསུམ་སྨོན་པ། ཕྱི་མ་བཅུ་དགུ་འཇུག་པར་འདོད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པའི་སེམས་ཞེས་བྱ་བ་ནི། །རྣམ་པ་བཅུ་དགུ་དག་ཏུ་བཞེད། །ཅེས་གསུངས་ཀྱང༌། དེ་རེ་རེའི་སྐབས་སུ་སྨོན་འཇུག་གཉིས་གཉིས་ཡོད་པར་འདོད་དགོས་ཏེ། སྨོན་པ་ནི་བྱང་ཆུབ་དོན་དུ་གཉེར་བའི་ཆ་དེ་ཡིན་ལ། འཇུག་པ་སྦྱོར་བས་ལག་ལེན་ལ་ཁྱད་པར་བྱེད་པའི་ཆ་གཉིས་པོ་ཚང་དགོས་པའི་ཕྱིར་རོ། །སེམས་བསྐྱེད་པའི་རྟེན་ཡང༌། སེམས་ཙམ་པ་ལྟར་ན་དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་སོ་སོར་ཐར་པ་རིགས་བདུན་གང་རུང་གི་རྟེན་ལ་སྐྱེ་སྟེ། བྱང་ཆུབ་ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱིས་གཞན་དུ་ མིན། །ཞེས་སོ། །དབུ་མ་པ་ལྟར་ན་སེམས་བསྐྱེད་ལེན་འདོད་ཀྱི་བསམ་པ་གང་ཡོད་དུ་སྐྱེ་ཡི་དལ་འབྱོར་གྱི་ལུས་ཁོ་ན་མི་དགོས་ཏེ། དཀོན་མཆོག་བརྩེགས་པ་ལས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སོ། །ལུགས་འདི་གཉིས་ཀྱང་དོན་གྱིས་མི་འགལ་བར་གོ་སྟེ། འདི་ལྟར་སེམས་བསྐྱེད་དུས་སོ་སོར་ཐར་པའི་སྡོམ་པར་མིང་མ་བཏགས་ཀྱང༌། དོན་འདྲ་བར་སྲོག་མི་གཅོད་པར་དམ་འཆའ་ནུས་པ་ལ་སོགས་པ་དགོས་པས། དེའི་ཆ་ནས་རྟེན་འདྲ་རུང་དུ་ངེས་ཏེ། དོན་ལ་གནོད་པ་ལས་བློ་ལོག་པ་ཞིག་ལ་སྐྱེ་ངེས་སོ། །སོ་སོར་ཐར་པའི་སྡོམ་པ་གང་རུང་སྡོམ་ནུས་པ་ཞིག་མེད་ན་གང་ལའང་མི་སྐྱེ་སྟེ། སེམས་བསྐྱེད་དེ་ཉིད་ཀྱི་བསླབ་པ་དང་འགལ་བའི་ཕྱིར་རོ། ། མདོར་ན་གང་ལེན་པར་འདོད་པའི་འགྲོ་བ་དེའི་ས་པས་བསྡུས་པ་ནི་ལུས་ཀྱི་རྟེན་ཡིན་ལ། དད་སོགས་བསོད་ནམས་ཀྱི་བློ་ཁྱད་པར་ཅན་ནི་བསམ་པའི་རྟེན་ཡིན་ཏེ། དཀོན་མཆོག་ཏ་ལ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །བྱང་ཆུབ་བླ་ན་མེད་ལའང་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། ། གནས་པའི་རྟེན་ཡང༌། གང་ལ་སྐྱེས་པ་དེའི་རྟེན་ལ་ཉམས་པའི་རྒྱུ་མ་བྱུང་གི་བར་དུ་གནས་སོ། །སེམས་བསྐྱེད་པའི་རྒྱུ་ནི་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོབ་པ་སྟེ་གསུམ་ལས་སྐྱེ་བར། མདོ་སྡེའི་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །དེའང་གྲོགས་དམ་པ་བསྟེན་པའམ་དགེ་བའི་བཤེས་གཉེན་གྱིས་བསྐུལ་ཞིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་པ་མི་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང༌། རང་གིས་དགེ་བ་གོམས་པ་དང༌། རྒྱུ་རིགས་སད་པ་དང༌། རྩ་བ་སྙིང་རྗེ་སྐྱེས་པ་ལས་ནི་འཇུག་པ་སེམས་བསྐྱེད་པ་བརྟན་པ་བསྐྱེད་པའི་རྒྱུར་སྐྱེས་རྗེས་ལས་འབྱུང་བ་སྟེ་འདི་དག་ཡིན་པར་བརྗོད་དོ། ། སེམས་བསྐྱེད་པའི་ངོ་བོ་ཡང༌། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་དང་མ་བྲལ་བའི་སེམས་སྨོན་འཇུག་གིས་བསྡུས་པ་གང་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་གྱུར་པ་སྟེ། སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་གཞན་གྱི་དོན་དུ་ཆས་པ་སྟེ། སྨོན་པ་དང་འཇུག་པའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པ་གང་ཡིན་པའོ་ཞེས་སོ། །དེའང་བྱང་ཆུབ་ཀྱི་སེམས་གཉིས་དང༌། ཚུལ་ཁྲིམས་གསུམ་དང༌། སྡོམ་པ་ཞེས་ལྡོག་པས་ཕྱེ་ཡང་ངོ་བོ་གཅིག་སྟེ། གཞན་དོན་དུ་སེམས་པ་དང་དགེ་བ་སྤྱོད་པས་སྨོན་འཇུག་སྟེ། སློབ་དཔོན་ཤེས་རབ་འབྱུང་གནས་ཀྱི་ཐུབ་པ་དགོངས་རྒྱན་དུ། བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡང་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་ཞེས་སོ། །དེའང་རང་གི་རྒྱུད་སྡོམ་པས་སྡོམ་པའི་ཚུལ་ཁྲིམས། དེ་ལས་གཞན་ཕན་བྱེད་པས་སེམས་ཅན་དོན་བྱེད། ཚོགས་གཉིས་ལ་སོགས་པ་སྤེལ་བས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་ལ། དེ་ཐམས་ཅད་ཀྱིས་ཀྱང་རང་གི་རྒྱུད་ཀྱི་མི་དགེ་བ་ཆ་དང་བཅས་པ་སྡོམ་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་གསུངས་པ་ཡིན་ནོ། །དཔེར་ན་རིན་པོ་ཆེ་གཅིག་ལའང་རིམས་ནད་སེལ་བ་དང༌། དགོས་འདོད་འབྱུང་བ་དང༌། མུན་པ་སེལ་བ་ལ་སོགས་པ་ངོ་བོ་གཅིག་ལ་ལྡོག་པའི་ཆ་ཐ་དད་དུ་ཡོད་པ་བཞིན་ ནོ། ། «སོ་སོའི་རང་བཞིན་རྒྱས་པར་བཤད་པ་ནི། »ད་ནི་སྨོན་འཇུག་གི་ངོ་བོ་བཤད་པ། སྨོན་པ་ཚད་མེད་བཞི་ཡི་ངོ་བོ་ལ། འཇུག་པ་ཕ་རོལ་ཕྱིན་པ་དྲུག་ཏུ་འདོད། དེ་ཡང༌། བྱམས་པས་ཞུས་པའི་མདོ་ལས། བྱམས་པ། དེ་ལ་གཞན་གྱི་དོན་དུ་སྨོན་པ་ཡང་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། བཏང་སྙོམས་ཆེན་པོ་ཡིན་ལ། ཡང་དག་པར་སྤྱོད་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ་ཞེས་སོ། ། « སྨོན་སེམས་ཀྱི་ཕན་ཡོན་བཤད་པ་ནི། »དེ་གཉིས་སོ་སོའི་བྱེ་བྲག་ཕན་ཡོན་གྱི་སྒོ་ནས་ཀྱང་ཤེས་པར་བྱ་བ་ལས། རེ་ཞིག་སྨོན་པའི་ཕན་ཡོན་ནི། འགྲོ་བ། གང་གིས་ཕྱོགས་མཐའ་གཏུགས་པའི་སངས་རྒྱས་ལ། །བསྐལ་པ་བྱེ་བ་མང་པོར་བསྙེན་བཀུར་ཏེ། །རང་ཉིད་ལེགས་པ་ཙམ་ཞིག་དོན་གཉེར་བའི། །བསོད་ནམས་དེ་ཡིས་སྨོན་པའི་ཆར་མི་ཕོད། །ཇི་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། གང་གིས་སངས་རྒྱས་ཐམས་ཅད་ལ། །རིན་ཆེན་བདུན་དང་གཟིམ་ཆ་དང༌། །ཞལ་ཟས་ལྔ་རྫས་དཔག་མེད་ཀྱིས། །ནམ་འཚོའི་བར་དུ་མཆོད་པ་བས། །སྐད་ཅིག་ཙམ་ཞིག་སེམས་ཅན་གྱི། །དོན་དུ་བྱང་ཆུབ་སྨོན་པ་མཆོག །དེ་ལ་ཚད་ནི་མ་མཆིས་སོ། །ཞེས་པ་དང༌། གཞན་ཡང༌། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ནི་སྒོམ་བྱེད་ན། །དེ་ཡི་བསོད་ནས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་ སྤྱོད། །ཅེས་སོ། ། «མཚུངས་པའི་དཔེ་བཤད་པ་ནི།» དེའི་འཐད་པ་འགོད་པ། འགྲོ་བའི་སྡུག་བསྔལ་ཉུང་ཟད་སེལ་བའི་བློ། །སྐད་ཅིག་སྐྱེས་པས་ངན་སོང་ཐར་འགྱུར་ཞིང༌། །ལྷ་མི་བདེ་བ་དཔག་མེད་མྱོང་བར་གསུངས། །དེད་དཔོན་མཛའ་བོའི་བུ་མོས་ཀརྴ་པ་ཎི་བཞི་དང༌། བརྒྱད་དང༌། བཅུ་དྲུག་དང༌། སུམ་རྩ་གཉིས་བྱིན་ནས་མའི་མགོ་བོ་ལ་རྡོག་པས་བསྣུན་པས། རྒྱ་མཚོའི་གླིང་དུ་ལྷའི་བུ་མོ་བཞི་དང༌། བརྒྱད་དང༌། བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་ཀྱིས་བསུ་ཞིང་དགེ་བའི་ལས་ཟད་ནས། ལྷོ་ཕྱོགས་ཀྱི་ལྕགས་ཀྱི་ཁང་པར་ཚུད་དེ་མགོ་ལ་གསོར་འཁོར་བའི་སྐད་ཅིག་ལ་འདི་སྙམ་དུ་ཛམྦཱུའི་གླིང་ན་མའི་མགོ་ལ་རྡོག་པས་བསྣུབ་པ་མང་ན་དེ་དག་ཀྱང་འདིར་འོང་ངེས་ཀྱི། བདག་གི་འདིས་གོ་ཆོད་ནས་དེ་དག་འདིར་མི་སྐྱེ་བར་ཤོག་ཅིག་སྙམ་པའི་སྐད་ཅིག་ལ་གསོར་འཁོར་འཕྲོ་ཆད་དེ་ཚེའི་དུས་བྱས་ནས་དགའ་ལྡན་གྱི་ལྷར་སྐྱེས་པ་དང༌། སྟོན་པ་འདི་དམྱལ་བའི་གནས་སུ་གྱད་བག་ཤི་ཏར་སྐྱེས་དུས་མེའི་ཤིང་རྟ་འདྲེན་པ་ལས་ཀ་མ་རཱུ་པས་ཤིང་རྟ་མ་འདྲོངས་པ་ལ་གཤིན་རྗེའི་ཝ་ཁྲོས་ཏེ་མེའི་ཐོ་བས་བསྣུན་པ་ལ་སྙིང་རྗཻ་སྐྱེས་ཏེ། གྱད་བག་ཤིན་ཏས་ཤིང་རྟ་འདྲེན་པར་བརྩམས་པས། གཤིན་རྗེས་ཐོ་བས་བསྡིགས་ཏེ། རང་རང་གི་ལས་ལ་སྤྱོད་པ་ལ་སུས་ཅི་བྱ་ཞེས་པའི་སྐད་ཅིག་ལ་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་ལ་སོགས་པ་ཚད་མེད་པའི་ཡོན་ཏན་གསུངས་ སོ། ། «འཇུག་པའི་ཕན་ཡོན་བཤད་པ་ནི།» སྨོན་པའི་སེམས་ལ་ཕན་ཡོན་ཆེན་པོ་འཐོབ་པ། དེ་བས་འཇུག་པའི་ཕན་ཡོན་མཐའ་ཡས་ཏེ། །དངོས་སུ་སྦྱོར་བས་ཡང་དག་ཁྱབ་བའི་ཕྱིར། །སྐད་ཅིག་སྦྱོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་བཟླུམས་པར་བཤད། །འདི་ལྟར་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་སྦྱོར་བའི་སྐད་ཅིག་ལ་ཕན་ཡོན་ཚད་མེད་ཅིང་སྨོན་པ་ཙམ་ལའང་ཕན་ཡོན་ཚད་མེད་པའི་ཕྱིར་ཏེ། འདིར་བུ་མོ་ཟླ་མཆོག་གི་མདོ་ལས། གཞན་ལ་ཕན་པའི་སེམས་ཙམ་ལའང༌། །ཕན་ཡོན་ཤིན་ཏུ་ཚད་མེད་ ན། །ཕན་པར་མཛད་རྣམས་སྨོས་ཅི་དགོས། །ཞེས་པ་དང༌། སྤྱོད་འཇུག་ལས། ཕན་པར་བསམས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་ དགོས། །ཞེས་སོ། །དེའི་འཐད་པ་ཡང༌། མི་ནག་མདུང་ཐུང་ཅན་བསད་པས་ཚོགས་བསྐལ་པ་བཞི་ཁྲི་བཟླུམས་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་ཉི་ཁྲིར་ནགས་སུ་ཚངས་པར་སྤྱད་དེ་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ་ཚོང་དཔོན་གྱི་བུ་མོས་མཐོང་ནས། ཁྱིམ་ཐབ་ཏུ་གསོལ་བར་ཁས་མ་བླངས་པས་འཆི་བར་སེམས་པ་ན། སྲོག་ལས་བསྐྱབ་པའི་ཕྱིར་ཚངས་སྤྱོད་བཏང་བས་ཚོགས་བསྐལ་པ་ཉི་ཁྲི་ཟླུམས་པ་ལ་སོགས་པ་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་བཞིན་ནོ། །དེ་ཡང་སྨོན་པ་ལ་འབྲས་བུ་རྒྱུན་ཆགས་སུ་འབྱུང་བའི་བསོད་ནམས་མེད་ལ། འཇུག་པ་ལ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ཁྱད་ཞུགས་པའང་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུད་ཆགས་འབྱུང་བ་མིན། ། ཞེས་སོ། ། «བློའི་སྟོབས་ཀྱིས་ཚོགས་བཟླུམས་ཚུལ་བཤད་པ་ནི།» ད་ནི་ཚོགས་སྐད་ཅིག་རེ་རེས་མང་པོ་བཟླུམས་པར་བཤད་པའི་ཞར་ལ་བློ་དམན་པ་དག་གིས་ལོག་རྟོག་དགག་པ་ནི། རྒྱུ་མཚན། དེ་ཕྱིར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང༌། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག ། དེ་ཡང་ཐབས་དང་བརྩོན་འགྲུས་ཤེས་རབ་མཆོག །གསུམ་གྱིས་སྒྲུབ་གང་བླ་མེད་སྟོབས་ཆེ་འོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དབང་པོ་ཤིན་ཏུ་རྟུལ་པོ་རྣམས་ནི་གྲངས་མེད་པ་སུམ་ཅུ་རྩ་གསུམ་སྟེ། ཚོགས་དང་སྦྱོར་བའི་ལམ་གཉིས་སུ་གསུམ། ས་བཅུ་པོ་རེ་རེ་ལ་གསུམ་གསུམ་མོ། །འབྲིང་པོས་ནི་བདུན་ཏེ། ཚོགས་སྦྱོར་གཉིས་ལ་གཉིས་གཉིས། མཐོང་ལམ་དུ་གཅིག་སྒོམ་པའི་ལམ་དུ་གཉིས་སོ། །རྣོན་པོས་ནི་གསུམ་སྟེ། སློབ་དཔོན་བྷ་བྱས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། དབང་པོ་རྣོན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། དབང་པོ་འབྲིང་པོ་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་སོ། །དབང་པོ་རྟུལ་པོ་ནི་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སོ་ཞེས་པའི་རྣོན་པོའི་གསུམ་ནི། མདོ་སྡེའི་རྒྱན་ལས། གྲངས་མེད་གསུམ་ནི་རྫོགས་པ་ཡིས། །སྒོམ་པ་ཡི་ནི་ཚར་ཕྱིན་ཏེ། །ཞེས་པ་དང༌། བརྒྱད་སྟོང་འགྲེལ་ཆེན་ལས། གྲངས་མེད་པ་དང་པོ་ནི་ཚོགས་ཀྱི་ལམ་ནས་བརྩམས་ཏེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་ རོ། །གཉིས་པ་ནི་ས་དྲི་མ་མེད་པ་ནས་བདུན་པའི་བར་རོ། །གསུམ་པ་ནི་ས་མི་གཡོ་བ་ནས་སངས་རྒྱས་ཀྱི་སའི་བར་དུའོ་ཞེས་པ་དང༌། བྱང་ཆུབ་སེམས་དཔའི་ས་ལས། ཚོགས་སྦྱོར་གཉིས་སུ་གཅིག་དང༌། ས་དང་པོ་ནས་བདུན་པའི་བར་དུ་གཅིག་དང༌། དག་པ་ས་གསུམ་དུ་གཅིག་ཅེས་བཤད་དོ། །དེའང་ཞིང་གི་མི་ཚུན་ཆད་ཞིང་དུ་བརྩི་བ་ལྟར། ས་དང་པོ་ཚུན་ཆད་ཚོགས་སྦྱོར་དུ་གྲངས་མེད་བཤད་པའི་ཚུལ་ས་སྡེའི་དེ་དང་དོན་ལ་གཅིག་གོ །དེ་ལྟར་བཤད་པའི་གྲངས་མེད་ཀྱང་དབང་པོ་རྣོ་རྟུལ་གྱིས་བཞག་ལ། རྣོན་པོའི་གྲངས་མེད་གསུམ་ཡང་ཚོགས་གཉིས་ཀྱི་རིམ་པ་བགས་ཀྱིས་སྙོམས་པར་གསོག་པ་ཞིག་གི་དབང་དུ་བྱས་ཀྱི། ཡང་སེམས་སྟོབས་ཆེ་ན་སྐད་ཅིག་རེ་རེ་ལ་ཚོགས་བསྐལ་པ་མང་པོ་བཟླུམས་པར་བཤད་པས་གྲངས་མེད་གསུམ་ཇི་ལྟ་བར་གསོག་མི་དགོས་ཤིང༌། གསང་སྔགས་ལས་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་ཏེ་སེམས་སྟོབ་ཆེན་པོས་ཚོགས་དཔག་ཏུ་མེད་པ་སྐད་ཅིག་རེ་རེ་ལ་བཟླུམས་པ་ཅན་ལ་རྒྱུན་ཆགས་སུ་སློབ་པས་མྱུར་དུ་ཚེ་གཅིག་ལ་སོགས་པས་གྲོལ་བར་འཐད་པ་ཡིན་ནོ། །དེ་ཡང་དབང་བསྐུར་བ་ཐོབ་ནས་རིམ་གཉིས་བསྒོམ་པ་ལ་ཞུགས་པ་ནི་ཚོགས་ལམ་ཆུང་ངུར་ཆུད་པའོ། །དེ་ནས་བརྩོན་པ་དང་ཐབས་ཆེན་པོས་འབད་ན་ཚེ་དེ་ཉིད་ལ་མཐོང་ལམ་ཐོབ་པར་གསུངས་ལ། མཐོང་ལམ་ཐོབ་ནས་སྐྱེ་འཆི་མེད་པས་ཚེ་དེ་ཉིད་ཀྱིས་སྒོམ་ལམ་མཐར་ཕྱིན་ཏེ་བྱང་ཆུབ་ཐོབ་པར་བྱེད་དོ། །དེའང་མཐོང་ལམ་ཐོབ་ནས་འདོད་ན་ཞག་བདུན་གྱིས་ཀྱང་བྱང་ཆུབ་འགྲུབ་པར། ཉི་ཁྲི་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་འདོད་ན་ཞག་བདུན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ལ་ཞེས་སོ། །དེ་ཕན་ཆད་ནི་རང་དབང་འབྱོར་པའི་ཕྱིར་ཇི་ལྟར་འདོད་པ་དེ་ལྟར་འགྲུབ་པས་ན་ཅི་དགར་ཟད་དོ། །ཉན་རང་ཐེག་ཆེན་དུ་ཞུགས་པའང་འཕགས་པའི་ལུས་དེས་བྱང་ཆུབ་མངོན་དུ་བྱེད་པར་གསུངས་སོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ཚེ་གཅིག་གིས་གྲོལ་བ་ལ་མང་ན་བགྲང་བར་འོས་པ་མ་ཡིན་ ནོ། །འདི་ལྟར་སྔགས་ནི་ཐབས་ཟབ་ལ་མང་བས་མྱུར་དུ་མཐོང་ལམ་ཐོབ་པར་བྱེད་པ་ཡིན་ལ། མཐོང་ལམ་ཚུན་ཆད་དུ་ཐབས་དང་བརྩོན་པའི་ཁྱད་ཞུགས་སོ། །དེ་ཡན་ཆད་དུ་དབང་པོ་ཤིན་དུ་རྣོན་པོའི་སེམས་དཔའ་དང༌། སྔགས་ཀྱི་རིགས་འཛིན་ས་བགྲོད་པའི་དུས་ལ་ཁྱད་མེད་པར་བཤད་དོ། །རྟུལ་པོ་རྣམས་ལས་སྔགས་ལ་སྤྱོད་པའི་རིགས་འཛིན་འཕགས་པས་མྱུར་དུ་གྲོལ་བ་ཡིན་ ནོ། །འཇིག་རྟེན་ནའང་བརྩོན་འགྲུས་དང་ཐབས་ཆེ་བ་ཤེས་རབ་ཆེ་བ་ཞིག་གིས་བྱ་བ་མྱུར་དུ་འགྲུབ་པ་དང༌། ཕལ་པ་རྣམས་ཀྱིས་མི་འགྲུབ་པས་ཀྱང་དཔེ་གོ་བར་བྱས་མོད། །གཅིག་ཏུ་ན་གཞན་དུ་བགྲོད་པ་མ་ཡིན་གྱི། ནང་དུ་སེམས་ཉིད་འོད་གསལ་བ་ལ་དྲི་མ་སྦྱོང་བ་ཙམ་ལས་གཞི་མ་གྲུབ་པ་བསྒྲུབ་པ་མ་ཡིན་པས་ཀྱང་ཉེ་བར་འགྲུབ་པ་ཡིན་ནོ་ཞེས་རྒྱུད་ལས་བཤད་དོ། ། «གསར་དུ་འཁྲུངས་པ་ལ་དགའ་བ་བསྐྱེད་ཚུལ་བཤད་པ་ནི། »བྱང་ཆུབ་ཀྱི་སེམས་དམ་པ། འདི་ནི་སྙིང་རྗེའི་ལྗོན་ཤིང་སྙིང་པོ་ཅན། །འགྲོ་བའི་ཁུར་ཆེན་ལེགས་པར་ཁྱེར་བ་ ནི། །ཚངས་སོགས་འཇིག་རྟེན་ན་ཡང་སྔོན་མེད་ཅིང༌། །རང་གི་ཕྱིར་ཡང་རྨི་ལམ་མ་རྨིས་ན། །གཞན་ཕྱིར་སྨོས་ཅི་འཚལ་བའི་བྱང་ཆུབ་སེམས། །སྔ་ན་མེད་པ་འཁྲུངས་ལ་དགའ་བ་བསྐྱེད། །དེ་ཡང༌། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། ། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །དེ་ཕྱིར་ཐོག་མར་སྙིང་རྗེ་བསྔགས་པར་བགྱི། །ཞེས་པའི་ཚུལ་ལྟར་སྙིང་རྗེའི་ལྗོན་ཤིང་འགྲོ་བ་མཐའ་ཡས་པའི་བྱ་ཚོགས་བསྟན་པའི་ཁུར་བསྣམས་པ་དེ་དག་གིས་བྱང་ཆུབ་ཀྱི་སེམས་དམ་པ་དེ་ནི་བདག་ལ་ཕན་པར་འདོད་པའི་ཕ་མ་ལ་སོགས་པ་དང༌། འཇིག་རྟེན་གྱི་བདག་པོ་ཚངས་པ་ལ་སོགས་པ་ལའང་མེད་ལ། རང་ལའང་དེ་སྔ་ཕན་ཆད་ཚེ་འདི་གཉེར་བ་ཙམ་ལས། དེ་འདྲའི་སེམས་སྔར་མེད་སྐྱེས་པ་ལ་སྤྲོ་བར་བྱའོ་ཞེས། སྤྱོད་འཇུག་ལས། ཕ་འམ་ཡང་ན་མ་ཡང་རུང༌། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲ་སྲོང་རྣམས་ཀྱང་རུང༌། །ཚངས་པ་ལ་ཡང་འདི་ཡོད་དམ། །སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲིའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། ། གཞན་དག་རང་གི་དོན་དུ་ཡང༌། །མི་འབྱུང་སེམས་ཅན་དོན་སེམས་གང༌། ། རིན་ཆེན་སེམས་ཀྱི་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །ཞེས་སོ། །དེ་ལྟ་བུའི་སེམས་རྨད་དུ་བྱུང་བ་དེ་ཉིད་རང་གཞན་གྱི་དོན་གཉིས་བསྒྲུབ་པ་དང༌། དེ་བཞིན་གཤེགས་པ་མཆོད་པའི་མཆོག་ཡིན་ཏེ། དེ་ཉིད་ལས། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་སོ། །དེ་ཡང་སེམས་མ་བསྐྱེད་ན་སངས་རྒྱས་མི་ཐོབ་པས་ཀྱང་སེམས་བསྐྱེད་པར་གདམས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་འཐོབ་ཅིང༌། །འཁོར་བར་བདག་གཞན་དོན་བསྒྲུབ་པའི། ། ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་སོ། ། «གསུམ་པ་བླང་བྱའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་གྱི། སྔོན་འགྲོ་ལ་གཉིས་ཏེ། མཐུན་རྐྱེན་བསག་པ། ཡན་ལག་བདུན་པ་བྱ་བའོ། །མཐུན་རྐྱེན་བསག་པ་ལའང་དྲུག་ལས། བླང་བའི་ཡུལ་ནི།» དེ་བས་ན་སེམས་སྐྱེད་པར་བྱེད་པ་ལ་རང་སྟོབས་ཀྱི་ནུས་པ་ཡོད་ན་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམས་པ་ལ་ལེན་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་བཤད་པ་ལྟར་བྱ་ཞིང༌། འོག་ནས་འབྱུང་བའི་ཆོ་གས་ཀྱང་ལེན་པའོ། །དེའང་བྱང་ཆུབ་ལམ་སྒྲོན་ལས། གལ་ཏེ་བླ་མ་མ་རྙེད་ན། །དེ་ལ་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྦ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔར་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ཏོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱ་འོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། ། སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་གཟུང་བ་བྱས་པ་དང༌། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། ། ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱ་འོ། །ཞེས་པའི་ཚུལ་གྱིས་སེམས་བསྐྱེད་པར་བྱའོ། །གལ་ཏེ་རང་ལ་ནུས་པ་མེད་པའང་བླ་མ་ལས་ལེན་པར་འདོད་ན། སེམས་རིན་པོ་ཆེ། དེ་ཡང་དགེ་བའི་བཤེས་ལས་འབྱུང་བ་སྟེ། ཡིད་བཞིན་དག་ལས་འདོད་དགུའི་ཆར་འབབ་བཞིན། ནོར་བུ་ལས་དགོས་འདོད་ཀྱི་ཆར་འབབ་པ་ལྟར། དགེ་བའི་བཤེས་གཉེན་ལས་ཀྱང་ལེགས་པའི་ཆོས་ཐམས་ཅད་འབྱུང་ཞིང་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྟེན་དུ་འགྱུར་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་སེམས་མངའ་ཞིང་དེའི་བསླབ་པ་ལ་མཁས་པས་རྗེས་སུ་འཛིན་ནུས་པ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་པ་དང༌། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་དང༌། ལམ་སྒྲོན་ལས། བླ་མ་བཟང་ལས་སྡོམ་པ་བླང༌། །སྡོམ་པའི་ཆོ་ག་ལ་མཁས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་སོ། ། «ཀུན་སྣོད་དག་པ་འཆོས་པ་ནི།» དེ་ལྟར། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ ཡིས། །སྐལ་བཟང་སློབ་མ་སྤྲོ་བ་བསྐྱེད་པ་ནི། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་སོགས། །ཐོག་མ་བར་དང་མཐར་དགེའི་ཆོས་རྣམས་ དང༌། །བྱང་ཆུབ་སེམས་ཀྱི་བསྔགས་པ་མཐའ་ཡས་བརྗོད། །དེ་ཡང་སྔར་བསྟན་པའི་ཚུལ་གྱིས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་བྱང་ཆུབ་སེམས་ཀྱི་བསྔགས་པ་རྣམས་བརྗོད་ལ་བློ་བསྒྱུར་བར་བྱའོ། ། «རྟེན་དགྲམ་ཞིང་མཆོད་པ་བཤམ་པ་ནི།» དེ་ནས་སེམས་བསྐྱེད་པའི། གནས་གཙང་མཆོད་པས་མཛེས་ཤིང་ཉམས་དགའ་བར། །རྒྱལ་བའི་སྐུ་གཟུགས་ལ་སོགས་སྟ་གོན་བྱ། །གཙང་ཁང་བརྒྱན་པ་དང༌། མེ་ཏོག་སིལ་མ་དགྲམ་པ་དང༌། དཀོན་མཆོག་གསུམ་གྱི་སྐུ་གཟུགས་བཞུག་པ་དང༌། སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་བཤམ་པ་དང༌། ལྷ་དང་མི་རྣམས་མཉེས་པའི་ཡོ་བྱེད་ཚོགས་པར་བྱའོ། །«ཚོགས་ཞིང་སྤྲུལ་པ་ནི།» དེ་ནས་མདུན་གྱི་རྟེན་དེས་མཚོན་ནས། མདུན་གྱི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །དེའང་སྤོས་དང་རོལ་མོའི་ཚོགས་ཀྱིས་བསུ་ཞིང་ཐལ་མོ་སྦྱར་ལ་ཟླ་བ་སྒྲོན་མའི་མདོ་ལས་གསུངས་པ་ལྟར་སྤྱན་དྲངས་ཏེ། སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དོ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ནི་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། ། ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུའི་ཞིང་ཁམས་ནས་དཀོན་མཆོག་གསུམ་བྱོན་ཏེ་ནམ་མཁའི་དབྱིངས་ཐམས་ཅད་གང་བར་བསམ་མོ། ། «དེའི་འཐད་པ་དགོད་པ་ནི།» དེ་ལྟར་བསམ་པས་འབྱོན་པའི་མཐད་པ་འགོད་པའི་ཚུལ། འདི་ནི་རང་གི་སེམས་སྟོབས་དྲི་མེད་དང༌། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམས་པ་དེ་ལྟར་འགྲུབ་པར་ གསུངས། །ཇི་སྐད་དུ། དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་དགྲོལ། །ཞེས་སོ། །དེའང་སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་མངའ་བས་གསོལ་བ་བཏབ་ཅིང་སྤྱན་དྲངས་པ་དགོངས། བརྩེ་བའི་ཐུགས་རྗེ་མངའ་བས་གཟིགས། མཛད་པའི་འཕྲིན་ལས་མངའ་བས་རྫུ་འཕྲུལ་ཆེན་པོས་སྐད་ཅིག་ལ་འབྱོན་ངེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་སེམས་ཅན་གྱི་དོན་ལས་མེད་པས་བདག་ཅག་གི་དོན་མཛད་པའི་སླད་ཀྱིས་སོ། །དེ་ཡང་ཞལ་ཟས་གསོལ་བའི་དོན་ཙམ་ལའང་ཐག་རིང་མོ་ནས་འབྱོན་ན་བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི་མགྲོན་དུ་ངེས་པར་འབྱོན་པ་འཐད་པ་དང་བཅས་པའོ། ། «སྤྱན་དྲང་ཞིང་ཁྲུས་རྒྱན་གསོལ་བ་ནི།» སྙན་གསན་དབབ་ཅིང་ནམ་མཁའི་དབྱིངས་སུ་བྱོན་པར་བསམས་ལ། དེ་ནས་ཐལ་སྦྱར་མེ་ཏོག་སྙིམ་བཀང་ནས། །སྤྱན་དྲང་བཞུགས་གསོལ་ཁྲུས་རྒྱན་གོས་སོགས་དབུལ། །ནམ་མཁའི་དབྱིངས་ཀྱི་དཀོན་མཆོག་ཐམས་ཅད་རང་གི་གནས་དེ་ཉིད་གཞལ་མེད་ཁང་པ་སྟོང་གསུམ་ལས་ལྷག་པར་བསམས་ལ། པདྨ་རིན་པོ་ཆེ་ཉི་ཟླ་འབར་བའི་གདན་ལ་སྤྱན་དྲང་སྟེ། རིག་པ་མཆོག་ལས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་བརྗོད་པའི་ཚེ་བྱོན་པའི་ལམ་དུ་ཁྲུས་ཁང་ལྷའི་བུ་དང་བུ་མོ་མང་པོས་བརྒྱན་པར་རིན་པོ་ཆེའི་བུམ་པས་སྐུ་ཁྲུས་གསོལ་བ་དཔག་ཏུ་མེད་པས་སྐུ་ཁྲུས་གསོལ་བའི་རྗེས་ལ་ཁྲུས་རས་ཀྱིས་ཕྱིས་ཏེ། ན་བཟའ་གསོལ་བར་བསམས་ལ་འདི་དག་བརྗོད་དོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་ གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་དུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སྩོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་དུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོམ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་བརྗོད་ནས། གནས་ཁང་དུ་གདན་སོ་སོ་ལ་བཞུགས་པ་ལ། « ཡན་ལག་བདུན་པ་ལའང་གསུམ་ལས། དངོས་དང༌། རྒྱུད་དག་པའི་ཚུལ། བསོད་ནམས་ཚད་མེད་པའི་ཚུལ་ལོ། །དང་པོ་ཡན་ལག་བདུན་པ་དངོས་ལ་ཡང་བདུན་གྱི། ཕྱག་འཚལ་བ་ལ་གཉིས་ཏེ། དངོས་ནི། »དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། ། ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །དེ་ཡང་པདྨ་ལྟར་ཐལ་མོ་སྦྱར་ཏེ། ཐར་པ་ཆེན་པོ་ལས། པདྨ་ཁ་འབུས་བྱེ་འདྲ་བར། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་དང༌། བཟང་པོ་སྤྱོད་པ་ལས། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། « ཕན་ཡོན་ནི།» དེའི་བསོད་ནམས་ནི། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་ དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་བར་གྱི་རྡུལ་རྣམས་དང༌། །མཉམ་པའི་གྲངས་སྙེད་འཁོར་ལོ་སྒྱུར་འགྲོ་ ཞིང༌། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འཐོབ། །འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་ཕྱག་འཚལ་བའི་བསོད་ནམས་དང་མཉམ་པ་ནི་འཇིག་རྟེན་གསུམ་ན་མེད་དེ། ལེགས་པ་ཙམ་ཞིག་དོན་དུ་གཉེར་བས་ཕྱག་འཚལ་ནའང་བསོད་ནམས་མང་པོ་འཐོབ་པའི་ཕྱིར། འདུལ་བ་ལུང་ལས། དགེ་སློང་དག །ཁྱེད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་བ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ་ཞེས་སོ། ། « མཆོད་པ་ལའང་གཉིས་ཏེ། མདོར་བསྟན་པ་ནི།» ཡན་ལག་གཉིས་པ་ནི། རང་གིས། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། ། « རྒྱས་པར་བཤད་པ་ལ་དངོས་བཤམས་དང་ཡིད་སྤྲུལ་གཉིས་ལས། དངོས་སུ་འབྱོར་པ་ནི། »དེ་ལ་དངོས་སུ་བཤམས་པ་ནི། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་རེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང༌། །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །འདི་དག་ཀྱང་ཚད་མེད་པར་བཀོད་དེ་འབུལ་བ་ནི། སྤྱོད་འཇུག་ལས། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འོང་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་ བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ཞེས་པ་དང༌། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ཞེས་སོ། ། « ཡིད་ཀྱི་སྤྲུལ་པ་ལ་ལྔ་ལས། ལྷ་རྫས་ཀྱི་མཆོད་པ་ནི། »ཡིད་ལས་བྱུང་བ་ནི། སུམ་ཅུ་རྩ་གསུམ་ལ་སོགས་པ། ལྷ་སོགས་འཇིག་རྟེན་ཀུན་ན་ཡིད་འོང་བའི། །གཞལ་མེད་ཁང་བརྩེགས་རིན་ཆེན་དྲ་བ་ཅན། །གླུ་གར་སིལ་སྙན་བསྟོད་དབྱངས་ཆར་འབབ་ཅིང༌། །རྒྱན་མཆོག་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་མཆོད། །དེའང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྷའི་གཞན་ཡས་ཁང་བསྟོད་དབྱངས་ལེན་ཅིང་མེ་ཏོག་གི་ཆར་འབབ་པས་གང་བར་བསམ་ཏེ་མཆོད་གནས་དམ་པ་རྣམས་ལ་དབུལ་བ་ནི། དེ་ཉིད་ལས། གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །ཞེས་སོ། ། «བདག་པོས་མ་བཟུང་བའི་མཆོད་པ་ལྔ་ནི།» གཞན་ཡང་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རྣམས་ན། རིན་ཆེན་རི་བོ་ནགས་ཚལ་པདྨའི་མཚོ། །ངང་མོའི་འགྲོས་ཀྱིས་གཉེར་བ་དེ་དག་དང༌། །སྨན་སོགས་དྲི་ཞིམ་ངད་ལྡང་དཔག་བསམ་ ཤིང༌། །མེ་ཏོག་འབྲས་བུ་དུད་པའི་ཚོགས་ཀྱིས་མཆོད། །དེ་སྐད་དུ་ཡང༌། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་ དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ཞེས་སོ། །གཞན་ཡང༌། འདབ་སྟོང་གཡོ་བས་བུང་བ་བཟུང་བ་ཡི། །ལག་པས་གདུ་བུ་ཀུ་མུ་ཏས་མཚན་ཞིང༌། །སྤྲིན་བྲལ་ཉི་ཟླའི་ཟེར་གྱིས་རབ་ཕྱེ་བའི། ཨུཏྤལ་ལ་སོགས་ཡིད་འོང་རྣམས་ཀྱིས་མཆོད། །གཞན་ཡང། ཙནྡན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་པའི། །དྲི་ཞིམ་སེར་བུ་བདེ་བའི་ངད་རྣམས་དང༌། །ཕུག་དང་བྲག་རི་སྨན་ལྗོངས་ཉམས་དགའ་བ། །ཆུ་བསིལ་རྫིང་བུ་གང་བ་རྣམས་ཀྱིས་མཆོད། །དེ་ལྟ་བུ་ཡང༌། དེ་ཉིད་ལས། མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་སྐད་སྙན་ཤིན་ཏུ་ཡིད་འོང་ལྡན། །མ་རྨོས་འཁྲུངས་པའི་ལོ་ཐོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ཞེས་སོ། །གཞན་ཡང༌། སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང༌། །ཉིན་བྱེད་འོད་སྟོང་དྲ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །གཞན་ཡང༌། ཁོར་ཡུག་རིར་བཅས་བྱེ་བ་ཕྲག་བརྒྱའི་ཞིང༌། །མ་ལུས་ཡོངས་བཀོད་འདོད་དགུས་འབྱོར་པ་དང༌། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀུན། །བློ་ཡིས་བླངས་ཏེ་ཐུབ་དབང་སྲས་བཅས་མཆོད། ། « བདག་པོས་བཟུང་བའི་མཆོད་པ་ནི།» གཞན་ཡང༌། འདོད་དགུ་འབྱུང་བའི། བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་བརྒྱད་དང༌། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་མཆོད། །དེའང་ཡིད་ཀྱིས་ནམ་མཁའི་ཁམས་ཀུན་གང་བར་འབུལ་བ་ནི། འཁོར་ལོ་དང༌། རིན་པོ་ཆེ་དང༌། བཙུན་མོ་དང༌། བློན་པོ་དང༌། རྟ་མཆོག་དང༌། གླང་པོ་དང༌། དམག་དཔོན་རིན་པོ་ཆེ་སྟེ་རྒྱལ་སྲིད་བདུན་དང༌། ཡུངས་ཀར་དང༌། དཱུརྦ་དང༌། བི་ཝ་དང༌། ལི་ཁྲི་དང༌། ཞོ་དང༌། འགི་ཝང་དང༌། མེ་ལོང་དང༌། དུང་གཡས་སུ་འཁྱིལ་བ་སྟེ་བཀྲ་ཤིས་པའི་རྫས་བརྒྱད་དང༌། ལྷྭམ་དང༌། སྟན་དང༌། བཞོན་པ་དང༌། མལ་ཆ་དང༌། ཁྲི་དང༌། རལ་གྲི་དང༌། པགས་པ་སྟེ་ཉེ་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་དོ། ། « ཏིང་ངེ་འཛིན་རྒྱ་མཚོའི་མཆོད་པ་གཉིས་ནི། ཏིང་ངེ་འཛིན་གྱི་མཆོད་པ་ནི།» བཟང་པོ་སྤྱོད་པ་དང་མཆོད་པའི་སྤྲིན་ལ་སོགས་པའི་བཀོད་པ་བས་ཆེས་ལྷག་པ་ཙམ་དུ་བསམས་ཏེ་འབུལ་བ་ནི། འདི་ལྟར། ཏིང་འཛིན་ཡིད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དེ་ཡང་རྣམ་པ་གསུམ་ལས། དང་པོ་ནི། མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང༌། །གཟི་ལྡན་སྒྲོན་མ་ཞལ་ཟས་རོལ་མོའི་ སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཚུལ་ཇི་ལྟར་ན། དཀོན་མཆོག་ཏ་ལ་ལའི་མདོ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། ། རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲ་འོ། །ཞེས་པ་འདི་ཕལ་པོ་ཆེ་ནའང་ཡོད་པ་ལྟར་དང༌། བཟང་སྤྱོད་ལས། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་སོ། ། « ཐུན་མོང་མ་ཡིན་པའི་མཆོད་པ་གཉིས་ནི།» ནང་དང་གསང་བའི་མཆོད་པ་ནི། བློའི། འཇུག་པའི་སྤྲིན་ཅན་ཤིན་ཏུ་མཐའ་ཡས་པ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་སོགས། །མཆོད་པའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་བས། །རྒྱལ་བ་སྲས་བཅས་མ་ལུས་མཉེས་གྱུར་ཅིག །རྡོ་རྗེ་གཟུགས་མ་དང༌། སྒྲ་མ་དང༌། དྲི་མ་དང༌། རོ་མ་དང༌། རེག་མ་དང༌། ཕྲེང་བ་མ་དང༌། སྣང་བྱེད་མ་དང༌། མེ་ཏོག་མའི་ཚོགས་རང་རང་གི་མཆོད་པ་ནམ་མཁའ་གང་བས་མཆོད་པར་དམིགས་ཏེ་འབུལ་ཞིང༌། གཅེས་པར་གཟུང་བའི་ལུས་ཀྱང་དཀོན་མཆོག་གི་བྲན་དུ་འབུལ་བ་ཉིད། སྤྱོད་འཇུག་ལས། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པར། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་དབང་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། ། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། ། མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདིར། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག ། ཅེས་སོ། ། «སྡིག་པ་བཤགས་པ་ནི།» ཡན་ལག་གསུམ་པ་ནི། བདག་གི་ཚེ་རབས་ཐོག་མེད་དུས་ནས་གོམས་པའི་བག་ཆགས་ཀྱིས། །ལས་དང་ཉོན་མོངས་སྡིག་པ་ཅི་བགྱིས་པ། །སྲིད་པའི་རྒྱུར་གྱུར་དེ་ཀུན་བཤགས་པར་བགྱི། །ཞེས་པ་སྟེ། འདིར་སྡིག་པ་བཤགས་པའི་ཚུལ་བཤད་པ་ལ་རྣམ་པ་བཞི་ལས། དང་པོ་སྦྱང་བྱ་སྡིག་པའི་སྒོ་དྲུག་ནི། ལུས་ངག་ཡིད་གསུམ་དང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྟེ། ཡུལ་ཕ་མ་དང༌། མཁན་པོ་དང༌། སློབ་དཔོན་ལ་སོགས་པ་ལ། དུས་ཐོག་མ་མེད་པ་ནས་ད་ལྟའི་བར། ངོ་བོ་མི་དགེ་བ་བཅུ་ལ་སོགས་པ་རང་བཞིན་གྱི་སྡིག་པ་དང༌། རབ་ཏུ་བྱུང་བ་ཡིན་ན། ཕྱི་དྲོའི་ཁ་ཟས་ལ་སོགས་པ་བཅས་པ་དང་འགལ་བ་ཐམས་ཅད་དེ། བཟང་སྤྱོད་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །ཞེས་སོ། །སྦྱོར་བ་རང་གིས་བྱས་པའམ། གཞན་བྱེད་དུ་བཅུག་པའམ། བྱེད་པ་ལ་ཡི་རང་བའི་སྡིག་པའོ། །སྡིག་པའི་བྱེད་ལས་ནི། མཐོ་རིས་དང་ཐར་པ་ལ་སྒྲིབ་ཅིང་ངན་སོང་དུ་སྡུག་བསྔལ་བར་བྱེད་པའོ། །གཉིས་པ་སྦྱོང་ཚུལ་གཉེན་པོ་སྟོབས་བཞི་ནི། མི་དགེ་བ་ལ་འགྱོད་པ་མང་བ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། མི་དགེ་བ་བྱས་དུས་སླར་བརྩོན་པས་དགེ་བ་ལ་སྤྱོད་པ་གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་དང༌། སྡོམ་པ་བླངས་ནས་སྡིག་པ་མི་བྱེད་པ་སོར་ཆུད་པའི་སྟོབས་དང༌། དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་བསྟེན་ནས་སྡིག་པ་ཟད་ཅིང་བསྲབས་པར་བྱེད་པ་རྟེན་གྱི་སྟོབས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་དང༌། གཉེན་པོ་ཀུན་དུ་སྤྱོད་པ་དང༌། སོར་ཆུད་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །དེ་ལ་དང་པོ་ནི་མི་དགེ་བའི་ལས་སྤྱོད་ནའང་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉིས་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པ་ཡིན་ནོ། །གསུམ་པ་ནི། སྡོམ་པ་ཡང་དག་པར་བླངས་ནས་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པ་ཡིན་ ནོ། །བཞི་པ་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ་ཞེས་སོ། །གསུམ་པ་སྦྱོང་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ནི། སྦྱོར་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམས་ལ་སྐྱབས་འགྲོ་བྱ། དངོས་གཞི་སྡིག་པ་ཐམས་ཅད་དྲན་ཞིང་འགྱོད་པས་རང་གཞན་གྱི་སྡིག་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ལིང་ངེར་བསམས་ལ་བཤགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨིན་མཚམས་ནས་འོད་ཟེར་བྱུང་སྟེ་འཕྲལ་ལ་དག་པར་བསམ། རྗེས་འོད་ཟེར་མང་དུ་བྱུང་ནས་སྡིག་པ་ཐམས་ཅད་དག་ལུས་ཤེལ་གོང་ལྟར་གྱུར་པར་བསམ་མོ། །ཚིག་ཀྱང༌། བཟང་སྤྱོད་དམ་སྤྱོད་འཇུག་ལས། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། ། ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་དང་ངག །ཡིད་ཀྱིས་གནོད་བགྱིས་གང་ལགས་དང༌། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གི་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་སྟེ། །ཐམས་ཅད་འདྲེན་པ་རྣམས་ལ་འཆགས། །ཞེས་སོ། །དེའི་རྗེས་ལ་སྡིག་པའི་ངོ་བོ་ཇི་ལྟ་བུ་གང་ན་གནས་སོ་སོར་བཏགས་ནས་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་པས་དག་པར་འགྱུར་ཏེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོང་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེའང་སློབ་དཔོན་གྱིས་སྡིག་པའི་ཉེས་དམིགས་བཤད། སློབ་མས་ཕྱག་དང་མཆོད་པ་བྱས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བདག་གི་སྡིག་པ་སྦྱང་དུ་གསོལ་ཞེས་གསོལ་བ་བཏབ་པའི་རྗེས་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས་སྡིག་པ་ལྕེ་ཐོག་ཏུ་སེམས་སུ་བཅུག་ལ། བདག་གིས་དཀོན་མཆོག་གསུམ་དང་མཁན་པོ་དང༌། སློབ་དཔོན་དང༌། ཕ་མ་དང༌། སེམས་ཅན་གཞན་དག་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་སྡིག་པ་ཅི་བགྱིས་པ་དེ་དག་ཐམས་ཅད་འགྱོད་ཚངས་དྲག་པོའི་བསམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་མཐོལ་ལོ་བཤགས་སོ། །སླན་ཆད་ཀྱང་སྡོམ་པར་འཚལ་ལགས་སོ་ཞེས་ལན་གསུམ་བརྗོད་པའི་རྗེས་ལ་དར་ཅིག་སྟོང་པ་ཉིད་བསྒོམ་དུ་བཅུག་ནས། རྟེན་གྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་ལུས་ངག་ཡིད་གསུམ་དག་པར་བསམ་པའོ། །རྗེས་ལ་སློབ་དཔོན་གྱིས་མཐོང་སྡོམ་དྲི། སློབ་མས་གཏང་རག་བྱའོ། །དེའང་ཚུལ་དང་པོ་ནི་རང་གི་ཚུལ་དང༌། ཕྱི་མ་ནི་གཞན་གྱི་ཚུལ་ཡིན་ནོ། །བཞི་པ་དེ་དག་གིས་སྦྱོང་ནུས་པའི་ཤེས་བྱེད་ནི། བྱམས་པ་སེང་གེ་སྒྲ་ཆེན་པོས་ཞུས་པའི་མདོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་པ་དང༌། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་མཐར་བྱེད་དེ། །ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་པ་དང༌། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང་སྟོང་པ་ཉིད་བསྒོམས་པས་རྣམ་པར་གྲོལ་ལོ་ཞེས་པ་དང༌། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩ་ནས་བཏོན་པ་བཞིན། །ཞེས་པ་དང༌། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང༌། ། ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞི་ན། །ཞེས་སོ། ། «དགེ་བ་ལ་རྗེས་སུ་ཡི་རང་བ་ནི། »ཡན་ལག་བཞི་པ་ནི། འགྲོ་བའི་བསོད་ནམས་ཕུང་པོ་མཐའ་ཡས་ལ། །རྟག་པར་བདག་ནི་རྗེས་སུ་ཡི་རང་ངོ༌། །དེའང་རང་བཞིན་གྱི་དགེ་བ་ལ་བསམ་པ་ཐག་པ་ནས་ཡི་རང་བསྒོམས་ན་དགེ་རྩ་མཉམ་པ་ཉིད་ཐོབ་ཅིང་བསོད་ནམས་ཚད་མེད་དེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བ་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །ཚུལ་འདི་བསམ་པ་ཐག་པས་ཡི་རང་ཞིང་བཟང་པོ་སྤྱོད་པ་ལས་འབྱུང་བའི་ཚིག་འདིས་བྱ་སྟེ། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། ། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུནགྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །ཞེས་སོ། ། « ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། »ཡན་ལག་ལྔ་པ་ནི། མ་ལུས་སྐྱེ་དགུའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། ། དེའང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་ཆོས་མི་གསུང་བ་ལ་ཚངས་པས་འཁོར་ལོ་ཕུལ་ནས་གསོལ་བ་བཏབ་པ་དེ་བཞིན་དུ། བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་སྤྱན་སྔར་བདག་ཀྱང་གསོལ་བ་འདེབས་པར་བསམས་ལ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །ཞེས་སོ། ། དེས་ནི་ཆོས་སྤངས་པའི་སྒྲིབ་པ་འདག་ཅིང༌། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་རོ། ། « མྱ་ངན་ལས་མི་འདའ་བར་གསོལ་བ་ནི། »ཡན་ལག་དྲུག་པ་ནི། དིང་ནས་སྲིད་པའི་རྒྱ་མཚོ་མ་སྟོང་པར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་པར་གསོལ། །སྔོན་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུནྡས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་རྣམས་དང༌། བླ་མ་དགེ་བའི་བཤེས་གཉེན་པ་དག་ནངས་ཀྱི་ཐ་མ་ལ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གསོལ་བ། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཞེས་སོ། །དེས་ནི་ཚེ་ཐུང་བ་དང༌། དུས་མ་ཡིན་པར་འཆི་བ་དང༌། གཞན་གྱིས་སྲོག་ལ་འཚེ་བའི་སྡིག་པ་འབྱང་ཞིང་ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར་རོ། ། «དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི།» ཡན་ལག་བདུན་པ་ནི། དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། མ་ལུས་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །དེའང་རང་གཞན་གྱི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་འདུན་ཞིང་བསྒྱུར་བ་དེ་སེམས་བསྐྱེད་པའི་རྒྱུར་བསྔོ་བ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། ། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སོ། ། དེའང་བསྔོ་རྒྱུ་ནི་རང་གཞན་གྱི་དགེ་བ་དུས་གསུམ་དང་འབྲེལ་བ་ཐམས་ཅད་དེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིག །ཅེས་སོ། །བསྔོ་བ་ནི་སངས་རྒྱས་ཀྱི་ས་ཁོ་ན་སྟེ། ཡུམ་བར་མ་ལས། རབ་འབྱོར། དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་དང་དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ་ཞེས་སོ། །ཆེད་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པའི་ཕྱིར་ཏེ། དེ་ཉིད་ལས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྔོ་ཡི། རང་གིས་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་ནི་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ་ཞེས་སོ། །རྣམ་པ་ནི་ཆོས་ཐམས་ཅད་མེད་བཞིན་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ནས་བསྔོ་བ་སྟེ། དེ་ཉིད་ལས། རབ་འབྱོར། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱས་སྟེ་ཞེས་དང༌། བཟང་པོས་ཞུས་པའི་མདོ་ལས། གང་གིས་སྦྱིན་པ་གང་ལ་བཏང༌། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་སོ། །དམིགས་པའམ་ཞེན་པས་དགེ་རྩ་བདེན་བདེན་པོར་ཤེས་པ་ནི་མི་བཟང་སྟེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པ་དང༌། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །འོན་ཏེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཞེས་སོ། །དེས་ན་དམིགས་པའམ་ཞེན་པ་མེད་པར་བྱ་སྟེ། མངོན་རྟོགས་རྒྱན་ལས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་སོ། །བསྔོ་བ་རང་གི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བའི་བློ་དང༌། ཚིག་ཁྱད་པར་ཅན་མཐུ་བསྡོམས་པ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་སོ། །བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་བ་སྔོན་དུ་སོང་ནས་ཚིག་དང་སྨོན་པ་བསྡོམས་པ་ནི་བསྔོ་བ། རྒྱུ་དགེ་རྩ་མ་སོང་བར་སྨོན་པ་ནི་སྨོན་ལམ་མོ། དེའང་བསྔོ་བ་སྦྱིན་བདག་གི་སེམས་ཀྱི་འདུན་པ་དང་ཚིག་གི་ནུས་པས་བྱང་ཆུབ་ལ་སོགས་པར་བསྒྱུར་བ་ཡིན་ནོ། །དེང་སང་སློབ་དཔོན་རྣམས་ཀྱིས་བྱེད་པ་ནི་ངེས་མི་ཤེས་པའི་དབང་དུ་བྱས་ཏེ། གཞན་དུ་ན་དཔང་པོ་ཡིན་པས། བླ་མ་དགེ་འདུན་རྣམས་ཀྱིས་ཁོའི་ཚིག་གི་རྗེས་སུ་སེམས་ཕྱོགས་པས་འགྲུབ་པར་གྱུར་ཅིག་པའི་མཐུན་གྱུར་བརྗོད་པ་ཡིན་ནོ། །ཚིག་ཀྱང་ས་དང་པོ་ཡན་ཆད་བདེན་ཚིག་གྲུབ་པ་ཞིག་གིས་གསུངས་པ་བཞིན་བྱ་ཡི། གང་རུང་རུང་མ་ཡིན་པས་འདིར་དེའི་རྗེས་སུ་འབྲང་ངོ༌། །བསྔོ་བ་འགྲུབ་པའི་དཔང་པོར་མདུན་གྱི་ནམ་མཁའ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་འཐིབས་པ་བཞིན་བསམས་ལ། སྔོན་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པའི་ཚེ་གནོད་སྦྱིན་རྣམས་ལ་རང་གི་ཤ་ཁྲག་བྱིན་ནས་གསུངས་པ་ལྟར་བརྗོད་པ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་ལ་སོགས་པ་བྱའོ། ཁ་ཅིག་རྗེས་ལ་སྟོང་པ་ཉིད་ཀྱིས་རྒྱས་འདེབས་བྱེད་པ་ནི་ཤིན་ཏུ་མི་འཐད་དེ། དེས་ཅི་བྱ་དམིགས་པ་མེད་པའོ་ཞེ་ན། རྣམ་པ་མ་གོ་བར་སྣང་སྟེ། དགེ་བ་ཡང་རྨི་ལམ་ལྟ་བུ། གསོག་པ་པོའང་རྨི་ལམ་ལྟ་བུ། ལེན་པ་པོའང་རྨི་ལམ་ལྟ་བུ་སྟེ། འཁོར་གསུམ་དུ་བདེན་ཞེན་མེད་པ་ལ་དམིགས་པ་མེད་པ་ཟེར་གྱི། དགེ་བ་ཅི་ཡང་མེད་པར་བསྒོམ་པའི་སྟོང་པ་ནི་ཆད་ལྟ་ཡིན་པས་ལུགས་ངན་པར་གོ་བས་སྤང་བར་ བྱའོ། །སྤྱིར་གྱི་དགེ་བ་གང་བྱེད་ཀྱང༌། སྦྱོར་བ་བྱང་ཆུབ་ཀྱི་སེམས་དམ་པས་ཟིན་པ། དངོས་གཞི་དམིགས་པ་དང་མཚན་མ་མེད་པའི་ཤེས་རབ་དམ་པས་ཟིན་པ། རྗེས་རྨི་ལམ་སྒྱུ་མ་ལྟ་བུའི་བསྔོ་བ་དམ་པས་ཟིན་པ་སྟེ། དམ་པ་གསུམ་དང་འབྲེལ་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་བ་སངས་རྒྱས་ཀྱི་ལམ་མས་རྒྱུ་བྱེད་པ་མིན་ནོ། །དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ་རང་རང་གི་དགེ་འབྲས་ལན་ཅིག་ཕྱུང་ནས་ཟད་པར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། ། «གཉིས་པ་དེ་དག་གིས་རྒྱུད་དག་པའི་ཚུལ་ནི།» དེ་ལྟར་ཡན་ཡག་བདུན་པ་སྔོན་དུ་བྱས་པའི་དགོས་པ་ནི། དཔེ། ཇི་ལྟར་ཁྲུས་ཀྱིས་སྦྱངས་པའི་རས་ཡུག་དག །ཚོན་གྱིས་བསྒྱུར་བས་ཁ་དོག་གསལ་བ་བཞིན། དེ་ལྟར་སྔོན་དུ་འགྲོ་བས་སེམས་སྦྱངས་པའི། རྒྱུད་ལ་དངོས་གཞིའི་སེམས་མཆོག་གསལ་བར་སྐྱེ། དེའང་སེམས་དམ་པ་སྐྱེ་བའི་གེགས་སུ་གྱུར་པའི་དྲི་མ་ཡོད་ན་སེམས་དེ་མི་སྐྱེ་ཞིང་གེགས་དག་ན་སྐྱེ་བ། རས་དྲི་མ་ཅན་ཚོས་སུ་མི་འགྱུར་བ་ལ་བཙོ་བླག་མཁན་གྱིས་ཁྲུས་རས་སྦྱངས་ཏེ་ཚོས་བྱེད་པ་དང་འདྲ་བའི་དགོས་པ་ཡོད་དོ། ། « གསུམ་པ་དེ་ཡིས་བསོད་ནམས་ཚད་མེད་པའི་ཚུལ་ནི།» ཡན་ལག་བདུན་པ་བྱས་པ། འདི་ནི་བསོད་ནམས་འབྲས་བུ་ཚད་མེད་དེ། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །ཇི་སྐད་དུ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། ། ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང༌། ། སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང༌། ། ཞེས་སོ། ། «བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་ནི།» ད་ནི་དངོས་གཞིའི་ཆོ་ག་ནི། སྔོན་འགྲོ་བྱས་པའི་རྗེས། དེ་ནས་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བྱས་ཏེ། །མགོན་པོ་སྲས་དང་བཅས་རྣམས་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེང་ནས་བདག་གིས་འགྲོ་ལ་ཕན་དོན་ དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །མ་རྒལ་བ་རྣམས་བདག་གིས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ་བགྱི་ཞིང༌། །དབུགས་མ་ཕྱུང་རྣམས་བདག་གིས་དབུགས་དབྱུང་སྟེ། །སེམས་ཅན་རྣམས་ནི་མྱ་ངན་འདས་ལ་དགོད། །ཅེས་པ་སྟེ། དེ་ཡང༌། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །དམ་པའི་ཆོས་རྣམས་ལ། ཚོགས་རྣམས་ཀྱི་མཆོག །འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་ཞེས་པ་གསུམ་དང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཇི་ལྟ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །ཡང་ན་སྤྱོད་འཇུག་ལས་འབྱུང་བ་བཞིན་བརྗོད་དེ། དགོངས་གསོལ་གསུམ་པོ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རི་མ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་བརྗོད་པར་བྱའོ། ། « རྗེས་བྱང་ཆུབ་ཀྱི་སེམས་གཉིས་ལ་འབད་པ་མདོར་བསྟན་པ་ནི།» དེས་ནི་བྱང་ཆུབ་སེམས་དཔའི་གྲལ་ལ་འཁོད་པ་ཡིན་པས། བསླབ་པ་བསྲུང་བ་དང༌། རང་གཞན་གྱི་དོན་བྱ་བ་ལ་འབད་པར་བྱ་ཞིང༌། དེ་ནས་བཟུང་སྟེ་དུས་རྟག་པར་ཡང༌། ཆོ་ག་དེ་ལྟར་ཉིན་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་གཉིས་བསྐྱེད་པ་ལ་འབད་པར་བྱ། །དེའང་བྱང་ཆུབ་ཀྱི་སེམས་གསོ་བ་དང༌། གསལ་ཐེབས་པ་ལ་སོགས་པའི་དགོས་པ་དུ་མ་ཡོད་དོ། ། «བཞི་པ་བརྗོད་པ་གསུམ་གྱི་དགོས་པ་ནི།» ཆོ་ག་དེའི། བརྗོད་པ་དང་པོས་སྨོན་པ་སེམས་བསྐྱེད་ལ། །གཉིས་པས་འཇུག་པ་སེམས་བསྐྱེད་གསུམ་པ་ཡིས། །གཉིས་ཀ་བརྟན་ཞིང་དག་པ་ཐོབ་པར་འགྱུར། །དེ་སྐད་དུ། རྒྱ་མཚོ་སྤྲིན་ལས། དེ་ལ་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་གིས་སྨོན་པ་དང་འཇུག་པ་དང་གཉིས་ཀ་ཆེས་བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ་ཞེས་སོ། །དེ་ཡང་སྨོན་འཇུག་གི་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་གྱི་དངོས་པོ་ཐ་དད་པ་ནི་མེད་ དོ། །ཆོ་ག་ལས་ཐ་དད་པ་ལྟར་སྦྱར་བ་ཡང་ལྡོག་པ་ཐ་དད་པ་གསུམ་བརྗོད་པ་གསུམ་ལས་སྐྱེ་བ་ཡིན་གྱི། ངོ་བོ་ཐ་དད་པ་མ་ཡིན་ཏེ། བློ་རྫས་གཅིག་དུས་གཅིག་བྱེད་པ་གཅིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི། ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང༌། ཐ་མི་དད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ་ཞེས་སོ། ། «ལྔ་པ་དགའ་བ་བསྒོམ་པ་ནི།» དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོབ་པའི་དུས། དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་གཞི། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཡང་འཐོབ། །སྲིད་ན་མི་འཇིགས་འགྲོ་བའི་དོན་བྱེད་ཅིང༌། །རྟག་ཏུ་ཕན་པ་འབའ་ཞིག་ལྷུར་ལེན་པས། །མི་ཡི་སྲིད་པ་དོན་དང་བཅས་པར་ གྱུར། །འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོབ་པའི་སྐད་ཅིག་དེ་ནས་བཟུང་སྟེ་སེམས་དེ་མ་ཉམས་པར་ཡོད་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རང་གི་རིགས་དགེ་བ་ཉམས་པར་མི་བྱ་ཞིང་འཕེལ་བར་བྱ་བ་ དང༌། དགའ་བ་ཚད་མེད་པ་བསྒོམ་པ་དང༌། སེམས་ཅན་གྱི་དོན་དངོས་སམ་བརྒྱུད་ནས་བྱ་ཞིང༌། མི་ནུས་ནའང་སྨོན་པ་བྱ་དགོས་ཏེ། སྤྱོད་འཇུག་ལས། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་དང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དེ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་འཐོབ། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་སོ། །བྱང་ཆུབ་སེམས་དཔའི་མིང་ལ་རྣམ་གྲངས་དུ་ཞེ་ན་བཅུ་དྲུག་ཡོད་དེ། མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་ མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། ། རྩལ་ལྡན་དང་ནི་འཕགས་མཆོག་དང༌། །དེད་དཔོན་དང་ནི་གྲགས་མཆོག་ དང༌། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཞེས་སོ། །དེ་ལྟར་སེམས་བསྐྱེད་པ་ཐོབ་མ་ཐག་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཡང་རྒྱས་པར་བརྗོད་དོ། །དེའང་སྡོང་པོ་བཀོད་པའི་ལེའུ་བཞི་བཅུ་རྩ་བཞི་པ་ལས། ནོར་བཟང་གིས་འཇམ་དཔལ་ལ་ཐུགས་བསྐྱེད་ནས། དེའི་བསླབ་བྱ་བཙལ་བའི་ཕྱིར་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན། བྱམས་ཆེན་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ཅན་ཞེས་བྱ་བའི་ཁང་བཟངས་ན་འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མས་བསྐོར་བ་ལ་ཆོས་སྟོན་པ། ནོར་བཟང་གིས་དཔག་ཚད་ལྔ་བརྒྱའི་རྒྱང་ནས་མཐོང་སྟེ་དགའ་བ་དང་མགུ་བ་དང་རངས་པས་ཕྱག་བྱས་པ་བྱམས་པས་གཟིགས་ནས་ཕྱག་གཡས་པ་བརྐྱང་པ་ནོར་བཟང་གི་སྤྱི་བོར་བཞག་སྟེ། འཁོར་རྣམས་ལ་ངོམ་པའི་ཚུལ་གྱིས་ནོར་བཟང་གི་བསྔགས་པ་བརྗོད་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་ནི་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང༌། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོངས། །ཞེས་པ་དང༌། ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པར་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། ། ཞེས་པ་ལ་སོགས་པ་གསུངས་པ་དང༌། ནོར་བཟང་གིས་ཐལ་མོ་སྦྱར་ཏེ་ཞུས་པ། འཕགས་པ། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་བས་བསྟན་དུ་གསོལ་ཞེས་ཞུས་པའི་ལན་དུ། རིགས་ཀྱི་བུ། ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། ། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བའི་ཞིང་ལྟ་བུའོ་ཞེས་པ་ནས་རྩི་དང་ནོར་བུའི་དཔེའི་བར་དུ་ཕན་ཡོན་ཕྱེད་དང་སུམ་བརྒྱར་ཉེ་བ་དངོས་སུ་གསུངས་ནས། ཕན་ཡོན་དེ་དག་དང་གཞན་ཡང་ཚད་མེད་པ་དང་ལྡན་ནོ་ཞེས་གསུངས་ཏེ། རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། ། «དྲུག་པ་བསླབ་བྱའི་རིམ་པ་ལ་གསུམ་སྟེ། སྐབས་སུ་བབ་པའི་ཚུལ་ནི། »དེ་ལྟར་སེམས་བསྐྱེད་པའི་རྗེས་ཐོགས་སུ་དེའི་བསླབ་པ་ལ་ཇི་ལྟར་ནན་ཏན་དུ་བྱ་བའི་རིམ་པ་བརྗོད་པར་བྱ་སྟེ། སྐབས་སུ་བབ་པའི་ཚུལ། དེ་ནི་སེམས་གཙང་དགེ་བའི་ས་གཞི་ལ། ། བྱང་ཆུབ་སེམས་གཉིས་མྱུ་གུ་རབ་བསྐྱེད་དེ། །དེ་གཟུང་དག་པ་སྤེལ་ཕྱིར་བརྩོན་པར་བྱ། །འོད་གསལ་བའི་སེམས་ལ་སླར་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆེས་དག་པ་ཉིད་དུ་འགྱུར་ཏེ། བདུད་དང་ཕྱིར་རྒོལ་བ་དག་གིས་བར་དུ་གཅོད་པར་མི་ནུས་ཏེ། ཆོས་བཅུ་པའི་མདོ་ལས། ནོར་བུ་རིན་ཆེན་རང་བཞིན་གྱིས། །འོད་འབར་འབྱུང་གནས་ཉིད་དུ་འདུག །བྱི་དོར་བྱས་ན་དེ་བས་ནི། །ཉིས་འགྱུར་ཉིད་དུ་མཛེས་པ་ལྟར། །དེ་བཞིན་རིགས་དང་ལྡན་པ་ ཡང༌། །བྱང་ཆུབ་སེམས་ནི་ཚོལ་བྱེད་དེ། །མཐའ་གཉིས་རྣམ་པར་དག་པ་ ཡི། །སྤྱོད་ཡུལ་དུ་ནི་བདུད་མི་འབྱུང༌། །ཞེས་སོ། །དེ་ལྟ་བུའི་སེམས་ཀྱི་མྱུ་གུ་སྐྱེས་ནས་སེམས་དེ་མི་ཉམས་པར་གཟུང་བ་དང༌། དྲི་མ་དག་པར་བྱ་བ་དང༌། དགེ་བ་སྤེལ་བའི་ཐབས་ཁོ་ན་ལ་འབད་པར་བྱའོ། །དེ་དག་ཀྱང་སེམས་མཆོག་ཏུ་བསྲུང་བའི་བརྟུལ་ཞུགས་གཙོ་བོར་བསླབ་པས་འགྲུབ་སྟེ། སྤྱོད་འཇུག་ལས། དེ་ལྟར་བདག་གིས་སེམས་འདི་ནི། །ལེགས་གཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པ་དང༌། བསླབ་པ་བསྲུང་བར་འདོད་པ་ཡིས། ། རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ ནས། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་ཀྱི་གླང་པོ་ཡན་བཏང་པས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་ཐུལ་མྱོས་པ་ཡིས། ། འདི་ནི་དེ་འདྲའི་གནོད་མི་བྱེད། །ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་ཆེན་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང༌། །དགེ་བ་ཐམས་ཅད་ལག་ཏུ་འོང༌། །ཞེས་སོ། ། «བདག་གཞན་བརྗེ་བ་ལ་སོགས་རྒྱ་ཆེར་བཤད་པ་ནི།» ད་ནི་ཚུལ་ཇི་ལྟར་གཟུང་བ་དང༌། དག་པ་དང༌། སྤེལ་བར་བྱ་ཞེ་ན། རྒྱས་པར་བཤད་པ། འགྲོ་བའི་སྡུག་བསྔལ་བདག་གིས་བླང་བྱ་ཞིང༌། །བདག་གིས་དེ་བས་འགྲོ་བ་བདེར་གྱུར་ཏེ། །བྱང་ཆུབ་བར་དུ་དེ་དང་མི་འབྲལ་ཤོག །སྙམ་དུ་གཏོང་ལེན་སྤེལ་མར་སྦྱང་བྱ་ ཞིང༌། །སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། །དེ་ཡི་མི་མཐུན་ཕྱོགས་སྤངས་སེམས་བསྲུང་བྱ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤང་བརྩོན་པར་བྱ། །དེ་ལ་སྨོན་པ་དང་འཇུག་པའི་རང་བཞིན་ལ་གནས་པ་ནི་སེམས་གཟུང་པའོ། །དེའི་མི་མཐུན་ཕྱོགས་སྤང་པའི་ཕྱིར་འབད་པ་ནི་དག་པར་བྱའོ། །བདག་གི་བདེ་བ་དང་སེམས་ཅན་གྱི་སྡུག་བསྔལ་བརྗེ་བ་ལ་སྤེལ་མར་བྱ་བ་ནི་སེམས་སྤེལ་བའོ། །འདི་ལྟར་སྤྲོ་བ་དང༌། དགེ་བའི་ཚོགས་མང་དུ་བསྟེན་པ་དང༌། ཀུན་དུ་དགེ་བ་འབའ་ཞིག་པ་དང༌། སེམས་ཅན་ཐམས་ཅད་བདག་ཉིད་ཀྱིས་ཁུར་དུ་འཁུར་པ་དང༌། བདག་དང་གཞན་དུ་མཉམ་པ་དང༌། བདག་དང་གཞན་དུ་བརྗེ་བར་བྱ་བ་ནི་བསླབ་པའི་མདོ་བསྡུས་པ་སྟེ། སྤྱོད་འཇུག་ལས། སྒྱིད་ལུག་མེད་དང་དཔུང་ཚོགས་ དང༌། །ལྷུར་བླང་བདག་ཉིད་དབང་བྱ་དང༌། །བདག་དང་གཞན་དུ་མཉམ་པ་དང༌། །གཞན་དང་བདག་ཏུ་བརྗེ་བར་གྱིས། །ཞེས་སོ། དེ་ལ་ཕྱོགས་དང་པོ་སེམས་ཅན་གྱི་དོན་དང༌། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཐོས་པ་ན། བདག་ལྟ་བུས་ག་ལ་ནུས་སྙམ་དུ་སྒྱིད་ལུག་པ་མེད་པས་བརྩོན་པར་བྱ་བ་ཡང་གཞི་ཤེས་པས་བཞག་གོ །དེ་ཡང་སེམས་ཅན་དམན་པ་རྣམས་མི་ལུས་ཐོབ་པ་ན་བདག་གིས་ད་ལྟ་ནས་བརྩོན་པར་བྱས་ན་བྱང་ཆུབ་འགྲུབ་ལ། དམན་པ་དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་གསུངས་པ་ལ་བལྟས་ན་ཅི་དཀའ་སྙམ་དུ་བསམ་པ་སྟེ། དེ་ཉིད་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུང་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་པ་དང༌། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང༌། གཞན་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་སྟེ། སེང་གེ་དང༌། སྟག་དང༌། ཁྱི་དང༌། ཅེ་སྤྱང་དང༌། བྱ་རྒོད་དང༌། ཁྲུང་ཁྲུང་དང༌། བྱ་རོག་དང༌། འུག་པ་དང༌། སྲིན་བུ་དང༌། སྦྲང་མ་དང༌། སྦྲང་བུ་དང༌། ཤ་སྦྲང་དུ་གྱུར་པ་དེ་དག་གིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་མ་ཉམས་པར་བྱ་སྙམ་མོ། །ལག་བཟང༌། གཞན་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་སྟེ། མི་བརྒྱའམ་སྟོང་གིས་ཀྱང་སངས་རྒྱས་ཉིད་རྟོགས་ཤིང་ཐོབ་ན། བདག་གིས་ཀྱང་ཅིའི་ཕྱིར་མི་རྟོགས་ཤིང་ཐོབ་པར་མི་འགྱུར་ཞེས་པ་དང༌། ཟ་མ་ཏོག་བཀོད་པ་ལས། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་སིངྒའི་གླིང་ནས་བྱུང་སྟེ། ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ཆེན་པོ་བཤང་བ་དང་གཅི་བའི་གནས་དེ་ན། སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་པ་ལས། དེའི་ཚེ་སྤྱན་རས་གཟིགས་ཀྱི་དབང་པོ་བུང་བའི་གཟུགས་སུ་སྤྲུལ་ཏེ་སྒྲ་བུང་བུང་བྱུང་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་དང༌། དེ་དག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་རྗེས་སུ་དྲན་ནས། འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁ་ནས་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ་ཞེས་སོ། །ཚུལ་གཉིས་སུ་ན་སེམས་ཅན་མཐའ་མེད་པ་དག་བདག་གི་ཕ་མ་ཡིན་ལ། འདི་རྣམས་བསྒྲལ་བའི་ཕྱིར་བརྩོན་དགོས་ལ། འཁོར་བའི་གནས་སུ་ནམ་ཞར་སྡོད་པའི་སྡུག་བསྔལ་གྱི་ཆ་ཅུང་ཟད་ཅིག་བརྩོན་པ་བྱང་ཆུབ་ལ་བྱས་ན་འཚང་རྒྱ་ལ། སྔར་ཡང་དེ་ལྟར་མ་བྱས་པས་འཁོར། ད་དུང་དེ་བཞིན་བྱེད་ན་འཁོར་བར་འགྱུར་བས་བརྩོན་དགོས་ཤིང༌། གཞན་གྱི་ཕྱིར་ཅུང་ཟད་ངལ་བའི་སྡུག་བསྔལ་མི་བཟོད་པ་ལྟར་ན། དེ་བས་མཐའ་མེད་པའི་སྡུག་བསྔལ་མང་ལ་བཟོད་དཀའ་བ་ངེས་པར་བཟོད་པར་བྱ་བའི་ཕྱིར་སྐྱོ་ངལ་མེད་པར་བྱའོ་ཞེས་པ་ནི། རིན་ཆེན་ཕྲེང་བ་ལས། ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང༌། །དགེ་བ་དཔག་ཏུ་མེད་བྱེད་པ། །དེ་ཀོ་བྱང་ཆུབ་དཔག་མེད་ཀྱང༌། །དཔག་ཏུ་མེད་པ་རྣམ་པ་བཞིའི། །ཚོགས་ཀྱིས་རིང་པོར་མི་ཐོགས་པར། །ཇི་ལྟ་བུར་ན་ཐོབ་མི་འགྱུར། །བསོད་ནམས་མཐའ་ཡས་ཞེས་པ་དང༌། །ཡེ་ཤེས་མཐའ་ཡས་ཞེས་པ་དེས། །ལུས་དང་སེམས་ཀྱི་སྡུག་བསྔལ་དག །མྱུར་བ་ཉིད་དུ་སེལ་བར་བྱེད། །སྡིག་པས་ངན་འགྲོ་ལུས་ཀྱིས་ནི། ། སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང༌། །དེས་སྡིག་མ་བྱས་བསོད་ནམས་ཀྱིས། །སྲིད་པ་གཞན་ན་དེ་མེད་དོ། །རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི། ། ཆགས་དང་འཇིགས་དང་འདོད་ལ་སོགས། །དེ་རྟེན་མེད་པའི་ཡེ་ཤེས་ཀྱིས། ། དེ་ནི་མྱུར་བ་ཉིད་དུ་སྤོང༌། །ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས། །དེ་ལྟར་ཤིན་ཏུ་མ་རྨས་ན། །གལ་ཏེ་འཇིག་རྟེན་མཐར་ཐུག་པར། །འཇིག་རྟེན་འདྲེན་ཀྱང་ཅི་སྟེ་སྐྱོ། །སྡུག་བསྔལ་བ་ལ་དུས་ཐུང་ཡང༌། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། །དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། ། དེ་ནི་སྙིང་རྗེས་འཇིག་རྟེན་ན། །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །དེ་བས་སངས་རྒྱས་རིང་ཐོགས་ཞེས། །བློ་དང་ལྡན་པ་སྒྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་སོ། །ཡང་འདི་ལྟར་ཡུན་རིང་མོར་སེམས་ཅན་གྱི་དོན་དུ་སྲིད་པར་གནས་པ་ག་ལ་བཟོད་སྙམ་ནའང་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཡོད་པས་བདེ་བ་ཡིན་གྱི། སྡུག་བསྔལ་བ་མ་ཡིན་པས་ཀྱང་བཟོད་དགོས་ཏེ། སྤྱོད་འཇུག་ལས། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང༌། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ ཕྱིར། །ཉན་ཐོས་རྣམས་ལས་མཆོག་ཏུ་བཤད། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། ། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། །ཡང་སེམས་ཅན་ཐམས་ཅད་སྒྱུ་མ་དང་རི་མོ་དང་ནམ་མཁའི་རང་བཞིན་ཅན་ཡེ་ནས་མ་སྐྱེས་ལ་སྣང་བས་དོན་བྱ་བ་བདེན་པར་དགོས་པ་མེད་པས་ཀྱང་སྤྲོ་བར་བྱ་སྟེ། བཤེས་སྤྲིང་ལས། སེམས་ནི་ཆུ་དང་ས་དང་རྡོ་བ་དང༌། །རི་མོ་བྲིས་པ་དེ་འདྲར་རིག་པར་གྱིས། །ཞེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། དཔེར་ན་ནམ་མཁའི་ཁམས་ནི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་འདས་པར་གྱུར་ཀྱང་སྐྱོ་ཞིང་ཡི་ཆད་པ་མེད་དེ། ནམ་མཁའི་ཁམས་ལ་སྐྱེ་བའམ། འཇིག་པའམ། འཚིག་པའམ་གྱེས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ལ་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་ཤེས་པ་དེ་ནི་སྐྱོ་བ་དང༌། ངལ་བ་དང༌། ཡོངས་སུ་ཡི་ཆད་པའི་སེམས་མི་བསྐྱེད་དོ་ཞེས་སོ། །ཚུལ་དེ་ལྟ་བུས་བྱང་ཆུབ་བསྒྲུབ་པ་དང༌། གཞན་དོན་བྱ་བ་ལ་སྐྱོ་ངལ་མེད་པར་བྱའོ། ། འདི་དག་གི་ཚུལ་གཞན་ཡང༌། ཐེག་པ་ཆེན་པོའི་མན་ངག་ལས་འབྱུང་བ་ལྟར་བསམ་སྟེ། རྣམ་པ་བཅུ་གསུམ་གྱི་ཕན་པ་བསྒྲུབ་དགོས་སོ། །དེ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མ་ཡང་དང་ཡང་དུ་བྱས་པར་མཉམ་ལ། དེའི་དུས་སུ་བརྩེ་བས་ཕན་བཏགས་པ་ཤ་སྟག་ཡིན་པས་དྲིན་ལན་དུ་བྱ་བས་ཀྱང་སེམས་ཅན་གྱི་དོན་བྱ་དགོས་སོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། ས་ཆེན་པོ་འདི་རིལ་བུ་སྲན་མ་ཙམ་དུ་བྱས་ཏེ། སེམས་ཅན་གཅིག་གི་བདག་གི་ཕ་དང་མ་བྱས་པའི་གྲངས་བགྲངས་ན་ས་ཆེན་པོ་འདི་ཟད་པར་འགྱུར་གྱི། སེམས་ཅན་གཅིག་གིས་ཕ་དང་མ་བྱས་པའི་གྲངས་ནི་ཟད་པར་མི་འགྱུར་རོ་ཞེས་སོ། །གཞན་ཡང༌། སེམས་ཅན་གྱིས་ཕན་བཏགས་པ་དེ་དག་གིས་ལན་མ་གཞལ་ན་བྱས་པ་མི་གཟོ་བའི་ཁུར་ཆེན་པོས་ནོན་པར་འགྱུར་བས་དེ་བསལ་བའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་པར། ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང༌། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་པའི་ཚུལ་གྱིས་སོ། །གཞན་ཡང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་ན་བདག་གིས་ཕན་བཏགས་མི་དགོས་མོད་ཀྱང༌། བདག་ཅག་གི་ཕྱིར་སྔོན་སྡིག་པ་བྱས་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་ནོན་པས་ན། བདག་གིས་ལན་པའི་ཉེས་པ་བསལ་བའི་ཕྱིར་ཡང་སེམས་ཅན་གྱི་དོན་བྱ་དགོས་སོ། །གཞན་ཡང༌། སེམས་ཅན་རྣམ་བདེ་བ་འདོད། སྡུག་བསྔལ་མི་འདོད་པར་གཅིག་ཀྱང༌། དེའི་ཐབས་ལ་རྨོངས་པས་སྡུག་བསྔལ་འབའ་ཞིག་གིས་གདུང་པ་རྣམས་དེ་ལས་བཟློག་པའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་སོ། །གཞན་ཡང༌། སེམས་ཅན་དཔག་ཏུ་མེད་པ་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་དྲངས་པས་མ་ལང་ཞིང་གདུལ་བར་མ་ནུས་པ་འདི་རྣམས་བདག་གིས་མ་དྲངས་ན་ཐེག་པ་ཆེན་པོའི་རིགས་ཆད་པ་དང༌། སེམས་ཅན་གྱི་མགོན་སྐྱབས་མེད་པར་འགྱུར་བས་ཀྱང་ཕན་པ་བསྒྲུབ་དགོས་སོ། །གཞན་ཡང་ང་དང་བདག་ཏུ་འཛིན་པའི་དབང་གིས་ཉོན་མོངས་པའི་རླུང་གིས་དཀྲུགས་ཏེ་ཕྱིན་ཅི་ལོག་པས་ཀྱང་གདུལ་བའི་ཕྱིར་འབད་པས་སྨོན་ལམ་འདེབས་པར་གསུངས་ན། ཅི་ཕན་དུ་གཞན་དོན་བྱ་ནས་ཀྱང་འདི་ཡི་ཕན་པ་འགྲུབ་པར་ཤོག་ཅིག་སྙམ་དུ་བསྒོམ་ཞིང༌། སེམས་ཅན་གཅིག་ནས་ནམ་མཁའི་མཐའ་མཉམ་གྱི་བར་དུ་བསྒོམ་པར་བྱའོ། །བདག་གཞན་བརྗེ་བ་ནི། དེ་ལ་བློ་འབྱོངས་ནས། རང་གི་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་དེ་ལ་བློས་ལིངས་ཀྱིས་ཕོག་ལ། དེའི་བསོད་ནམས་ཀྱིས་གནས་སྐབས་སུ་མཐོ་རིས་དང་མཐར་ཐུག་སངས་རྒྱས་ཐོབ་པར་བསམ། དེའི་ལས་ངན་གྱི་སྡུག་བསྔལ་བདག་ལ་ཚུར་གོས་བརྗེས་པ་ལྟར་དང་དུ་བླངས་ནས་རང་རྒྱུད་ལ་སྨིན་པས་ཁོའི་དོན་དུ་ངན་སོང་ལ་སོགས་པའི་སྡུག་བསྔལ་མང་པོ་མྱོང་བར་བསམ་ཞིང༌། སྙིང་ཁོང་རུས་པའི་གཏིང་ནས་བརྗེ་བ་དེ་ལྟ་བུ་སེམས་ཅན་གཅིག་ལ་བློ་འབྱོངས་ནས་ཀུན་གྱི་བར་དུ་བྱའོ། །དེས་ནི་ཐོག་མ་མེད་པའི་སྡིག་པ་ཚན་པོ་ཆེ་འདག་ཅིང་ཕྱི་མར་ངན་སོང་ལ་སོགས་པ་མྱོང་འགྱུར་གྱི་ལས་མང་པོ་ཟད་པར་བྱེད་པ་དང་བདེ་བ་དུ་མ་ཐོབ་པར་བྱེད་པའོ། །སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། ། ཅེས་པའི་དོན་ཏོ། །འདིར་ཁ་ཅིག་ན་རེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས་དེ་ལྟར་བྱས་ན་མི་རུང་སྟེ། བདག་ཉིད་གཏན་དུ་འཁོར་བར་ལྟུང་བའི་ཕྱིར་རོ། །ཡང་མི་དགེ་བ་བྱས་དུས་ཀྱང་བྱང་ཆུབ་ཏུ་འདུན་པས་བསྔོས་ན་དགེ་བར་འགྱུར་ཏེ། འདུན་པ་ཁྱད་པར་ཅན་ཡོད་པས་བསྔོས་པའི་ཕྱིར་ཞེས་ཟེར་བའང་བདུད་ཀྱི་གསང་ཚིག་ཏུ་བས་མོད། འོན་ཀྱང་དེ་འདྲ་བའི་ལན་བཤད་པར་བྱ་སྟེ། འདི་ལྟར་གཞན་དོན་དུ་ཕྱི་མའི་མུ་མཐར་སྨོན་པས་འཁོར་བར་འཁྱམས་ན་འཇམ་དཔལ་ཡང་འཁྱམས་པར་རིགས་ཏེ། དེའི་སྨོན་ལམ་ལས། སེམས་ཅན་རེ་རེའི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་ཤོག །ཅེས་བཏབ་པའི་ཕྱིར་རོ། །བདག་གཞན་བརྗེ་བ་བྱས་པ་ཡང་སེམས་ཅན་དང་དངོས་སུ་བརྗེས་པ་ནི་མེད་ལ། ཡོད་ནའང་ཤིན་ཏུ་བཟང་སྟེ་རླབས་པོ་ཆེའི་བསོད་ནམས་ཡིན་པའི་ཕྱིར་རོ། །ཡིད་ཀྱིས་བརྗེས་པའི་སེམས་ཅན་དང་བདག་གཉིས་ཀ་རང་གི་སེམས་ཡིན་པས་ཀྱང་གཞན་གྱི་སྡུག་བསྔལ་བདག་ལ་མི་སྨིན་ཅིང་རང་གི་བདེ་བ་གཞན་ལ་མི་འཕོ་བ་ཡིན་ནོ། །འདི་ལྟར་ལས་འབྲས་མི་འཕོ་བར་གསུངས་ཏེ། ལས་བརྒྱ་པ་ལས། རང་གིས་བྱས་པ་གཞན་ལ་མི་འཕོ་ཞིང༌། །གཞན་གྱི་ལས་ཀྱང་དེ་བཞིན་རང་ལ་མིན། །རང་གིས་བསགས་པའི་བགོ་སྐལ་སྤྱོད་པས་ན། ། སེམས་ཅན་རྣམས་ནི་ལས་ཀྱི་མུན་པས་བསྒྲིབས། །ཞེས་སོ། །སྡིག་པ་ནི་དགེ་བའི་རྩ་བ་མ་ཡིན་པས་བསྔོ་བའི་རྒྱུར་མི་རུང་སྟེ། ངན་སོང་དང་སྡུག་བསྔལ་ལས་གཞན་གྱི་རྒྱུ་མ་ཡིན་ནོ། །དགོས་པ་ཡིན་ནོ། །གཞན་ཡང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྨི་ལམ་དང་འདྲ་བ་རྣམས་སྙིང་རྗེས་དྲང་དགོས་ཏེ། མ་དྲངས་ན་སྙིང་རྗེ་ཁྱད་དུ་གསོད་པར་འགྱུར་བས་ཀྱང་ཕན་པ་བསྒྲུབ་དགོས་སོ། །གཞན་ཡང༌། བདག་གིས་སེམས་ཅན་གྱི་དོན་བྱེད་པར་སེམས་བསྐྱེད་པའི་ཕྱིར། དོན་མ་བྱས་ན་རང་གི་བསླབ་པ་དང་འགལ་བར་འགྱུར་བས་ཀྱང་ཕན་པ་བསྒྲུབ་དགོས་སོ། །གཞན་ཡང༌། བདག་འཁོར་བར་འཁྱམས་པ་འདི་ཡང་སེམས་ཅན་ལ་ཁོར་ཁྲོ་ལ་སོགས་པའི་ཉོན་མོངས་པ་སྐྱེས་པས་ལན། ད་ནི་རང་གི་བྱང་ཆུབ་བསྒྲུབ་པའི་ཡུལ་སེམས་ཅན་མཆོག་ཏུ་གྱུར་པས་ན་ཡང་ཕན་པ་བསྒྲུབ་དགོས་སོ། །སྤྱོད་འཇུག་ལས། འདི་དག་མགུ་བྱས་མང་པོ་ཞིག །འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། །ཞེས་སོ། །གཞན་ཡང༌། གཞན་དོན་དངོས་སུ་བྱས་པས་རང་དོན་ཤུགས་ལ་འགྲུབ་པའི་ཕྱིར་ཡང་ཕན་པ་བྱ་དགོས་ཏེ། དེ་ཉིད་ལས། རང་དོན་ཡང་དག་བསྒྲུབ་པའང་དེ་ཉིད་དོ། །ཞེས་སོ། །གཞན་ཡང༌། སེམས་ཅན་གྱི་དོན་བྱས་ན་སངས་རྒྱས་མཉེས་པའི་ཕྱིར་ཡང་ཕན་པ་བསྒྲུབ་དགོས་ཏེ། དེ་ཉིད་ལས། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་སོ། །གཞན་ཡང༌། སེམས་བསྐྱེད་ཀྱང་སེམས་ཅན་ལ་ཕན་པ་མ་བསྒྲུབས་ན། ཉན་རང་དུ་ལྟུང་བར་འགྱུར་བས་ཀྱང་སེམས་ཅན་གྱི་དོན་བྱ་དགོས་སོ། །གཞན་ཡང༌། དོན་དམ་པར་བདག་དང་སེམས་ཅན་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དཀའ་བ་མེད་པའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་སོ། ། མདོར་ན་སེམས་ཅན་གཅིག་ཙམ་འཁོར་བ་ལས་མ་ཐར་ཡང་དེའི་བར་དུ་བདག་འཁོར་བར་གནས་ལ་དོན་བྱ། བདག་གིས་ཉིན་མཚན་དུ་སྐྱོ་དུབ་མེད་པས་བརྩོན་པ་བསྐལ་པ་བྱེ་བ་བརྒྱར་བྱས་ན་སེམས་ཅན་གཅིག་གི་རྒྱུད་ལ་སེམས་དགེ་བ་སྐད་ཅིག་སྐྱེ་བར་ཤེས་ནའང་སེམས་སྟོབས་ཆེན་པོས་བརྩོན་དགོས་ཏེ། མདོ་སྡེའི་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་བ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་པའི་ཚུལ་གྱིས་དོན་བྱ་བ་ཡིན་ནོ། །དཔུང་ཚོགས་བསྐྱེད་པའང་རྣམ་པ་བཞི། སྤྱོད་འཇུག་ལས། མོས་བརྟག་དགའ་དང་དོར་བ་ཡིན། ཞེས་པས་དང་པོ་མོས་པའི་དཔུང་ནི་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་མོས་པས་དགེ་བ་བསྒྲུབ་ཅིང་མི་དགེ་བ་དོར་བ་སྟེ། དེ་ཉིད་ལས། མོས་པས་སྡུག་བསྔལ་འཇིགས་པ་དང། །དེ་ཡི་ཕན་བསམས་པས་བསྐྱེད། །ཅེས་སོ། །གཉིས་པ་བརྟེན་པའི་དཔུང་ནི་བདག་གིས་སེམས་མ་བསྐྱེད་ན་ཕར་ཞོག །བསྐྱེད་ནས་བཏང་བས་གང་གི་སྒོ་ནས་ཀྱང་ངན་པར་འགྱུར་དུ་འོང་སྙམ་ནས་བསྲན་ཚུགས་ལ་མ་ཤོར་བར་བྱེད་པ་སྟེ། དེ་ཉིད་ལས། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམས་ནས་ང་རྒྱལ་བསྒོམ་པར་བྱ། །དང་པོར་འབྱོར་པ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །བརྩམས་ནས་བཟློག་པར་མི་བྱའོ། །ཞེས་སོ། །གསུམ་པ་དོར་བའི་དཔུང་ནི་སྐབས་འགར་ཇི་སྐད་བཤད་པའི་བསླབ་པ་ཕྲན་ཚེགས་སེམས་ཅན་ལ་མི་གནོད་པ་ཁ་ཅིག་བཏང་སྙོམས་སུ་བྱ་བར་གནང་བ་ལ་བརྟེན་པ་སྟེ། དེ་ཉིད་ལས། འཇིགས་དང་དགའ་སྟོན་སོགས་འབྲེལ་བས། །གལ་ཏེ་མི་ནུས་ཅི་བདེར་བྱ། །ཞེས་པའི་ཚུལ་གྱིས་སོ། །བཞི་པ་དགའ་བའི་དཔུང་ནི། སེམས་ཅན་གྱི་དོན་དང་བསླབ་པ་བསྒྲུབ་པ་ལ་དགའ་ཞིང་སྤྲོ་བས་འཇུག་པ་ཡིན་ཏེ། སློབ་སྤྲིང་དུ། གང་ཞིག་གཞན་གྱི་དོན་དུ་དབུ་རྣམས་གཅོད་བྱེད་ཀྱང༌། །པདྨ་ལྟ་བུར་དགྱེས་པའི་སྤྱན་འབྱེད་གཟིགས་མཛོད་ཅིང༌། །ཉིད་ཀྱི་དོན་དུ་གདུགས་དཀར་གཅིག་གིས་ཁེབས་པ་ལྟའི། །ས་ཡང་རལ་གྲི་སོ་བདར་རྣོན་པོ་ལྟ་བུར་དགོངས། །ཞེས་པའི་ཚུལ་གྱིས་སོ། །དགེ་བ་ནི་ལྷུར་བླང་བྱའམ་མཐོ་རིས་དང་ཐར་པའི་རྒྱུ་ཡིན་པས་རྟག་ཏུ་བྱ་བ་སྟེ། སྤྱོད་འཇུག་ལས། རྒྱ་ཆེ་དྲི་བཟང་བསིལ་བ་པདྨའི་སྙིང་པོར་གནས། །རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་པ། །ཐུབ་འོད་ཀྱིས་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན། །རྒྱལ་བའི་མདུན་ནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར། །ཞེས་པ་དང༌། གང་དག་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། ། འབྲས་བུའི་ཡོན་གྱིས་དངོས་མཆོད་འགྱུར། །ཞེས་སོ། །འགྲོ་བ་བདག་གི་དབང་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་དང་ཉེ་དུར་མ་གྱུར་པ་མེད་པས་འདི་རྣམས་ཀྱི་དོན་བྱ་བ་དང༌། བྱང་ཆུབ་བསྒྲུབ་པའི་ཞིང་དུ་གྱུར་པས་དབང་དུ་བྱས་ཏེ་ཕན་གདགས་པ་དང༌། སངས་རྒྱས་དགྱེས་པ་བསྐྱེད་པས་ཀྱང་དབང་དུ་བྱས་ལ་ཕན་པ་བསྒྲུབ་པ་སྟེ། དེ་ཉིད་ལས། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལས། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་པ་དང༌། དེ་བཞིན་གཤེགས་རྣམས་དགྱེས་པར་བགྱིད་སླད་དུ། །དེང་ནས་ངེས་བརྟུལ་འཇིག་རྟེན་བྲན་དུ་མཆི། །ཞེས་སོ། །བདག་གཞན་མཉམ་པར་བསྒོམ་པ་ཡང༌། ཐུན་མོང་བ་བཏང་སྙོམས་བསྒོམས་པའི་ནང་དུ་བཤད་ཟིན་ལ། ཐུན་མོང་མ་ཡིན་པ་ནི། དགྲ་ལྟ་བུ་ཞིག་ལ་ཐོག་མར་མའི་འདུ་ཤེས་བསྐྱེད་ལ། རང་ཉིད་ལ་གནས་སྐབས་སུ་བདེ་བ་དང༌། མཐར་ཐུགས་ལེགས་པ་གྲུབ་ན་དགའ་བ་བཞིན་དུ། དེ་ལའང་ཁྱད་མེད་པས། བདག་གིས་ཅི་ལུང་ལས་ཀྱང༌། དགེ་བའི་རྩ་བ་འདི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྟེ་ཞེས་པ་ལས། སྡིག་པའི་རྩ་བ་འདི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྟེ་ཞེས་གང་ལས་ཀྱང་མ་གསུངས་བའི་ཕྱིར་རོ། ། དེས་ན་རྒྱུ་དགེ་བ་ཅན་འདུན་པས་གང་བསྔོས་པ་དེར་འགྱུར་གྱི། རྒྱུར་མི་རུང་བ་བསྔོས་ཀྱང་མི་འགྱུར་ཏེ་ནམ་མཁའ་འདི་བྱང་ཆུབ་ཏུ་བསྔོས་ཀྱང་མི་འགྱུར་བ་བཞིན་ནོ། །དེ་བས་ན་འདི་ལྟ་བུའི་ལུགས་ཡིད་ལ་མི་བསམ་ཞིང་ཐོས་པར་ཡང་མི་བྱ་ན་དངོས་སུ་བྱ་ཞིང་དེའི་རྗེས་སུ་ཁས་ལེན་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དག་པ་དང་སྤེལ་བ་ནི་འོག་ཏུ་ད་ལྟ་འཆད་པར་འགྱུར་བས་འདིར་མི་སྤྲོའོ། ། « དྲན་དང་ཤེས་བཞིན་བསྟེན་པའི་ཚུལ་ནི།» ཚུལ་དེ་བས་ན་ཉིན་མཚན། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་བསྒྲུབ། ། འདི་ལྟར་དོན་གསུམ་གྱིས་ནི་བསླབ་པ་རྣམས་ཀྱི་གཙོ་བོ་རང་གི་སེམས་ཉོན་མོངས་པའི་ཚོགས་ལས་བསྲུང་བ་ཡིན་ལ། དེ་ཡང་དྲན་པ་དང་ཤེས་བཞིན་དང་བག་ཡོད་པ་གསུམ་གྱིས་སེམས་བསྲུང་བར་བྱའོ། །དེ་ལ་ཕན་ཡོན་དང་ཉེས་དམིགས་དྲན་པས་མི་ཉམས་པ་དང༌། རང་གི་ངོ་བོ་དྲན་པས་མི་ཉམས་པར་བྱ་བ་གཞུ་གདུངས་པའི་རྒྱུད་ལྟ་བུ་ཞིག་ཁོ་ན་གལ་ཆེའོ། །ཅིའི་ཕྱིར་ཞེ་ན། དྲན་པ་དང་ཤེས་བཞིན་ཉམས་ན་དགེ་བ་ཉམས་ཤིང་མི་དགེ་བ་སྐད་ཅིག་ལ་ཚེགས་མེད་པར་འབྱུང་སྟེ། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་ཆོས་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་བས། །བསོད་ནམས་དག་ནི་ཉེར་བསགས་ཀྱང༌། །རྐུན་པོས་བཏོགས་བཞིན་ངན་འགྲོར་འགྲོ། །ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང༌། །བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད། །དེ་བས་དྲན་པའི་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏོང་ངོ༌། །སོང་ན་ངན་སོང་གནོད་པ་དག །དྲན་པར་བྱས་ཏེ་ཉེ་བར་གཞག །ཅེས་སོ། །ཡང་བསླབ་པ་དང༌། དེའི་ཕན་ཡོན་དང༌། ཉམས་པའི་ཉེས་དམིགས་དང༌། འཁོར་འདས་ཀྱི་སྐྱོན་ཡོན་ལ་སོགས་པ་ཤེས་བཞིན་རྣམ་པར་དག་པས་ཀྱང་སེམས་བསྲུང་དགོས་སོ། །དཔེར་ན་འཇིག་རྟེན་གྱི་རྒན་རབས་དག་སྔར་གྱི་ལེགས་ཉེས་མང་པོའི་རང་བཞིན་ལ་ཤེས་བཞིན་གྱིས་བྱ་བ་ངན་པ་འདོར་ཞིང་བཟང་པོ་ལ་འཇུག་པ་དང་ཆོས་མཚུངས་སོ། །འདི་ལྟར་ཉིན་མཚན་དུ་དགེ་བའི་ཕྱོགས་ཐམས་ཅད་ཤེས་བཞིན་དང་ལྡན་པས་བསྒྲུབ་ཅིང༌། རང་གི་སྒོ་གསུམ་ལ་དགེ་བ་དང་མི་དགེ་བ་ཇི་ལྟར་བྱུང་བརྟགས་ཤིང་རྡེའུ་ལ་སོགས་པས་གྲངས་བྱས་ཏེ་མི་དགེ་བ་འདོར་ཞིང་དགེ་བ་ལ་འཇུག་པ་ནི་ཤེས་བཞིན་བསྲུང་བ་སྟེ། དེ་ཉིད་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་ བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། ། ཞེས་སོ། །དེ་ལྟར་དྲན་ཤེས་བཞིན་གཙོ་བོ་བསྲུང་བར། དེ་ཉིད་ལས། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་སོ། །ཡང་བག་ཡོད་པས་ཀྱང་སེམས་བསྲུང་སྟེ། རང་ལ་བརྟེན་ནས་ཉོན་མོངས་པ་མི་བྱེད་པ་ངོ་ཚ་ཤེས་པ་དང༌། གཞན་གྱིས་ཁྲེལ་གྱིས་དོགས་ནས་མི་དགེ་བསྲུང་བ་ཁྲེལ་ཡོད་པ་སྟེ། དེ་གཉིས་ནི་བག་ཡོད་པའི་ངོ་བོ་ཡིན་པས་དེས་ཉོན་མོངས་པ་བསྲུང་ངོ༌། །གཞན་ཡང༌། ཉོན་མོངས་པ་ལས་ལྡོག་ཅིང་ཐར་པའི་དགེ་བ་སྤྱོད་པའི་བག་དང་ལྡན་པ་ཉིད། མངོན་པ་ཀུན་ལས་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་བསྒོམ་པ་དང༌། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ལས་སེམས་བསྲུང་བ་སྟེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་སུ་བསྒྲུབ་པའི་ལས་ཅན་ནོ་ཞེས་སོ། །དེ་ཡང་བག་ཡོད་པ་ལ་གནས་ན་དགེ་བ་དང་ལེགས་པ་ཀུན་འགྲུབ་ཅིང་མི་གནས་ན་མི་འགྲུབ་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་ཡང་གསུངས་ཏེ། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་ལ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་ དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་དང༌། ཏིང་འཛིན་རྒྱལ་པོ་ལས། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་པ་དང༌། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དེ་ལ་བག་ཡོད་པ་གང་ཞེ་ན། ཇི་ཙམ་དུ་དགེ་བའི་ཆོས་རྣམས་བསྒྲུབ་པའོ། །བྱང་ཆུབ་སེམས་དཔའི་བག་ཡོད་པས་ནི་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རྩ་བའོ། །ཡེ་ཤེས་བསྒྲུབ་པའི་ཆོས་རྣམས་ཀྱི་གནས་སོ། ། དགེ་བའི་ཆོས་བསྩགས་ཤིང་སོ་སོར་འཛིན་པའོ། །སྔོན་ཐོས་པའི་ཆོས་རྣམས་ཆུད་མི་གསོན་པའོ། །བསྡུ་བར་བྱ་བའི་ཆོས་རྣམས་སྡུད་པའོ། །སྒྲིབ་པའི་ཆོས་རྣམས་མི་སྡུད་པའོ་ཞེས་གསུངས་སོ། །འདི་ལྟར་དྲན་ཤེས་བཞིན་བག་ཡོད་གསུམ་གྱིས་མ་ཟིན་ན། སྔོན་ཡོད་པའི་ཐོས་པ་ལ་སོགས་པའང་ཉམས་ཤིང༌། དད་པ་ཙམ་དང༌། ཐོས་པ་ཙམ་དང༌། བརྩོན་པ་ཙམ་ཡོད་ཀྱང་ལྟུང་བའི་རྙོག་པས་གོས་ཏེ་མ་དག་པས་འཁོར་བ་དང་ངན་སོང་ལས་མི་ཐར་བ་ཉིད། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང༌། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་མི་གནས། ། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང༌། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཞེས་ སོ། །དེའང་གནས་སྐབས་ཐམས་ཅད་དུ་རང་གི་སེམས་ལ་བརྟག་ཅིང་རྣམ་པར་གཡེང་བ་ལ་ཅི་ནས་ཀྱང་འཇུག་དགོས་ནའང་དེ་དང་མཐུན་པའི་དགེ་བའི་ཕྱག་དང་བསྐོར་བ་ལ་སོགས་པ་སྤྲོས་པ་དང་བཅས་པ་ལྷུར་བླང་ཞིང་མི་དགེ་བ་དང་མ་འཕེལ་བར་བྱ། དབེན་པར་གནས་པ་ནའང་བསམ་གཏན་ལ་སོགས་པ་དོན་དམ་པའི་དགེ་བ་ལ་འཇུག་ཅིང་བཏང་སྙོམས་སུ་མ་ལུས་པར་བྱའོ། ། གང་དང་གང་བྱེད་པ་དེ་ཉིད་མ་རྫོགས་བར་དུ་གཞན་མང་པོ་ལ་མི་འཇུག་སྟེ་དེ་ཉིད་འགྲུབ་པའི་བར་ཆད་ཡིན་པའི་ཕྱིར་རོ། །འདི་ལྟར་སྦྱིན་པ་ལྟ་བུའི་དུས་སུ་ཚུལ་ཁྲིམས་མཆོག་ཡིན་ཀྱང་མ་ཉམས་པ་ཙམ་ལས་དེའི་འབད་པ་བཏང་སྙོམས་སུ་བཞག་ལ་སྦྱིན་པ་ཉིད་ལ་བརྩོན་དགོས་པ་ལ་སོགས་པའི་དུས་དང་གནང་བཀག་དང་མཆོག་དམན་ཤེས་པས་དཔྱད་པ་གལ་ཆེའོ། །དེ་སྐད་དུ། དེ་ཉིད་ལས། འདི་ལྟར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས། །གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏང་པ་ཡི་བསམ་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀར་མི་འགྱུར་རོ། །ཞེས་པ་དང༌། ཙ་ན་ཀར། སྔ་མ་མ་ཚར་གཞན་བསྒྲུབས་ན། ། གཉིས་ཀ་མི་འགྲུབ་ངལ་བའི་གནས། །རྐང་པ་ཡ་གཅིག་མ་ཚུགས་པར། །ཡ་གཅིག་བཏེག་ན་འགྱེལ་བའི་རྒྱུ། །ཞེས་པ་དང༌། སྔ་མ་ལས། ཆུང་ངུའི་ཕྱིར་ནི་ཆེ་མི་གཏོང༌། །གཙོ་བོར་གཞན་གྱི་དོན་བསམ་མོ། །ཞེས་པ་སྟེ། བསླབ་བཏུས་སུ། སྨན་ཤིང་ལྗོན་པ་ནར་མ་སོན་པར་བསྲུངས་ཏེ། སོན་པ་ན་གཞན་ལ་ཕན་འདོགས་པ་ལྟར། ལུས་འདི་ཡང་འཕགས་པའི་ས་མ་ཐོབ་བར་དུ་མི་གཏོང་ཞིང་བསྲུང་བ་སྟེ། དེ་ཉིད་ལས། སྙིང་རྗེའི་བསམ་པ་མ་དག་པར། ། ལུས་ནི་གཏང་བར་མི་བྱའོ། །ཞེས་པ་དང༌། དེས་མཚོན་ནས་དགེ་བ་ཆུང་ངུ་བྱས་པས་གོང་མའི་ཆེན་པོ་འཆོར་ནའང་ཆུང་ངུ་བཞག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་དགེ་བ་ཡང་གོང་ནས་གོང་དུ་བསླབ་ཅིང་འདོམས་ན་གོང་མ་བྱ་ཞིང་འོག་མ་བཏང་སྙོམས་སུ་བྱ་སྟེ། དེ་ཉིད་ལས། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། ། གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། གང་ཞིག་དགའ་བའི་ཡིད་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། ། གང་གིས་ཉིན་གཅིག་ཚུལ་ཁྲིམས་དག །བསྲུངས་པ་དེ་ནི་ཁྱད་པར་ འཕགས། །ཞེས་པའི་ཚུལ་གྱིས་གནས་སྐབས་ཤེས་པས་བསྲུང་བ་གཅེས་ སོ། །གཞན་ཡང༌། ཉིན་ཞག་གི་ཆོས་སྤྱོད་ཀྱི་རིམ་པ་དང༌། ཁ་ཟས་བཟའ་བའི་རིམ་པ་ལ་སོགས་པ་དང༌། སྤྱོད་ལམ་གྱི་བྱ་བ་རྣམས་ཀྱང་མདོར་བསྡུས་པ་ཙམ་བརྗོད་པར་བྱ་སྟེ། དང་པོ་ལྡང་བའི་ཚེ་ནའང་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པས་ལངས་ཏེ། རྨི་ལམ་དུ་སྡིག་པ་མཐོང་ན་ཡང་དེ་མ་ཐག་ཏུ་བཤགས་ཤིང་དགེ་ན་རྗེས་སུ་ཡི་རང་བ་ཙམ་བྱ་སྟེ། ཉིན་མཚན་གཉིས་ཀ་སེམས་ཀྱི་བག་ཆགས་སུ་མཚུངས་པའི་ཕྱིར། ཡུམ་བར་མ་ལས། ཤཱ་རིའི་བུ། གལ་ཏེ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཉིན་པར་རྣམ་པར་བསྒོམས་པས་འཕེལ་བར་འགྱུར་བ་ཞིག་ན། རྨི་ལམ་དུ་རྣམ་པར་བསྒོམས་པས་ཀྱང་འཕེལ་བར་འགྱུར་ཏེ། རྨི་ལམ་དང་ཉིན་པར་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ནས་སྔར་བསྟན་པའི་ཆོ་གས་སེམས་བསྐྱེད་པའི་སྡོམ་པ་གཟུང་བར་བྱ་སྟེ། ཉིན་མཚན་གྱི་ཆ་ལ་ཡན་ལག་ཅུང་ཟད་ཉམས་པ་ཡང་གསོ་ཞིང་མ་ཉམས་ཀྱང་སྤེལ་བར་བྱ་དགོས་པའི་ཕྱིར་རོ། །དེ་ནས་ཁ་ཟས་ཀྱི་འཚལ་མ་འཚལ་བའི་ཚེ་ན་དཀོན་མཆོག་གསུམ་རྗེས་སུ་དྲན་པས་ཆ་བཞིའི་གཅིག་དེ་ལ་དབུལ། གཅིག་གློ་བུར་དུ་འོངས་པ་ལ་སྟེར་བའི་ཕྱིར་གཞག ། གཅིག་འཕྲོག་མའི་བུ་ལ་སོགས་པ་ལ་གཏོར་མ་སྦྱིན། གཅིག་རང་གིས་ བཟའོ། །ཡང་ན་ཆ་གཅིག་དཀོན་མཆོག་ལ། གཅིག་ཆོས་སྐྱོང་ལ། གཅིག་རང་གིས། གཅིག་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ཏེ། སྤྱོད་བསྡུས་ལས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྗེས་ཆོས་སྐྱོང་བསྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང༌། ། རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །ཞེས་ སོ། །ཡང་ན་དམ་པའི་ཆོས་འདུལ་བ་ལས་གསུངས་པ་བཞིན་ཆ་གསུམ་གྱི་དང་པོས་དཀོན་མཆོག གཉིས་པ་དགེ་སྦྱོང་ངམ་བྲམ་ཟེའམ་རྒྱལ་རིགས་གློ་བུར་དུ་འོང་སྲིད་པའི་ཕྱིར་བཞག གསུམ་པ་ལོངས་སྤྱད་དོ། །དེའང་བཟའ་བའི་ཚེ་ཟས་ལ་མི་གཙང་བའི་བློ་དང༌། སྐྱོ་བའི་བློ་དང༌། སྲིན་བུའི་རིགས་ཀྱི་གྲོང་ཁྱེར་ལ་ཕན་གདགས་པའི་བློ་དང༌། སྙིང་པོ་བྱང་ཆུབ་ཏུ་བགྲོད་པའི་གྲུབ་བོ་ཆེ་དར་ཅིག་ཏུ་གནས་པར་བྱ་བའི་བློས་བཟའ་བར་བྱའི། ཆགས་པ་དང་སྲེད་པ་འཕེལ་བའི་བློས་མི་བཟའོ། །དེ་ཡང་ལུས་ཀྱི་ཆ་བཞིའི་ཆ་གཅིག་སྟོང་པ། ཆ་གཉིས་ཟས། ཆ་གཅིག་སྐོམ་དུ་བཤད་དེ། ཡན་ལག་བརྒྱད་པ་ལས། ལྟོ་བའི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱི་ཡིན་པར་བཞེད། །རླུང་ལ་སོགས་པའི་གནས་དག་ཏུ། །ཆ་བཞི་པ་ནི་ཡང་དག་བཞག །ཅེས་པ་ལྟར་རམ། ཡང་ན་ཟས་ཀྱི་གཞི་ལས་འབྱུང་བ་ལྟར། ཆ་གསུམ་གྱི་ཆ་གཉིས་ཟས་དང་སྐོམ། ཆ་གཅིག་སྟོང་པར་བཞག་གོ །དེ་ཡང་ལྟོགས་ན་སྲིན་བུའི་ཚོགས་ལ་གནོད་པ་དང་ནད་འགའ་ཞིག་ལྡང་བ་དང་བྱ་བ་ལ་འཇུག་པར་མི་ནུས་ལ། འགྲངས་དྲགས་ན་དྲི་ང་བ་དང༌། ནད་མང་དུ་འཇུག་པ་དང༌། ཏིང་ངེ་འཛིན་ལས་སུ་མི་རུང་བ་ལ་སོགས་པའི་ཉེས་པ་འབྱུང་བར་བཤད་དེ། སྤྱོད་འཇུག་ལས། རན་པ་ཙམ་དུ་བཟའ་བར་བྱ། །ཞེས་པའི་ཚུལ་གྱིས་བཟའ་བར་བྱའོ། །དེ་ནས་རྗེས་ལ་མི་རྟག་པའི་བློ་བཞག་སྟེ་ཟས་ཀྱི་བསྔོ་བ། ལུང་ལས་བཤད་པ་བཞིན། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །གཞན་ཡང་གྲོང་ཁྱེར་གནས་པ་ཡི། །སེམས་ཅན་ཕུང་པོ་གཞན་དག་རྣམས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད་དོ། །དེ་ནས་འགྲོ་བ་ནའང༌། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ལམ་གྱི་སྲོག་ཆགས་བརྟགས་པས་སེམས་མ་འཁྲུལ་བར་བྱ་སྟེ། སྡུད་པ་ལས། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སོ། །ཡང་མིག་ཕབ་སྟེ་བལྟ་བ་དང༌། འགའ་ཞིག་འོངས་ན་འཛུམས་པས་ལེགས་སོ་ཞེས་བརྗོད་པ་དང༌། འཇིགས་པའི་དུས་ན་ཕྱོགས་ཀུན་དུ་བལྟ་བ་སྟེ། སྤྱོད་འཇུག་ལས། དོན་མེད་གཡེང་བར་བལྟ་བ་ནི། །ནམ་ཡང་བདག་གིས་མི་བྱ་སྟེ། །ངེས་པར་སེམས་པས་རྟག་ཏུ་ནི། །མིག་ནི་ཕབ་སྟེ་བལྟ་བར་བྱ། །བལྟ་བ་ངལ་གསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་བར་བྱ། །འགའ་ཞིག་མིག་ལམ་སྣང་གྱུར་ན། །བལྟས་ནས་འོངས་པ་ལེགས་ཞེས་བརྗོད། །ལམ་སོགས་འཇིགས་པ་བརྟག་པའི་ཕྱིར། །ཡང་དང་ཡང་དུ་ཕྱོགས་བཞིར་བལྟ། །ངལ་སོས་ཁ་ནི་ཕྱིར་བལྟས་ནས། །རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ། །མདུན་དང་རྒྱབ་ཏུ་བརྟགས་བྱས་ནས། །འགྲོ་བའམ་ཡང་ན་འོང་བྱ་སྟེ། །དེ་ལྟར་གནས་སྐབས་ཐམས་ཅད་དུ། །དགོས་པ་ཤེས་ནས་སྤྱད་པར་བྱ། །ཞེས་སོ། །དེ་ནས་ཤིང་དྲུང་ལ་སོགས་པར་བསམ་གཏན་དང་ཀློག་པ་ལ་སོགས་པ་དགེ་བའི་ཕྱོགས་རྣམས་བྱ་ཞིང༌། འགའ་ཞིག་ཆོས་ནན་པར་འདོད་ནའང་རིགས་པ་ལྟས་ཏེ། ཁེངས་པ་དང་མ་དུལ་བ་ཅུང་ཟད་ཤེས་པར་སྨྲ་བ་དག་ལ། ཟླ་བ་སྒྲོན་མ་ལས་གསུངས་པ་ལྟར་བརྗོད་དེ། བདག་ཉིད་ཆེན་པོ་ཁྱོད་ལྟ་བུའི། །མདུན་དུ་བདག་གིས་ག་ལ་སྤོབས། ཁྱོད་ནི་ཤེས་རབ་ཆེན་པོ་སྟེ། །ཞེས་པ་ལ་སོགས་པ་བརྗོད་དོ། །ཅི་ནས་ཀྱང་ཉན་པར་འདོད་ན། སྣོད་བརྟགས་ཏེ་བཤད་དོ། །དེའང་བློ་ཆུང་ངུ་ལ་ཆེན་པོ་བཤད་ན་ཆོས་སྤོང་བས་ངན་འགྲོར་འགྲོ་སྟེ། སྡུད་པ་ལས། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་སོ། །ཆེན་པོ་ལ་ཆུང་ངུ་མི་བཤད་དེ། སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །དེའང་གྲོགས་མེད་པར་བུད་མེད་ལ་གཅིག་པུར་ཆོས་མི་བཤད་དེ། ཚངས་སྤྱོད་ཀྱི་དགྲར་འགྱུར་བ་དང༌། སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར། དེ་ཉིད་ལས། སྐྱེས་པ་མེད་པར་བུད་མེད་མིན། །ཞེས་པ་དང༌། པདྨ་དཀར་པོ་ལས། མཁས་པས་གང་གི་དུས་སུ་ཡང༌། །བུད་མེད་རྣམས་ལ་ཆོས་འཆད་ པ། །དེར་ནི་གཅིག་པུར་འགྲོ་མི་བྱ། །དགོད་ཅིང་འདུག་མི་བྱའོ། །ཞེས་སོ། ། དེའང་སྤྱོད་ལམ་གཞན་ཡང་དེར་མ་གུས་པ་ལ་སོགས་པ་ལ་མི་བཤད་དེ། སྤྱོད་འཇུག་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལའང་མིན། །ཞེས་སོ། །དེ་ནས་ཕྱོགས་ཡངས་པར་སེང་གེའི་ཁྲི་བརྒྱན་པ་ལ་སོགས་པར། རྙེད་པ་དང་བཀུར་སྟི་ལ་སོགས་པའི་རང་འདོད་མེད་ཅིང་གཞན་ལ་ཕན་པའི་བློས་འཆད་དེ། པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་བཤམས་ལེགས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང༌། །གོས་དང་མལ་སྟན་ཆོས་གོས་རྣམས་དང་ནི། །ན་བའི་གསོ་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བླང་ ངོ༌། །གཞན་དུ་མཁས་པས་རྟག་ཏུ་བདག་ཉིད་དང༌། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །འཇིག་རྟེན་ཕན་ཕྱིར་ཆོས་གང་བསྟན་པ་དེ། ། བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །ཞེས་པའི་ཚུལ་གྱིས་སོ། །དེ་ནས་གང་ལྟ་བུ་དང་འཕྲད་ཅིང་གཏམ་སྨྲ་ཡང་ང་རྒྱལ་དང་ཁྱད་གསོད་དང་མ་གུས་པ་མེད་པས་འཛུམ་པ་སྔོན་དུ་བཏང་སྟེ་སྙན་པར་སྨྲ་བར་བྱ་བ་ནི། ཟླ་བ་སྒྲོན་མ་ལས། ཟླ་རྒྱས་བཞིན་འཛུམ་དུལ་བ་དང༌། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང༌། །དེས་ཤིང་ང་རྒྱལ་མེད་པར་བྱ། ། འཇིག་རྟེན་ཡིད་དུ་འོང་བའི་གཏམ། །རིགས་པས་དུས་སུ་སྨྲ་བར་བྱ། །སྣ་ཚོགས་གཡེང་བར་འགྱུར་བའི་ཚིག།འཇིགས་པས་ནམ་ཡང་སྨྲ་མི་བྱ། །ཞེས་སོ། །དེའང་སྙན་པར་སྨྲ་ཞིང་བསྟོད་པ་ནི་རང་ལ་ཤོར་གོད་མེད་ལ་ཕ་རོལ་གྱི་སེམས་བདེ་བ་བསྐྱེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ལེགས་པར་སྨྲ་བ་ཐམས་ཅད་ལ། །དགེ་བར་གསུངས་ཞེས་བརྗོད་པར་བྱ། །བསོད་ནམས་བྱེད་པ་མཐོང་གྱུར་ན། །བསྟོད་པས་ལེགས་པར་དགའ་བ་བསྐྱེད། །ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང༌། །ཡོན་ཏན་བརྗོད་ནའང་རྗེས་སུ་བརྗོད། །རང་གི་ཡོན་ཏན་བརྗོད་ན་དེ། །ཡོན་ཏན་ཤེས་པར་རིག་པར་བྱ། །རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོ་ནའང་དཀོན། །དེ་ལྟས་གཞན་བྱས་ཡོན་ཏན་གྱི། །དགའ་བའི་སྤྱོད་པ་སྤྱད་པར་བྱ། །བདག་ལ་འདིར་གོད་འོང་མེད་ལ། །ཕ་རོལ་ལ་ཡང་བདེ་བ་ཆེ། །ཉེས་པས་མི་དགའ་སྡུག་བསྔལ་ཞིང༌། །ཕ་རོལ་དུ་ཡང་སྡུག་བསྔལ་ཆེ། །སྨྲ་ན་ཡིད་ཕེབས་འབྲེལ་པ་དང༌། །དོན་གསལ་ཡིད་དུ་འོང་བ་དང༌། །ཆགས་དང་ཞེ་སྡང་སྤངས་པ་དང༌། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་སོ། །དེ་ནས་རང་བས་ལྷག་པ་རྣམས་ལ་སྟོན་པའི་འདུ་ཤེས་དང། མཉམ་པ་རྣམས་ལ་གྲོགས་དང༌། དམན་པ་རྣམས་ལ་འཁོར་དང༌། རྒན་པ་རྣམས་ལ་ཕ་མ་དང༌། གཞོན་པ་རྣམས་ལ་བུ་ཚ་དང༌། མཉམ་པ་རྣམས་ལ་སྤུན་ཟླ་ལ་སོགས་པའི་འདུ་ཤེས་བསྐྱེད་ཅིང་གུས་པར་བྱའོ། །ཆོས་བཅུ་པོའི་མདོ་ལས། ལུས་དང་ངག་དང་སེམས་ཀྱིས་གནས་ངན་ལེན་དང་བྲལ་བས་མཁན་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང༌། སློབ་དཔོན་ལ་མཁན་པོའི་འདུ་ཤེས་བསྐྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྒན་རབས་དང་བར་མ་དང་གསར་བུ་རྣམས་ལ་ཞེ་ས་དང་བཅས་པ་དང༌། གུས་པ་དང་བཅས་པས་བཀུར་སྟི་བྱའོ་ཞེས་པ་དང༌། སྐྱེས་རབས་སུ། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་བཤེས་གཉེན་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒྲུབས་པར་ཡང་བགོས་པར་འགྱུར། ། ཞེས་སོ། །དེ་ནས་ལྐོག་ཏུ་ཉེས་སྤྱོད་དང་བག་མེད་པ་ཕྲ་མོ་ཡང་མི་བྱ་སྟེ། དེ་ཉིད་ལས། མ་མཐོང་བར་ནི་སྡིག་པ་བྱེད་པ་དག །དུག་ཟོས་བཞིན་དུ་བདེ་བ་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །དེ་ནས་དལ་འབྱོར་རྙེད་དཀའ་བ་དང༌། སངས་རྒྱས་འབྱུང་དཀའ་བ་ལ་སོགས་པའི་ཚུལ་ཡིད་ལ་བྱེད་པས་བག་ཡོད་པར་བྱ་སྟེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བར་བརྒྱ་ལམ་འབྱུང་སྲིད་ཙ། །ད་ལྟ་དལ་འབྱོར་དམ་པ་རྙེད་པ་ལ། །གང་དག་ཐར་འདོད་བག་མེད་སྤང་བར་གྱིས། ། ཞེས་སོ། །དེ་ནས་ལུས་འདི་ཆོས་བསྲུང་བའི་ཕྱིར་ནད་དང་གནོད་པ་ལས་ཅུང་ཟད་བསྲུང་ཞིང་གྲུའི་བློ་བཞག་པས། ཟས་གོས་ལ་སོགས་པས་ཅི་ནས་ཀྱང་ཀླེས་ལ་མ་བོར་བ་དེ་ལྟར་བྱ་སྟེ། དོན་མེད་པར་ཟློག་སྒོམ་ལ་སོགས་པའི་དཀའ་ཐུབ་ངན་པས་མི་གདུང་བ་ཉིད། སྤྱོད་འཇུག་ལས། འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །ཞེས་པ་དང༌། བཞི་བརྒྱ་པ་ལས། ལུས་འདི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་འཐོབ། །ཅེས་སོ། ། དེའང་མི་རྟག་པ་དང༌། བྱང་ཆུབ་ལ་སྨོན་པ་ཡིད་ལ་བྱ་སྟེ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལས། འདོར་བར་འགྱུར་བའི་ལུས་སྲོག་ལ། །རྩྭ་དང་ཆུ་ཡི་ཟིལ་པ་བཞིན། །ལྟོས་མེད་ཡུན་རིང་གོམས་པས་ན། །བདེ་བ་ཆེན་པོ་ནམ་ཞིག་འཐོབ། །ཅེས་སོ། །དེའང་ནོར་བཏང་ནས་སྲོག་བསྲུང་ལ། སེམས་བསྐྱེད་པ་ལ་སོགས་པའི་ཆོས་ཆེན་པོ་ནི་སྲོག་ལའང་ཕོངས་པ་མེད་པས་བསྲུང་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། བདག་གིས་ནོར་ནི་བཏང་ལ་ལུས་བསྲུང་ངོ༌། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང༌། །ཐམས་ཅད་བཏང་ལ་འདིར་ནི་ཆོས་བསྲུང་ངོ༌། །ཞེས་སོ། །དེས་ན་སེམས་ལ་བརྟག་ཅིང་སྐྱོན་བལྟས་ལ་དོར་བས་ཉོན་མོངས་པས་མི་ཚུགས་ཏེ། ཚངས་པས་ཞུས་པ་ལས། སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན། །སེམས་ཡོད་སྐྱོན་རྣམས་མི་བརྟེན་ནོ། །སེམས་ལ་དྲན་པ་ལེགས་གནས་ན། །སྐྱོན་མེད་ཞི་བའི་གནས་འཐོབ་བོ། །ཞེས་སོ། །གཞན་ཡང༌། སོ་ཤིང་དང་མཆིལ་སྣབས་དང་བཤང་གཅི་ལ་སོགས་པའང་དབེན་པ་སྐྱེ་བོས་ལོངས་མི་སྤྱོད་པའི་སར་དོར་ཏེ་མི་མངོན་པར་བྱ་བ་ནི། སྤྱོད་འཇུག་ལས། སོ་ཤིང་དང་ནི་མཆིལ་མ་དག །དོར་བ་ལ་ནི་དགབ་པར་བྱ། །གཅི་ལ་སོགས་པའང་ལོངས་སྤྱོད་པའི། །ཆུ་དང་ཐང་ལ་དོར་བ་སྨད། །ཅེས་པ་དང༌། འདུལ་བ་ལས་ཀྱང་ཆུ་མགོར་ཟག་པ་མི་འདོར་བ་ལ་སོགས་པ་གསུངས་སོ། ། ཟས་ཀྱི་ཚེའང༌། དེ་ཉིད་ལས། ཁ་བཀང་པ་དང་སྒྲ་བཅས་དང༌། ཁ་གདངས་ནས་ནི་བཟའ་མི་བྱ། །ཞེས་སོ། གང་དུ་འདུག་པ་དང༌། ཁྱད་པར་དུ་བླ་མ་ དང༌། མང་པོའི་ནང་དུ་འདུག་པ་ན་ལུས་ཀྱི་སྤྱོད་ལམ་མི་མཛེས་པ། ཉལ་བ་དང༌། འཕྲས་པ་དང༌། རྐང་པ་བརྐྱང་བ་དང༌། ལག་པ་མཉེ་བ་ལ་སོགས་པ་མི་བྱ་བར་དྲང་པོར་འདུག་སྟེ། ཅི་ནས་ཀྱང་མཛེས་པར་བྱ་དགོས་པ་ཉིད། དེ་ལས། རྐང་པ་བརྐྱང་སྟེ་མི་འདུག་ཅིང༌། །ལག་པ་མཉམ་པར་མི་མཉེ་འོ། ། བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། ། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་ཐོས་འདྲིས་པ་སྤང་བར་བྱ། །ཞེས་ སོ། །གཞན་ཡང་མཆོང་རྒྱུག་དང༌། ལྟ་བགད་དང༌། འཇོ་སྒེག་ལ་སོགས་པ་རྣམ་པར་མ་ཞི་བའི་ཆ་ལུས་ངག་ཡིད་གསུམ་གང་ལ་ཡོད་པ་ཐམས་ཅད་བསྡམ་ཞིང་དུལ་བ་གཙོ་བོ་བྱ་སྟེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། གླུ་གར་རྒྱན་པོ་འཕེན་རྒྱུགས་སོགས། །ཀུན་ལ་བལྟ་དང་འཇུག་པ་ནི། །ཉེས་བྱས་གདུག་པའི་ཁར་སོན་ནས། །ཚུལ་ཁྲིམས་སྲོག་ལ་རྒོལ་བའི་རྒྱུ། །ཞེས་སོ། །དེ་ལྟ་བུ་བྱང་ཆུབ་ལ་རིང་བས་སྤང་དགོས་པ་ནི། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཡང་དག་མ་བསྡམས་རྒོད་ཅིང་ཁེངས་པ་ཅན། །མ་གུས་ང་རྒྱལ་ལྡན་ཞིང་ཆགས་ཤས་ཆེ། །ཉོན་མོངས་ཟིལ་ནོན་ཐ་བ་ཉོན་མོངས་བཅས། །དེ་འདྲ་དག་ལ་བྱང་ཆུབ་མཆོག་རབ་རིང༌། །ཞེས་སོ། །དེ་ཡང་རང་ཉིད་མ་ཞི་མ་དུལ་བར་གཞན་འདུལ་བར་མི་ནུས་པས་ཐོག་མར་རང་ཉིད་ཞི་དུལ་དང་ལྡན་པར་བྱ་སྟེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། འགའ་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲ་ཡང༌། །རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་འདུལ་བར་མི་ནུས་ཞེས། ཁྱོད་ཀྱིས་དགོངས་ཏེ་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། ཞེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། མི་རྒལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་དགྲོལ་མི་ནུས། ། ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་དགྲོལ་བར་བྱེད་པར་ནུས། ། མིག་ལྡན་ལོང་ལ་ལམ་སྟོན་ནུས། །ཞེས་པ་དང༌། ཆོས་བཅུ་པ་ལས། ཇི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བརྩོན་པ་དང༌། སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་བརྩོན་པ་དང༌། སེམས་ཅན་ཐམས་ཅད་དུལ་བ་དང་ཞི་བ་ལ་དགོད་པའི་ཕྱིར་བརྩོན་པར་བྱེད་ན། བདག་ཉིད་མ་དུལ་བ་དང༌། མ་ཞི་བ་དང༌། མ་བསྲུངས་པས་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང༌། དུལ་བ་དང་བསྲུང་བར་བྱའོ་ཞེས་སོ། །དེ་བཞིན་དུ་གཞན་གྱིས་ཕན་བཏགས་པའི་ལན་བྱ་བ་དང། བདག་ལ་གནོད་པ་བྱུང་ན་ལས་དང་བྱང་ཆུབ་ཀྱི་རྒྱུར་བྱ་བ་དང༌། ཀུན་གྱི་ནང་ནས་སྐྱོ་ངལ་བཟོད་པ་མ་ལྟ་བུ་དང༌། གཞན་ལས་ཡིད་དམར་བ་གདོལ་པའི་འདུ་ཤེས་བསྐྱེད་པས་དལ་གྱིས་འགྲོ་བ་དང༌། བྱ་བ་བསྒྲུབ་པ་དང༌། སྨྲ་བ་ཐམས་ཅད་དྲན་པ་དང༌། ཤེས་བཞིན་དང་བག་ཡོད་པས་བྱ་ཞིང༌། གཞན་ལ་སྨོད་པ་དང་ཆགས་སྡང་གིས་ཀུན་དུ་སྤྱོད་པ་རྨི་ལམ་དུའང་མི་བྱའོ། །ཉིན་པར་གྱི་ཆ་སྔ་དྲོ་དང༌། དགུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཆའང་སྲོད་དང༌། དགུང་དང༌། ཐོ་རངས་ཏེ་གསུམ་ལ་ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ། བསྔོ་བའི་ཕུང་པོ་སྟེ། ཕུང་པོ་གསུམ་པའི་མདོ་བྱང་ཆུབ་ལྟུང་བཤགས་ལྟ་བུ་འདོན་པ་ལ་བསླབ་པ་ནི། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །ཞེས་སོ། །གཞན་ཡང་བྱ་བ་དང་སྤྱོད་པ་ཐམས་ཅད་དགེ་བའི་རྣམ་པ་འབའ་ཞིག་གིས་དུས་འདའ་བར་བྱ་སྟེ། མདོ་སྡེའི་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་པ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་སྔོན་འདུ་བྱེད་དོ། །ཞེས་པའི་ཚུལ་ཏེ། རྒྱས་པར། སངས་རྒྱས་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ཁང་བུའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་བཞིན་དུ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར། རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་པར། སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཁ་ཟས་བཟའ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར། སྐས་ལས་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པ། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་དགོད་པར། ཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུགས་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་ སོ། །གཞན་ཡང་དོན་མེད་པའི་རྣམ་པར་གཡེང་བ་ཐམས་ཅད་ལ་སྐྱོ་ཞིང་མི་རྟག་པ་ཉིད་ཡིད་ལ་བྱ་བ་དང༌། ས་རིས་དང༌། བབ་ཅོལ་དང༌། རྣམ་རྟོག་ལ་སོགས་པས་ཡེང་ཐབས་སུ་བྱུང་དུས་དྲན་ཤེས་བཞིན་གྱིས་དེ་མ་ཐག་དོར་ནས་ལུས་ངག་གི་བྱ་བ་སེམས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་སུ་བསྒྱུར་བར་བྱའོ། ། མཚན་མོ་ཉལ་བའི་ཚེའང་གཞོགས་གཡས་ཕབ། མགོ་བྱང་དུ་བསྟན་ལ་ཉལ་ཏེ། འཆི་བ་རྗེས་སུ་དྲན་པ་དང། དཀོན་མཆོག་གསུམ་སྔས་སུ་དྲན་པ་དང༌། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བློ་གནས་པས་ཉལ་བར་བྱ་སྟེ། སྤྱོད་འཇུག་ལས། མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་པའི་ཚུལ་གྱིས་སོ། །གཞན་ཡང་ཉིན་མཚན་དུ། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་མམ། སློབ་དཔོན་གཞན་ལ་ཕན་པའི་དབྱངས་སྒོམ་པ་བས་མཛད་པའི་སྨོན་ལམ་བདུན་ཅུ་པ་སོགས་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པའི་དྲུང་དུ་གདབ་པར་བྱའོ། །དེའང་ཚིགས་སུ་བཅད་པ་ཉི་ཤུ་པས་བསྟན་པ་ནི། རིན་ཆེན་ཕྲེང་བ་ལས། སངས་རྒྱས་དམ་ཆོས་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། ། རྣམ་ཀུན་བཏུད་དེ་སྐྱབས་མཆི་ན། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ། ། སྡིག་པ་ལས་ནི་བཟློག་བགྱི་ཞིང༌། །བསོད་ནམས་ཐམས་ཅད་ཡོངས་སུ་ གཟུང༌། །ལུས་ཅན་ཀུན་གྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ ངོ༌། །བདག་ནི་སྤྱི་བཏུད་ཐལ་སྦྱར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དང༌། ། འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱིས་པའི་བསོད་ནམས་དང༌། །བདག་གིས་བགྱིས་དང་མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག ། བུད་མེད་ཐམས་ཅད་དུས་ཀུན་དུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག ། ལུས་ཅན་ཐམས་ཅད་རིག་པ་དང༌། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང༌། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། །ལྟ་ན་སྡུག་ཅིང་ནད་མེད་དང༌། །སྟོབས་ཆེན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་འཇིགས་ཀུན་ལས་ཐར་ཞིང༌། །དཀོན་མཆོག་གསུམ་ལ་གཞོལ་བ་དང༌། །སངས་རྒྱས་ཆོས་ནོར་ཆེར་ལྡན་ཤོག ། བྱམས་དང་སྙིང་རྗེ་དགའ་བ་དང༌། །ཉོན་མོངས་བཏང་སྙོམས་གནས་པ་ དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཞིང༌། །ཚོགས་རྣས་ཐམས་ཅད་རབ་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དང༌། །དབང་ཕྱུག་དག་ནི་ཐོབ་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང༌། གཞན་ཀུན་གྱིས་ཀྱང་རབ་བརྒྱན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་བྱམས་པ་དང༌། །སེམས་ཅན་ཀུན་ཡིད་རེ་བ་ཡི། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱོ་བ་དེ། ། བདག་གི་མིང་ཙམ་ཐོས་པས་ཀྱང༌། །ཤིན་ཏུ་འཇིགས་པ་མེད་པར་ཤོག ། བདག་ནི་མཐོང་དང་དྲན་པ་དང༌། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུག་མེད་རྣལ་མ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་དུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ན་ནི་སྐྱེ་བོ་གང༌། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་ པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱད་བྱར་ཤོག །སེམས་ཅན་རྣམས་ནི་སྲོག་བཞིན་ ཕོངས། །དེ་དག་བདག་ལའང་ཆེས་ཕོངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཞིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྗོད་ན་བསོད་ནམས་ཚད་མེད་པ་འཐོབ་པར། དེ་ཉིད་ལས། དེ་ཕྱིར་སྐུ་གཟུགས་མཆོད་རྟེན་གྱི། །སྤྱན་སྔའམ་ཡང་ན་གཞན་ཡང་རུང༌། །ཚིགས་སུ་བཅད་པ་ཉི་ཤུ་འདི། །ཉིན་མཚན་ཀུན་དུ་ལན་གསུམ་བརྗོད། །ཅེས་པ་དང༌། དེ་སྐད་བརྗོད་པའི་བསོད་ནམས་གང༌། །གལ་ཏེ་དེ་ནི་གཟུགས་ཅན་ན། གངྒཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས། །ཞེས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་མདོ་སྡེ་དག་ལས་འབྱུང་བ་བཞིན་བསླབ་པས་ཉིན་མཚན་འདའ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དལ་འབྱོར་རྨི་ལམ་ཁུང་ལྟར་ཡུད་ཙམ་ཐོབ་ཀྱང༌། མི་རྟག་པ་ཆུའི་ཆུ་བུར་དང་འདྲ་བ་འདི་ལ་ལམ་སྣ་མ་ཟིན་ན་དེ་ནས་མི་ཟིན་པའི་ཕྱིར་རོ། ། « བདུན་པ་ལྟུང་བྱེད་ཉི་ཤུ་ཕྱོགས་མཐུན་དང་བཅས་པ་བཤད་པ་ནི། »ད་ནི་ལྟུང་བའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། དེའང་སྔར་བསྟན་པའི་ཚུལ་གྱི། བྱང་ཆུབ་སེམས་གཉིས་མི་ཉམས་བསླབ་བྱ་སྟེ། །ལོག་པར་ལྟ་སོགས་རྒྱལ་པོའི་ལྟུང་བ་ལྔ། །གྲོང་སོགས་བློན་པོའི་ལྔ་དང་ཕལ་པའི་བརྒྱད། །ཐུན་མོང་གཉིས་ཏེ་ཉི་ཤུ་ལྟུང་བྱེད་ལ། ། དེ་དང་ཕྱོགས་མཐུན་ཉེས་བྱས་ཤེས་པར་བྱ། ། དེ་དག་མི་ལྡན་ལྟུང་དང་ཉེས་མེད་དེ། །དགེ་བའི་ཕྱོགས་མཐུན་བསླབ་བྱར་ཤེས་པར་བྱ། །འདིར་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ནས། བསླབ་བཏུས་སུ་རྩ་ལྟུང་བཅུ་དགུ་གསུངས་ཏེ། རྒྱལ་པོ་ལ་ངེས་པ་ལྔ་ནི་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང༌། ཚུལ་ཁྲིམས་དང་ལྡན་པའི་དགེ་སླཽང་ལ་ཆད་པས་གཅོད་པ་དང༌། རབ་ཏུ་བྱུང་བ་བསླབ་པ་ལས་འབེབས་པ་དང༌། མཚམས་མེད་པ་ལྔ་བྱེད་པ་དང༌། ལོག་པར་ལྟ་བ་འཛིན་པའོ། །བློན་པོ་ལ་ངེས་པ་ལྔ་ནི། གྲོང་དང༌། ལྗོངས་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཡུལ་འཁོར་འཇོམས་པའོ། །ཕལ་པ་ལ་ངེས་པ་བརྒྱད་ནི། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་སྟོན་པ་དང༌། ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་པ་དང༌། སོ་སོར་ཐར་པ་སྤངས་ཏེ་ཐེག་ཆེན་ལ་སྦྱོར་བ་དང༌། ཉན་རང་གི་ཐེག་པ་འཛིན་ཞིང་འཛིན་དུ་འཇུག་པ་དང༌། རྙེད་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། རང་གི་ཟབ་མོ་བཟོད་པར་སྨྲ་བ་དང༌། དཀོན་མཆོག་གསུམ་གྱི་དཀོར་སྨིན་ཞིང་ལེན་པ་དང༌། ཞི་གནས་པའི་ནོར་ཁ་ཏོན་པ་ལ་སྦྱིན་པའོ། །ཐུན་མོང་བ་སྨོན་པའི་སེམས་བཏང་བ་དང་བཅུ་དགུ། དེའི་སྟེང་དུ། དཀོན་མཆོག་བརྩེགས་པ་ལས། འཇུག་པའི་སེམས་སྤངས་ཏེ། དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ ནོ། །ཟླ་བ་སྙིང་པོའི་མདོ་དང༌། ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་འཇུག་སེམས་སྤངས་པ་ཉིད་ལྟུང་བྱེད་དུ་གསལ་ལོ། །དེ་ལྟར་ལྟུང་བ་དེ་དག་བྱུང་ན་ནི་བྱང་ཆུབ་སེམས་དཔར་མི་རུང་བས་གསོ་བ་ལ་འབད་དོ། །སྡོམ་པ་ཉི་ཤུ་པ་ལས་རྩ་ལྟུང་བཞིར་གསུངས་ཏེ། རྙེད་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། སྡུག་བསྔལ་ཞིང་མགོན་མེད་པ་ཆོས་དང་ཟང་ཟིང་འདོད་པ་ལ་སེར་སྣས་མི་སྟེར་བ་དང༌། བཤགས་ཀྱང་མི་ཉན་པར་ཁྲོ་བས་འཚོག་པ་དང༌། ཐེག་པ་ཆེན་པོ་སྤང་ཞིང་ཆོས་འདྲར་སྣང་སྟོན་པ་སྟེ། རྩ་བའི་ལྟུང་བ་བཞི་པོ་ནི་ཕམ་པ་འདྲ་བར་དགོངས་པ་ཡིན་ནོ། །རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། ཁྲོ་བས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པ་འོ། །ཞེས་གསུངས་སོ། །དེའང་སློབ་དཔོན་ཐོགས་མེད་རྗེས་འབྲང་དང་བཅས་པ་རྣམས་ནི་རྩ་ལྟུང་བཞིར་བཞེད་ཅིང༌། ལེན་ཚུལ་ཡང་སེམས་དང་བ་ལས་སྐྱེ་བར་བཞེད་པས། ཕྱག་མཆོད་ཙམ་ལ་བརྟེན་ནས་རྒྱུད་སྨིན་པ་ཉུང་ཟད་ལ་སྔོན་དུ་བར་ཆད་དྲི། རྗེས་བསླབ་པ་བརྗོད་ཅིང༌། རྩ་ལྟུང་བཞི་པོ་གང་རུང་བྱུང་ན་བཅོས་ཐབས་ཀྱང༌། སྡོམ་པ་ཉི་ཤུ་པར། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་ན་ལྷག་མ་རྣམས། ཞེས་པ་ལྟར་འདོད་ཅིང༌། ལན་གྲངས་ཀྱང་གསུམ་ལས་ལྷག་པ་བླང་དུ་མེད་པར་བྱང་ཆུབ་སེམས་དཔའི་ས་ལས་བཤད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ལེན་ཚུལ་ཡང་རྒྱུད་དག་པ་ལས་སྐྱེ་བར་བཞེད་པས། ཡན་ལག་བདུན་པ་བྱས་ཏེ། ཚོགས་པ་རྒྱ་མཚོ་ལྟ་བུ་ལ་སྔོན་དུ་བར་ཆད་མི་འདྲི། རྗེས་བསླབ་པ་མི་བརྗོད་ལ། བསྲུང་བྱ་ཡང་རྩ་ལྟུང་བཅུ་དགུའམ་ཉི་ཤུ་པོ་བསྲུང་ཞིང༌། བཅོས་ཚུལ་ཡང་ནམ་མཁའི་སྙིང་པོ་ལ་གསོལ་བ་བཏབ་ནས་འཆོས་ལ། ལན་གྲངས་ཇི་ཙམ་བླངས་ཀྱང་སྐྱེ་བར་བཞེད་དོ། །དེས་ནི་སྲོལ་གཉིས་པོ་དེ་ནི་སེམས་ཙམ་པ་དང༌། ། དབུ་མ་པའི་ལུགས་ཐ་དད་པ་ཡིན་ནོ། ། ད་ནི་ཕྱོགས་དང་མཐུན་པ་ཉིད་བཤད་དེ། དེ་ཡང་ལྟུང་བ་དེ་དག་གི་ཕྱོགས་དང་མཐུན་པ། དཔེར་ན། ལོག་ལྟའི་ཕྱོགས་མཐུན་མ་གུས་པ་ཙམ་ནི། ཉེས་བྱས་ནས་ཀུན་ལ་ཤེས་པར་བྱའོ། ། དེའང་ལོག་ལྟ་སྤངས་པའི་སེམས་དགེ་བ་ལ་སོགས་པ་ནི་ལྟུང་མེད་ཅེས་བྱ་ལ། ཕྱོགས་མཐུན་གྱིས་ཀྱང་མ་གོས་པ་ནི་ཉེས་མེད་དུ་ཤེས་པར་བྱའོ། །དགེ་བའི་ཕྱོགས་ཇི་སྙེད་པ་ཐམས་ཅད་བསླབ་བྱ་ཡིན་ཞིང༌། ཁྱད་པར་དུ་གཞན་དོན་དང་འབྲེལ་པ་དངོས་ཀྱི་བསླབ་བྱ་ཡིན་ནོ། ། «བརྒྱད་པ་སྨོན་འཇུག་སོ་སོའི་བསྲུང་ཚུལ་བཤད་པ་ལ་གཉིས། སྨོན་པའི་བསྲུང་ཚུལ་དང༌། འཇུག་པའི་བསྲུང་ཚུལ་ལོ། །» «སྨོན་པའི་བསྲུང་ཚུལ་ལ་ཡང་གཉིས་ཀྱི། མདོར་བསྟན་པ་ནི། »ད་ནི་སྨོན་འཇུག་སོ་སོའི་བསྲུང་ཚུལ་བཤད་དེ། དེའང་དང་པོ་སྨོན་པ་བསྲུང་ཚུལ་ལའང་སྤང་བླང་གི་སྒོ་ནས་བསྲུང་བ་ནི། བསླབ་པ་ཇི་སྙེད་པའི་ཕྱོགས་དེ་དག་གི་རིམ་པ། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང༌། །དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། །ཞེས་བསྟན་སྟེ། «རྒྱས་པར་བཤད་པ་ལའང་གཉིས་ལས། ནག་པོའི་ཆོས་བཞི་སྤང་བར་གདམས་པ་ནི།» རིམ་པ་ལྟར་དང་པོ་བཞི་ནི། མཆོད་འོས་སླུ་དང་འགྱོད་པ་མེད་ལ་བསྐྱེད། །དམ་པ་རྣམས་ལ་མི་སྙན་སྒྲོག་པ་དང༌། །འགྲོ་བའི་ནང་ན་གཡོ་དང་སྒྱུས་སྤྱོད་པ། །ནག་པོའི་ཆོས་བཞི་ལགས་པས་སྤང་འཚལ་ལོ། །ཇི་སྐད་དུ། དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱིས་ཞུས་པའི་ལེའུ་ལས། འོད་སྲུངས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང༌། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པའོ་ཞེས་སོ། ། «དཀར་པོའི་ཆོས་བཞི་བསྒྲུབ་པར་གདམས་པ་ནི། »དཀར་པོའི་ཆོས་བཞི་ནི། དམ་པ་བསྟེན་ཞིང་ཡོན་ཏན་བསྔགས་པ་བརྗོད། །སེམས་ཅན་རྣམས་ནི་ཡང་དག་དགེ་ལ་བསྐུལ། །རྒྱལ་སྲས་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད། །ལྷག་པའི་བསམ་པས་འགྲོ་ལ་ཕན་བདེ་བྱེད། །དཀར་པོའི་ཆོས་རབ་བཞི་པོ་བསྟེན་པར་ མཛོད། །ཅེས་པ་སྟེ། བརྫུན་སྤངས་པ་ནི་སེམས་ཅན་ལ་ཕན་བདེའི་གཞིར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་ནི། ལམ་གྱི་གྲོགས་ཁྱད་པར་ཅན་དུ་འགྱུར་བ་དང༌། གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་ནི་དམ་པ་བསྟན་ཞིང་བསྔགས་པ་བརྗོད་པས་མཚོན་ཏེ། དགེ་བ་མཐའ་དག་གི་རྗེས་སུ་ཕྱོགས་པ་དང༌། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་དགོད་པ་ནི་དགེ་བ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ལ་བསྐུལ་བ་སྟེ། དེ་ཉིད་ལས། འོད་སྲུངས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་བརྫུན་དུ་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང༌། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་ དང༌། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་དགོད་པའོ་ཞེས་སོ། །བརྟན་བྱའི་སྒོ་ནས་བསྲུང་བ་ནི། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ། འདུ་ཤེས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྟན་པོར་འགྱུར་ཏེ། བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང༌། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང༌། དེ་བསྒྲུབ་པ་རྣམས་ལ་ལམ་གྲོགས་ཀྱི་འདུ་ཤེས་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སོ། ། «འཇུག་སེམས་ཀྱི་བསྲུང་ཚུལ་ནི།» གཉིས་པ་འཇུག་པ་བསྲུང་ཚུལ་གྱི་རིམ་པ་བཤད་པ་ནི། རང་དོན་ལས་ཀྱང་གཞན་ཕན་གཙོར་འཛིན་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་བྱ་སྟེ། །གཞན་དོན་འགྱུར་ན་ལུས་ངག་མི་དགེ་བདུན། ། གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཡིད་གསུམ་ནམ་ཡང་གནང་བའི་སྐབས་མེད་དོ། །གཞན་ཡང༌། རང་དོན་ཞི་བདེ་འདོད་པའི་དགེ་བ་ ཡང༌། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལྟུང་བ་སྟེ། །གཞན་ཕྱིར་ཕན་ན་མི་དགེ་གང་ལགས་པ། །དེ་ཡང་བསླབ་བྱ་ལེགས་པར་རྒྱལ་བས་གསུངས། ། དེའང་སྤང་བྱ་སྤོང་པའི་ཚུལ་གྱིས་བསླབ་པ། ཤེས་བྱ་ཤེས་པའི་ཚུལ་གྱིས་བསླབ་པ། བསྒྲུབ་བྱ་བསྒྲུབ་པའི་ཚུལ་གྱིས་བསླབ་པ་སྟེ་རྣམ་པ་གསུམ་ཡིན་ལ། དང་པོ་ལའང༌། རྩ་བའི་ལྟུང་བ་ཤེས་པ་དང༌། ཉོན་མོངས་པ་ཅན་དང༌། དོན་མེད་པ་ལས་གྱུར་པའི་ཉེས་བྱས་ལས་སེམས་བསྲུང་པའི་ཚུལ་དང༌། གནང་བཀག་ཤེས་པ་ལས་བསླབ་པའི་ཚུལ་བཞི་ལས། དང་པོ་གསུམ་ནི་སྔར་སྨོས་ཟིན་ལ། ཕྱི་མ་ནི་མི་དགེ་བ་བཅུའི་ལུས་ངག་གཉིས་ཀྱི་གནང་བའི་སྐབས་ཡོད་དེ། གཞན་དོན་དུ་འགྱུར་བ། འགྱུར་བར་ཤེས་པ། རང་གི་དགེ་བ་དེ་ལས་ཆེ་བ་མི་སྒྲིབ་པའི་སྟེང་དུ་འཕེལ་བ་གསུམ་གྱི་གནས་སྐབས་བརྟགས་ནས། སེམས་དཔའ་ཆེ་ལ་མི་དགེ་བདུན་གནང་ངོ་ཞེས་བྱུང་བ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། མི་ནག་མདུང་ཐུང་ཅན་གྱི་མི་མང་པོ་རང་འདོད་ཀྱིས་གསོད་པ་མཐོང་ནས། དེད་དཔོན་སྙིང་རྗེ་ཆེན་པོས་མཐའ་མེད་པའི་འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་སྲོག་བཅད་པ་ལྟ་བུ། འགའ་ཞིག་འབྱོར་ཡང་སེར་སྣས་མི་སྦྱིན་པ་དང༌། མུ་གེའི་ཚེ་གང་ཞིག་སྲོག་ལ་ཐུག་ན། གཉིས་ཀའི་དོན་དུ་ཕྱུག་པོ་ལས་མ་བྱིན་པར་བླངས་ཏེ་དབུལ་པོ་ལ་བྱིན་པ་ལྟ་བུ། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་གཞན་འདོད་པས་གདུངས་ཏེ་འཆི་ངེས་པ་བཟློག་པའི་དོན་དུ་འདོད་པས་ལོག་པར་སྤྱད་པ་ལྟ་བུ། གསོད་ངེས་པ་ཐར་བར་བྱ་བའི་ཕྱིར་བརྫུན་སྨྲས་པ་ལྟ་བུ། སྡིག་པའི་གྲོགས་པོས་བསླུས་ནས་ངན་འགྲོར་འཁྲིད་པ་ལས་བཟློག་པའི་དོན་དུ་དེ་གཉིས་ཕྲ་མས་ཕྱེ་བ་ལྟ་བུ། མྱ་ངན་ཅན་གྱི་མྱ་ངན་བསང་བའི་ཕྱིར་གཏམ་རྒྱུད་སྣ་ཚོགས་ཀྱི་སྒྲུང་འཆད་པའམ་བཞད་གད་བྱ་བ་ལ་སོགས་པའི་ངག་འཁྱལ་ལྟ་བུ། སྡིག་པ་ལ་འཇུག་ངེས་པ་བཟློག་པའི་ཕྱིར་ཚིག་རྩུབ་མོ་སྨྲ་བ་ལྟ་བུ་ནི་གནང་བ་ཡིན་ཏེ་དོན་ལ་དགེ་བ་ཡིན་པའི་ཕྱིར་རོ། ། ཡིད་ཀྱི་གསུམ་ནི་ནམ་ཡང་གནང་བའི་སྐབས་མེད་དེ་མི་དགེ་བ་ཁོ་ན་ཡིན་པའི་ཕྱིར་རོ། ཁ་ཅིག་ནི་གནང་པའི་སྐབས་ཡོད་ཅེས་ཟེར་བའང་སྡོམ་མ་ཕྱེད་པ་ཡིན་ཏེ། འཇམ་དཔལ་དད་པ་ལོག་ནས་མུ་སྟེགས་པའི་ནང་དུ་ཞུགས་པས་ཀུན་དུ་རྒྱུ་བཏུལ་བའི་ཚེ་ལོག་ལྟ་སྐྱེས་པ་ལ་ལྟུང་བ་གླེངས་པས། མེད་པར་གསུངས་པ་ལྟ་བུ་ཞེས་སྦྱོར་མོད། དེའང་དེ་ལྟར་ལུས་ངག་གིས་ཀུན་དུ་རྒྱུ་ལ་ལོག་ལྟ་སྐྱེས་པ་སྐད་བསྟན་གྱི། སེམས་ལོག་ལྟ་སྐྱེས་ན་དེ་དག་ལ་བར་བར་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་པར་གསུངས་པ་དེ་ཅི་ལ་འོང༌། དེས་ན་ཡིད་ཀྱི་ལས་ནི་ནམ་དུའང་མ་གནང་བ་ཡིན་ནོ། །འོ་ན་ལུས་ངག་གིས་མི་དགེ་བ་བྱས་པས་ཉེས་པར་འགྱུར་ཏེ། དུག་ཟོས་པ་བཞིན་ནོ་ཞེ་ན། སེམས་དགེ་བ་དུག་སྔགས་ལྟ་བུས་ཟིན་པས་ཉེས་པ་མེད་དེ། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་ སོ། །འོ་ན་དྲན་པ་ཉེར་གཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་བར་གྱི་བསྐལ་པ་གཅིག་ཏུ་ཉེ་ཚེ་བའི་དམྱལ་བར་འཚེད་པར་གསུངས་པས་སྡིག་པ་ནམ་ཡང་མི་བྱ་བར་གསུངས་མོད་སྙམ་ན། འདི་ལྟར་སངས་རྒྱས་ཀྱི་བཀའ་ནི་སེམས་ཅན་གྱི་སེམས་ཀྱྀ་བློའི་རིམ་པ་ལ་དགོངས་ནས། རེས་འགའ་གཅིག་དང༌། དུ་མ་དང༌། ངེས་པ་དང༌། མ་ངེས་པར་གསུངས་ཀྱང་མི་འགལ་བ་ཉིད་དུ་ཤེས་པར་བྱ་སྟེ། གསུང་ལ་བསྟོད་པ་ལས། གནང་བ་དང་ནི་བཀག་པ་ལས། ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། ། ཕན་ཚུན་འགལ་བ་མ་མཆིས་སོ། །ཞེས་པའི་ཚུལ་གྱིས་དྲང་དོན་དང་ངེས་དོན། དགོངས་པ་ཅན་དང་ལྡེམ་དགོངས་བཞིའི་རིམ་པ་ཤེས་པར་བྱ་བ་གལ་ཆེའོ། ། འདི་དག་གི་དབྱེ་བ་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །ཤེས་བྱ་ཤེས་པའི་ཚུལ་གྱིས་བསླབ་པ་ནི། མདོ་སྡེའི་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་མི་སློབ་པ། དེ་ནི་གང་ནའང་ཡོད་མ་ཡིན། ཞེས་པའི་ཚུལ་གྱིས་འཇིག་རྟེན་པའི་གཙུག་ལག་དང༌། གནས་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཇི་སྙེད་པ་ལ་ཐོས་པ་དང༌། བསམ་པ་དང༌། བསླབ་པས་ནན་ཏན་དུ་བྱ་དགོས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །དེའང་བསྡུ་ན། བཟོ་རིག་པ་དང༌། གསོ་བ་རིག་པ་དང༌། གཏན་ཚིགས་རིག་པ་དང༌། ཕྱི་རིག་པ་དང༌། ནང་རིག་པ་སྟེ་གནས་ལྔ་ལ་སྦྱང་བར། དེ་ཉིད་ལས། རིགས་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་གཟུང་དང༌། ། རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་སོ། ཁྱད་པར་དུ་བསླབ་སྡོམ་གྱི་རིམ་པ་རྣམས་ཤེས་པར་བྱས་ལ་བསྲུང་བ་གལ་ཆེའོ། །དེའང་སྔར་བསྟན་པའི་ཚུལ་གྱིས། ལྟུང་བ་དང༌། ལྟུང་མེད་དང༌། ཕྱོགས་མཐུན་དང༌། བསླབ་བྱ་དང༌། ཕྱིར་བཅོས་པ་ལྔར་ཤེས་པར་བྱའོ། །རྩ་བའི་ལྟུང་བ་ནི་ཉི་ཤུའོ། །ལྟུང་བ་དེ་མེད་ཅིང་དགེ་བ་ལ་སྦྱོར་བ་སྟུང་མེད་དོ། །ཕྱོགས་མཐུན་ལ་དགེ་བའི་ཕྱོགས་དང་མཐུན་པ་དང༌། མི་དགེ་བ་ལྟུང་བའི་ཕྱོགས་དང་མཐུན་པའོ། །དེ་གཉིས་ཀྱི་དབྱེ་བས་ཉེས་བྱས་ཀྱང་གཉིས་ཏེ་ཉོན་མོངས་པ་ཅན་ དང༌། དོན་མེད་པ་ལས་གྱུར་པའི་ཉེས་བྱས་སོ། །དེའང་བྲེ་མོའི་གཏམ་དང་ལྟད་མོ་ལ་སོགས་པ་ལ་འཇུག་པ་ན་ཆགས་སྡང་གིས་བསྐྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་བྱས། དེས་བསྐྱེད་ཀྱང་དྲན་ཤེས་བཞིན་གྱིས་མ་ཟིན་པར་དགོས་མེད་དུ་འཇུག་ན་དོན་མེད་པ་ལས་གྱུར་པའི་ཉེས་བྱས། གཞན་གྱི་དོན་དུ་མ་ཆགས་པར་འཇུག་ན་ལྟུང་མེད། ཆགས་པས་འཇུག་ན་དེའི་ཆའི་ཉེས་པ་སྟེ་ཕྱོགས་མཐུན་ནོ། །གཞན་དགའ་བ་ཙམ་གྱིས་འཇུག་ཀྱང་དེ་ཉིད་དོ། །གཉེན་པོར་མི་རྟག་པ་བསྒོམ་པ་ལ་སོགས་པ་བསླབ་བྱ། གལ་ཏེ་ཉེས་པ་མཐོང་ནས་བཤགས་བསྡམ་བྱ་བས་ཕྱིར་བཅོས་སོ། །ཡང་དཔེར་བྱ་ན། དགེ་བའི་ཆ་དང་མ་འབྲེལ་བར་ས་བརྐོ་རྩ་གཅོད་པ་ལ་སོགས་པ་དོན་མེད་པའི་ཉེས་བྱས་སོ། ། དགེ་བའི་ཕྱོགས་ཀྱི་ཕྱིར་ཡིན་ན་ལྟུང་མེད་དོ། །དོན་མེད་དྲན་པས་མ་ཟིན་བཞིན་དུ་ས་རིས་འདྲི་བ་ལ་སོགས་པ་ཕྱོགས་མཐུན། དྲན་ཤེས་བཞིན་གྱིས་ཟིན་པར་བྱ་བ་བསླབ་བྱ། བསླབ་པ་དྲན་ནས་ཕྱིར་འཆོས་ཤིང་སྡོམ་པ་ནི་ཕྱིར་བཅོས་སོ། །དེ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་བྱེད་པ་ཐམས་ཅད་ལ་སྦྱར་ཏེ་ཤེས་པར་བྱའོ། །ཉམས་ན་གསོ་ཐབས་ཀྱང་ཤེས་པར་བྱ་བ་ལས། སྨོན་པ་ཉམས་ན་དེ་གསོ་བ་སྟེ། དེའང་ཉམས་བྱེད་ཀྱི་རྐྱེན་ནི། ཞུམ་པ་དང༌། སྒྱིད་ལུག་པ་དང༌། ལམ་གཞན་ལ་འཇུག་པ་གསུམ་ལས། ཞུམ་པ་ནི་བདག་འདྲ་བས་གཞན་དོན་མི་ནུས་སྙམ་ན་གཏོང་བས། དེའི་གཉེན་པོར་དལ་འབྱོར་ཐོབ་ཅིང་སེམས་བསྐྱེད་པའི་དུས་འདིར་ཞུམ་པ་སྤངས་ཏེ་གཟེང་བསྟོད་པ་ནི། མདོ་སྡེའི་རྒྱན་ལས། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་སོ། །སྒྱིད་ལུག་པ་ནི་ལམ་གྱི་ཕན་ཡོན་མ་མཐོང་ཞིང༌། དཀའ་སྤྱད་ཀྱི་ཉེས་པ་མཐོང་ནས་སྒྱིད་ལུག་ན་གཏོང་བས། དེའི་གཉེན་པོར་ཕན་ཡོན་དང་བྲོད་པ་བསྟན་ནས་བཟོད་པར་གདམས་པ་ནི། སྤྱོད་འཇུག་ལས། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། ཐེག་ཆེན་ལས་ཉན་ཐོས་ཀྱི་ལམ་མཆོག་ཏུ་འཛིན་ནའང་གཏོང་བས། དེའི་གཉེན་པོར་ཉེས་པ་དང༌། ཕན་ཡོན་བསྒོམ་པ་གཉིས་ལས། ཉན་རང་གི་ལམ་རྫོགས་པའི་བྱང་ཆུབ་ཏུ་རིང་བ་ནི། རྣམ་སྣང་མངོན་བྱང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་བླ་ན་མེད་པའི་འབྲས་བུ་ལས་བསྐལ་པ་ཆེན་པོ་བརྒྱད་ཁྲིས་རིང་སྟེ་ཞེས་སོ། །ཐེག་ཆེན་གྱི་ཕན་ཡོན་ཚད་མེད་པ་ནི། སྔ་མ་ལས། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ ཅིང༌། །བསོད་ནམས་ཕུང་པོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམས་ལས་ཁྱད་པར་འཕགས། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། རང་གི་དོན་ལ་མི་བལྟ་ ཕྱིར། །གཞན་དོན་རོ་གཅིག་དགའ་བ་གང༌། །ཡོན་ཏན་འབྱུང་གནས་ཐེག་ཆེན་ཏེ། །ཞེས་སོ། །དེ་ལྟར་སེམས་བཏང་ན་བྱང་ཆུབ་ལས་རིང་ཞིང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཚད་མེད་དོ། །གསོ་ཐབས་ནི་རྟེན་ལ་སོགས་པའི་དྲུང་དུ་གནོང་ཞིང་འགྱོད་པས་བཤགས་བསྡམ་བྱའོ། །ཡང་སྔར་བཞིན་བླངས་པས་སྐྱེ་སྟེ། གྲངས་ངེས་པ་མེད་དོ། །འཇུག་པ་སེམས་བསྐྱེད་གསོ་ཐབས་ལའང༌། ཉམས་པའི་རྐྱེན་ནི་རྟེན་གཞི་སྨོན་པའི་སེམས་ཤོར་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་ཡིན་ནོ། །ཉམས་པའི་ཉེས་པ་ནི། སྔར་བསགས་ཟིན་གྱི་དགེ་བ་མངོན་གྱུར་ན་སྨད་པས་ཕྱི་མ་ལ་བདེ་བ་མེད་ཅིང་ཐེག་ཆེན་དང་མི་འཕྲད་པ་དང༌། དམ་བཅའ་ཉམས་པས་ཀུན་གྱིས་སྨད་པའི་གནས་སུ་འགྱུར་བ་དང༌། ཉེས་པ་ལྕི་བས་ངན་འགྲོར་ཡུན་རིང་དུ་འཁྱམ་པར་འགྱུར་བའོ། །དེའང༌། སློབ་སྤྲིང་ལས། གང་དག་གཅིག་པུའང་ཡིད་ཀྱིས་ངེས་པར་རབ་བརྟགས་ཏེ། །ཡང་དག་ལས་དང་ལྷན་ཅིག་འགྲོགས་པར་བྱེད་པ་དེ། །ས་སྟེང་དཀྱིལ་ན་གཙོ་བོར་གྱུར་པའི་དམ་པ་སྟེ། །སློབ་མ་མཆོག་དེས་བླ་མ་བཀུར་བ་ཉིད་དུ་གྱུར། །ངོ་ཚ་ཡོན་ཏན་ཚོགས་བསྐྱེད་མ་གཅིག་ཡ་རབས་མོ། །མཆོག་ཏུ་གཡོ་མེད་བྱམས་པར་བལྟ་བའི་རྗེས་འབྲང་བ། །བདེན་དང་གཞུང་ལ་དགའ་བའི་གཟི་བརྗིད་ལྡན་པ་རྣམས། །སྲོག་ནི་བདེ་བླག་གཏོང་བར་བྱེད་ཀྱི་དམ་བཅས་མིན། །རེ་ཞིག་སྐྱེ་བོ་ཀུན་གྱིས་དཔྱས་དང་སྡིག་པ་ཡི། །འགྲོ་བ་ཀུན་དང་དམྱལ་བ་མི་བཟད་ཕར་ཞོག་གི །རང་བཞི་ན་རྣལ་མ་བོར་ནས་མོད་ལ་སྡུག་བསྔལ་བ། །མཁས་ལ་ས་སྟེང་དེ་ལས་སྡུག་བསྔལ་གཞན་ཅི་ཡོད། གང་ཞིག་ཐུབ་དབང་རྣམས་ཀྱིས་སྲོལ་གཏོད་ཆོས་ཀྱི་ལམ། །རྒྱ་ཆེན་གྲུ་དང་འདྲ་བ་རྙེད་ནས་སླར་འདོར་བ། །འཁོར་བ་རྒྱ་མཚོའི་ཀློང་དཀྱིལ་གར་མཁན་འདྲ་རྣམས་ལ། །དགའ་བས་ངེས་པར་དེའི་སེམས་བསླུས་པར་གྱུར་པ་སྙམ། །ཞེས་སོ། །དེ་བས་ན། སྤྱོད་འཇུག་ལས། དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱ། །ཞེས་པའི་ཚུལ་གྱིས་སོ། །དེའང་ཐུན་ཚོད་ལས་ཉམས་ཏེ་ཤོར་ན་འགྱོད་སེམས་ཀྱིས་བཤགས་ནས་སྔར་བཞིན་ཆོ་ག་ལན་གསུམ་གྱིས་བླངས་པས་སོར་ཆུད་ཅིང༌། གྲངས་ངེས་པ་མེད་དོ། །ནག་པོ་པས་ནི་གསོ་ཐབསཀྱི་རིགས་གསུམ་གསུངས་ཏེ། ཇི་སྐད་དུ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་གཅགས་པས་གཞན་གྱི་དྲུང་དུ་ཉེས་པ་འཆགས་ཤིང༌། ཕྱིས་སྡོམ་པས་རིམ་གྱིས་ཉེས་པ་དེ་ལས་རིང་ཞིག་ན་ལྡང་བ་ཡང་ཡོད་དོ། །བར་མ་ཁ་ཅིག་ནི་རིག་སྔགས་དང་གསང་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ་ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལས་ལྡང་ངོ༌། །དམ་པ་ཁ་ཅིག་ནི་གང་གིས་ལྟུང་བར་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ཚེགས་མེད་པར་གནས་ཏེ། ཇི་ལྟར། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ་ཞེས་གསུངས་པ་ལྟ་བུའོ། །འདིར་དེའི་རྗེས་སུ་འབྲང་བ་ནི་ལེགས་པར་སེམས་ཏེ། བློ་དམན་པ་དག་གིས་ཡུལ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དྲུང་ངམ་རྟེན་ཁྱད་པར་ཅན་གྱི་དྲུང་དུ་སོང་སྟེ། ཡན་ལག་བདུན་པ་བྱས་ལ་གསོ་བའམ། ཆེ་གེ་མོ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ཞེས་བགྱི་བ་བྱུང་བ་དེ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བཤགས་ཀྱི་དག་པར་མཛད་དུ་གསོལ་ཞེས་ལན་གསུམ་བརྗོད་པ་དང༌། ཕ་རོལ་པོས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དུ་གཟིགས་སམ། ཕྱིན་ཆད་ལེགས་པར་སྡོམ་མམ་ཞེས་པའི་ལན་དུ་རང་གིས། འཁུམས་ལགས། སྡོམ་ལགས་སོ་ཞེས་བརྗོད་པས་ཉེས་པ་ལས་ཐར་པ་ཡིན་པར་བྱང་ཆུབ་སེམས་དཔའི་ས་ལས་གསུངས་སོ། །ཡང་བར་མ་ལྷའི་བསྐྱེད་རྫོགས་ལ་ནན་ཏན་བྱེད་པ་དག་གིས། རང་རང་གི་ཡི་དམ་ལྷའི་མདུན་དུ། ཡན་ལག་བདུན་པ་བྱས་ལ་བཤགས་བསྡམ་བྱས་པས་ལྟུང་བ་ལས་ལྡང་ངོ༌། ། དེའང་རིགས་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་སྟེ། དེའི་མདུན་དུ་འཆགས་པར་འདོད་ན། ཉིན་མཚན་གྱིས་བར་མ་ཆོད་པར་བཤགས་ཏེ། དེའང་གང་བྱུང་དུས་ནས་བཟུང་སྟེ་ནམ་གྱི་ཆ་སྨད་ཀྱི་བར་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཁྱད་པར་དུ་འཕགས་པ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང༌། ཉེས་ལྟུང་གི་སྡིག་པ་འཆགས་པ་རྣམས་དྲག་ལ་རྒྱུན་རིང་བར་བྱས་ཏེ། ཐོ་རངས་ཀར་སོང་བ་ན་འདི་སྐད་བརྗོད་དེ། སྐྱ་རེངས། བདག་གི་འཕྲིན་པ་མཛད་དུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་ལ་བདག་གིས་ཉེས་ལྟུང་བཤགས་ན་དག་པར་མཛད་ནས་དགོངས་ཤིང་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་བརྗོད་པས། ཉི་མ་འཆར་ཀ་ན་ཉེས་ལྟུང་དག་པའི་ལྟས། ལུས་སེམས་སྔོན་བས་བདེ་བ་དང༌། ཉི་མའང་འཇམ་པོར་འཆར་བ་དང༌། ནམ་མཁའ་དག་པ་དང༌། རྨི་ལམ་དགེ་བ་སྟོན་པར་གསུངས་སོ། །གང་ཟག་མཆོག་ཁ་ཅིག་གིས་ནི་སྐྱིལ་མོ་ཀྲུང་བཅས་ཏེ། ཐོག་མར་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་གྱིས་ཉེས་ལྟུང་གང་ཡིན་པའི་མིང་ནས་བརྗོད་དེ། མདུན་གྱི་ནམ་མཁའི་སངས་རྒྱས་སྲས་དང་བཅས་པ་ལ་བཤགས་པའི་རྗེས་ལ། ཉེས་པ་དེ་ཉིད་ནང་དང་ཕྱི་རོལ་དང་དེ་གཉིས་ཀའི་བར་དུ་ངོ་བོ་ངོས་གཟུང་དབྱིབས་ཁ་དོག་ལ་སོགས་པའི་བརྟག་པ་བྱས་པས། གང་ནས་ཀྱང་མ་བྱུང༌། གང་དུའང་མི་གནས། གར་ཡང་མི་འགྲོ་བ་ནམ་མཁའི་རང་བཞིན་ཅན་དུ་ཤེས་ནས་དེའི་ངང་ལ་མཉམ་པར་བཞག་པས། ཉེས་ལྟུང་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཐར་པ་ཆེན་པོ་ཕྱོགས་བཅུ་རྒྱས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན། ཚུལ་ཁྲིམས་ཉམས་པ་དང༌། ཉོན་མོངས་པའི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་བྱང་བར་འགྱུར་རོ། །བཞི་གང་ཞེ་ན། ཆོས་རྣམས་འོང་བ་མེད་པའི་ཕྱིར་དང༌། ཆོས་རྣམས་མི་སྐྱེ་བར་ཤེས་པའི་ཕྱིར་དང༌། ཆོས་རྣམས་མི་འགག་པར་མཐོང་པའི་ཕྱིར་དང༌། ཆོས་རྣམས་རྒྱུ་དང་རྐྱེན་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། བཞི་པོ་དེ་དང་ལྡན་ན་ཚུལ་ཁྲིམས་ཉམས་པ་དང༌། ཉོན་མོངས་པའི་ཁ་ན་མ་ཐོ་བ་འབྱུང་བར་མི་འགྱུར་རོ་ཞེས་པ་དང༌། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་སྟེ། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པ་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཡང་འདི་ལྟ་སྟེ། དཔེར་ན་ཁང་སྟོང་གི་མུན་པ་མུན་ནག་ལོ་སྟོང་ལོན་པ་ཡང་མར་མེ་གཅིག་གིས་མེད་པར་བྱེད་པ་བཞིན་དུ་སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་ཤེས་པས་བསྐལ་པ་གྲངས་མེད་པའི་སྡིག་པ་སྐད་ཅིག་མ་ལ་འབྱང་བར་འགྱུར་རོ་ཞེས་པ་དང༌། དོན་དམ་པ་ལ་འཇུག་པའི་མདོ་ལས། ལྷའི་བུ་པདྨ་དཀར་པོས་གསོལ་པ། འཇམ་དཔལ། ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱང་བར་བྱ། སྨྲས་པ༌། ལྷའི་བུ། ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ་ཞེས་སོ། །དེ་དག་གིས་ཤེས་བྱ་ཤེས་པའི་སྒོ་ནས་བསྲུང་བ་བསྟན་ཟིན་ཏོ། །དགུ་པ་གང་གིས་བསྒྲུབ་པའི་གང་ཟག་གི་རིམ་པ་བསྟན་པ་ནི། ད་ནི་བསྒྲུབ་བྱ་བསྒྲུབ་པའི་སྒོ་ནས་བསྲུང་བ་སྟོན་ཏེ། གང་གིས་སྒྲུབ་པར་བྱེད་པའི་གང་ཟག་དང༌། ཇི་ལྟར་བསྒྲུབ་པར་བྱ་བའི་དོན་གཉིས་ལས། དང་པོ་ནི། རྒྱལ་སྲས་དེ་ཡང་རྣམ་པ་གསུམ་ཉིད་དེ། །རང་ཉིད་གྲོལ་ནས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང༌། །རང་དང་འགྲོ་བ་མཉམ་དུ་ཐར་འདོད་པ། །གྲུ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང༌། །འགྲོ་བ་བསྒྲལ་ནས་རང་ཉིད་ཞི་འདོད་པ། །རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གསུམ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་དང༌། །བདུན་དང་གསུམ་གྱིས་གྲོལ་བ་འཐོབ་པ་ནི། ། དབང་པོའི་རིམ་པ་ལགས་པར་མདོ་ལས་གསུངས། །དེའང་བྱསང་ཆུབ་སེམས་དཔའ་འདོད་ཆེན་པའི་སེམས་བསྐྱེད་ཅེས་བྱ་སྟེ། རང་ཉིད་ཐོག་མར་སངས་རྒྱས་ནས་ཕྱིས་འགྲོ་བ་སྒྲོལ་བ་ནི། དཔེར་ན་རྒྱལ་པོས་རྒྱལ་སྲིད་ཐོབ་ནས་རྒྱལ་འབངས་བདེ་བ་ལ་འགོད་པར་འདོད་པ་སྟེ། འཕགས་པ་བྱམས་པ་ལྟ་བུའི་སེམས་བསྐྱེད་དུ་མདོ་དུ་མ་ལས་བཤད་དོ། །རང་དང་འགྲོ་བ་མཉམ་དུ་གྲོལ་བར་འདོད་པ་ནི་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ། མཉེན་པ་དག་གྲུའི་འགྲུབ་བོ་དང་རང་ཉིད་མཉམ་དུ་ཆུ་བོའི་ཕ་རོལ་ཏུ་ཕྱིན་པར་འདོད་པའོ། །ཐོག་མར་སེམས་ཅན་བསྒྲལ་ནས་གདོད་རང་ཉིད་གྲོལ་བར་འདོད་པ་དཔེ་མེད་པའི་སེམས་བསྐྱེད་ཅེས་བྱ་སྟེ། །ར་ལུག་དང་བ་ལང་གི་རྫི་བོ་དག་གིས་འཕྲང་ལ་སོགས་པ་དོག་ཅིང་ཉམ་ང་བའི་གནས་མཐོང་ངམ༌། །གཞན་དུའང་རང་གི་མདུན་དུ་དེ་དག་བཅུག་ནས། གཅིག་ཀྱང་ཕྱི་ལ་མ་ལུས་པར་བྱས་ཏེ་འགྲོ་བ་ནི་འཇམ་དཔལ་དང་ཤཱཀྱ་ཐུབ་པ་ལྟ་བུའི་སེམས་བསྐྱེད་ཡིན་ ནོ། །དེ་དག་ཀྱང་དབང་པོ་རྟུལ་པོ་རྣམས་ཀྱིས་གྲངས་མེད་སུམ་ཅུ་རྩ་གསུམ་དང༌། འབྲིང་པོས་བདུན་དང༌། རྣོན་པོས་གསུམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་སྟེ། དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་གྱུར་པའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། གྲུའི་ཁ་ལོ་པ་དང༌། སྐྱོང་བྱེད་ལྟ་བུའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། ། «བཅུ་པ་ཇི་ལྟར་བསྒྲུབ་བྱ་རྒྱལ་བའི་སྤྱོད་པ་ལ་བསླབ་ཚུལ་ལ་གཉིས་ལས། མདོར་བསྟན་པ་ནི།» གཉིས་པ་ཇི་ལྟར་བསྒྲུབ་པར་བྱ་བའི་དོན་ནི། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་པ་ སྟེ། །གཙོ་བོར་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཅེས་པ་སྟེ། བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་གསམ་གཏན་དང༌། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། ཅེས་གསུངས་པའི་ཚུལ་ལ་བསླབ་ བོ། །དེའང་ཐུན་མོང་གི་རང་བཞིན་དང༌། སོ་སོའི་རང་བཞིན་གཉིས་ལས། ཐུན་མོང་ལའང་རང་གི་ངོ་བོ་ནི་དྲུག་སྟེ། འཁོར་གསུམ་དུ་མི་རྟོག་པས་རང་གི་བདོག་པ་གཞན་ལ་གཏོང་སེམས་དགེ་བ་ས་བོན་དང་བཅས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེའི་བྱེད་ལས་ཕ་རོལ་གྱི་དབུལ་བ་ཞི་བར་བྱེད་དོ། ། འཁོར་གསུམ་མི་རྟོག་པས་སྲིད་ཞིའི་སྐྱོན་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཚུལ་ཁྲིམས་སོ། །བྱེད་ལས་འཚེ་བ་ལས་ལོག་པའོ། །འཁོར་གསུམ་མི་རྟོག་པས་གནོད་པ་དང་སྐྱོ་ངལ་བཟོད་ཅིང་ཆོས་ཉིད་ལ་མི་སྐྲག་པ་ནི་བཟོད་པའོ། །བྱེད་ལས་ཁྲོ་བ་མེད་པའོ། །འཁོར་གསུམ་མི་རྟོག་པས་དགེ་བ་ལ་སྤྲོ་བ་ནི་བརྩོན་འགྲུས་སོ། །བྱེད་ལས་དགེ་བ་འཕེལ་བའོ། །འཁོར་གསུམ་མི་རྟོག་པས་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །བྱེད་ལས་ཉོན་མོངས་པ་ཞི་བའོ། །འཁོར་གསུམ་མི་རྟོག་པས་ཆོས་ཀྱི་རང་བཞིན་རྟོགས་པ་ནི་ཤེས་རབ་བོ། །བྱེད་ལས་ཤེས་བྱ་རྟོགས་ཤིང་འཁོར་བ་ལས་སྒྲོལ་བའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་གི་ཡོན་ཏན་ནི་རྣམ་པ་བཞི་སྟེ། གཞན་དོན་དུ་བྱང་ཆུབ་ལ་དམིགས་པས་རྒྱ་ཆེ་བ་དང༌། ངེས་པར་ལེགས་པ་དང་མངོན་པར་མཐོ་བ་འགྲུབ་པས་དོན་ཆེ་བ་དང༌། འཇིག་རྟེན་ལས་འདས་པས་ཟང་ཟིང་མེད་པ་ དང༌། དགེ་བ་གོང་དུ་འཕེལ་བས་མི་ཟད་པ་སྟེ། མདོ་སྡེའི་རྒྱན་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་སོ། །གྲངས་ངེས་པ་ལ་གསུམ་ལས། དང་པོ་མངོན་མཐོ་བསྒྲུབ་པ་དང་ཉོན་མོངས་པ་སྤོང་བ་ལ་ལྟོས་ཏེ་དྲུག་ཏུ་གྲངས་ངེས་པ་ནི། དེ་ཉིད་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པས་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །གཉིས་པ་གཞན་དོན་བྱས་པས་རང་དོན་འགྲུབ་པ་ལ་ལྟོས་ཏེ་དྲུག་ཏུ་གྲངས་ངེས་པ་ནི། དེ་ཉིད་ལས། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། ། རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང༌། དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་སོ། །གསུམ་པ་བསླབ་པ་གསུམ་ལ་ལྟོས་ཏེ་ཕར་ཕྱིན་དྲུག་ཏུ་གྲངས་ངེས་པ་ནི། དེ་ཉིད་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །དེའང་དང་པོ་གསུམ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་སོ། །སྦྱིན་པ་ནི་རྒྱུ། ཚུལ་ཁྲིམས་ནི་ངོ་བོ། བཟོད་པ་ནི་ཁྱད་པར་ཡིན་ནོ། །ཐ་མ་གཉིས་ཀྱི་བསམ་གཏན་སེམས་ཀྱི་བསླབ་པས་བསྡུས་ཤིང༌། ཤེས་རབ་ཤེས་རབ་ཀྱི་བསླབ་པས་བསྡུས་ལ། བརྩོན་འགྲུས་གཅིག་པུ་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་ལྡན་པར་བསྡུས་པ་ཡིན་ནོ། །གོ་རིམས་ངེས་པ་ནི། དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར།། དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །དེའང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་རྒྱུ་དང་འབྲས་བུའི་རིམ་པ་དང༌། སྦྱིན་པ་བས་ཚུལ་ཁྲིམས་མཆོག་པས་བཟང་ངན་གྱི་རིམ་པ་དང༌། སྔ་མ་སྔ་མ་རགས་ཤིང་བསླབས་དང་རྟོགས་པར་སླ་ལ་ཕྱི་མ་ཕྱི་མ་དཀའ་བས་ཕྲ་རགས་ཀྱི་རིམ་པ་སྟེ་གསུམ་ལ་ལྟོས་ནས་ངེས་པ་ཡིན་ ནོ། །བསྒྲུབ་ཚུལ་ནི། སྦྱིན་པ་གཏོང་བ་ནའང་རྣམ་པར་སྨིན་པ་ལ་མི་རེ་བ་ དང༌། ཡང་ཡང་སྲིད་པའི་གནས་འདིར་བདེ་འགྲོ་ལ་སྨོན་པ་མེད་པའི་ཚུལ་ཁྲིམས་བསྲུང་བ་དང༌། ཐམས་ཅད་ལ་བཟོད་པར་བྱ་བས་བཟོད་པ་བསྒོམ་པ་དང༌། ཡོན་ཏན་ཐམས་ཅད་སྡུད་པའི་བརྩོན་འགྲུས་དང༌། གཟུགས་མེད་པའི་ཁམས་བསལ་བའི་བསམ་གཏན་དང༌། ཐབས་དང་མ་བྲལ་བའི་ཚུལ་གྱིས་ཤེས་རབ་བསྒྲུབ་པར་བྱ་སྟེ། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང༌། ། ཡང་སྲིད་མི་འདོད་ཚུལ་ཁྲིམས་དང༌། །ཐམས་ཅད་ལ་ནི་བཟོད་པ་དང༌། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང༌། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །ངེས་ཚིག་ནི། དེ་ཉིད་ལས། དབུལ་བ་སེལ་བར་བྱེད་པ་དང༌། །བསིལ་བ་འཐོབ་དང་ཁྲོ་བཟོད་དང༌། །མཆོག་ལ་སྦྱོར་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དེ། །ཞེས་སོ། ། དབུལ་བ་སེལ་བས་སྦྱིན་པ། ཉོན་མོངས་པའི་གདུང་བ་བསིལ་ཞིང་སྐྱོབ་པས་ཚུལ་ཁྲིམས། ཁོང་ཁྲོ་བཟོད་པས་བཟོད་པ། སངས་རྒྱས་ཀྱི་སར་སྦྱོར་བས་བརྩོན་འགྲུས། སེམས་རྩེ་གཅིག་ཏུ་འཛིན་པས་བསམ་གཏན། ཆོས་ཀྱི་རང་བཞིན་དོན་དམ་པའི་བདེན་པ་ཤེས་པས་ཤེས་རབ་ཅེས་བྱའོ། ། « སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བདུན་ཏེ། སྦྱིན་པ་ལ་གསུམ་ལས། ཡུལ་ངོས་གཟུང་བ་ནི།» ད་ནི་སོ་སོའི་རང་བཞིན་བཤད་པ་ལ་དྲུག་ལས། སྦྱིན་པའི་རང་བཞིན་ནི། འདི་ལྟར། འགྲོ་བ་དབུལ་བས་ཉམ་ཐག་མཐོང་ནས་ནི། ། «རང་བཞིན་སྤྱིར་བསྟན་པ་ནི། »དེ་ལ། ཟས་གོས་རྟ་དང་ཤིང་རྟ་གླང་པོ་སོགས། །མཁོ་དགུའི་ཡོ་བྱད་དཔག་མེད་གཏོང་བ་སྟེ། །བུ་དང་བུ་མོ་ལ་སོགས་གཏོང་བ་ ཆེ། །མགོ་དང་མིག་སོགས་ཤིན་ཏུ་གཏོང་བ་སྟེ། །ཟང་ཟིང་དང་ནི་ཆོས་ཀྱི་ཕན་པ་བསྒྲུབ། ། «ཕན་ཡོན་བཤད་པ་ནི། »སྦྱིན་པ། དེས་ནི་རང་གི་སེར་སྣའི་ཚོགས་འཇོམས་ཤིང༌། ། གཞན་གྱི་འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །དེའང་ཟང་ཟིང་གི་སྦྱིན་པས་བསོད་ནམས་དང༌། ཆོས་ཀྱི་སྦྱིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། རང་གི་སེར་སྣ་མེད་པས་ཡི་དགས་ཀྱི་སྐྱེ་བ་རྒྱུན་གཅོད་ཅིང༌། དངོས་སུ་གཞན་ལ་ཕན་པའི་འབྱོར་བ་སྐྱེ་བ་ཡིན་ནོ། །འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པས་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་རྫོགས་ལ། ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། འདི་གཉིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་བྱ་བ་ནི། ཟས་དང༌། གོས་དང༌། ཤིང་རྟ་དང༌། གླང་པོ་ཆེ་གཞན་ལ་སྦྱིན་པའོ། །གཏོང་པ་ཆེན་པོ་ཞེས་བྱ་བ་ནི། བུ་དང༌། བུ་མོ་དང༌། ཁྱིམ་ཐབ་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། བྱ་དཀའ་བ་སྟེ། མགོ་དང༌། མིག་དང༌། ལག་པ་དང༌། རྐང་པ་ལ་སོགས་པ་གཏོང་བའོ། །དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། མྱུ་གུ་དང༌། སྣག་ཚ་དང༌། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང༌། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ་ཞེས་སོ། །དེའང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གཙོ་བོར་ཟང་ཟིང་གི་སྦྱིན་པ་གཏོང་ལ། རབ་ཏུ་བྱུང་བས་ཆོས་ཀྱི་སྦྱིན་པ་གཏོང་བ་ཡིན་ནོ། །དེ་དག་ཀྱང༌། མདོ་སྡེའི་རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་བ་སེམས་ལ་བརྟེན་པ་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་དང་མི་འཇིགས་ཟང་ཟིང་གཏོང༌། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །དེ་ལ་ངོ་བོ་ནི་སེར་སྣ་མེད་པ། རྒྱུ་ནི་གཏོང་སེམས་དག་པ། འབྲས་བུ་ནི་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབ་པ། བྱེད་ལས་ནི་རང་གཞན་གཉིས་རྗེས་སུ་འཛིན་ཅིང་ཚོགས་གཉིས་རྫོགས་པར་བྱེད་པའོ། །ཡོན་ཏན་གྱི་ཁྱད་པར་ནི། དེ་ཉིད་ལས། རྒྱལ་བའི་སྲས་རྣམས་སློབ་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང༌། །སྙིང་རྗེས་གཞན་ལས་ལན་ཡང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སོ། ། « ཚུལ་ཁྲིམས་ལའང་གསུམ་ལས། རང་བཞིན་བཤད་ནས་བསྔགས་པ་བརྗོད་པ་ནི། »ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི། ཕྱི་རོལ་པ་ལ་མེད་ཅིང་ནང་པ་སངས་རྒྱས་པ་ལ་ཡོད་པས། ལྷག་པའི་ཚུལ་ཁྲིམས་ཀྱིས་ནི་རྒྱུད་བསྡམས་ཤིང༌། སེམས་ཀྱི་དགེ་བ་ཞི་བ་རྣམས་སྒྲུབ་ལ། ཤེས་རབ་ཀྱིས་ནི་དོན་གཉིས་ཕུན་ཚོགས་འཐོབ། «བསླབ་བྱ་མདོར་བསྟན་ནས་བསྲུང་བར་གདམས་པ་ནི། »དེ་ཡང༌། སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་དེ། །རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་གསུམ་རྟག་བསྲུང༌། ། « བསྲུང་རྟེན་གང་ཟག་གི་དབྱེ་བ་དང་རྩ་བ་བྱང་སེམས་སུ་བཤད་པ་ནི། »དེའི་རྟེན། ཁྱིམ་པས་དགེ་བསྙེན་བསྙེན་གནས་སྨོན་འཇུག་ལ། །རབ་ཏུ་བྱུང་བས་དགེ་སློང་དགེ་ཚུལ་དང༌། །དགེ་སློབ་མ་ཡི་སྡོམ་པ་གང་ཡིན་སྟེང༌། །བྱང་ཆུབ་སེམས་གཉིས་བསྲུང་བ་ཚུལ་ཁྲིམས་ཡིན། །དེ་ལ་འདིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་པ་ནི། སོ་སོར་ཐར་པ་རིགས་བདུན་གང་རུང་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་ལྡན་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཙམ་ལ་སོ་སོར་ཐར་པ་རིགས་བདུན་གྱི་རྣམ་དབྱེ་མེད་པ་ཡིན་ནོ། ། དེའང་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ། བསྙེན་གནས་ཕ་མ་གཉིས་ཏེ་དགུ་ཡོད་ཀྱང༌། ཁྱིམ་པའི་ཕྱོགས་ཀྱི་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་གཉིས། རབ་ཏུ་བྱུང་བའི་ཕྱོགས་ཀྱི་དགེ་ཚུལ་རབ་བྱུང་བར་མ་དགེ་སློང་སྟེ་ལྔར་རིགས་བསྡུ་བས་ན་དེའི་སྟེང་དུ་སེམས་བསྐྱེད་པ་གཉིས་དང་ལྡན་པ་ལ་བརྗོད་དོ། །དེའང༌། མདོ་སྡེའི་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་པས་རབ་ཏུ་འབྱུང་བའི་བྱང་ཆུབ་སེམས་དཔའ་བཤད་ལ། མདོ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོ་རྣམས་དང་ཡང་ཐབས་གཅིག་སྟེ་ཞེས་གསུངས་པ་ཡིན་ནོ། །དེའང་དགེ་བསྙེན་ལ་གཉིས་ལས། སྣ་འགའ་བསྲུང་བ་སོགས་ཀྱི་དགེ་བསྙེན་ནི་རྩ་བ་བཞིའམ་བཞིའི་གང་རུང་བསྲུང་ཞིང་འདོད་ལོག་སྤང་བ་ཡིན་ནོ། །ཚངས་པར་སྤྱོད་པའི་དགེ་བསྙེན་ནི་རྩ་བ་བཞི་ཆང་དང༌། དེའི་སྟེང་དུ་མི་ཚངས་པར་སྤྱོད་པ་སྤོང་བ་ཡིན་ནོ། ། དགེ་ཚུལ་ནི། འོད་ལྡན་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་ དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་ སྤང༌། །ཞེས་པའི་ཚུལ་གྱི་བསླབ་པའི་གནས་བཅུ་འཛིན་ཅིང༌། གཞན་ཡང་ཕྱོགས་དང་མཐུན་པའི་ཉེས་པ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་སློབ་མ་ནི་ཚུལ་ཁྲིམས་དེའི་སྟེང་དུ་སྐྱེས་པ་ལ་མི་རེག་པ་ལ་སོགས་པ་བཅུ་གཉིས་སྤོང་བྱེད་གཉེན་པོ་དགེ་བ་སྟེ། བུད་མེད་ཉོན་མོངས་པ་ཆེ་བས་བརྟན་མི་བརྟན་ནམ་ཐུབ་མི་ཐུབ་བརྟག་པ་ལ་ལོ་གཉིས་ལ་སོགས་པར་སློབ་པའོ། །དགེ་སློང་ལ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་ལ་སོགས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། དགེ་སློང་མ་ལ་སུམ་བརྒྱ་དྲུ་ཅུ་རྩ་བཞི་ལ་སོགས་པ་སྟེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། ཕལ་ཆེན་པོ་དང༌། གནས་བརྟན་པ་དང་མང་པོས་བཀུར་བ་སོ་སོའི་སྡེ་པ་ཐ་དད་པའི་ཚུལ་ཁྲིམས་ཀྱིས་བསླབ་པར་གྲགས་པ་རྣམས་སོ། །ས་སྡེ་ལས། རབ་ཏུ་བྱུང་བའི་བསླབ་པར་བརྗོད་པ་དེ་དག་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་ཡོད་པ་ལ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་གསུངས་པ་ཡིན་ ནོ། །དེ་ལྟ་བུའི་ཁྲིམས་རྣམས་ནི་རང་གི་རྒྱུད་ཉེས་སྤྱོད་ལས་སྡོམ་པའི་ཚུལ་ཁྲིམས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །དེ་དག་ཀྱང་སྤོང་སེམས་དགེ་བ་ས་བོན་དང་བཅས་པ་སྟེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་སོ། །དེའང་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་པས་མི་དགེ་བ་བསྡམས་པའི་ཆ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། འཁོར་བར་ལྷ་མིའི་ལུས་འཛིན་ཅིང་རང་དོན་བདེ་བ་འཐོབ་པའི་ཕྱིར་རོ། །གཞན་ལ་མི་འཚེ་བར་མ་ཟད་ཕན་པ་བསྒྲུབ་པའི་ཆ་ནི་བྱང་ཆུབ་སེམས་དཔའི་སྡོམ་པར་གསུངས་སོ། །སྔགས་ཀྱི་སྡོམ་པ་ནི་དེའི་སྟེང་དུ་ཐ་མལ་དུ་འཛིན་པའི་ལས་དང་ཉོན་མོངས་པ་སྤོང་ཞིང་རིམ་གཉིས་བསྒོམ་པའི་སྣོད་དུ་རུང་བརབྱས་པའོ། །དེའང་སོ་སོར་ཐར་པའི་སྡོམ་པའི་རང་དུས་བརྩིས་ན་མི་དགེ་བ་བཅུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་གནང་བའི་སྐབས་མེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་ནི་བདུན་གཞན་དོན་དུ་གནང་བ་ དང༌། སྔགས་ལ་མི་སྤོང་བར་ཐབས་ཀྱི་ཆར་བསྟེན་ཏེ་ཤིང་ལས་མེ་ལྟར་ཡེ་ཤེས་སྐྱེ་བའི་རྒྱུར་ལམ་ཟབ་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་ནི། ངོ་བོ་གཅིག་ལ་ལྡོག་པའི་ཆ་ཐ་དད་དུ་ཡོད་དོ། །ཡུལ་འདོམ་ན་གོང་མ་བསྲུང་སྟེ་འོག་མའི་ཆ་དེར་འདུ་བའི་ཕྱིར་རོ། འོག་མ་དང་རྣམ་པ་འགལ་བ་ལྟར་སྣང་ཡང་ངོ་བོ་མ་ཤོར་བས་འགལ་བ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་སྔགས་ཀྱི་ཀུན་དུ་སྤྱོད་པའི་སྐབས་སུ་ཆང་འཐུང་བ་ལ་ནི་ཉན་ཐོས་པས་ལྟུང་བ་དང༌། བྱང་ཆུབ་སེམས་དཔས་ཕྱོགས་མཐུན་གྱི་ཉེས་པར་བཤད་ཀྱང༌། ཉེས་པར་མི་འགྱུར་ཏེ། དེའི་ཚེ་ཡུལ་བདག་ཉིད་དགེ་སློང་ངམ་བྱང་ཆུབ་སེམས་དཔའ་ཡིན་དགོས་པ་ལ། དེའི་ཚེ་ལྷར་བསྐྱེད་པས་གཞི་གཞན་དུ་གྱུར། དངོས་པོ་མྱོས་བྱེད་ཆང་ཡིན་དགོས་པ་ལ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བདུད་རྩིར་བསྒྱུར་ཞིང་ལོངས་སྤྱད་པར་གསུངས་པ་དང༌། བསམ་པའི་འདུ་ཤེས་གཞན་དུ་མ་གྱུར་པ་དགོས་པ་ལ། ལྷ་དང༌། དཀྱིལ་འཁོར་དང༌། བདུད་རྩི་ལ་སོགས་པའི་འདུ་ཤེས་སུ་གནས་གྱུར་པས་ཉེས་པ་མེད་པའི་སྟེང་དུ་ལྷ་མཆོད་པས་ཚོགས་རྫོགས་པ་དང༌། ལྟ་བ་དང་ཏིང་ངེ་འཛིན་བསྒོམ་པའི་གྲོགས་སུ་གྱུར་པས་ཡོན་ཏན་ཡར་ལྡན་དུ་ཡོད་པ་བཞིན་ནོ། །ཚུལ་དེ་བཞིན་དུ་བསླབ་པའི་ཆ་ཤས་ཀུན་ལའང་ཤེས་པར་བྱའོ། །མདོར་ན་ཉེས་པ་བསྐྱེད་ན་གང་གི་ལུགས་ལའང་འགོག་ལ། ཡོན་ཏན་རྣམས་དགེ་བ་བསྐྱེད་ན་བྱ་བར་གནང་བས་བསླབ་པ་རྣམས་ཀྱི་ཆེ་འབྲིང་དང་གནང་བཀག་ཤེས་ཤིང་སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བ་ཤེས་པ་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་དག་ནི་ཀུན་ལ་བསྔགས། །ཞེས་སོ། །མདོར་ན་ཉེས་སྤྱོད་ཆ་དང་བཅས་པ་ལས་གཞན་དོན་དུ་སེམས་བསྲུང་བ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །ཚོགས་གཉིས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཡོན་ཏན་མ་སྐྱེས་པ་བསྐྱེད། སྐྱེས་པ་སྤེལ་བ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཏེ། སེམས་ཀྱི་བསླབ་པས་གཙོ་བོར་བསྡུས་པ་ཡིན་ནོ། །ཐབས་ལ་མཁས་པས་དངོས་སམ་བརྒྱུད་ནས་སེམས་ཅན་ལ་ཕན་པའི་དོན་བསྒྲུབ་ལ། བསྡུ་བའི་དངོས་པོ་བཞིས་གཞན་དགའ་བར་བྱེད་ཅིང་གནས་སྐབས་སུ་མངོན་པར་མཐོ་བ་དང་མཐར་ཐུག་ངེས་པར་ལེགས་པའི་ས་བོན་དགེ་བ་འདེབས་ཤིང་གཞན་བདེ་ལྷུར་ལེན་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་འདི་གསུམ་གྱིས་ལམ་བསླབ་པ་གསུམ་བསྒྲུབ་ཅིང་ཚོགས་གཉིས་རྫོགས་ནས་སངས་རྒྱས་པའི་ཚེ་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ཐོབ་པར་བྱེད་དོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ལ་སོགས་པ་འཐོབ་བོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་འཕྲིན་ལས་ཕུན་སུམ་ཚོགས་པ་གང་ལ་གང་འདུལ་དུ་དེ་དང་འཚམས་པའི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་ཅན་འཐོབ་པ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། འོད་སྲུངས། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བསྒྲུབ་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་བའི་ཆོས་སྲུང་བའི་ཚུལ་ཁྲིམས་ཀྱིས་ནི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་ཕན་པ་ལྷུར་ལེན་པ་ཡིན་ནོ་ཞེས་སོ། །དེ་དག་ཀྱང༌། མདོ་སྡེའི་རྒྱན་ལས། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོར་གནས་པ་སྦྱིན་བྱེད་དང༌། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང༌། །བརྡར་བརྟགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །དེ་ལ་ངོ་བོ་ནི་ཡན་ལག་དྲུག་ལྡན་ཏེ། ཚུལ་ཁྲིམས་ལ་གནས་པ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཆོ་ག་ཕུན་སུམ་ཚོགས་པ་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པའི་གནས་སུ་བལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །རྒྱུ་ནི་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །འབྲས་བུ་ནི་བདེ་འགྲོར་གནས་པའོ། །བྱེད་ལས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའོ། །ཡང་ཉོན་མོངས་པ་ཞི་བ་དང༌། རང་གཞན་ལ་འཇིགས་པ་མེད་པར་ཡང་བྱེད་དོ། །ཡོན་ཏན་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པའོ། །དབྱེ་ན་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། ཆོས་ཉིད་ཀྱིས་ཐོབ་པའོ། ། དང་པོ་ནི་སོ་སོར་ཐར་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ལ་བསམ་གཏན་དང་ཟག་མེད་ལས་སྐྱེས་པ་གཉིས་ཏེ། བསམ་གཏན་དངོས་གཞིའི་སེམས་ཐོབ་པ་དང༌། མཐོང་ལམ་ལ་སོགས་པ་ཟག་པ་མེད་པ་འཕགས་པའི་ས་ཐོབ་པ་ཡིན་ཏེ། མཛོད་ལས། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་བསམ་གཏན་ཟག་མེད་སྐྱེས། །ཞེས་སོ། །འདི་དག་ནི་ཉམས་པ་མེད་པ་དང༌། ཉན་རང་དང་མ་འདྲེས་པ་དང༌། ཉེས་ལྟུང་གིས་མ་སྦགས་པ་དང༌། ཐེག་ཆེན་ཡིན་པས་མོད་མི་དམའ་བ་སྟེ། བཞི་ལྡན་ནི་ཡོན་ཏན་གྱི་རྟེན་ཅན་དུ་བསྐྱེད་པར་བྱ་བ་ཉིད། བཤེས་སྤྲིང་ལས། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། ་མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་སོ། །དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཡོན་ཏན་ནི། མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་བསྐྱེད། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སོ། ། «བཟོད་པ་ལ་ཡང་བདུན་ལས། དབྱེ་བ་སྤྱིར་བསྟན་པ་ནི།» དེ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱི་ནང་གནོད་པ་སྣ་ཚོགས་སྡུག་བསྔལ་ལ། །ཇི་མི་སྙམ་དང་སྙིང་རྗེས་ཆོས་ལ་སེམས། །དམིགས་མེད་བཟོད་པ་གསུམ་ཡང་བསྒྲུབ་པར་བྱ། །འདི་ལྟར་ཕ་རོལ་གྱིས་གནོད་པའམ་འཚེ་བ་ལ་སོགས་པ་བྱས་པ་ལ་ཁྲོ་བ་མི་བསྐྱེད་པ་ནི་མི་མཇེད་པའི་བཟོད་པའོ། །ཐར་པ་དང་རང་གཞན་གྱི་ཆོས་བསྒྲུབ་པའི་དཀའ་སྤྱད་བཟོད་པ་ནི་སྡུག་བསྔལ་དང་དུལེན་པ་ཇི་མི་སྙམ་པའི་བཟོད་ པའོ། །སྙིང་རྗེས་གཞན་གྱི་དོན་ལ་སྐྱོ་ངལ་མེད་པ་དང༌། སྟོང་པ་ཉིད་ཀྱི་དོན་ཟབ་མོ་ལ་མི་སྐྲག་པ་ནི་ཆོས་ཉིད་དམིགས་པ་མེད་པའི་བཟོད་པའོ། །དེ་དག་གི་དོན་ཡང༌། མདོ་སྡེའི་རྒྱན་ལས། མི་མཇེད་ཇི་མི་སྙམ་ཤེས་དང༌། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་དུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། ། བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། ། ངོ་བོ་ནི་གཞན་ལ་མི་ཁྲོ་ཞིང་དཀའ་སྤྱད་བཟོད་པའོ། །རྒྱུ་ནི་སྙིང་རྗེའོ། ། འབྲས་བུ་ནི་ཕན་ཡོན་ལྔ་སྟེ། མདོ་ལས། ཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན་ཞེས་སོ། །བྱེད་ལས་ནི་རང་གཞན་གཉིས་ཀའི་དོན་དགེ་བ་བྱེད་དེ། ཆེད་དུ་བརྗོད་པའི་ཚོམས་ལས། གང་ཞིག་ཕ་རོལ་འཁྲུགས་ཤེས་ནས། །དེ་ལ་བདག་ནི་ཉེར་ཞི་བ། །དེས་ནི་བདག་དང་ཕ་རོལ་དང༌། །གཉིས་པོ་དག་གི་དོན་བྱེད་དོ། །ཞེས་སོ། །ཡོན་ཏན་ནི། མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་ལྟས་མིན། ། བཟོད་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། ། བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག ། ཅེས་སོ། ། «བསྒོམ་ཚུལ་བསྟན་པ་ནི།» བཟོད་པ་བསྒོམ་པའི་ཚུལ་མདོར་བསྟན་པ་ནི། ཉོན་མོངས་པ། ཞེ་སྡང་ལྟ་བུའི་སྡིག་པ་འགའ་མེད་ལ། །བཟོད་མཚུངས་དཀའ་ཐུབ་བསོད་ནམས་གཞན་མེད་པས། །སྣ་ཚོགས་ཚུལ་གྱིས་བཟོད་ལ་ནན་ཏན་དུ། ཁྲོ་བའི་མེ་ཆེན་འཇིལ་ལ་བརྩོན་པར་བྱ། །འདི་ལྟར་ལེགས་པའི་མཆོག་བྱང་ཆུབ་ཡིན་ལ། དེ་ཡང་བཟོད་པས་འགྲུབ་པས་བསོད་ནམས་གཞན་ལས་ཆེ་བ་དང༌། སྡུག་བསྔལ་གྱི་ཆེ་ཤོས་དམྱལ་བ་ཡིན་ལ་དེ་ཉིད་ཞེ་སྡང་གིས་བསྐྱེད་པས་སྡིག་པའང་དེ་ལས་ཆེ་བ་མེད་པས་ན། ཐབས་རྣམ་པ་སྣ་ཚོགས་ཀྱིས་བཟོད་པ་བསྒོམ་པའི་དཀའ་ཐུབ་ལ་སྦྱར་བར་བྱའོ། །སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་པ་དང༌། བཤེས་སྤྲིང་ལས། འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། ། ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །ཞེས་སོ། ། «ཡུལ་མང་བས་སེམས་གཅིག་པུ་འདུལ་བར་བསྟན་པ་ནི།» དེ་ཡང་ཁྲོ་བའི་ཡུལ་མང་བས་རེ་རེའི་ལན་བྱས་ན་མི་འགྲུབ་པའམ་ཞི་དུས་མེད་པས་བཟོད་པར་བྱ་བའི་ཚུལ་ནི། གནོད་པའི་ཡུལ་རྣམས་མི་བསྲུན་གྲངས་མེད་པས། །རེ་རེ་ཞི་ཡང་གདུལ་བར་ཡོང་མི་ལང༌། །སེམས་གཅིག་བཏུལ་བས་ཐམས་ཅད་དུལ་འགྱུར་བ། ། སེམས་འདུལ་བརྟུལ་ཞུགས་བསྲུང་ལ་ནན་ཏན་མཛོད། །དེ་སྐད་དུ། སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང༌། ཁྲོ་བའི་སེམས་ནི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་དྲ། །ཞེས་སོ། ། «གནོད་པའི་རྐྱེན་གྱིས་བཟོད་པ་འགྲུབ་ཚུལ་བསྟན་པ་ནི།» གཞན་ཡང༌། གནོད་ལ་བརྟེན་ནས་བཟོད་པའི་ལེགས་པ་འགྲུབ། །སྙིང་རྗེ་དང་ནི་བྱམས་སོགས་ཡོན་ཏན་སྐྱེ། ། བྱང་ཆུབ་གྲོགས་གྱུར་དགྲ་ལ་སྟོན་པ་བཞིན། །གུས་དང་སྤྲོ་བས་བཟོད་པ་ཉེ་བར་བསྟེན། །འདི་ལྟར་མཁན་སློབ་རབ་ཏུ་བྱུང་བའི་ཕན་འདོགས་མི་ཡིན་པ་བཞིན་དུ། དགྲ་མེད་ནའང་བཟོད་པ་མི་འབྱུང་བས་བཟོད་དགོས་ཏེ། དེ་ཉིད་ལས། འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པ། ། འདི་ལ་བདག་གེགས་བྱེད་པར་ཟད། །གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་གང་ན་ཡོད་གྱུར་པ། །དེ་ཉིད་དེ་ཡི་རྒྱུ་ཡིན་ན། །ཇི་ལྟར་དེ་ལ་གེགས་ཞེས་བྱ། །དུས་སུ་ཕྱིན་པའི་སློང་མོ་བ། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། ། རབ་ཏུ་འབྱིན་པར་བྱེད་གྱུར་པ། །རབ་བྱུང་གེགས་ཞེས་བྱར་མི་རུང༌། །ཞེས་སོ། །གནོད་པ་དེའི་ཚེ་ཡིད་མི་བདེ་བ་ལ་སོགས་པའི་སྡུག་བསྔལ་ཅུང་ཟད་ཀྱིས་རྐྱེན་བྱས་ནས་སྙིང་རྗེ་དང་སྐྱོ་བ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པས་ཀྱང་བཟོད་དགོས་ཏེ། དེ་ཉིད་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་སོ། །ཡང་སྡང་སེམས་ལ་བཟོད་པ་བསྒོམས་པས་བསོད་ནམས་ཆེན་པོ་འཐོབ་པ་ལ་སྤྲོ་བ་དང་སྟོན་པ་བཞིན་གུས་པར་བྱ་སྟེ། རྒྱུད་བླ་ལས། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཞེས་པ་དང༌། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་སོ། ། « ཁྲོ་བའི་རྐྱེན་རང་ལས་བྱུང་བར་བསམ་པ་ནི།» འདི་ལྟར་ཚུལ། གཞན་ཡང་བདག་ཉིད་མེད་ན་མི་འབྱུང་ལ། །བྲག་ཅ་བཞིན་དུ་ཕན་ཚུན་བརྟེན་པ་ཅན། །རང་གིས་ཉེས་གྱུར་གནོད་པའི་ཚོགས་རབ་འདི། །འཕྲལ་གྱི་རྐྱེན་དང་སྔོན་ལས་རྒྱུས་བསྐྱེད་ཕྱིར། །འདི་འབྱུང་རིགས་ཏེ་ལས་ཟད་ཐབས་འདི་ལ། །ཅི་ནས་སེམས་འདུལ་གཅིག་པུར་བསྲན་ཚུགས་བྱ། །འདི་ལྟར་རང་ཉིད་གཏན་ནས་མེད་ན་རང་གིས་ཁྲོ་བ་དང་ཕ་རོལ་དང་རྩོད་པ་ཡེ་མི་འབྱུང་སྟེ་ཁྲོ་རྩོད་ནི་ཕན་ཚུན་ལ་ལྟོས་པའི་ཕྱིར་དང༌། རང་གིས་གནོད་པ་ཕར་མ་བྱས་ན་ཚུར་ཡང་གནོད་པ་མི་འབྱུང་བས་དོན་མེད་དུ་གནོད་པ་བྱེད་པ་ནི་ངེས་པར་བཟོད་པར་རིགས་ཏེ། སྤྱོད་འཇུག་ལས། འདི་ལྟར་ཕར་གནོད་མ་བྱས་ན། འགའ་ཡང་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི། ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། ། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། ། ཞེས་སོ། །དེའང་བདག་ལ་གནོད་པའང་རྐྱེན་ཅུང་ཟད་ཀྱིས་བསྐྱེད་པ་ཡིན་ལ། དེ་ཡང་རང་གི་སྔོན་གྱི་ལས་ལས་བྱུང་བས་བཟོད་པར་རིགས་ཏེ། དེ་ཉིད་ལས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་སོ། ། གནོད་པས་ཁྲོ་བ་ཞིག་བྱུང་ན་ཡང་བརྟག་དགོས་ཏེ་བརྒྱུད་ནས་གནོད་པས་ཁྲོ་ན་རང་གི་ལས་ལ་ཁྲོ་བར་རིགས་ཏེ། དེ་ཉིད་ལས། བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམས་བྱུང་སྟེ། །ཞེས་སོ། ། དངོས་སུ་གནོད་པས་ཁྲོ་ན་དབྱུག་པ་ལ་སོགས་པའི་རྣམ་པའམ་མི་སྙན་པའི་ཚིག་བེམས་པོ་ལ་ཁྲོ་བར་རིགས་ཏེ། དེ་ཉིད་ལས། དབྱུག་པ་ལ་སོགས་དངོས་བཀོལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ་ཡང་ཞེ་སྡང་གིས་རྦད་པས། །ཉིས་ན་ཞེ་སྡང་ལ་ཁྲོ་རིགས། །ཞེས་སོ། ཁྱད་པར་དུ་མི་གཞན་གྱིས་མི་སྙན་པར་སྨྲ་བ་ལ་ཁྲོ་བའང་རང་གི་རྣ་བར་བརྗོད་མཁན་ལ་མི་ཁྲོ་བར་ཕ་རོལ་ལ་ཁྲོ་བའང་མི་རིགས་ཏེ་སྡུག་བསྔལ་དེས་བསྐྱེད་པའི་ཕྱིར་རོ། །གཞན་ཡང་བསྟོད་གྲགས་ལ་སོགས་པ་ལ་གནོད་སྙམ་ནའང་དེ་ཡིས་ངན་འགྲོར་འཁྲིད་པ་སྟེ། དེ་ལས་བཟློག་པ་ལ་བཟོད་པ་ཉིད་ཀྱང༌། དེ་ཉིད་ལས། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་འགྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །བདག་ནི་སྡུག་བསྔལ་འཇུག་འདོད་ལ། །སངས་རྒྱས་ཀྱིས་ནི་བྱིན་བརླབས་བཞིན། །མི་གཏོང་སྒོ་འཕར་ཉིད་གྱུར་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །ཞེས་དང༌། གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པ། །འདི་ལ་བདག་གེགས་བྱེད་པར་ཟད། །ཅེས་སོ། །དེའང་ཡོ་བྱད་ལ་གནོད་ནས་ཁྲོ་བའང་མི་རིགས་ཏེ། རང་གི་ལས་ཡོད་ན་དེས་མི་གནོད་ལ། མེད་ན་བྱིན་ཡང་མི་ཕན་པ་དང༌། ཐམས་ཅད་བཞག་ནས་རྨི་ལམ་སད་པ་ལྟར་འགྲོ་དགོས་པ་དང༌། ནོར་གྱི་ཉེས་པ་ཚད་མེད་པས་འཆིང་བའི་ཕྱིར་ཏེ། དེ་ལས། རྙེད་པའི་བར་ཆད་བྱེད་པའི་ཕྱིར། །གལ་ཏེ་བདག་འདི་མི་འདོད་ན། ། བདག་གི་རྙེད་པ་འདིར་འདོར་གྱི། །སྡིག་པ་དག་ནི་བརྟན་པར་གནས། ། བདག་ཉིད་དེང་ནི་ཤི་ཡང་བླའི། །ལོག་འཚོ་ཡུན་རིང་གསོན་མི་རུང༌། །བདག་ལྟ་ཡུན་རིང་གནས་གྱུར་ཀྱང༌། །འཆི་བའི་སྡུག་བསྔལ་དེ་ཉིད་ཡིན། །རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་དང༌། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉིས་ཀ་ལ། །བདེ་བ་དེ་ནི་ཕྱིར་འོང་མེད། །ཚེ་རིང་ཚེ་ཐུང་གཉིས་ཀ་ཡང༌། །འཆི་བའི་དུས་སུ་དེ་འདྲ་ཟད། །རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང༌། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་ འགྲོ །ཞེས་སོ། །སྙན་གྲགས་ལ་སྨོད་པས་ཁྲོ་ནའང་མི་རིགས་ཏེ་སྙན་གྲགས་ནི་ཚིག་ཙམ་ཡིན་ལ། །ཚིག་བེམས་པོ་ཡིན་པས་ཕན་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། དེ་ཉིད་ལས། བསྟོད་དང་གྲགས་པའི་རིམ་གྲོས་ནི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །བདག་ནི་རང་དོན་ཤེས་གྱུར་ན། །དེ་ལ་རང་དོན་ཅི་ཞིག་ཡོད། །ཡིད་བདེ་འབའ་ཞིག་འདོད་ན་ནི། །རྒྱན་སོགས་ཆང་ཡང་བསྟེན་དགོས་སོ། །གྲགས་པའི་དོན་དུ་ནོར་གཏོང་ཞིང༌། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་བདེ། །བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་སོ། །དེའང་མི་སྙན་པས་ཁྲོའོ་སྙམ་ན། ཚིག་མི་སྙན་པས་ཁྲོ་ན་ཁོ་རང་གི་ཚིག་ཡིན་པས་ཁྲོ་ཅི་དགོས། བརྗོད་འདོད་ཀྱང་ཕ་རོལ་པོས་རློམས་པའི་ཕྱིར་ཁྲོ་མི་དགོས། འོན་ཏེ་མི་དགའ་བས་ཁྲོ་ན་རང་གི་སེམས་ལ་ཁྲོ་བར་རིགས་ཏེ། མི་དགའ་བར་རང་གིས་རང་མི་དགའ་བ་ཡིན་གྱི། གཞན་གྱི་ཚིག་བདག་ལ་འཕོས་པ་མེད་པས་ཟུག་པ་མེད་ཀྱང༌། རང་གིས་དང་དུ་བླངས་པས་དེར་གྱུར་པའི་ཕྱིར་ཏེ། མི་དགའ་བ་མ་བྱས་ན་ཕན་གནོད་མེད་པ་བཞིན་ནོ། །དེས་ན་དགའ་མི་དགའ་ཐམས་ཅད་སྐད་ཅིག་སྔ་མ་འགག་པ་ཁ་རྩང་ཕན་ཅད་ཀྱི་སྣང་བ་དང༌། མདང་གི་རྨི་ལམ་ལྟར་ལོག་ནས་མི་འོང་བ་དང༌། ངོས་གཟུང་མེད་པ་དང༌། རང་བཞིན་མེད་པར་མཉམ་པས་ཁྲོ་བ་གཞི་མེད་པ་ཡིན་ནོ། །དེ་བཞིན་དུ་དེ་རིང་གི་སྣང་བ་དང་དོ་ནུབ་ཀྱི་རྨི་ལམ་འདྲ་བས་ཀྱང་དགའ་སྡུག་ལ་བདེན་ཞེན་འོས་པ་མ་ཡིན་ནོ། ། « བཅོས་སུ་ཡོད་མེད་ལ་བསམ་པ་ནི། »གཞན་ཡང་རང་ལ། མི་འདོད་ཐོག་ཏུ་བབ་ལ་མི་དགའ་བཏང༌། །བཅོས་སུ་ཡོད་ན་མི་དགའ་ཅི་དགོས་ལ། །མེད་ན་ཕན་པ་མེད་པས་ཅི་བྱར་ཡོད། །དེ་བས་རྐྱེན་རྣམས་བཟོད་ལ་ནན་ཏན་བྱ། །འདི་ལྟར་འདོད་མི་འདོད་བྱུང་དུས་བཅོས་སུ་འདུག་ན་ཐབས་ལ་འབད་ཀྱི་མི་དགའ་བས་ཕན་པར་མི་འགྱུར་ལ། མི་འདུག་ན་ཐལ་ཟིན་པས་དེ་བས་ཀྱང་མི་དགའ་བ་བྱས་མ་བྱས་མེད་དེ་མི་དགའ་བས་དེ་ཉིད་བཟློག་པར་མི་ནུས་པའི་ཕྱིར། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་གྱུར་ན། །དེ་ལ་མི་དགའ་ཅི་ཞིག་དགོས། །གལ་ཏེ་བཅོས་སུ་མེད་ན་ཡང༌། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་སོ། །དེ་བས་ན་སེམས་ཅན་རང་རང་གི་ལས་ལ་སྤྱོད་པས་ཕ་མ་ལ་སོགས་པའི་གཉེན་བཤེས་དང༌། འཁོར་ལ་སོགས་པའི་དོན་དུའང་ནི་བཟོད་པ་མི་བྱ་ཞིང༌། ཐ་ན་སློབ་དཔོན་དང༌། མཁན་པོ་དང༌། བླ་མ་དང༌། དཀོན་མཆོག་ལ་སོགས་པའི་ཕྱིར་ཡང་གཞན་ལ་ཁོང་ཁྲོ་བར་མི་བྱ་སྟེ། དེའི་གནོད་པའི་ལན་ཆགས་ན་བཟློག་མི་ནུས་ལ་མ་ཆགས་ན་མི་བྱེད་པ་དང༌། གཞན་གྱི་བསྟོད་སྨད་ཀྱིས་ཕན་གནོད་རླབས་ཆེན་བྱེད་མི་ནུས་པའི་ཕྱིར་རོ། ། « ཁྲོ་བའི་རང་བཞིན་སྟོང་ཉིད་དུ་བསྟན་པ་ནི། »གཞན་ཡང་མི་སྙན་པ་དང་གནོད་པ་དེ་དག་ལ་ངོ་བོ་ཅི་འདུག་ཅེས། བརྟགས་ན་མཁའ་བཞིན་སྟོང་པའི་རང་བཞིན་ལ། ། དགའ་དང་མི་དགའ་ཤོར་གོད་ལེགས་ཉེས་མེད། དེ་ལ་གཉིས་སུ་གཟུང་ཡང་དོན་མེད་ཀྱིས། །ཐམས་ཅད་མཉམ་ཉིད་ངང་ལ་ནན་ཏན་མཛོད། །འདི་ལྟར་གནོད་པ་བྱེད་པའི་གཟུགས་དང་རང་གི་གཟུགས་གཉིས་རྡུལ་ཕྲན་ཆ་མེད་པས་གནོད་བྱེད་དང་གནོད་བྱར་མ་གྲུབ་ལ། གཉིས་ཀའི་སེམས་ནི་ཕྱི་ནང་གང་ནའང་མི་དམིགས་པས་གནོད་བྱེད་དང་གནོད་བྱར་མ་གྲུབ་ཅིང༌། ཁོའི་ཚིག་ཀྱང་བརྟགས་ན་ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་གནོད་བྱེད་དང༌། གནོད་པ་དང༌། གནོད་ཡུལ་གསུམ་ཀ་སྟོང་པའི་རང་བཞིན་ལ་ནི་དགའ་མི་དགའ་དང༌། ལེགས་ཉེས་དང༌། ཤོར་གོད་གང་ཡང་མེད་པས། གནོད་པ་ལྟར་སྣང་ཡང་ངོ་བོ་མ་གྲུབ་པས་སྤྲུལ་པ་དང་མིག་ཡོར་ལ་སོགས་པ་ཀུན་རྫོབ་ཏུ་སྒྱུ་མའི་དཔེ་བརྒྱད། དོན་དམ་པར་ནམ་མཁའ་ལྟ་བུའི་བཟོད་པ་བསྒོམ་པར་བྱ་སྟེ། སྤྱོད་འཇུག་ལས། དེ་ལྟར་ཤེས་ན་སྤྲུལ་པ་ལྟའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། །ཞེས་པ་དང༌། ཡེ་ནས་སྐྱེ་བ་མེད་པའི་སྟོང་ཉིད་ཀྱི་དོན་ལ་བརྟགས་ན། དེ་ཉིད་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་དང༌། མི་དགར་ཅི་ཡོད་དགར་ཅི་ཡོད། །དེ་ཉིད་དུ་ནི་བཙལ་བྱས་ན། ཞེས་པ་ནས། ཐམས་ཅད་ནམ་མཁའ་འདྲ་བ་ཉིད། ། བདག་འདྲས་ཡོངས་སུ་གཟུང་བར་བགྱི། །ཞེས་སོ། །དེ་ལྟར་ཐབས་དུ་མས་བསྒོམས་ན་བཟོད་པ་ཚེགས་མེད་པར་འགྲུབ་སྟེ། དེ་ཉིད་ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་པས་སོ། །དེ་ལྟར་གོམས་པས་ཚེ་འདིར་ཡང་ཀུན་དང་བཤེས་ཤིང་ཡིད་དུ་འོང་བས་སྐྱིད་ལ། ཕྱི་མར་མཐོ་རིས་ཁྱད་པར་ཅན་དང་བྱང་ཆུབ་འགྲུབ་པ་ཡང༌། དེ་ལས། སེམས་ཅན་མགུ་ལས་བྱུང་བ་ཡིས། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང༌། །གྲགས་དང་སྐྱིད་འགྱུར་ཅིས་མ་མཐོང༌། །འཁོར་ཚེ་བཟོད་པས་མཛེས་སོགས་དང༌། །ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང༌། །འཁོར་ལོས་སྒྱུར་བའི་བདེ་རྒྱས་འཐོབ། །ཅེས་སོ། ། «བརྩོན་འགྲུས་ལའང་བཞི་ལས། གང་ཟག་ངོས་གཟུང་བ་ནི།» ད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་དེ། གང་ཟག །གང་ལ་བརྩོན་པའི་རང་བཞིན་དགེ་ལ་སྤྲོ། །དེ་ལ་དགེ་ཆོས་མི་ཟད་སྤྲིན་བཞིན་འདུ། །དྲི་ཞིམ་པདྨའི་ཚལ་དུ་བུང་བ་བཞིན། ། ཞེས་བྱ་བ་སྨོས་ཏེ། དེའང་ལུང་ལས། བརྩོན་ལ་བྱང་ཆུབ་འདི་གནས་ཀྱི། །མི་བརྩོན་པ་ལ་གནས་མ་ཡིན། །བརྩོན་པས་དགེ་བ་ཐམས་ཅད་སྡུད། །བརྩོན་པས་ཡོན་ཏན་རྣམ་པར་འཕེལ། །ཞེས་སོ། །མི་མཐུན་ཕྱོགས་བཤད་པ་ནི། བརྩོན་འགྲུས། དེ་ཡི་མི་མཐུན་ཕྱོགས་གང་ལེ་ལོ་གསུམ། །བྱ་བ་ངན་ཞེན་སྒྱིད་ལུག་བདག་ཉིད་བརྙས། །ལེགས་པ་མི་འགྲུབ་ཉེས་ཀུན་འབྱུང་བའི་ གཞི། །ཕུན་ཚོགས་ཉམས་ལ་རྒུད་པ་སྐྱེ་བར་འགྱུར། །དེའང་ལེ་ལོས་ནི་ཉེས་པ་འཕེལ་ཞིང་དགེ་བ་འགྲིབ་ལ་བསམ་པ་མི་འགྲུབ་པ་སྟེ། དབྱེ་ན་ཚོང་སོ་ནམ་ཞིག་རྩིས་ལ་སོགས་པ་དམ་པའི་ཆོས་ལ་བར་དུ་གཅོད་པའི་བྱ་བ་ལ་སེམས་གཡེངས་པ་ནི་བྱ་བ་ངན་ཞེན་གྱི་ལེ་ལོ་དང༌། དཀའ་བ་མཐོང་ནས་མི་འགྲུབ་ངེས་སྙམ་དུ་སྦྱོར་བ་བཏང་པ་ནི་སྒྱིད་ལུག་པའི་ལེ་ལོ་དང༌། བདག་འདྲ་བས་མི་ནུས་ཞེས་སེམས་ཞུམ་པ་ནི་བདག་ཉིད་བརྙས་པའི་ལེ་ལོ་སྟེ། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་ པའོ། །ཞེས་སོ། །ཡོན་ཏན་ཚད་མེད་པ་དང་ལྡན་པར་བསྟན་པ་ནི། དེ་ལས་ལོག་པ་བརྩོན་འགྲུས་ཀྱི་ཡོན་ཏན་ནི། བརྩོན་འགྲུས་ལྡན་པ་འཇིག་རྟེན་གྱིས་བསྟོད་ཅིང༌། །བརྩོན་འགྲུས་ལྡན་པ་མི་ཡི་བསམ་པ་འགྲུབ། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང༌། །བརྩོན་འགྲུས་ལྡན་པ་མྱ་ངན་བཟླ་བར་འགྱུར། །བརྩོན་འགྲུས་དང་ལྡན་པའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། འཇིག་རྟེན་པས་བསྟོད་པ་དང༌། སྨོན་པའི་དོན་འགྲུབ་པ་དང༌། ཡོན་ཏན་འཕེལ་བ་དང༌། སངས་རྒྱས་འཐོབ་པ་སྟེ། དེ་ཉིད་ལས། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང༌། །ཞེས་སོ། ། «ཕན་ཡོན་གྱི་སྒོ་ནས་བརྩོན་དགོས་པར་གདམས་པ་ནི། »བརྩོན་འགྲུས། དེ་ཡང་འཇིག་རྟེན་དགེ་ཆོས་མཆོག་རྣམས་དང༌། །འཇིག་རྟེན་འདས་པའི་ལམ་ནི་གང་ཡིན་པ། །ཟག་བཅས་ཟག་པ་མེད་པའི་ཆོས་རྣམས་ལ། །མི་དགེ་སྤང་ཞིང་དགེ་བ་བསྒྲུབ་པའི་ཕྱིར། །འབད་རྩོལ་བརྩོན་པས་ཡང་དག་གནས་པར་བྱ། །ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་ནི། །ཆེས་ཆེར་གོང་དུ་ཡང་དག་འགྲོར་ཡོད་པས། །དེ་སྲིད་མི་དལ་འབད་པས་བརྩོན་འགྲུས་བརྩམ། །དེ་ཡང་སངས་རྒྱས་མ་ཐོབ་པ་དེ་སྲིད་དུ་གོང་མའི་ཡོན་ཏན་ཐོབ་ཏུ་ཡོད་པས་བརྩོན་འགྲུས་རྩོམ་དགོས་སོ། །དེའང་དགེ་བའི་བྱ་བ་ལ་སྤྲོ་བ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བ་སྟེ། ། ཞེས་སོ། །དབྱེ་ན་དགེ་བ་བསྒྲུབ་ཅིང་བདུད་བཞི་འཇོམས་པའི་རྒྱུ་གོ་ཆའི་བརྩོད་འགྲུས་དང༌། ལམ་ལྔ་ས་བཅུ་རྫོགས་པར་བྱེད་པའི་རྒྱུ་སྦྱོར་བའི་བརྩོན་འགྲུས་ལས། རང་གཞན་གྱི་དོན་འགྲུབ་པའི་རྒྱུ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སམ། ཆོས་རྣམས་ལ་ལུས་ཀྱིས་འབད། ངག་གིས་བརྩོན། སེམས་ཀྱིས་རྩོལ་བའི་བརྩོན་འགྲུས་གསུམ་མམ། ཡང་ན། ཀུན་ལས་བཏུས་ལས། གོ་ཆ་དང༌། སྦྱོར་བ་དང༌། མི་འགོང་པ་དང༌། མི་ལྡོག་པ་དང༌། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་ཞེས་སམ་ལངྐར་གཤེགས་པ་ལས། བརྩོན་འགྲུས་གང་གིས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བརྩོན་པར་བྱེད་ཅིང༌། རྣལ་འབྱོར་དང་མཐུན་པར་མཐོང་བས་རྣམ་པར་རྟོག་པ་བཟློག་པའི་ཕྱིར་བརྩོན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང༌། མདོ་སྡེའི་རྒྱན་ལས། དགེ་ལ་ཡང་དག་སྤྲོ་བ་ དང༌། །དད་དང་འདུན་ལ་བརྟེན་པ་དང༌། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང༌། །ཀུན་ནས་ཉོན་མོངས་གཉེན་པོ་དང༌། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམས་བདུན། བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །དགེ་ལ་སྤྲོ་བ་ནི་ངོ་བོ། དད་པ་དང་འདུན་པ་ནི་རྒྱུ། དྲན་པ་དང་ཏིང་ངེ་འཛིན་འཕེལ་བ་ལ་སོགས་པ་ནི་འབྲས་བུ། དུག་གསུམ་མེད་པའི་སེམས་དགེ་བ་ནི་ཡོན་ཏན་དང་ལྡན་ པའོ། །དབྱེ་ན་བསླབ་པ་གསུམ་པོ་རེ་རེ་ལ་ལུས་ཀྱིས་རྟག་ཏུ་བྱེད། གུས་པར་བྱེད། ངག་གིས་རྟག་ཏུ་བྱེད། གུས་པར་བྱེད། སེམས་ཀྱིས་རྟག་ཏུ་བྱེད། གུས་པར་བྱེད་པ་གཉིས་གཉིས་ཏེ་དྲུག །གོ་ཆའི་བརྩོན་འགྲུས་དང་བདུན་ནོ། ། ཡོན་ཏན་ནི། །མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་ཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སོ། ། « བསམ་གཏན་ལའང་བཅུ་ལས། བསམ་གཏན་འགྲུབ་པའི་རྒྱུ་བསྟན་པ་ནི། །»ད་ནི་བསམ་གཏན་བཤད་པར་བྱ་བ་ལས། དང་པོར་བསམ་གཏན་འགྲུབ་པའི་རྒྱུ་བསྟན་པ། བསམ་གཏན་འདོད་པས་རྣམ་གཡེང་འདུ་འཛི་སྤང༌། །ཡུལ་གྱི་དགའ་བ་སྟོན་ཀའི་སྤྲིན་འདྲ་ཞིང༌། །གློག་ལྟར་མི་བརྟན་གཡོ་བའི་རང་བཞིན་ཏེ། །ལོངས་སྤྱོད་མི་རྟགས་སྒྱུ་མའི་ཁང་བཟངས་འདྲ། །ནམ་ཡང་ཡིད་བརྟན་མི་རུང་དེ་སྤངས་ ཏེ། །མྱུར་བ་ཉིད་དུ་ཞི་བའི་ནགས་འདབ་བསྟེན། །འདུས་བྱས་ཐམས་ཅད་མི་རྟག་པ། འབྱོར་པ་ཐམས་ཅད་གཡོ་བ། ཚེ་མི་རྟག་པ། ནམ་ཡང་སྙིང་པོ་མེད་པ་ཡིན་པས་གཅིག་པུར་ཞི་བའི་ནགས་སུ་བསམ་གཏན་ལ་བརྩོན་དགོས་ཏེ། སོ་སོར་ཐར་པ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་དང༌། དབེན་པའི་གཏམས་ལས། ལོངས་སྤྱོད་སྤྲིན་གྱི་བླ་རེའི་ནང་ན་རོལ་པའི་གློག་ལྟར་གཡོ་བ་སྟེ། །ཚེ་འདི་རླུང་གིས་བསྐྱོད་པའི་པདྨའི་ཚོགས་ལ་གོས་པའི་ཆུ་བཞིན་རབ་ཏུ་འཇིག །སླུ་བའི་ལང་ཚོ་ལུས་ཅན་རྣམས་ནི་དེ་ལྟར་བལྟས་ནས་མྱུར་དུ་ནི། །མཁས་རྣམས་བསྒོམ་པའི་ཏིང་འཛིན་མྱུར་འགྲུབ་མཆོག་གི་རྣལ་འབྱོར་ལ་སློབ་གྱིས། །ཞེས་སོ། ། «མི་མཐུན་ཕྱོགས་བསྟན་པ་ནི།» འདི་ལྟར། འདོད་པ་རྣམས་ནི་ཕུང་ཀྲོལ་བསྐྱེད་པ་ སྟེ། །བསག་དང་བསྲུང་དང་ཚོལ་བས་སྡུག་བསྔལ་ཞིང༌། ཁེངས་དང་སྲེད་དང་འཇུངས་པས་སེལ་སྣ་འཕེལ། །ངན་འགྲོར་འཁྲིད་ཅིང་བདེ་འགྲོའི་ལམ་འགོག་པས། །འདོད་པ་ཆུང་དང་ཆོག་ཤེས་ལྡན་པར་བྱ། །འདི་ལྟར་ཕྱི་རོལ་ཡོ་བྱད་ཀྱི་དངོས་པོ་དག་ཀྱང༌། ཚོལ་བ་དང༌། བསྲུང་བ་དང༌། འཚེ་བ་དང༌། ཡིད་མི་བདེ་བ་དང༌། སྲེད་པ་དང༌། ཁེངས་པ་དང༌། གཡོ་སྒྱུ་ལ་སོགས་པ་མི་དགེ་བ་དུ་མའི་འབྱུང་ཁུངས་ཏེ། ངན་སོང་གི་སར་ལྟུང་བར་བྱེད་པས་ན་སྤང་དགོས་ཏེ། ཀླུ་སྒྲུབ་ཀྱི་ཞལ་ནས། བསག་དང་བསྲུང་དང་ཚོལ་བའི་སྡུག་བསྔལ་གྱིས། །ནོར་ནི་ཕུང་ཀྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་པས། འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་བསླབ་པ་ནི། བཤེས་སྤྲིང་དུ། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། ། ཀུན་དུ་ཆོག་ཤེས་མཛོད་ཅིག་མཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་སོ། ། «ཡོ་བྱད་སྡུག་བསྔལ་གྱི་རྒྱུར་བསྟན་པ་ནི། »ཡོ་བྱད་ཇི་ཙམ་མང་ཞིང་སྡུག་བསྔལ་མང་བ་ཡང༌། དཔེར་ན། ལུས་རྨ་ཇི་སྙེད་སྡུག་བསྔལ་ཁྱབ་པ་ལྟར། །ནོར་མང་ཇི་སྙེད་སྡུག་བསྔལ་དེ་བས་མང༌། །ཡོ་བྱད་བསྙུངས་རྣམས་བདེ་བ་མཐའ་ཡས་ཏེ། ། འཚེ་བ་ཉུང་ཞིང་དགྲ་རྐུན་འཇིགས་པ་མེད། །ཀུན་གྱིས་བསྟོད་ཅིང་འཕགས་པའི་ལམ་ལ་གནས། །བྱ་བ་ཉུང་ཞིང་སེམས་ལས་ཆུང་བས་ན། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །དེའང་འདོད་པ་ཆུང་ན་ཀུན་གྱིས་བསྟོད་པ་དང༌། ནོར་མེད་ན་དགྲ་རྐུན་བསྲུང་མི་དགོས་པ་དང༌། བྱ་བ་ཉུང་བ་དང་ལུས་སེམས་དལ་བས་ཏིང་ངེ་འཛིན་ངང་གིས་འགྲུབ་པ་དང༌། གཡོ་སྒྱུ་ཆུང་བ་ལ་སོགས་པ་ཡོན་ཏན་མང་ཞིང༌། ནོར་ཇི་ཙམ་འབྱོར་པ་དག་ལ་སྡུག་བསྔལ་དེ་ཙམ་དུ་མང་བ་ཡང་རྨ་ཇི་ཙམ་ཡོད་པའི་གྲངས་ལ་ན་ཚ་དེ་ཙམ་དུ་མང་བའམ། ཀླུ་རྣམས་ཀྱི་སྦྲུལ་མགོ་མང་བ་ལྟར་སྡུག་བསྔལ་མང་བ་ཉིད། བཤེས་སྤྲིང་ལས། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ ཏེ། །ཀླུ་མཆོག་རྣམས་ལ་མགོ་བོཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་སོ། །དེ་ལྟར་ཕྱི་ཡོ་བྱད་ལ་འདོད་པ་ཆེ་བའི་སྡུག་བསྔལ་དུ་མ་ཟད། ནང་སེམས་ཅན་ལ་ཆགས་པའང་ཉེས་པ་ཚད་མེད་དེ། རྩོད་པ་དང༌། ཆགས་པ་དང༌། ཚངས་སྤྱོད་ཉམས་པས་ངན་སོང་དུ་སྐྱེ་བ་དང༌། ཀུན་གྱིས་སྨད་པར་འགྱུར་བ་ལ་སོགས་པའོ། །དེའང་ཆགས་སྲེད་གཙང་བར་འཛིན་པ་ལས་བྱུང་བས་དེ་ཉིད་སྤང་བར་འོས་པ་ནི། རིན་ཆེན་ཕྲེང་བ་ལས། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང༌། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། ཁ་ནི་ཁ་ཆུ་རུལ་བ་དང༌། །སོ་རྐྱགས་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། ། མིག་ནི་མིག་རྔུ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང༌། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བས། །དེ་ཡི་ལུས་ལ་ཆགས་པར་བྱེད། །མི་ཤེས་གང་ཞིག་མི་གཙང་བའི། །བུམ་པ་རྒྱན་ལ་ཆགས་པ་ལྟར། །འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ཞེས་པ་དང༌། གཟུགས་བཟང་བ་དང་གཟུགས་ངན་ནམ། །རྒན་ནམ་ཡང་ན་གཞོན་ཡང་རུང༌། བུད་མེད་གཟུགས་ཀུན་མི་གཙང་ན། ཁྱོད་ཆགས་ཁྱད་པར་གང་ལ་སྐྱེ། །གལ་ཏེ་མི་གཙང་ཁ་དོག་བཟང༌། །ཤིན་ཏུ་གསང་ལ་དབྱིབས་ལེགས་ཀྱང༌། །དེ་ལ་ཆགས་པ་མི་འོས་ལྟར། །བུད་མེད་གཟུགས་ལ་ཡང་དེ་བཞིན། ཁོང་རུལ་ཕྱི་རོལ་པགས་པས་གཡོགས། །རོ་མྱགས་འདི་ཡི་རང་བཞིན་ནི། །ཤིན་ཏུ་མི་བཟད་སྣང་བཞིན་དུ། །ཇི་ལྟར་བུར་ན་མཐོང་མ་གྱུར། །པགས་པ་འདི་ཡང་མི་གཙང་སྟེ། །རལ་ག་བཞིན་དུ་འདུག་པ་ཡིན། །མི་གཙང་ཕུང་པོའི་པགས་པ་ལྟར། །ཇི་ལྟ་བུར་ན་གཙང་བར་འགྱུར། །མི་གཙང་གང་བའི་བུམ་པ་ནི། ཕྱི་རོལ་བཀྲ་ཡང་སྨད་པ་ཡིན། །མི་གཙང་པ་ཡི་རང་བཞིན་ལུས། །མི་གཙང་གང་བ་ཅིས་མི་སྨད། །ཅེས་པ་དང༌། རྨ་དགུ་དག་ནས་བཙོག་པ་ཅན། །མངོན་སུམ་ཉིད་དུ་འབབ་བཞིན་དུ། །ལུས་མི་གཙང་བར་མི་རྟོགས་ན། ཁྱོད་ལ་བཤད་པས་ཅི་ཞིག་ཕན། །གང་དག་མི་གཙང་ལུས་འདི་ལ། །སྒེག་འཆོས་སྙན་ངག་བྱེད་པ་ནི། །ཨེ་མ་གཟུ་ལུམས་ཨེ་མ་བླུན། །ཨེ་མ་སྐྱེ་བོས་ཁྲེལ་དུ་རུང༌། །ཞེས་སོ། ། «འཇིག་རྟེན་སྐྱེ་བོ་དང་འགྲོགས་པའི་སྐྱོན་བསྟན་པ་ནི།» གཞན་ཡང༌། བྱིས་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །སྡིག་པ་འཕེལ་ཞིང་མི་དགེ་ངང་གིས་འགོ །དགེ་བ་འགྲིབ་ཅིང་རྩོད་དང་ཉོན་མོངས་སྐྱེ། །བྱས་པ་མི་གཟོ་ནམ་ཡང་མགུ་བར་དཀའ། །དོན་མང་བྱ་བ་མང་ཞིང་འདུ་འཛིས་གཡེང༌། །མེ་དང་སྦྲུལ་དང་གཅན་གཟན་ཁྲོད་འདྲ་བའི། །བྱིས་པ་རྣམས་ལས་ཐག་རིང་འབྱོལ་བར་བྱ། ། འདི་ལྟར་སེམས་ཅན་རྣམས་ནི་བསམ་པ་ཐ་དད་པས་ཅི་ལྟ་བུས་ཀྱང་མི་མགུ་སྟེ། སྤྱོད་འཇུག་ལས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་ཤིང༌། ཁྱད་པར་དུ་དེང་སང་སྙིགས་མའི་སེམས་ཅན་སྔར་འདས་པའི་སངས་རྒྱས་རབས་བདུན་ལ་སོགས་པས་མ་ཐུལ་བའི་དམ་རྒོད་སྡིག་པ་དང་ཉོན་མོངས་པ་འཕེལ་བ། དགེ་བ་དང་ཞི་བ་སྤངས་པ། ཕན་པའི་ལན་དུ་གནོད་པ་སྦྱིན་པ། དོན་མེད་པ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་ལ་འཚེ་བ། དམ་པའི་ཆོས་དང་གང་ཟག་ལ་སྨོད་པ། དོན་མང་ཞིང་བྱ་བ་མང་བ། རྣམ་གཡེང་དང་འདུ་འཛི་མང་བས་ཉོན་མོངས་པ་ངང་གིས་སྐྱེ་བ་སྟེ་གཅན་གཟན་ནམ་མེའམ་སྦྲུལ་གདུག་པའི་ནང་ན་གནས་པ་ལྟར་བསྟེན་དཀའ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་གཅན་གཟན་ཁྲོད་གནས་ ན། །ནམ་ཡང་དགའ་བར་མི་འགྱུར་བ། །དེ་བཞིན་བྱིས་པ་བསྟེན་པས་ ཀྱང༌། །ནམ་ཡང་བདེ་བར་མི་འགྱུར་རོ། །ཞེས་པ་དང༌། སྤྱོད་འཇུག་ལས། བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་འཁྲིད་བྱེད་ན། །བྱིས་པ་བསྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། ། དགའ་བའི་གནས་ལ་ཁྲོ་བྱེད་པའི། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ཟློག་པར་བྱེད། །དེ་དག་ངག་ནི་མ་མཉན་ན། ཁྲོས་པས་ངན་འགྲོར་འདོང་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྟེ། །ནམ་ཞིག་བྱིས་ལ་ཕན་པ་འཐོབ། །ཅེས་སོ། །དེ་དང་འགྲོགས་ན་ཆགས་སྡང་དང་བྲེ་མོའི་གཏམ་ལ་སོགས་པ་མི་དགེ་བ་མི་འབྱུང་མི་སྲིད་དེ། ། དེ་ལས། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང༌། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང༌། །ཞེས་སོ། །རང་གི་ཕྱོགས་ལ་བརྟེན་ནས་སུ་དག་ལའང་ཆགས་པ་དང་ཞེན་པ་དང༌། དེའི་སྡུག་བསྔལ་བདག་གིས་ཁུར་དུ་འོང་བ་ལ་སོགས་པའི་འཆིང་བ་དམ་པོས་རང་གི་སེམས་འཆིང་ཞིང༌། དེ་དག་ལ་སེམས་པ་དང་བསྟེན་འགྲོགས་བྱས་པས་བདག་གི་ཆོས་ཉམས་པར་འགྱུར་ཞིང༌། འདུས་ན་གཅིག་ལ་གཅིག་གུས་པ་མེད་ཀྱང་བྲལ་ན་མི་དགའ་བས་གདུང་བ་ལ་སོགས་པ་ཉེས་པ་ཚད་མེད་དེ། དེ་ཉིད་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན། ། ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་བྱེད། །ཅེས་སོ། །དེས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་འདོད་པའང་བདག་གི་མི་རྫོགས་ལ། བདག་གིས་ཀྱང་ཐར་པ་དམ་པའི་ཆོས་དེ་དག་ལ་བརྟེན་ནས་མི་འགྲུབ་པས་ཐོག་མར་ནགས་རི་ཁྲོད་དབེན་པ་མི་དང་མི་འཕྲད་པ་ཞིག་ཏུ་རང་ཉིད་གཅིག་པུར་འདུག་ནས་བསྒོམ་པར་བྱ་དགོས་ཏེ། དེ་ཉིད་ལས། དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་འབྱོལ་བར་བྱ། །ཞེས་བསམ་པར་འོས་པ་ཡིན་ནོ། །གཞན་ཡང་བླ་མ་དམ་པ་ལས་ཐོས་པའི་གདམས་ངག་ཡོད་ཀྱང་སེམས་ཀྱི་སྟེང་དུ་གོམས་པར་མ་བྱས་ན་འཁོར་བའི་གནས་ལས་མི་ཐར་བས་གོམས་པར་བྱ་བ་གལ་ཆེའོ། ། «དབེན་པའི་གནས་བསྟེན་པར་གདམས་པ་ནི།» དེའང༌། ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་པར། །ཕྱི་རོལ་ཡུལ་གྱིས་རབ་ཏུ་སླུ་བས་ན། །དབེན་པའི་ནགས་སུ་སྤྲོ་བས་གནས་པར་བྱ། །འདི་ལྟར་སེམས་དང་གདམས་ངག་རོ་གཅིག་ཏུ་འདྲེས་ཏེ་བརྟན་པ་མ་ཐོབ་ཀྱི་བར་དུ་འདུ་འཛིས་གནོད་པས་ལས་དང་པོ་པ་དག་གིས་དབེན་པ་ཁོ་ན་བསྟེན་དགོས་ཏེ། དཀོན་མཆོག་ཟ་མ་ཏོག་ལས། ལས་དང་པོ་པས་སེམས་ཉེ་བར་ཞི་བ་དང་རབ་ཏུ་གདུལ་བར་བྱ་བའི་ཕྱིར་དབེན་པར་གནས་པར་བྱའོ་ཞེས་སོ། ། «ཚེ་ཇི་སྲིད་ཀྱི་བར་དབེན་པ་བརྟེན་པར་གདམས་པ་ནི།» དེའང་ནམ་ཞིག་སུ་ཡང་མེད་པའི་ས་ཕྱོགས་དབེན་པར་ཐམས་ཅད་འགྲོ་ཞིང་འཇིགས་པས་ཀྱང་དབེན་པ་ལ་བསྐུལ་བ། ཇི་སྲིད་སྐྱེས་བུ་བཞི་ཡིས་བཏེགས་པའི་ལུས། །ངུད་མོའི་སྒྲ་དང་བཅས་པར་མ་གྱུར་པར། །བདག་ནི་ཞི་བའི་དགོན་པར་རབ་ཕྱོགས་ཏེ། །ལུས་སེམས་འདུ་འཛིའི་དགྲ་ལས་རྒྱལ་བར་བྱ། །མྱུར་དུ་ཚེ་མི་རྟག་པའི་རང་བཞིན་ལ་བསམ་ཏེ་ཞི་བའི་གནས་སུ་ཏིང་ངེ་འཛིན་བསྒྲུབ་པར་ཡང༌། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། ཁྱོགས་ལ་བཏེག་པར་མ་གྱུར་བར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་ བྱ། །ཞེས་དང༌། དེ་དང་མཐུན་པར་སྤྱོད་འཇུག་ལས་ཀྱང་གསུངས་སོ། ། «ནགས་ཚལ་གྱི་བསྔགས་པ་བརྗོད་པ་ནི།» ད་ནི་ནགས་ཀྱི་ཡོན་ཏན་བཤད་པ༌། ནགས་ནི་ཆུ་གཙང་མེ་ཏོག་འབྲས་མང་ཞིང༌། །བྲག་རིའི་ཕུག་དང་རྡོ་ལེབ་ཁང་བཟང་མང༌། །དུད་པའི་ལྗོན་ཤིང་གྲིབ་མས་བརྒྱན་པའི་ཁྲོད། །བྱ་དང་རི་དགས་མང་པོ་གར་བྱེད་ཅིང༌། །ཆུ་འགྲམ་མེ་ཏོག་བུང་བ་གླུ་ལེན་མཛེས། །འདི་ལྟར་ནགས་ཀྱི་ཁྲོད་རབ་ཏུ་བཟང་པོ་ཤིང་ལྗོན་པའི་གྲིབ་མས་བརྒྱན་པར་རྩྭ་ལྗང་སེར་གྱིས་ས་གཞི་ཁེབས་པ་མེ་ཏོག་གི་ཚོགས་མང་པོས་བརྒྱན་ཞིང༌། ཕུ་ཆུ་བསིལ་བའི་ལྷུང་སྒྲ་དང་བུང་བའི་སྒྲ་སྐད་དིར་དིར་ཟེར་བས་གང་བ། བྲག་རིའི་དྲུང་དང་རྡོ་ལེབ་ཀྱི་ཁང་བཟང་རང་བྱུང་བ། ཆུ་གཙང་ལོ་མ་མེ་ཏོག་གིས་བརྒྱན་པའི་ཁ་ཟས་ཙམ་གྱིས་ཆོག་པར་འཛིན་ཅིང༌། བྱ་དང་རི་དགས་འགྲོགས་ན་བདེ་བ་རྣམས་དང་བསམ་གཏན་གྱི་གནས་དེ་ན་ལྷན་ཅིག་གནས་པ་ནི་སྔོན་ཐོག་མ་མེད་པ་ནས་ཡིད་ཀྱི་དགེ་བའི་སྨོན་པ་གྲུབ་པ་སྟེ། སྤྱོད་འཇུག་ལས། ནགས་ནང་རི་དགས་བྱ་དག་དང༌། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང༌། །ཆགས་པ་མེད་པར་འགྱུར་ཞིག་གུ །ས་ཕྱོགས་བདག་གིར་གཟུང་མེད་པར། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ཞེས་དང༌། དེ་བས་ཤིན་ཏུ་མདངས་དགའ་བའི། ། ནགས་ཚལ་ཚེག་ཆུང་བདེ་སྐྱིད་ཅིང༌། །གཡེང་བ་ཐམས་ཅད་ཞི་བྱེད་པར། ། བདག་ཉིད་གཅིག་པུ་གནས་པར་བྱ། །ཞེས་པ་དང༌། རྩོད་དང་ཉོན་མོངས་ཀྱིས་སྟོངས་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཅེས་པ་དང༌། སློབ་སྤྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཞིང༌། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འབྱུང་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་བ་ཆེ། །ནགས་མཐོངས་རི་དགས་དཀྱུ་བའི་ཚོགས་ཀྱིས་བསྟེན་བྱས་པ། །ཀུན་ནས་ཉམས་དགའ་བཟང་བ་དེ་ན་སྐྱིད་པ་གང༌། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམ་ཕག་ཏུ། །ཐེལ་གྱིས་འབབ་པའི་རྡོ་ལེབ་ཅན་ནའང་ཡོད་འགྱུར་རམ། །ཞེས་སོ། ། « དབེན་པར་མི་རྟག་པ་སྐྱེ་བའི་ཚུལ་བཤད་པ་ནི།» གནས་དེ་ན་རྒྱ་ཤུག་དང༌། ཙནྡན་སྣ་ཚོགས་ཀྱི་ངད་དང༌། རྩ་བ་དང་མེ་ཏོག་གི་དྲི་ལས་བྱུང་བའི། སྤོས་དང་སྨན་སོགས་དྲི་ཞིམ་ངད་ལྡང་ཞིང༌། །དབེན་ཞིང་ཉམས་དགའ་བསམ་གཏན་ངང་གིས་ འཕེལ། ། དུས་བཞིར་དགའ་བས་པདྨའི་མཚོ་འདྲ་ཞིང༌། །སོ་ག་དབྱར་དང་སྟོན་དུས་དགུན་དང་དཔྱིད། །རིམ་གྱིས་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། ། དེའང་པདྨ་ཆེན་པོས་གང་བའི་མཚོ་ལྟར་སྨན་དང་མེ་ཏོག་གི་དྲིའི་ངད་ཀྱིས་ཁྱབ་ཅིང་སེར་བུའི་བསུང་བདེ་བ་དལ་བུས་ལྡང་ལ། དུས་ཀྱི་རིམ་པ་འགྱུར་བའི་དཔེས་མི་རྟག་པ་དང་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེ་བ་དང༌། སུ་དང་ཡང་འབྲེལ་བ་དང་འདྲིས་པ་མེད་པས་ཆགས་སྡང་མེད་ཅིང་སེམས་འཛིན་མི་དགོས་པ། སྡོད་ནའང་གཞན་ལ་མི་ལྟོས་ཤིང་ངོར་བལྟ་བ་མི་དགོས་པ་དང༌། གནས་ཀྱི་རྩོལ་བ་གང་གིས་ཀྱང་བྲེལ་བ་མེད་ལ། ནམ་འགྲོ་བ་ནའང་གཞན་ལ་ཆགས་པའམ་དེས་བཤོལ་འདེབས་པ་མེད་པར་རང་དབང་ཡོད་པའི་བདེ་བ་དེ་ནི་ལྷའི་དབང་པོས་ཀྱང་མི་རྙེད་པ་སྟེ། སྤྱོད་འཇུག་ལས། ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང༌། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡང་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དག་ཡང་ནི་འབྲེལ་མེད་པའི། ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །ཞེས་པ་དང༌། སློབ་སྤྲིང་ལས། ནགས་ཀླུང་ཆུ་གཙང་ངོག་བདེ་དབེན་པར་སྐྱིད་པ་གང༌། །དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུག་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པ་རྒྱུན་ལྡན་མེ་ཏོག་ཚོགས། ། མཛེས་པས་ཟིལ་གནོན་ལྷ་ཡི་ཚུལ་འང་ཡོད་འགྱུར་རམ། །རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པའི་གནས། །ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའི་བས་མཐར་ཅི་ཞིག་མེད་དེ་དམྱལ་དོང་ཁྱིམ་གྱིས་བསླུས་དེར་སྡོད། །རི་སུལ་ཡངས་པར་སྐྱེ་བོ་ལྷག་ལྷུག་མེད་པས་རབ་བདེ་བ། །ཉེར་སྤྱོད་རྒྱ་ཆེན་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་སྦྲེངས། །ཆུ་ངོགས་སྙན་པ་ཕུ་ཆུའི་ལྷུང་སྒྲ་རྔ་ལྟར་སྙན་པ་ཡིས། །བདག་ཅག་ཉོན་མོངས་ཡུལ་མ་ཡིན་ཞེས་འགྲོན་ལ་སྒྲོགས་པ་ བཞིན། །འདོད་པ་རྣམས་དང་འབྱོར་དང་སྲིད་གསུམ་རྒྱལ་བ་ཡིས། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དབའ་རླབས་འདྲ་བར་གསུངས། །ཞེས་སོ། ། «གནས་དེར་སེམས་ལས་རུང་དུ་འགྱུར་ཚུལ་ནི།» གནས་དེར་འགའ་ཞིག་ཤི་བའི། དུར་ཁྲོད་རུས་པ་འཐོར་བའི་ཚུལ་མཐོང་ནས། །བདག་གི་ལུས་ཀྱང་དེ་འདྲའི་ངང་ཚུལ་ཅན། །སོ་སོར་འགྱེས་ཆོས་ཅན་དུ་མཐོང་བར་འགྱུར། །འདུས་བྱས་སྙིང་པོ་མེད་པའི་འཁོར་བ་ལ། །དགའ་བའི་བློ་གྲོས་གང་ཡིན་རིང་དུ་བྱེད། །རྩོད་དང་ཉོན་མོངས་མེད་ཅིང་རྟག་ཞི་བས། །རང་གི་སེམས་ནི་ལས་རུང་བདེ་བ་ འཐོབ། །འཁོར་བ་ལ་སྐྱོ་བ་དང་རྩོད་པ་དང་ཉོན་མོངས་པ་ཉེ་བར་ཞི་བ་ལ་སོགས་པའི་ཡོན་ཏན་མཐའ་ཡས་ཏེ། གང་པོས་ཞུས་པ་ལས། རི་དང་ནགས་ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྱེད། །དབེན་པར་གནས་ལ་རྟེན་བྱེད་པས། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོང༌། །དེས་ན་འདུ་འཛི་མེད་པས་ན། །དགེ་ཆོས་ཅན་ནི་ཉམས་མི་འགྱུར། །ཕན་ཚུན་འགྲུལ་ཞིང་གཏམ་འདྲི་དང༌། །ཚིག་གིས་སྨྲ་བར་མི་བྱེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་པ་བསྟེན་བྱ་ཞིང༌། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །ཞེས་སོ། ། «ནགས་ཚལ་བསྟེན་པའི་ཕན་ཡོན་ནི། »ཡོན་ཏན་ཕུན་སུམ་ཚོགས་པའི་ཚུལ། །དེ་འདྲའི་ནགས་ནི་རྒྱལ་བ་རྣམས་ཀྱིས་བསྔགས། །སྲིད་ལ་སྐྱོ་བས་དགོན་པར་རབ་ཕྱོགས་ཏེ། །གོམ་པ་བདུན་ཙམ་བོར་བའི་བསོད་ནམས་ནི། །གང་གིས་བསྐལ་པ་གངྒཱའི་སངས་རྒྱས་ལ། །བསྐལ་པར་མཆོད་པའི་བསོད་ནམས་ཕུང་པོ་ ཡིས། །སྔ་མའི་བསོད་ནམས་བརྒྱ་སྟོང་ཆར་མི་ཕོད། །དེ་ཕྱིར་ཞི་བའི་ནགས་འདབ་བསྟེན་པར་བྱ། །འདི་ལྟར་ལ་ལས་སངས་རྒྱས་ལ་ཟང་ཟིང་གིས་བསྐལ་པར་མཆོད་པ་བས་སྐྱོ་བའི་སེམས་ཀྱིས་ནགས་ཁྲོད་ལ་སོགས་དབེན་པར་སྤྲོ་བས་གོམ་པ་བདུན་བོར་ན་བསོད་ནམས་ཆེ་བ་ཉིད། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་པའི་བར་དུ་མེ་ཏོག་དང༌། བདུག་སྤོས་དང༌། ཞལ་ཟས་དང༌། བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་པ་བདུན་ཙམ་བོར་ན་འདི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ ལ། །སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་བྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང༌། །རི་དགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་ སོ། ། «ཇི་ལྟར་སྒོམ་ཚུལ་དབྱེ་བ་ཡོན་ཏན་དང་བཅས་པ་བཤད་པ་ནི།» ད་ནི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་བཤད་པ་ནི། ནགས་ཀྱི་ནང༌། དེར་ནི་སྟན་ལ་སྐྱིལ་ཀྲུང་རབ་བཅས་ ནས། །རྩེ་གཅིག་སེམས་ལ་མི་གཡོ་མཉམ་པར་བཞག །བྱིས་པ་ཉེས་སྤྱོད་དོན་རབ་འབྱེད་པ་དང༌། །དེ་བཞིན་གཤེགས་དགེའི་བསམ་གཏན་དམ་པ་བསྒྲུབ། །བསམ་གཏན་བཞི་དང་དེ་བཞིན་གཟུགས་མེད་བཞི། །ལམ་མ་ཞུགས་དང་ཞུགས་ཟིན་འཕགས་རྣམས་ཀྱི། །ཏིང་འཛིན་གསུམ་གྱི་མིང་རྣམས་ཤེས་པར་བྱ། །དེས་ནི་འདོད་ཡོན་དགའ་བའི་སེམས་སྤང་ཞིང༌། །རིག་དང་མངོན་ཤེས་ཏིང་འཛིན་མངོན་པར་འགྲུབ། །སྤྱན་དང་རྫུ་འཕྲུལ་སེམས་ལ་རང་དབང་བསྒྱུར། །འདིར་བསམ་གཏན་གྱི་ངོ་བོ་ནི་དགེ་བའི་དམིགས་ཡུལ་གང་ཡང་རུང་བ་ཞིག་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སྟེ། ལམ་སྒྲོན་ལས། དམིགས་པ་གང་ཡང་རུང་ཞིག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །ཞེས་ སོ། །དེ་ཡང་སྟན་ལ་འདུག་སྟེ་སེམས་མི་གཡོ་བར་མཉམ་པར་བཞག་པ་ན་སྤྲོས་པའི་སྣང་བ་ནུབ་སྟེ་ཆོས་ཉིད་དུ་རོ་གཅིག་པ་མིག་བཙུམས་པ་ལྟ་བུ་ལ་སྣང་ཡུལ་མི་མཐོང་བ་ནི་མ་ཡིན་ཏེ་ཡུལ་སྣང་ལ་དེར་འཛིན་མེད་པའི་རྣམ་ པའོ། །དེའང་རང་དུས་དེ་ན་སྣང་ཡུལ་མཐོང་བས་མིག་ཕྱེ་བ་ལྟ་བུ་གཉིས་ངོ་བོ་གཅིག་དུས་གཅིག་ལ་ཡོད་པར་ཡང༌། མི་ཞིག་མིག་ནི་བཙུམས་པ་ལྟར། ། མཉམ་པར་བཞག་པའི་སེམས་དེ་བཞིན། །མི་ཞིག་མིག་ནི་ཕྱེ་བ་ལྟར། །རྗེས་ལས་ཐོབ་པའི་ཤེས་དེ་འདྲ། །ཞེས་སོ། །དེའང་ངོ་བོ་གཅིག་པའི་མཉམ་གཞག་ནི་ཞི་གནས། རྗེས་ཐོབ་ནི་ལྷག་མཐོང་ངོ། །འདི་གཉིས་བློ་གཅིག་ངོ་བོ་གཅིག་དུས་གཅིག་དམིགས་པ་གཅིག་པས་སྒྲིབ་པ་སྤོང་བའི་བྱེད་ལས་སུའང་གཅིག་སྟེ། འགྲེལ་ཆུང་ལས། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པའི་རྣམ་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན། རྗེས་ཀྱི་སེམས་ཀྱིས་བསྡུས་པའི་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་ལ་སོགས་པ་བསྐྱེད་པའི་ཕྱིར་ཞེས་འབྱུང་བས། མཉམ་གཞག་གི་སྣང་བ་ལ་ཡུལ་མི་འགག་པར་སྣང་བས་ན་རྣམ་རྟོག་གིས་དག་ལ། སྣང་བས་རྡོ་ལ་སོགས་པ་ཐ་མལ་ཡུལ་ལྔ་སྣང་བས་འཇིག་རྟེན་པའང་ཡིན་ཞེས་བཏགས་ཏེ། དེའི་ཚེ་གཟུང་འཛིན་གྱི་རྣམ་པར་མེད་དེ་རྣམ་པར་མི་རྟོག་པའི་སེམས་ཡིན་པའི་ཕྱིར་རོ། །དེ་དུས་ཀྱི་སྣང་ཆའི་བློ་དེ་ཉིད་སྣང་སྟོང་ལ་མཉམ་རྗེས་སུ་བཏགས་པའི་རྗེས་ཀྱི་སེམས་ཀྱིས་བསྡུས་ཤིང་མཉམ་བཞག་དང་བློ་རྫས་གཅིག་ཡིན་པས་མཉམ་གཞག་རང་གིས་གཟུང་འཛིན་སྤོང་བ་དང་རྗེས་སུ་མཐུན་པར་དེ་དང་ངོ་བོ་གཅིག་པའི་རྗེས་ཐོབ་ཀྱིས་ཀྱང་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་ལ་གཟུང་འཛིན་དུ་ཞེན་པའི་འདུ་ཤེས་སྤོང་བ་ཡིན་ཞེས་བསྟན་པ་ཡིན་ནོ། །མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ནི་རྒྱ་ཡན་པ་ཞེས་བྱ་སྟེ། གཟུང་འཛིན་ལ་སོགས་པའི་ཞེན་པ་དང༌། བཅས་པའོ། །དེའང་མཉམ་གཞག་རྗེས་ཐོབ་ངོ་བོ་གཅིག་པ་ནི་ཏིང་ངེ་འཛིན་བསྒོམ་པའི་སྐབས་ཐམས་ཅད་ན་ཡོད་ལ། ས་བདུན་པ་ཚུན་ཆད་ན་རྒྱ་ཡན་པ་ཡོད་ལ་དེ་ཕན་ཆད་ལ་ངོ་བོ་གཅིག་ལ་སོ་སོ་བ་མེད་དེ། རྒྱུད་བླ་ལས། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང༌། །ཞི་བའི་བསམ་གཏན་སྙོམས་འཇུག་ལའང༌། ། རྟག་ཏུ་སྙོམ་པར་འཇུག་པ་ཡིན། །ཞེས་རྒྱས་པར་བཤད་པ་ལ་དབྱེ་ན་གསུམ་སྟེ། ལམ་དུ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཏན་གཟུགས་མེད་པ་རྣམས་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །ལམ་དུ་ཞུགས་པ་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་པའི་ལམ་དུ་བྱེད་ཅིང་དོན་རབ་ཏུ་འབྱེད་པས་ན་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ཡན་ཆད་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་ཟག་པ་མེད་པའམ་དེ་བཞིན་གཤེགས་དགའི་བསམ་གཏན་ཞེས་བྱ་སྟེ། ལངྐ་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང༌། །དོན་རབ་འབྱེད་པའི་བསམ་གཏན་དང༌། །དེ་བཞིན་གཤེགས་དགའི་བསམ་གཏན་ཏེ། །ཞེས་པ་ཉིད་ལ་ས་སྡེར་ས་མཚམས་དེ་བཞིན་དུ་ཕྱེའོ། །འབྲས་བུ་ནི། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་སོ། །དེ་དག་གི་དོན་ནི། མདོ་སྡེའི་རྒྱན་ལས། སེམས་ནི་ནང་དུ་གནས་པ་དང༌། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང༌། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམས་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །ངོ་བོ་ནི་སེམས་ནང་དུ་འཛིན་པའོ། །རྒྱུ་ནི་དྲན་པ་རྒྱུན་ཆགས་དང་བརྩོན་འགྲུས་ཏེ། དེ་ཉིད་ལས། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་གླན་པར་བྱ། །ཞེས་སོ། །བྱེད་ལས་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་འགྲུབ་པའི་རྟེན་བྱེད་དོ། །འབྲས་བུ་མངོན་ཤེས་དང་རྫུ་འཕྲུལ་སོགས་འགྲུབ་པའོ། །དབྱེ་ན་མཐོང་བའི་ཆོས་ལ་བདེར་གནས། ཡོན་ཏན་ཐམས་ཅད་བསྒྲུབ་པ། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་གསུམ་མོ། །དང་པོ་ནི། ནང་དུ་བསམ་གཏན་ལས་སྐྱེས་པའི་ཡོན་ཏན་གྱིས་དགའ་བདེ་ཐོབ་པའོ། །དེའང་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་པོར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། དངོས་གཞི་ཁྱད་པར་ཅན་དུ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་དང༌། བསམ་གཏན་གཉིས་པ། གསུམ་པ། བཞི་པ་གསུམ་གྱི་དངོས་གཞིར་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པའོ། །བསམ་གཏན་དེ་དག་ཀྱང་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ཉེར་བསྡོགས་བྱེད་པར་ས་སྡེ་ལས་བཤད་དོ། །ཡོན་ཏན་ཐམས་ཅད་འགྲུབ་པའི་བསམ་གཏན་ནི། དགེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བསྒྲུབ་དུས་སེམས་རྩེ་གཅིག་པའི་ཆའི་བསམ་གཏན་ཡིན་ནོ། །སེམས་ཅན་དོན་སྒྲུབ་ཀྱི་བསམ་གཏན་ནི་སེམས་ཅན་གྱི་དོན་ལ་རྩེ་གཅིག་པ་དང༌། བསམ་གཏན་གྱི་དངོས་གཞིའི་སེམས་ལས་གང་འདོད་ཅིང་མོས་པ་དེར་སྤྲུལ་པ་བཀྱེ་ནས་དོན་བྱེད་པ་ལ་སོགས་པ་རྣམས་སོ། །ཡོན་ཏན་ནི། དེ་ཉིད་ལས། རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་ གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག ། ཅེས་སོ། ། « གནས་ལུགས་ཀྱི་དོན་རྟོགས་པའི་ཤེས་རབ་ལའང་གསུམ་སྟེ། ཤེས་རབ་གསུམ་གྱི་རང་བཞིན་རྒྱས་པར་བཤད་པ་ནི།» དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་གསུམ་སྟེ་ཐོས་བསམ་སྒོམ་པ་ཉིད། །ལྷག་མཐོང་གྲུབ་པས་ཉོན་མོངས་ཚོགས་འཇོམས་ཤིང༌། །ཆོས་དང་ཆོས་ཅན་གནས་ལུགས་རབ་ཤེས་ནས། །སྲིད་པའི་གྲོང་ལས་མྱ་ངན་འདས་ཞིར་འགྲོ། །འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་ནི་ཐོས་པ་ཡིན་ལ། དེ་ཡང་བསམ་པས་ངེས་པར་བྱས་ནས་བསྒོམས་པས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ནི་ཤེས་རབ་ཀྱི་རང་བཞིན། འདོད་དེ། འགྲེལ་ཆུང་ལས། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བ་དག་གམ། ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། དངོས་དང༌། རྗེས་ལས་བྱུང་བའི་ཤེས་རབ་དག་གིས་ཞེས་སོ། །ཤེས་རབ་ལ་ནི་ལྷག་མཐོང་ཞེས་བརྗོད་དེ། དེའང་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་པས་ཆེས་ལྷག་པ་ཡིན་ཞིང༌། སོ་སོའི་སྐྱེ་བོའི་སར་ཐོས་པ་ལས་བྱུང་པའི་ཤེས་རབ་གལ་ཆེ་སྟེ་མ་ཐོས་པར་བསམ་པ་དང་བསྒོམ་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ། རྒྱུད་བླ་ལས། གང་ཕྱིར་སྦྱིན་ལས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤང་དེ་ཡི་ཕྱིར། །འདི་ཡིས་མཆོག་ཉིད་དེ་ཡི་རྒྱུ་ནི་དེ་ཐོས་ཡིན། །ཞེས་པ་དང༌། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་ སོ། །དེ་ལ་སྐབས་འདིར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་ཁོང་དུ་ཆུད་པར་འདོད་པས་འདི་ལྟར་ཐོས་པས་གཏན་ལ་དབབ་སྟེ། འཇལ་བྱེད་རིན་ཆེན་ལྡེ་མིག་གི་རྣམ་པར་བཞག་པ་དང༌། གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་པར་བཞག་པའོ། །དང་པོ་ལ་གཉིས་ལས། དྲང་དོན་དང་ངེས་དོན་གྱི་རྣམ་པར་བཞག་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ། །ཆོས་ཅན་སྣང་ཚོད་པ་སྐྱེ་བ་དང༌། འགག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དག་པ་དང༌། མ་དག་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པའི་རིམ་པ་རྣམ་པ་སྣ་ཚོགས་པར་སྣང་བ་རྨི་ལམ་ལྟ་བུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་བའི་དོན་ཞེས་བྱའོ། །དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀུན་རྫོབ་པའི་ནང་དུ་བསྡུའོ། །དཔེར་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་སྨྲ་བརྗོད་དང་བསམ་པས་རློམ་པ་ནི་ཀུན་རྫོབ་ལ། དོན་དམ་པའི་གཤིས་གང་ཡིན་པ་དེ་ངེས་པའི་དོན་ཏེ་ཡང་དག་པ་ཡིན་པ་བཞིན་ནོ། །དེ་སྐད་དུ། དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཆོས་རྣམས་ཀྱི་ནི་སྟོང་པ་ཉིད། །ངེས་པའི་དོན་ཏོ་ཞེས་ཀྱང་བསྟན། ། གང་ལ་སྐྱེད་དང་འགག་ལ་སོགས། །སེམས་ཅན་སྲོག་ལ་སོགས་བསྟན་པ། ། དེ་ནི་དྲང་དོན་དེ་ཀུན་རྫོབ། །ཅེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པས་གསུངས་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། གང་ལ་སེམས་ཅན་གང་དག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་བདག་དང༌། སེམས་ཅན་དང༌། སྲོག་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་པ་པོ་དང༌། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང༌། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་དང༌། རྣམ་པར་ཐར་པའི་སྒོའི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་པའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ་ཞེས་གསུངས་སོ། མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ལ་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱའོ། །གཤིས་ལ་འཇུག་པའི་ཐབས་སུ་ཐབས་མང་པོས་སེམས་ཅན་གྱི་བློ་འདྲེན་པར་ཆོས་མ་དག་པ་འཁྲུལ་པ་དང་དེའི་དབྱེ་བ་ལ་སོགས་པར་སྟོན་པ་ཐམས་ཅད་དྲང་བའི་དོན་དང་དྲང་དོན་གྱི་ཆོས་ཞེས་ བྱའོ། ། ཚུལ་འདིས་ཆོས་རྣམས་བལྟ་བའི་མེ་ལོང་དང༌། འབྱེད་པའི་ལྡེ་མིག་དང་པོ་བཤད་པའོ། །དེ་དག་ཉིད་གསལ་བར་བྱ་བ་དང༌། དགོངས་པ་དོན་གྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་དགོངས་ལྡེམ་དགོངས་ཀྱི་རྣམ་པར་བཞག་པ་བཤད་པར་བྱ་བ་ལ་གཉིས་ལས། དང་པོ་དགོངས་པ་ནི་ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ནི་ཡོད་ལ། ཁ་དྲང་པར་མ་ཡིན་པའི་ཚུལ་དགོས་ཆེད་དང་བཅས་པར་སྟོན་པ་རྣམས་ཡིན་ཏེ། མདོ་སྡེའི་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་སོ། །མཉམ་པ་ཉིད་ལ་དགོངས་པ་ནི། ཆོས་སྐུ་མཉམ་པ་ལ་དགོངས་ནས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དེའང་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །རང་ལས་སྐྱེ་བ་མེད་དེ་སྐྱེས་པ་དང་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བ་མེད་དེ་གཞན་རང་མཚན་པ་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །གཉིས་ཀ་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་ལ། རྒྱུ་མེད་པས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་སྣང་ཚོད་པའི་སྐྱེ་སོགས་ཙམ་ནི་རྨི་ལམ་སྒྱུ་མ་ཙམ་དུ་རྟེན་འབྲེལ་ཡིན་པའི་ཕྱིར་ན་མེད་ལ་སྣང་བ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ། རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་ཡོད་པ་མ་ཡིན་ནོ་ཞེས་པ་ནས། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པའི་བར་དུ་གསུངས་སོ། །ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་སྐད་དུ། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་སོ། །དུས་གཞན་ལ་དགོངས་པ་ནི་དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་གཟུང་བ་ཙམ་གྱིས་སངས་རྒྱས་འཐོབ་བོ་ཞེས་པ་ལྟ་བུའོ། །དེའང་དེ་གཅིག་པུས་མི་ཐོབ་ཀྱང༌། དེ་སྔོན་དུ་སོང་བའི་ཚོགས་མང་དུ་བསགས་པས་ནམ་ཞིག་ན་འཚང་རྒྱ་བ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བར་ཞེན་པ་རྣམས་ལ། ཚུལ་ཁྲིམས་ལ་སྨད་ནས་སྦྱིན་པ་ལ་བསྟོད་པ་ལྟ་བུའོ། །གཉིས་པ་ལྡེམ་དགོངས་ནི། ཕ་རོལ་གང་ལ་དགའ་བས་ཡང་དག་པའི་ལམ་མམ་དོན་ལ་གཟུང་བའི་ཕྱིར། དེའི་མིང་ངམ་ཆ་ལྡན་ཅུང་ཟད་ཡོད་པ་ཉིད་ལ་བརྟེན་ནས་ཚུལ་མཐུན་ཡང་དོན་མི་མཐུན་པར་བཤད་པ་སྟེ། མདོ་སྡེའི་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལྡེམ་པོར་དགོངས་པ་གཞན། ། གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། ། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་སོ། །དང་པོ་ཞུགས་པ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་སྟོང་པས་སྐྲག་ནས་ཐེག་ཆེན་དུ་མི་འཇུག་པ་དག་གཞུག་པའི་དོན་དུ། གཟུགས་ཡོད་དོ་ཞེས་སྨོས་པས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་བཞིན་ནོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པའི་གནས་ལུགས་ཤེས་པར་བྱ་བའི་དོན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་བསྟན་པ་ལྟ་བུའོ། །ངོ་བོ་ཉིད་མེད་པ་གསུམ་ནི་ཀུན་བརྟགས། གཞན་དབང༌། ཡོངས་གྲུབ་ཡིན་ཏེ་སྔར་བཤད་ཟིན་ཏོ། །གཉེན་པོ་ལྡེམ་པོར་དགོངས་པ་ནི། ཁ་ཅིག་ཤཱཀྱ་ཐུབ་པ་སྐུ་བོང་ཆུང་ཞིང་སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་དམན་པ་ཞིག་གོ་སྙམ་པ་ལ་དགོངས་ཏེ། ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཏོ་ཞེས་པ་ལྟ་བུའོ། །ཉན་པ་པོས་གཟུགས་སྐུར་མཉམ་པར་གོ་ཞིང༌། འཆད་པ་པོས་ཚོགས་རྫོགས་པར་མཉམ། ཆོས་སྐུ་ཐོབ་པར་མཉམ། འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་སོ། །མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། ། བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ཆོས་འདི་གོ་སླ་བའི་ཕྱིར་གཞན་ལས་དམན་པ་ཞིག་གོ་སྙམ་པའི་ཉེས་པ་ཞི་བའི་ཕྱིར་ཤིན་ཏུ་རྟོགས་དཀའ་བར་བསྟན་པ་རྣམས་ཏེ། དཔེར་ན། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་དང་མ་ནི་གསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུའོ། །དེའང་འཁོར་བར་འདུ་བྱེད་པས་སྲེད་པ་དང་ལེན་པ་གཉིས་ནི་ཕ་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་པས་རྒྱལ་པོའོ། །བྲམ་ཟེ་འཇིག་ཚོགས་ལ་བལྟ་བ་དང༌། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་བལྟ་བ་སྟེ་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པའོ། །དེ་དག་བཅོམ་པ་སྟེ་དག་ན་འཚང་རྒྱ་བ་ཡིན་ནོ། །དེའང་དགོངས་ལྡེམ་དགོངས་གཉིས་ཅི་རིགས་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པ་ཡང་ཡོད་དོ། །དེ་གཉིས་ཀྱི་ཁྱད་ནི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། སྨྲ་བ་པོས་བསམས་པའི་དོན་ལས་དོན་གཞན་སྨྲ་བ་པོའི་ཚིག་ལས་ཉན་པ་པོས་གོ་བར་བྱེད་པ་ནི་དགོངས་པ་ཡིན་ལ། སྨྲ་བ་པོས་བསམས་པའི་དོན་དེ་ཉིད་ཉན་པ་པོས་གོ་བར་བྱེད་པ་ནི་ལྡེམ་དགོངས་སོ་ཞེས་བཞེད་ཅིང༌། ཐེག་བསྡུས་ཀྱི་འགྲེལ་པ་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་ཡིན་གྱི་ཕ་རོལ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ་ཞེས་གསུངས་སོ། །དེ་གཉིས་ཀའང་འགལ་བ་མེད་པར་ཤེས་ཏེ། དེའང་འགའ་ཞིག་ལ་ལྟོས་ནས་དེའི་ཆ་ལྡན་དུ་བཤད་པ་ནི་ཕ་རོལ་གཟུང་བའམ་གཟུང་བ་ལ་མ་ལྟོས་ཀྱང་དགོངས་པ་ཡིན་ལ། དེ་ཉིད་གཞན་གྱིས་དྲིས་པ་ལ་སོགས་པའི་ཚེ་དོན་མཐའ་དག་མ་རྫོགས་པས་ད་དུང་དགོངས་གཞི་ལ་ལུས་པའི་ཕྱིར་དགོངས་པ་ཞེས་སོ། །གཞན་ལ་ཕན་གདགས་པའི་ཕྱིར་ཟུར་ཅུང་ཟད་ལ་བརྟེན་ནས་ཁོའི་སྣང་བ་དང་མཐུན་པར་སྟོན་པ་ནི་སྡེམ་དགོངས་ཞེས་བྱ་སྟེ། སྨྲ་བ་པོས་ཀྱང་སྨྲས། ཕ་རོལ་པོས་ཀྱང་དེ་གོ་ནས་ཞུགས་པས་ད་གཟོད་དོན་གཞན་རྫོགས་པར་གོ་བའི་རྟེན་བྱེད་ཅིང༌། བརྫུན་དུའང་མ་གྱུར་ཙམ་དུ་གནས་པའི་ཕྱིར་རོ། །འདི་དག་ནི་གསུང་རབ་བལྟ་བའི་ལྡེ་མིག་གཉིས་པ་སྟེ། དེ་ལྟར་སྒྲ་དང༌། དོན་དང༌། དགོངས་པ་དང༌། དགོས་བྱེད་ཀྱི་གནས་སྐབས་དུ་མ་ཡོད་པས་མདོ་རྒྱུད་རྣམས་ཚུལ་འདིས་འབྱེད་ཤེས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དོན་གཉིས་པ་གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་པར་བཞག་པ་ལ་གཉིས་ལས། དང་པོ་བདེན་པ་གཉིས་ཀྱི་ཚུལ་བསྟན་པ་ནི། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། དམ་པའི་དོན་གྱི་བདེན་པའོ། །ཞེས་པ་དང༌། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ། ཁྱོད་ཀྱིས་གཞན་ལ་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། དེའང་ཆོས་ཞེས་བྱ་བའི་རང་བཞིན་ཙམ་ཞིག་དབྱེ་བའི་གཞིར་བྱས་ནས། སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་དང༌། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་ཕྱེའོ། །སྣང་ལུགས་ལའང་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སོ། །དང་པོ་ནི་སེམས་ཅན་པའི་དུས་ཀྱི་སྨྲ་བསམ་བརྗོད་པའི་རང་བཞིན་འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་ཤེས་ལ་ཤར་བ་ཇི་སྙེད་པ་ཐམས་ཅད་དོ། །དེའང་སླུ་བ་དང༌། མི་བདེན་པ་དང༌། འགྱུར་བ་དང༌། སྡུག་བསྔལ་བ་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློ་འཁྲུལ་པ་པའི་ཡུལ་སྣང་ཞིང༌། དེར་སྨྲ་བསམ་བརྗོད་པས་བཏགས་པའི་ཕྱིར་སེམས་ཅན་གྱིས་བློས་བསམ་བརྗོད་དུ་གྱུར་པའི་སངས་རྒྱས་ཀྱང་དེའི་བློའི་རི་མོས་བཏགས་པ་ཡིན་པས་དོན་ལ་མ་རེག་པའི་ཕྱིར་འཁྲུལ་པར་བཤད་དོ། །དེའི་དུས་ཀྱི་སྣང་བ་དང་རིག་པ་ལའང་རེ་ཞིག་བདེན་རྫུན་གཉིས་སུ་སྣང་བ་ལ་ལྟོས་ནས་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ། དེའང་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བཏགས་པས་དབེན་པ། མཐུན་པར་སྣང་བ་སྟེ་ས་ཆུ་མེ་རླུང་ནང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཟླ་བ་གཉིས་སྣང་ལྟ་བུ་ལོག་པའི་ཀུན་རྫོབ་ཏུ་བཤད་དེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །འདི་གཉིས་ཀའང་གཤིས་ནས་གཞལ་ན་མཚུངས་ཏེ། བག་ཆགས་འཁྲུལ་པ་ལས་སྐྱེས་པར་མཉམ། དབང་པོ་སོ་སོ་ལ་སྣང་བར་མཉམ། རེ་ཞིག་འཁྲུལ་ངོར་སྣང་བའི་དོན་བྱེད་ཀྱང་མིག་ཤེས་ཀྱི་ལྟ་ཡུལ་ལ་སོགས་པར་མཉམ་པས་རང་བཞིན་མེད་པ་ཡིན་ནོ། །མ་འཁྲུལ་པའི་ཀུན་རྫོབ་ལ་གཉིས་ཏེ། འབྲས་བུ་ལས་མ་འཁྲུལ་པ་ལམ་གཞིའི་ཡེ་ཤེས་ཡོན་ཏན་དང་བཅས་པ་འགྱུར་ཞིང་གོང་དུ་འགྲོ་བས་མི་རྟག་ཀྱང་གཤིས་ཀྱི་སར་བགྲོད་པ་ལ་ལྟོས་ནས་མ་འཁྲུལ་པ་ཞེས་བརྗོད་པ་ཡིན་ནོ། །རྒྱུད་བླའི་འགྲེལ་པར། ལམ་བདེན་ཐམས་ཅད་འདུས་བྱས། འདུས་བྱས་ཐམས་ཅད་སླུ་བ་ཞེས་གསུངས་པ་ནི་འཕོ་འགྱུར་བྱེད་པ་དང་གོང་དུ་བགྲོད་དགོས་པའི་ཆ་ནས་གསུངས་ཀྱི། འདུས་བྱས་གཞན་དང་སླུ་བའི་ལུགས་གཅིག་པ་མ་ཡིན་ནོ། འབྲས་བུ་ཐོབ་པས་མ་འཁྲུལ་པ་སངས་རྒྱས་ཀྱི་གཟུགས་སྐུ་མ་ཤེས་དང་བཅས་པ་འོག་མིན་ན་བཞུགས་པ་རྣམས་ཏེ། དེ་ཡང་འཕོ་འགྱུར་མེད་པ། རྟག་པ་ལྷུན་གྱིས་གྲུབ་པ། ཡོན་ཏན་རིན་པོ་ཆེའི་གཏེར་དུ་གྱུར་པ། དཀྱིལ་འཁོར་ལ་སོགས་པའི་སྣང་བ་ཆེན་པོས་མངའ་དབང་རྫོགས་པ་ཇི་སྙེད་པ་སྟེ། སྣང་བའི་ཆ་ནས་ཀུན་རྫོབ་ཅེས་བརྗོད་ཀྱང་ཆོས་ཀྱི་སྐུ་དང་དབྱེར་མེད་པས་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུར་བཞུགས་པ་ཡིན་ནོ། །འདི་དག་འོག་ཏུ་རྒྱས་པར་འཆད་དོ། །སྤྲུལ་པའི་སྐུ་ནི་གདུལ་བྱའི་སྣང་བ་ལས་བསགས་པ་དང༌། སངས་རྒྱས་ཀྱི་ཐུགས་རྗེས་དེ་ལྟར་ལྷུན་གྲུབ་ཏུ་སྣང་བ་ཡང༌། གདུལ་བྱ་རྣམས་ཀྱི་བློ་ངོར་འཕོ་འགྱུར་ཡོད་པ་ལྟར་སྣང་ཡང་དོན་ལ་འཕོ་འགྱུར་དུ་གྲུབ་པ་མེད་དེ། ཆུ་ཟླའི་རྣམ་པའང་སྣོད་ཀྱི་རྐྱེན་ལས་འཕོ་འགྱུར་དུ་སྣང་ཡང་ཟླ་བ་རང་མཚན་དུ་མ་གྲུབ་པའི་གནད་ཀྱིས་འཕོ་འགྱུར་མེད་པ་ལྟར། འགྲོ་བ་འདུལ་བའི་སྐུར་སྣང་ཡང་རང་མཚན་དུ་གྲུབ་པ་མེད་དེ། སྐུ་གསུམ་འདུ་འབྲལ་མེད་པར་ངོ་བོ་གཅིག་ལ། ཆོས་སྐུ་འཕོ་འགྱུར་མེད་པའི་ཕྱིར་རོ། །དེའང་ནམ་མཁའི་ཟླ་བ་ཉིད་ཆུ་ཟླའི་འཇོག་བྱེད་དུ་ངོ་བོ་གཅིག་པས་མི་འགྱུར་བ་ལྟར། སྤྲུལ་པའང་ལོངས་སྐུའི་ངང་ལས་ལྷུན་གྲུབ་ཏུ་སྣང་ཡང་དོན་ལ་གྲུབ་པ་མེད་པས་འཕོ་འགྱུར་མེད་ཅིང༌། གདུལ་བྱའི་ངོར་འཕོ་འགྱུར་དུ་སྣང་བས་གྲུབ་པ་མ་ཡིན་པ་བཞིན་ནོ། །དེས་ན་སྣང་བའི་ཆ་དག་མ་དག་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པས་བསྡུས་པར་འདོད་དོ། །དོན་དམ་པའི་བདེན་པ་ནི་གཤིས་ཀྱི་གནས་ལུགས་གང་ཡིན་པ་སྟེ། རྩ་ཤེ་ལས། གཞན་ལས་ཤེས་མིན་ཞི་བ་ དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཟོད་མ་ནས་ངོ་བོ་ཉིད་མེད་ཅིང་བསམ་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པ། རྟོགས་མ་རྟོགས་ཀྱིས་བློས་མ་བཞག་པ། གཅིག་ཐ་དད་ཀྱི་ཁ་ལེན་མེད་པ་སྟེ། དེ་ཉིད་ལས། སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད་རྩིར་གྱུར་པ་སྟེ། །དོན་གཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མ་ཡིན། །ཞེས་སོ། །སྣང་སྲིད་འཁོར་འདས་ཐམས་ཅད་བློའི་ངོ་ཁ་ལ་བཟང་ངན་ཐ་དད་པར་བཏགས་ཀྱང༌། ཐམས་ཅད་ཡེ་ནས་ནམ་མཁའི་རང་བཞིན་ཅན་དུ་དག་པས། ཡང་དག་པ་དང༌། མ་དག་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པ་དང༌། ཤིན་ཏུ་དག་པའོ་ཞེས་བློས་བཀོད་པའི་ཡུལ་ལས་འདས་པ་ཡིན་ཏེ། དེ་ཉིད་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་སོ། །གཤིས་ངོར་ནི་ཁས་ལེན་ཐམས་ཅད་ལས་འདས་པ་སྟེ། ངོ་བོ་ངོས་གཟུང་གང་དུའང་གྲུབ་མ་མྱོང་བའི་ཕྱིར་རོ། །དེའང་འདི་ལྟ་བུའོ་ཞེས་ཁས་བླངས་ཀྱང་བདག་ཏུ་ལྟ་བ་ལ་སོགས་པ་རྟག་ཆད་ཀྱི་མཐར་ལྷུང་བར་འགྱུར་བའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། ། ཞེས་སོ། དེའང་གཤིས་ལ་དམ་བཅའ་མེད་པས་ཁས་བླངས་པའི་ཡུལ་དང༌། ལེན་པ་པོ་དང༌། ངོས་གཟུང་གང་ཡང་མེད་པས་སྐྱོན་མེད་པའོ་ཞེས་བརྗོད་དོ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། ། དེ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་གྱིས་དག་པའི་ངོ་བོ་ལ་ནི་ཟབ་པ་ཞི་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་དམ་བཅའ་འམ་ཁས་ལེན་མེད་པ་སྟེ་དབྱིངས་གདོད་མ་ནས་དག་པ་ཞེས་བྱའོ། །ངོ་བོ་ལ་དབྱེར་མེད་ཀྱང་བློས་སྒྲོ་བཏགས་ནས་དབྱེ་ན། སྐྱེ་བ་ཉིད་སྐྱེ་བ་མེད་དོ་ཞེས་པ་ལ་སོགས་པ་སྟོང་ཉིད་བློས་བཀོད་ཀྱང་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང༌། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་ལས་གྲོལ་བ་རྣམ་གྲངས་པ་མ་ཡིན་པའི་དོན་དམ་ཞེས་བྱ་བ་གཉིས་ཏེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡ་མཛད་ དོ། །ཞེས་སོ། །འདིར་མན་ངག་དང་མཐུན་པར་གསལ་བར་དབྱེ་ན། ཡུལ་ཆོས་དབྱིངས་ཙམ་ཞིག་དབྱེ་བའི་གཞི་ལས། སྣང་བའི་ཆ་འདི་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་ལ་སོགས་པ་དང་འདྲ་སྟེ་སྣང་ལ་མེད་པའི་རང་བཞིན་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་ཟླ་བ་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་གསུངས་པས་ན། ཐ་མལ་པས་སྣང་བ་བདེན་བདེན་ལྟར་མཐོང་ཡང༌། རྣལ་འབྱོར་པས་རྨི་ལམ་ཙམ་ལས་ངེས་པར་མ་མཐོང་བས། འལ་འོལ་སང་སེང་ཙམ་ལ་མ་བརྟགས་པ་ན་སྣང་ཡང་བརྟགས་ན་མེད་པ་གཅིག་ཏུ་ཤེས་པས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་ཞེས་བྱ་སྟེ། སྣང་བའི་རྐྱེན་གྱིས་མི་གནོད་པ་ཡིན་ནོ། །དེ་འབྱོངས་པ་ན་སྣང་བ་འདི་དག་ལ་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྲུབ་ཅིང༌། གང་གི་ཡང་ཁས་ལེན་མེད་པར་ཇི་ལྟར་སྣང་བ་དེ་ཉིད་རང་བཞིན་མེད་པས་ཐ་དད་པའི་བདེན་པ་མེད་པར་བློ་འབྱོངས་ཏེ་འཕགས་པའི་ཡེ་ཤེས་ཐོབ་པ་ན། ཞིང་ཁམས་ལ་སོགས་པ་སྣང་བར་གྱུར་ཀྱང་བདེན་ཞེན་མེད་པས་ཡང་དག་ཀུན་རྫོབ་ཅེས་བྱའོ། །བློ་བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ། བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཅེས་འདོད་དོ། །དོན་དམ་པ་ཡང༌། སེམས་ཉིད་རང་བཞིན་མེད་པའི་གནས་ལུགས་དང༌། ཆོས་ཐམས་ཅད་བདེན་ཞེན་མེད་པ་ཆུ་ཟླའི་རང་བཞིན་ཁོངས་སུ་ཆུད་ནས། འཁྲུལ་པའི་སྣང་བ་གཞི་མེད་དུ་སྣང་བ་ཙམ་ལས་རང་བཞིན་མེད་པའི་ངོ་བོར་ཤེས་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་བློ་རྟོག་དབྱིངས་སུ་གྲོལ་བ་ན་དོན་དམ་པའི་གནས་ལུགས་རྟོགས་པ་ཞེས་བྱའོ། །གཤིས་དེ་ལྟར་གནས་པ་དོན་དམ་དེ་ཉིད་རྟོགས་པས་དོན་དམ་རྟོགས་པའི་བློ་ཞེས་བྱའོ། །སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་དོན་དམ། དེ་རྟོགས་པས་དོན་དམ་བདེན་པ་རྟོགས་པར་བཞེད་དོ། །དེའང་བདེན་པ་གཉིས་རྭ་ལྟར་ཐ་དད་པ་མེད་དེ། ཀུན་རྫོབ་ཀྱི་གནས་ལུགས་ཆུའི་ཟླ་བ་ལྟར་མཐོང་དུས་ཟླ་གཟུགས་སྣང་བའི་ཆ་ནས་ཀུན་རྫོབ། ཟླ་བར་བདེན་པ་མེད་པའི་ཆ་ནས་དོན་དམ། དེ་གཉིས་རྫིང་བུའི་ཆུ་དེར་མེད་ལ་སྣང་བར་ངོ་བོ་གཅིག་པ་བཞིན་དུ་བདེན་པ་དབྱེར་མེད་དམ་ཟུང་འཇུག །དེ་ལྟར་རྟོགས་པའི་བློ་དེ་ལ་བདེན་པ་གཉིས་རྟོགས་པ་ཞེས་ བྱའོ། །སྣང་བའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཡུལ་པའི་དགག་སྒྲུབ་ཀྱི་བློ་རྟོག་དང་བཅས་པ་འཁྲུལ་སྣང་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟར་སྣང་ལ་མེད་པར་རྟོགས་པ་རྣམས་ནི་སྲིད་པའི་དགོན་པ་ལས་ཐར་བའི་ལམ་སྣ་ཟིན་པ་ཞེས་བྱའོ། །དེའང་བློས་དཔྱད་ན་དཔྱད་མི་བཟོད་པ་ཀུན་རྫོབ། དཔྱད་བཟོད་པ་དོན་དམ་ཞེས་པའང་རྟོག་པའི་རི་མོ་སྟེ་ཀུན་རྫོབ་ཁོ་ནར་མངོན་ནོ། །ཇི་ལྟ་བུ་ཞེ་ན། བློས་དཔྱད་བཟོད་དེ་བློས་བཏགས་པ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་དཔྱད་བཟོད་པའི་ཐ་སྙད་དུ་བཞག་ཏུ་མེད་ལ། ལྟོས་ན་བློ་ཁོ་ན་ཡིན་པས་དཔྱད་བཟོད་མི་བཟོད་གཉིས་པོ་དེ་རྣམ་པ་མི་གཅིག་ཀྱང་བློས་དཔྱད་པར་གཅིག་པས་བློའི་ཡུལ་ཁོ་ན་ཡིན་པའི་ཕྱིར་ཀུན་རྫོབ་ཡིན་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ། ཅེས་པས་གསལ་ལོ། །མདོར་དྲིལ་ན་བློའི་སྤྲོས་པ་དང་སྤྲོས་པ་ལ་སྣང་བ་རྣམས་ནི་དེའི་ངོར་ཀུན་རྫོབ་ཡིན་ལ། སྤྲོས་པ་ཆད་ཅིང་གཟུང་འཛིན་ཞིག་པའི་བློ་དང་བློ་སྣང་ཀུན་དོན་དམ་ཞེས་རྣལ་འབྱོར་པ་ལ་གྲགས་ཏེ། བདེན་གཉིས་དབྱེར་མེད་པས་ཀུན་རྫོབ་ཀྱང་དོན་དམ་དུ་འོང་བའི་སྐབས་སྲིད་པའི་ཕྱིར་ རོ། །དེའང་ལྡོག་པ་ཐ་དད་ཀྱང་ངོ་བོ་གཅིག་པའི་གནད་ཀྱིས་སོ། །འདིར་ཁས་བླངས་པ་ལྟར་ངོ་བོ་གཅིག་ཐ་དད་གང་ཡང་མ་ཡིན་ཀྱང༌། འཇིག་རྟེན་གྲགས་སྡེ་སྤྱོད་པ་ལྟར་ངོ་བོ་གཅིག་ཅེས་བརྗོད་པར་ཟད་དོ། །གྲུབ་མཐས་ཁས་བླངས་པའི་ལྟར་ན་ཀུན་རྫོབ་སྣང་བ་ལྟར། དོན་དམ་སྣང་བའམ་དོན་དམ་མི་སྣང་བ་ལྟར་ཀུན་རྫོབ་མི་སྣང་བའི་སྐྱོན་ཡོད་དེ། དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་སོ། དེའི་ལྟར་ན་གཅིག་ཐ་དད་དུ་དབྱེ་བ་མེད་པའི་དབྱེར་མེད་དུ་བསྟན་པས་དོན་ལ་རང་བཞིན་གཉིས་སུ་མེད་པའོ། །འདི་དག་སྒྱུ་འཕྲུལ་ལས། ཀུན་རྫོབ་དོན་དམ་དབྱེར་མེད་པའི། །བདེན་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་བསྟན་པ་ཡིན་ནོ། །དེ་ཡང་བདེན་གཉིས་སུ་འབྱེད་པའི་ཐ་དད་དེ་ཉིད། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ངོ་བོ་ཐ་དད་དང༌། གཅིག་པ་བཀག་ཙམ་གྱི་ཐ་དད་དང༌། དོན་གཅིག་ལ་མིང་གི་རྣམ་གྲངས་ཐ་དད་པ་བཞི་ལས་གང་ཡིན་ན། ཐ་སྙད་ཙམ་དུ་མིང་གི་རྣམ་གྲངས་ཙམ་མ་ཡིན་ཏེ། མཚན་ཉིད་དང་རྣམ་པ་ཐ་དད་པའི་ཕྱིར་རོ། །ངོ་བོ་ཐ་དད་མ་ཡིན་ཏེ་ངོ་བོ་མེད་པའི་ཕྱིར་དང༌། ཐ་སྙད་ཙམ་དུ་དབྱེར་མེད་པའི་ཕྱིར་རོ། །གཅིག་པ་བཀག་ཙམ་གྱི་ཐ་དད་མ་ཡིན་ཏེ། རང་བཞིན་སོ་སོ་བ་མེད་པའི་ཕྱིར་དང༌། གཞི་གཅིག་ལ་དབྱེ་དགོས་པའི་ཕྱིར་རོ། །དེས་ན་ཐ་སྙད་ཙམ་དུ་ན་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་རང་བཞིན་མངར་བ་དང༌། །མེ་ཡི་རང་བཞིན་ཚ་བ་ ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་དང༌། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། ། ཞེས་པ་དང༌། རིམ་ལྔར། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོ། །དོན་དམ་པར་གཅིག་ཐ་དད་གང་དུའང་དབྱེ་རུ་མེད་དེ། བྱམས་པས་ཞུས་པ་ལས། འདུ་བྱེད་ཀྱི་མཚན་མ་ལས་བརྗོད་དུ་མེད་པའི་དབྱིངས་དེ་ཉིད་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ་ཞེས་སོ། །གྲངས་ངེས་པ་ལ། མཐའ་གཞན་བཀག་པ་དང༌། དངོས་པོ་ལ་གནས་པ་དང༌། དགོས་པ་ལ་ལྟོས་པའི་གྲངས་ངེས་གསུམ་ལས། དང་པོ་ཡིན་ཏེ་སྤྲོས་པ་ལས་གྲོལ་མ་གྲོལ་དངོས་འགལ་དུ་ངེས་པས། བསྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕུང་གསུམ་ཁེགས་པས་དེ་གཉིས་སུ་གྲངས་ངེས་སོ། །ཡང་ན་ཡུལ་གྱི་རྣམ་པ་ནི་ཡུལ་ཅན་ལ་ལྟོས་ནས་འཇོག་པས་ན། ཡུལ་ནི་མཐར་མ་ཐུག་པ་འཁྲུལ་པའི་བློ་དང༌། མཐར་ཐུག་པ་མ་འཁྲུལ་པའི་བློ་གཉིས་ལས་མི་འདའོ། །དེ་ལ་འཁོར་འདས་ཀྱི་ཆོས་རྣམས་ནི་འཁྲུལ་པ་དང༌། ཆོས་ཉིད་དེ་མ་འཁྲུལ་པའི་ཡུལ་ཡིན་པས་བློའི་དབང་གིས་ཡུལ་གཉིས་སུ་ངེས་ཏེ། རྒྱའི་དབང་གིས་འབུར་ཀྱོང་བཞིན་ནོ། །དེ་སྐད་དུའང༌། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ། ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས༌། །ཞེས་སོ། །གྲུབ་མཐའི་དབང་གིས་དབྱེ་ན། ཉན་ཐོས་སྡེ་པ་དག་ཤེས་པའི་དོན་དམ་བློས་དཔྱད་པ་དང༌། དངོས་པོའི་དོན་དམ་ཐོ་བས་བཅོམ་པ་ལ་སོགས་པས་མི་གནོད་པ་སྟེ། ཤེས་པའི་རྒྱུན་དང༌། དངོས་པོ་རགས་པ་ཀུན་རྫོབ་ཤེས་པའི་སྐད་ཅིག་མ་དང༌། དངོས་པོའི་རྡུལ་ཕྲན་ཆ་མེད་པ་དོན་དམ་དུ་འདོད་དེ། མཛོད་ལས། གང་ཞིག་བཅོམ་དང་བློ་ཡིས་གཞན། ། བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །མདོ་སྡེ་པ་ཁ་ཅིག་ནི། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་མ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་འདོད་དེ་རྟོག་གེ་པ་རྣམས་མཐུན་པར་གནས་སོ། །སེམས་ཙམ་པ་ནི་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ། གཉིས་མེད་ཀྱི་ཤེས་པ་ནི་དོན་དམ་བདེན་པར་འདོད་དེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཆ་ཤས་ཅན་ཞེས་བྱ་མེད་ཅིང༌། །ཕྲ་རབ་རྡུལ་རྣམས་མེད་པ་དང༌། །སོ་སོར་སྣང་ལ་དམིགས་མེད་ལ། ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་བསྒྲགས། །ཞེས་སོ། །དབུ་མ་རང་རྒྱུད་པས་ནི། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མ་ལ་སོགས་པ་དང༌། དོན་དམ་པར་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞེས་འདོད་དེ། འཁྲུལ་འཇོམས་ལས། དམིགས་བཅས་ཀུན་རྫོབ་དོན་དམ་དུ། །དམིགས་བྱ་དམིགས་བྱེད་ཀུན་ལས་གྲོལ། །ཞེས་སོ། །ཐལ་འགྱུར་པས་ནི། ཇི་ལྟར་སྣང་བ་ཉིད་ཀུན་རྫོབ་དང་སྟོང་པ་དོན་དམ་ཞེས་བྱ་བ་ལས་ཐ་དད་པ་མེད་དེ་གཅིག་དང་ཐ་དད་པ་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་སྣང་དུས་ཉིད་ནས་སྐྱེ་བ་མེད་པ། འགག་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པར་འདོད་པས། ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་སྟེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །འོ་ན་སྣང་བ་འདི་སྐྱེ་སོགས་སུ་གྲུབ་མོད་སྙམ་ན། སྐྱེ་མི་སྐྱེ་གྲུབ་མ་གྲུབ་སྣང་བ་ལ་བློས་ཕར་བཏགས་ཀྱི། གྲུབ་པ་ག་ལ་ཡོད། ཁྱོད་ཀྱིས་གྲུབ་མཐའ་ཁས་བླངས་པ་བཀག་གི །སྣང་ཙམ་བཀག་པ་མེད་དེ། འཕགས་པ་ལྷས། ཇི་ལྟར་སྣང་ཉིད་དགག་མིན་ཏེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་སོ། སྣང་བ་ནི་མེད་བཞིན་པ་སྟེ། རྩ་ཤེས་ལས། གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཚེས་དག་འབའ་ཞིག་སྟེ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །སྒྱུ་མའི་སྐྱེས་བུ་ལྟ་བུ་དང༌། །གཟུགས་བརྙན་འདྲ་བ་དེ་དག་ལ། ། སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །ཞེས་སོ། ། འདིར་གང་གཟུང་ཞེ་ན། དེ་ཐམས་ཅད་ཀྱི་ལེགས་པའི་ཆ་སྣང་ལ་རང་བཞིན་མེད་པ་ཀུན་གཟུང་ལ། རང་རང་གི་བདེན་ཞེན་གྱིས་སྦྱར་བའི་གྲུབ་མཐའ་ངན་པ་རྣམས་འདོར་བ་ཡིན་ནོ། །བདེན་པ་འདི་གཉིས་ལ་ཁྱད་པར་ནི་གཤིས་སྨྲ་བསམ་བརྗོད་དུ་མེད་པ་ནི་དོན་དམ་བདེན་པ། བློས་སྨྲ་བསམ་བརྗོད་པར་བཏགས་ཤིང་སྣང་བ་ནི་ཀུན་རྫོབ་བདེན་པ་ཡིན་ནོ། །དེ་ལ་དོན་དམ་བདེན་པ་བློས་རྟོགས་སམ་མི་རྟོགས་ཤེ་ན། དོན་དམ་བདེན་པའི་ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་པས་རྟོགས་པར་གཞག་ཏུ་མེད་དེ། དཀོན་བརྩེགས་ལས། འོད་སྲུངས། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་བལྟར་མེད་པ། མངོན་དུ་བྱར་མེད་པ། ཐོབ་པ་མེད་པ། མ་ཐོབ་པ་མེད་པ་ཡིན་ནོ་ཞེས་ སོ། ། འོ་ན་འཕགས་པས་མི་རྟོགས་སམ་ཞེ་ན། དོན་དམ་དང་མཐུན་པའི་བློ་སྐྱེས་པ་ལ་དེ་སྐད་བཏགས་ཏེ། ཟླ་བ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་ནི་རྟོགས་པ་མ་ཡིན་ནོ་ཞེས་པ་ལྟར་རོ། །དཔེར་ན་ནམ་མཁའི་རང་བཞིན་གོ་འབྱེད་པར་རྟོགས་པས་ནམ་མཁའ་ཉིད་བློ་དང་དབྱེར་མེད་དུ་མ་གྱུར་པ་བཞིན་ནོ། །རྡོ་རྗེ་གཅོད་པ་ལས་ཀྱང༌། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་ སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་སངས་རྒྱས་པ་དེའི་ཚེ་དོན་དམ་པའི་བདེན་པ་དང་སངས་རྒྱས་ཐ་དད་མེད་པས་རྟོགས་བྱ་རྟོགས་བྱེད་གཉིས་སུ་གྱུར་པ་མེད་ལ། འཕགས་པའི་བདེན་མཐོང་གི་ཚེའང་སེམས་ཉིད་དོན་གྱི་ཡེ་ཤེས་གཉིས་སུ་མེད་པ་མཐོང་བ་དེའི་ཚེ་ནི་རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད་པས་ཀྱང་རྟོགས་པ་དང༌། མ་རྟོགས་པ་ཞེས་རྩོད་པས་ངལ་བ་དོན་མེད་དོ། ། དོན་དམ་པའི་ངོ་བོ་ལ་རྟོགས་བྱ་རྟོགས་བྱེད་མེད་ཅེས་བརྗོད་པས། གང་ཟག་གིས་དེ་མི་རྟོགས་པར་ཐལ་ལོ་ཞེས་པའང་དོན་ལ་མ་འབྲེལ་བས་བཞད་གད་དུ་གྱུར་པ་ཞིག་གོ །མེ་འདི་ཚ་ཞིང་བསྲེག་གོ་ཞེས་བརྗོད་པས་སྐྱེས་བུས་བྱ་བ་མི་བྱེད་པར་ཐལ་ལོ་ཞེས་བརྗོད་པ་དང་འདྲ་བར་སེམས་སོ། །ནམ་མཁའ་སེམས་པ་དང་རྟོག་པ་ལ་སོགས་པ་སྤྲོས་པའི་མཐལ་ལས་འདས་ཀྱང་སྐྱེས་བུས་འཇལ་བ་ལྟར། དོན་དམ་སྤྲོས་བརྗོད་ལས་འདས་པ་ཉིད་རྣལ་འབྱོར་པས་འཇལ་བར་བྱེད་པ་ཡིན་ནོ། །དེའི་ཆེ་བས་སྡུག་བསྔལ་ལས་གྲོལ་ཞིང་སེམས་ཀྱི་དམ་པ་འོད་གསལ་བ་མངོན་དུ་བྱེད་པ་འདི་ནི་འཐད་པ་དང་བཅས་པ་ཉིད་དོ། །དེའང་བདེན་པ་གཉིས་ཀྱི་རང་བཞིན་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་མི་ཤེས་ཏེ། རྩ་ཤེས་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །ཤེས་པའི་ཡོན་ཏན་ནི། ཇི་སྐད་དུ། གང་དག་བདེན་པ་འདི་གཉིས་ལ། །བརྟེན་ནས་བྱང་ཆུབ་ཚོགས་བསགས་ཏེ། །དེ་དག་སྲིད་ལས་ཡེ་ཤེས་ཀྱི། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །དེའང་ཆོས་ཐམས་ཅད་མེད་ལ་སྣང་བ་སྟོང་པ་ཉིད་ཀྱི་རོལ་པར་ནི་གང་ཡང་ཤོང་བས་འཐད་ཅིང༌། དེ་ལས་གཞན་ལ་མི་འཐད་པ་ཉིད། སྔ་མ་ལས། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་པ་དང༌། སྟོང་ལ་འདི་དག་ཀུན་འཐད་ཀྱི། །མི་སྟོང་པ་ལ་འཐད་མ་ཡིན། །ཞེས་སོ། །མདོར་དྲིལ་ན་མ་དག་པ་འཁྲུལ་པའི་ཆོས་ཀུན་རྫོབ་པ་རྨི་ལམ་ལྟ་བུ་འདི་དག་མི་བདེན་པ། སླུ་བ། བྱིས་པ་འབྲིད་པ། འལ་འོལ་ཙམ་ལས་ངོ་བོ་དང་ངོས་གཟུང་མེད་པ་ཡིན་ནོ། ། དག་པ་ཆོས་ཉིད་ཀྱི་རང་བཞིན་འོད་གསལ་ཡེ་ཤེས་ཀྱི་གནས་ལུགས་ཟབ་ཞི་སྤྲོས་པ་དང་བྲལ་བ་ནི་འཕོ་འགྱུར་མེད་པ། ལྷུན་གྱིས་གྲུབ་པ། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ནོ། །དེའང་ཀུན་རྫོབ་ཀྱི་བདེན་པ་ལས་བསོད་ནམས་ཀྱི་ཚོགས་རྨི་ལམ་སྒྱུ་མ་ལྟ་བུར་གསོག་ཅིང༌། དོན་དམ་པའི་བདེན་པ་ལས་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་ནམ་མཁའ་ལྟ་བུའི་དོན་བསྒོམས་པས། འབྲས་བུ་གཟུགས་སྐུ་དམ་པ་དང༌། ཆོས་སྐུ་དམ་པ་གཉིས་མངོན་དུ་བྱེད་པ་ཡིན་ནོ། །དེ་དག་གིས་ནི་མཛོད་ཁང་དང་པོ་བདེན་པ་གཉིས་རྣམ་པར་བཞག་པ་བསྟན་ཟིན་ཏོ། །ད་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དུ་བསྟན་པར་བྱ་སྟེ། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པས། འདིར་དེ་བཤད་པ་ལ། གཤིས་རྟེན་ཅིང་འབྲེལ་བར་འབྱུང་བ། འཁོར་བ་རྟེན་ཅིང་འབྲེལ་བར་འབྱུང་བ། མྱ་ངན་ལས་འདས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུམ་ལས། དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཉིད་དམ་དེའི་རང་བཞིན་ནི་གང་ནས་ཀྱང་མ་འོངས། གང་དུའང་མ་སོང༌། གང་ན་ཡང་མི་གནས་པ། ཆོས་ཅན་ལ་ཆོས་ཉིད་བརྟེན་པས་ཆོས་ཅན་ཡང་སྐྱེ་འགག་ལྟར་སྣང་དུས་ཉིད་ནས་སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། དབུ་མའི་རང་བཞིན་དུ་གསུངས་པ་ཉིད། དེ་ཉིད་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་པ་དང༌། ལང་ཀར་གཤེགས་པ་ལས། རྟག་དང་ཆད་པ་སྤངས་པ་ཡི། །ཡོད་མེད་ཕྱོགས་བྲལ་གང་ཡིན་པ། །དབུ་མར་རྣམ་པར་རྟོགས་པར་འགྱུར། །དབུ་མ་ཡི་ནི་ལམ་དེ་ཡང༌། །ང་དང་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སོ། །དེའང་འདི་ལྟར་མ་དག་པའི་སྣང་བ་དང༌། དེར་འཛིན་པའི་ཤེས་པ་ཐམས་ཅད་བད་ཀན་རབ་རིབ་ཅན་གྱི་མིག་ལམ་དུ་སྐྲ་ཤད་འཛག་པ་ལྟར་སྣང་ལ་དུས་དེ་ཉིད་ནས་ཡོད་མ་མྱོང་བ་སྟེ། དེ་ཉིད་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་རྟེན་གཞི་མེད། །འདི་དག་རོ་བཞིན་བྱིས་པ་ནི། །ལོག་པའི་ཤེས་པ་ཅན་གྱིས་བཏགས། །ཇི་ལྟར་ལོག་པས་སྐྲ་ཤད་འཛིངས། །སྐྱེ་བོ་རབ་རིབ་ཅན་གྱིས་མཐོང༌། །དེ་བཞིན་དངོས་པོར་རྣམ་རྟོག་འདི། །ལོག་པར་བྱིས་པས་རྣམ་བཏགས་པ། །སྲིད་པ་གསུམ་ནི་བཏགས་པ་ཙམ། །ཞེས་སོ། །དེའང་རྨི་ལམ་གྱི་འཁྲུལ་སྣང་གཉིད་དུ་འགྲོ་ཀ་དང་སད་པ་གཉིས་ཀ་ན་མེད་ཀྱང་བར་དེར་སྣང་བ་ལྟར། ད་ལྟར་གྱི་འགྲོ་དྲུག་འཁྲུལ་སྣང་འདི་ཡང་དང་པོ་སེམས་ཉིད་ཡེ་ནས་དག་པ་སྙིང་པོའི་ཁམས་ལ་མེད་ཅིང༌། ད་གཟོད་འཁྲུལ་པ་ཤིན་ཏུ་དག་པ་སངས་རྒྱས་པའི་དུས་སུའང་མེད་ཀྱང་བར་འདིར་སྣང་བ་ཡང་མེད་བཞིན་དུ་སྣང་བས་སྐྱེ་འགག་གནས་གསུམ་དུ་མ་གྲུབ་པ་ཡིན་ནོ། །དེས་ན་ངོ་བོ་ལ་སྐྱེ་འཇིག་མེད་པས་སྔོན་ནས་ད་ལྟ་དང་ཕྱི་མའི་བར་དུ་འགྱུར་བ་མེད་དེ། ཀུན་བྱེད་ཀྱི་རྒྱུད་ཕྱི་མ་ལས། ཕྱི་མའི་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར། །ཞེས་བཤད་ལ། འཁྲུལ་སྣང་མིང་ཙམ་བཏགས་པ་ཙམ་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་ལྟར་གཤིས་ལ་མ་གྲུབ་པས། དེའི་རང་བཞིན་རྟོགས་ན་གྲོལ་བ་ཡིན་ནོ། །དེ་སྐད་དུའང༌། འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ། །ནམ་མཁའི་མེ་ཏོག་རབ་ཏུ་འདྲ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། །ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སེམས་དང་རྣམ་པར་ཤེས་པ་སྤངས། །འཇིག་རྟེན་རྟག་དང་ཆད་པ་སྤངས། །ཞེས་སོ། །དེའང་ནང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པའི་རྣམ་ཤེས་བརྒྱད་དང༌། ཕྱི་དོན་དུ་སྣང་བའི་བག་ཆགས་ཀྱི་འཁྲུལ་སྣང་འདི་ཐམས་ཅད་ཀུན་བཏགས་པ། གློ་བུར་བ། དོན་ལ་མེད་པ། མེད་བཞིན་སྣང་བ། མ་རིག་པ། བདག་ཏུ་འཛིན་པའི་འཁྲུལ་རྟོག་དང་བདག་ཏུ་འཛིན་པས་དོན་མེད་པར་བྱས་པ་སྟེ་སེམས་ཅན་རྣམས་རྨི་ལམ་ལྟར་བདེན་ཞེན་བདེ་སྡུག་ལ་ངལ་བ་ནི། མི་ཟད་པ་མཛོད་ཀྱི་གླུ་ལས། ང་ཡིས་རྩེ་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། །ཅེས་སོ། །དེའང་སྣང་དུས་དྲན་རིག་ཏུ་འཆར་དུས་འདི་ཉིད་ནས་ཡེ་སྟོང་སྤྲོས་པའི་མཐའ་ལས་འདས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། རྒྱལ་བའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོངས་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་དང༌། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་སོ། དེའང་ཡོད་མེད། ཡིན་མིན། བདེན་བརྫུན། དག་མ་དག་ཐམས་ཅད་བློས་བཀོད་པའི་གྲུབ་མཐའ་ཡིན་པས། ཀུན་བརྟགས་པའི་ཕྱིར་དོར་བར་བྱ་དགོས་ཏེ། དེ་ཉིད་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བཏགས། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། ། གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །མཁས་པས་དབུས་ལའང་གནས་པར་ཡོད་མི་འགྱུར། །ཞེས་པ་དང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཡོད་ཅེས་བྱ་བ་མཐའ་གཅིག་སྟེ། །མེད་ཅེས་བྱ་བ་གཉིས་པ་ཡིན། དེ་ནི་བདག་དང་བདག་མེད་མཚུངས། །རྟག་པ་དང་ནི་ཆད་པ་མཚུངས། །ཞེས་སོ། །དེ་ལྟར་རང་རང་གི་རྟོག་པའི་གྲུབ་མཐས་འཆིང་བ་ནི། ལངྐའི་མདོ་ལས། དངོས་པོར་ཤེས་པའི་སྒྲ་འཛིན་པ། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །བྱིས་པ་མཚམས་སྦྱོར་མི་མཁས་པ། །རང་གི་གྲུབ་མཐའ་དམན་པས་འཆིང༌། །ཞེས་སོ། །དེ་བས་ན་ཆོས་ཐམས་ཅད་གང་དང་གང་གི་ཚེའང་རྟེན་ཅིང་འབྲེལ་བར་འབྱུང་བ། སྐྱེ་བ་མེད་པ། འགག་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། དོན་གཅིག་མ་ཡིན་པ། ཐ་དད་མ་ཡིན་པ། ཆད་པ་མེད་པ། རྟག་པ་མེད་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཅན་དུ་རྟོགས་པར་བྱ་སྟེ། རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བ་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟན་པ་ཡིན་ནོ། ། མདོར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པ་ནི་གཤིས་རྟེན་ཅིང་འབྲེལ་བར་འབྱུང་བའམ་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ད་ནི་འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པར་བྱ་སྟེ། དེའང་ཕྱི་རོལ་ལྟར་སྣང་བ། སེམས་ཀྱི་སྣང་ཡུལ་རི་དང༌། རྩིག་པ་དང༌། ས་དང༌། ཆུ་དང༌། མེ་དང་རླུང་དང༌། ནམ་མཁའི་གཟུགས་སུ་སྣང་བ། འབྱུང་འགྱུར་རམ་འབྱུང་གཟུགས་སུ་གྲགས་པས་མཚོན་ནས། རས་ཡུག་དང༌། ཐག་པའི་འདུ་བྱེད་ དང༌། རྩིད་རྐྱང་དང༌། རེ་ལྡེ་ལ་སོགས་པ་རྒྱུ་དང་རྐྱེན་ལས་དངོས་པོའི་རྣམ་པ་དེ་དང་དེར་རིགས་འདྲ་བ་དང་མི་འདྲ་བ་བསྐྱེད་པ་འདི་ཐམས་ཅད་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ། གཅིག་ལ་གཅིག་ལྟོས་ནས་བྱུང་བ་དང༌། ཕྱི་ལྟར་སྣང་ཞིང་བེམས་པོའི་རྣམ་པར་སྣང་བའི་ཕྱིར་རོ། །མ་རིགས་པ་ལས་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་བ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ། ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ། ཐག་པས་སྣམ་བུ་དང༌། རྩིད་རྐྱང་ལས་རེ་ལྡེ་དང༌། ས་བོན་ལས་མྱུ་གུ་དང༌། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་ཞོ་ལས་མར་འབྱུང་བ་འདི་ནི། བློ་གྲོས་ཆེན་པོ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མར་འབྱུང་བའོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་ལས་ཆོས་འདི་དག་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སོ། །དེ་ཡང་དང་པོ་སོ་སོ་རང་གི་རིག་པའི་ཡེ་ཤེས་ངོ་མ་ཤེས་པ་ནི་མ་རིག་པ་ཆེན་པོ་སྟེ། དེ་ལས་སྲིད་པར་འདུ་བྱེད་ཅིང་རྣམ་པར་ཤེས་པ་ནས་རྒ་ཤི་ལ་ཐུག་བར་གཅིག་ལ་གཅིག་བརྟེན་ཅིང་བར་མ་ཆད་པར་འབྲེལ་བ་ཅན་དུ་འབྱུང་བ་ནི། བཤེས་སྤྲིང་ལས། མ་རིག་པ་ལས་འདུ་བྱེད་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང༌། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་པ་ཀུན་དུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང༌། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །ཞེས་སོ། །དེ་དག་ཀྱང་རྒྱས་པར་དབྱེ་ན་བཅུ་གཉིས་ལས། དང་པོ་མ་རིག་པ་ནི་གནས་ལུགས་ཡེ་ནས་དག་པའི་ཆོས་ཉིད་གཤིས་ཀྱི་ངོ་བོ་དང་དེས་མཚོན་པའི་ཆོས་རྣམས་ཡང་དག་པར་མི་ཤེས་པས་འཁོར་བའི་ལས་འདུ་བྱེད་པའི་ཕྱིར་འདུ་བྱེད་འབྲེལ་པ་ཅན་དུ་འབྱུང་ ངོ༌། ། དེའང་མ་རིག་པས་བསྒྲིབས་པའི་ལུས་ངག་ཡིད་གསུམ་གྱི་དགེ་བ་བསོད་ནམས་ཆ་མཐུན་དང༌། མི་དགེ་བ་བཅུ་དང༌། ལུང་དུ་མ་བསྟན་པ་གསུམ་ནི་འདུ་བྱེད་ཡིན་པས། དེ་དག་གི་དགེ་བས་མཐོ་རིས་དང༌། མི་དགེ་བས་ངན་སོང་དང༌། ལུང་མ་བསྟན་དེ་གཉིས་ཀྱི་གྲོགས་སུ་མི་དགེ་བ་དང་མཚུངས་པར་ལྡན་ནོ། །རྩ་བ་ཤེས་རབ་ལས། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་ པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་སོ། །འདུ་བྱེད་ཀྱི་ལས་ཀྱིས་གང་བྱས་པ་དང༌། མཐུན་པའི་རྣམ་པར་འགྲོ་བ་གང་རུང་དུ་འཇུག་ཅིང་དེའི་ཤེས་པ་བསྐྱེད་པ་ནི་རྣམ་པར་ཤེས་པ་སྟེ། དེ་ཉིད་ལས། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །ཞེས་སོ། །རྣམ་པར་ཤེས་པས་རང་གི་འགྲོ་བ་དེར་ཞུགས་དུས་ཐིག་ལེ་དཀར་དམར་རླུང་སེམས་འདུས་པའི་ཆ་དེར་ཞུགས་པ་ལས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་བཞི་ནི་མིང་བཞིའི་ཕུང་པོ་ཡིན་ལ། གཟུགས་ནི་གཟུགས་ཀྱི་ཕུང་པོར་གྲུབ་པས་བསྡོམས་ཏེ་མིང་དང་གཟུགས་ཞེས་བྱ་སྟེ། དེ་ཉིད་ལས། རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །ཞེས་སོ། དེའང་མའི་མངལ་དུ་རྣམ་ཤེས་ཞུགས་པ་ལས་མིང་དང་གཟུགས་སུ་འགྲུབ་ བོ། །གཟུགས་དེ་ཡང་མེར་མེར་པོ་ལ་སོགས་པ་ནས་ལུས་རྫོགས་པའི་བར་ རོ། །དེའི་ཚེ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་དྲུག་པོ་འབྱུང་བས་ན་སྐྱེ་མཆེད་དྲུག་སྟེ། དེ་ཉིད་ལས། མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །ཞེས་སོ། ། དེ་ནས་ཡུལ། དབང་པོ། ཡིད་ལ་བྱེད་པ་གསུམ་འདུས་པ་ལས་རེག་པ་འབྱུང་སྟེ་དཔེར་ན། གཟུགས་དང༌། མིག་གི་དབང་པོ་དང༌། མིག་ཤེས་གསུམ་འདུས་པ་ལས་མིག་གི་འདུས་ཏེ་རེག་བ་སྐྱེ་བ་ལྟར། མིང་གཟུགས་རྣམ་པར་ཤེས་པ་གསུམ་ལས་མའི་མངལ་དུ་རེག་པ་སྐྱེ་བ་ནི། དེ་ཉིད་ལས། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །མིང་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིང་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཞེས་སོ། །རེག་པ་ལས་ཚོར་བ་འབྱུང་སྟེ། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་འབྱུང་བའི་ཕྱིར་ རོ། །དེ་ཉིད་ལས། ཚོར་བ་ཀུན་དུ་འབྱུང་བར་འགྱུར། །ཞེས་སོ། །ཚོར་བ་ལས་དེ་ལ་སྲེད་པ་འཕེལ་ཏེ་བུ་རམ་གྱི་མངར་བ་ཚོར་བས་དེ་ལ་ཞིམ་པར་སྲེད་པ་བདེ་བ་དང༌། སྡུག་བསྔལ་གྱི་ཚོར་བ་ལས་དེ་སྤང་བར་འདོད་ནས་བདེ་བ་ལ་སྲེད་པ་དང༌། བར་མ་ལས་བཏང་སྙོམས་པའི་སྲེད་པ་སྟེ་གསུམ་འབྱུང་བ་ཡང༌། དེ་ཉིད་ལས། ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་དུ་སྲེད་པར་འགྱུར། །ཞེས་སོ། །སྲེད་པ་ལས་གང་འདོད་པ་ཉིད་ཉེ་བར་ལེན་པར་འགྱུར་ཏེ། དེ་ཉིད་ལས། སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཞེས་སོ། །དེ་ཡང༌། ཚིག་གསལ་ལས། དེ་ལྟར་ཚོར་བ་དག་ལ་མངོན་པར་ཞེན་ཅིང་ཆགས་པ་དེ་ནི་སྲིད་པའི་རྐྱེན་ཅན་ལས་འཕེན་པའི་རྒྱུ་འདོད་པ་དང༌། ཚུལ་ཁྲིམས་དང༌། ལྟ་བ་དང༌། བརྟུལ་ཞུགས་དང༌། བདག་ཏུ་སྨྲ་བ་ཞེས་བྱ་བ་རྣམ་པ་བཞི་པོ་ཡོངས་སུ་འཛིན་པར་འགྱུར་ཏེ་ཞེས་སོ། །ཡང་ན་སྲེད་པའི་དུས་སུ་རྗེས་སུ་མཐུན་པ་དང༌། མི་མཐུན་པ་དང༌། བར་མ་དང༌། བདག་གིར་ལེན་པ་སྟེ་བཞིར་འགྱུར་བ་ཡིན་ནོ། །ལེན་པ་ལས་སྲིད་པ་འབྱུང་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་ལྔ་ནི་སྲིད་པ་ཡིན་པས་དེ་འབྱུང་བ་ཉིད་ཀྱང༌། དེ་ཉིད་ལས། ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །ཞེས་སོ། །དེ་ལས་ཐོག་མར་བཙའ་བ་དང་མ་འོངས་པའི་སྐྱེ་བ་འབྱུང་སྟེ། དེ་ཉིད་ལས། སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །ཞེས་སོ། །སྐྱེས་ནས་དར་ལ་བབ་པ་དང༌། རྒས་པ་དང༌། སྲོག་འགག་པས་འཆི་བ་རྣམས་འབྱུང་སྟེ། དེ་ཉིད་ལས། རྒ་ཤི་དང་ནི་མྱ་ངན་དང༌། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང༌། །ཡིད་མི་བདེ་དང་འཁྲུག་པ་རྣམས༌། །དེ་དག་སྐྱེ་ལས་རབ་ཏུ་འབྱུང༌། ། ཞེས་དང༌། མདོ་ལས། དེ་ལ་རྒ་བ་ནི་ཡོངས་སུ་སྨིན་པའོ། །འཆི་བ་ནི་རྒས་པའི་ཕུང་པོ་འཇིགས་པའོ། །མྱ་ངན་ནི་འགྲོ་བཞིན་འཆི་བཞིན་པའི་ཀུན་ཏུ་རྨོངས་པས་མངོན་པར་ཆགས་པ་དང་བཅས་པའི་སྙིང་གི་གདུང་བའོ། །སྨྲེ་སྔག་འདོན་པ་ནི་མྱ་ངན་གྱིས་ཀུན་ནས་བསླང་བའི་ངག་གི་བརྗོད་པའོ། །སྡུག་བསྔལ་ནི་དབང་པོ་ལྔ་ལ་གནོད་པའོ། །ཡིད་མི་བདེ་བ་ནི་ཡིད་དུ་མི་འོང་བ་འབབ་པའོ། །འཁྲུག་པ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་ལས་བྱུང་བའོ་ཞེས་སོ། །དེ་ལྟར་རྟེན་འབྲེལ་དེ་དག་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཆ་ནས་རྒྱུ་ལས་བྱུང་བ་ཞེས་བྱ་བ་དང༌། ནང་གི་ས་ཆུ་མེ་རླུང་ནམ་མཁའ་རྣམ་པར་ཤེས་པ་སྟེ་ཁམས་དྲུག་འདུས་པའི་ཆ་ལས་བསྐྱེད་པས་ན་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། འཕགས་པ་སཱ་ལུ་ལྗང་པའི་མདོ་ལས། དེ་བཞིན་དུ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། རྒྱུ་དང་འབྲེལ་བ་དང༌། རྐྱེན་དང་འབྲེལ་བའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམས་པར་ཤེས་པ་ཞེས་པ་ནས། ཡང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། གང་ཞེ་ན་འདི་ལྟ་སྟེ། ས་དང༌། ཆུ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ་ཞེས་སོ། །དེ་དག་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །ཉན་ཐོས་པ་ལྟར་ན་ཚེ་སྔ་མའི་ཉོན་མོངས་པ་སྤྱོད་དུས་ཀྱི་ཕུང་པོ་དེ་མ་རེག་པའོ། །ཚེ་སྔ་མའི་ལས་གསོག་དུས་ཀྱི་ཕུང་པོ་ལྔ་པོ་དེ་འདུ་བྱེད་དོ། །དེ་ནས་མངལ་དུ་འཇུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་རྣམ་ཤེས་སོ། །དེ་ནས་མེར་མེར་པོ་ལ་སོགས་པ་དབང་པོའི་སྒོ་མ་དོད་བར་གྱི་ཕུང་པོ་ལྔ་ནི་མིང་དང་གཟུགས་ སོ། །དབང་པོའི་སྒོ་དོད་ནས་ཡུལ་ལ་སྤྱོད་མི་ནུས་པའི་བར་གྱི་ཕུང་པོ་ལྔ་ནི་སྐྱེ་མཆེད་དུ་དྲུག་གོ །ཡུལ་ལ་སྤྱོད་ནུས་པ་ནས་བཟུང་སྟེ་བདེ་སྡུག་གི་བྱེ་བྲག་མི་ཤེས་པའི་བར་གྱི་ཕུང་པོ་ལྔ་ནི་རེག་པའོ། །བདེ་སྡུག་གི་བྱེ་བྲག་ཤེས་པ་ནས་བཟུང་སྟེ་འཁྲིག་པ་སྤྱོད་མི་ནུས་ཀྱི་བར་གྱི་ཕུང་པོ་ལྔ་ནི་ཚོར་བའོ། །འཁྲིག་པ་སྤྱོད་ནུས་པ་ནས་བཟུང་ནས་འདོད་པའི་ཡུལ་དང་དུ་མ་བླངས་ཀྱི་བར་གྱི་ཕུང་པོ་ལྔ་ནི་སྲེད་པའོ། །འདོད་པའི་ཡུལ་དང་དུ་བླངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་ལེན་པའོ། །དེ་ནས་ལས་གསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་སྲིད་པའོ། །དེ་ནས་ཚེ་ཕྱི་མའི་ཐོག་མར་མའི་མངལ་ནས་བྱུང་བའི་ཕུང་པོ་ལྔ་པོ་དེ་སྐྱེ་བའོ། །དེ་ནས་ཕྱི་མའི་མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། སྲེད་པ། ཚོར་བ་སྟེ་བཞི་པོ་དེ་རྒ་ཤི་ཡིན་སྟེ། སཱ་ལུ་ལྗང་པ་ལས། མིང་དང་གཟུགས་ཀྱི་སྐྱེ་མཆེད་གང་ཡིན་པ་དེ་ནི་རྒ་ཤིའོ། །སྐྱེ་བ་སྟེ་ཚོར་བའི་བར་དུ་ཡང་དེ་དང་འདྲའོ། །ཞེས་སོ། །དེ་དག་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དེ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། ། ལོངས་སྤྱོད་འཁྲིགས་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། ། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ན་རྒ་ཤི་ཡིན། །ཞེས་སོ། །དེ་ལྟར་རྟེན་འབྲེལ་བཅུ་གཉིས་ལ་རྫོགས་ཚུལ་གཉིས་ཏེ། སྐད་ཅིག་དང༌། རྒྱུན་ཆགས་སོ། སྐད་ཅིག་གི་དབང་དུ་བྱས་ན་ཕ་རོལ་དང་བདག་གཉིས་ཀའི་དབང་གིས་སྲོག་གཅོད་དུས་མི་ཤེས་པས་སྡིག་པ་བྱེད་པ་ནི་མ་རིག་པ། དེས་ལས་ལ་འཇུག་པའི་ཆ་ནི་འདུ་བྱེད། ལས་བྱེད་དུས་ཀྱི་རིག་པ་ནི་རྣམ་ཤེས། རང་གཞན་གྱི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག དེ་ནས་རང་ལ་བདེ་བ་དང་གཞན་ལ་སྡུག་བསྔལ་དུ་གྱུར་པ་མཚོན་བསྣུན་པའི་ཆ་ནི་རེག་པ། དེ་ལས་བདེ་སྡུག་གི་ཆ་ནི་ཚོར་བ། དེ་ལས་ཕྱི་ཕྱིར་དགའ་བས་འཇུག་པ་སྲེད་པ། དེ་ལས་ཕྱི་མའི་སྐྱེ་བར་འཇུག་པས་ལེན་པ། དེ་ལས་ཕུང་པོ་ལྔའི་ཆ་ལྡན་སྲིད་པ། དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ། དེའི་ཆའི་རྒ་ཤི་སྟེ་བྱ་བ་རྫོགས་པའི་སྐད་ཅིག་ལ་ཚང་བ་ཡིན་ནོ། །སྐད་ཅིག་ནི་གསུམ་སྟེ། ཤེས་བྱ་ལ་ཤེས་པ་ཝལ་གྱིས་འཇུག་པ་དུས་མཐའི་སྐད་ཅིག །དེ་ལྟ་བུའི་ཡུན་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག །བྱ་བ་གཅིག་མགོ་བརྩམས་ནས་རྫོགས་ཀྱི་བར་ལ་བྱ་རྫོགས་ཀྱི་སྐད་ཅིག་གོ །རྒྱུན་ཆགས་ལ་བརྩི་ན། སེམས་ཙམ་པས་རྒྱུ་འབྲས་ཚར་གཅིག་ཚེ་གཉིས་ལ་རྫོགས་པར་འདོད་དེ། ཚེ་སྔ་མ་ལ་རྒྱུ་དྲུག་པོ་རྫོགས་ནས་འདིར་འབྲས་བུ་དྲུག་རྫོགས་སོ། །དེས་ཕྱི་མ་འགྲེའོ། རྒྱུ་དྲུག་ནི། མ་རིག་པ། འདུ་བྱེད། རྣམ་ཤེས། སྲེད་པ། ལེན་པ། སྲིད་པའོ། །འབྲས་བུ་དྲུག་ནི་ལྷག་མ་རྣམས་སོ། །ཉན་ཐོས་པ་ལྟར་ན་རྒྱུ་འབྲས་ཚར་གཅིག་ཚེ་གསུམ་ལ་རྫོགས་ཏེ། ཚེ་སྔ་མའི་མ་རིག་པ་དང༌། འདུ་བྱེད་ཀྱིས་རྒྱུ་བྱས་པ་ལ་བརྟེན་ནས་འབྲས་བུ་ཚེ་འདིར་རྣམ་ཤེས་ལ་སོགས་པ་ལྔ་འབྱུང་ཞིང༌། ཚེ་འདིའི་སྲེད་ལེན་སྲིད་པ་གསུམ་གྱིས་རྒྱུ་བྱས་པ་ལ་བརྟེན་ནས་འབྲས་བུ་ཕྱི་མའི་སྐྱེ་བ་རྒ་ཤི་གཉིས་བསྐྱེད་དོ། །དེ་དག་ཤེས་པ་ལ་དགོས་པ་ཅི་ཡོད་ན། མཛོད་ལས། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་ལྡོག་ཕྱིར་རོ། །ཞེས་ སོ། །དེ་དག་གིས་སྲིད་པ་འཁོར་བའི་རྟེན་འབྲེལ་བཤད་ཟིན་ཏོ། །ད་ནི་མྱ་ངན་ལས་འདས་པའི་རྟེན་འབྲེལ་ལ་གཉིས་ཏེ། ལམ་དང༌། འབྲས་བུའོ། ། ལམ་ནི་འཁོར་བའི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་པོའི་རྩ་བ་མ་རིག་པ་ཡིན་པས་དེ་རིག་པའི་ཡེ་ཤེས་ཀྱིས་ལྡོག་སྟེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་རྒྱུད་གོམས་པར་བྱས་པས་དང་པོའི་རྩ་བ་མ་རིག་པ་ལྡོག་ གོ །དེ་ལོག་པས། དེ་ལ་བརྟེན་པའི་གཞན་རྣམས་རིམ་གྱིས་ལྡོག་སྟེ། སྲིད་པར་འཇུག་པའི་རྒྱུ་ཟད་པས་འཁོར་བའི་གནས་ལས་བརྒལ་བར་འགྱུར་ཏེ། བཤེས་སྤྲིང་ལས། སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར། །ཞེས་པ་དང༌། རྩ་ཤེ་ལས། མ་རིག་འགག་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པ་འོ། །དེ་དག་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག ། ཅེས་སོ། །དེའང་རྣལ་འབྱོར་པ་ཐར་པ་འདོད་པ་དག་གིས་འཁོར་བ་འགྲུབ་པའི་ལས་རྒྱུ་ནས་མ་བསགས་པ། དེའི་འབྲས་བུ་ཕྱིས་འཁོར་བར་སྐྱེ་བ་མེད་དེ་འདུ་བྱེད་བཀག་པའི་ཕྱིར་རོ། །དེ་སྐད་དུ། དེ་ཉིད་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །ཅེས་སོ། །འབྲས་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འདུས་པར་ཤེས་པ་དེས་བདེན་པར་དམ་པའི་དོན་ཁོང་དུ་ཆུད་ནས་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། ། ཞེས་གསུངས་སོ། །དེ་དག་ནི་གསུང་རབ་ཆེན་པོའི་མཛོད་ཁང་གཉིས་པ་སྟེ་ཆོས་ཐམས་ཅད་དེར་འདུ་བའི་ཕྱིར་རོ། །འདི་དག་ནི་ཤེས་པར་བྱ་བ་རྣམས་ཀྱི་ནང་ན་ཤིན་ཏུ་གཅེས་སོ། ། « སྣང་བ་སྐྱེ་མེད་དུ་བསྟན་པ་ནི། »ད་ནི་དེས་གཏན་ལ་ཕབ་པའི་དོན་ཤེས་རབ་ཉིད་བཤད་པ་ནི། སྣང་འདི་གདོད་ནས་མ་སྐྱེས་གཟུགས་བརྙན་བཞིན། །ངོ་བོ་མེད་ལ་སྣ་ཚོགས་སྣང་བ་སྟེ། །རང་བཞིན་དག་པའི་རྟེན་འབྲེལ་མཐོང་ནས་ ནི། །མི་གནས་མཆོག་གི་གོ་འཕང་མྱུར་དུ་རེག །འདི་ལྟར་ཕྱི་ནང་གི་ཆོས་སུ་སྣང་བ་ཐམས་ཅད་ཆུའི་ནང་དུ་ཤར་བའི་ཟླ་བའི་གཟུགས་བརྙན་ལྟར་ངོ་བོ་མེད་ལ་སྣ་ཚོགས་སུ་སྣང་བ་ཉིད། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པའི་ཚུལ་གྱིས་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་མེད་པར་ཤེས་པར་བྱས་ནས་མཉམ་པར་བཞག་སྟེ། ཕྱི་སྣ་ཚོགས་སུ་སྣང་བའི་དངོས་པོ། ནང་མེད་ལ་འཆར་བའི་རིག་པ་གཉིས་ལ་སེམས་སྤྲོ་བསྡུ་མེད་པར་བཞག་པ་ན། དེ་ལས་གཞན་པའི་ཆོས་གང་ཡང་མི་དམིགས་པས་ནམ་མཁའ་ལྟ་བུའི་ངང་དུ་བློའི་འཇུག་པ་ནུབ་པའི་དབྱིངས་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང༌། ས་ར་ཧས། བསྒོམ་བྱ་སྒོམ་བྱེད་ལས་གྲོལ་བའི། ངང་ལས་མ་གཡོས་སྒོམ་པར་བཏགས། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། ། འབྲས་བུ་གང་ལའང་རེ་བ་མེད། །ཅེས་སོ། །དོན་དེ་དག་ཀྱང༌། མདོ་སྡེའི་རྒྱན་ལས། ཤེས་བྱ་ཡང་དག་རབ་རྣམས་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་ དང༌། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང༌། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། ། ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་ བྱེད། །ཅེས་སོ། །ངོ་བོ་ནི་ཤེས་བྱ་རྟོགས་པའོ། །རྒྱུ་ནི་ཏིང་ངེ་འཛིན་ལ་བརྟེན་པའོ། །འབྲས་བུ་ནི་ཉོན་མོངས་པ་ལས་གྲོལ་བའོ། །སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་བཟླ་བར་འགྱུར། །ཞེས་སོ། །བྱེད་ལས་ནི་འཚོ་བ་དག་པ་དང༌། ཆོས་ལེགས་པར་བཤད་ནས་ཐེ་ཚོམ་གཅོད་པ་སྟེ། དེ་ཉིད་ལས། མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ན། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་སོ། །ཡོན་ཏན་ནི་ཤེས་རབ་དེས་ཐར་པའི་གྲོང་དུ་ཕྱིན་པར་བྱེད་དོ། །དབྱེ་ན་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་གསུམ་མམ། ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་གསུམ་གྱི་ཤེས་རབ་གསུམ་མོ། །དེ་ལྡན་པའི་ཡོན་ཏན་ནི། མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡི་ཆགས་རབ་མ་སྐྱེས་འཁོར་བར་སྨོས་ཅི་དགོས། །ཤེས་རབ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། ཤེས་རབ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སོ། ། «ཤེས་རབ་དང་ལྡན་ན་གྲོལ་བ་ཐོབ་པས་དེ་ཉིད་བསྐྱེད་པར་བསྟན་པ་ནི། »དེ་ལྟ་བུའོ། །ཤེས་རབ་ལྡན་པ་ཐབས་ཀྱིས་གྲོལ་འགྱུར་ཏེ། །ཇི་ལྟར་དུག་ལ་སྔགས་ཀྱིས་བཏབ་པ་ བཞིན། །ཤེས་རབ་མེད་ན་ཐབས་ཀྱིས་འཆིང་འགྱུར་ཏེ། །སྨན་ཉིད་ནད་དུ་སོང་བས་གདུང་བ་བཞིན། །དེ་ཕྱིར་གནས་ལུགས་རྟོགས་པའི་ཤེས་རབ་བསྐྱེད། །ཇི་སྐད་དུ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས། ཤེས་རབ་དང་ལྡན་པ་རྣམས་ནི་ཐབས་ཀྱིས་རྣམ་པར་གྲོལ་ལོ། ། ཤེས་རབ་དང་མི་ལྡན་པ་རྣམས་ནི་ཐབས་ཀྱིས་ཡོངས་སུ་འཆིང་ངོ་ཞེས་པ་དང༌། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོ་ན་ཏེ་སྙོང་རྗེ་འབའ་ཞིག་བསྒོམས་ན་ཡང༌། ། འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། ། འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང༌། བླུན་པོ་གང་གིས་བཅིངས་གྱུར་པ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། །ཞེས་ སོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་ནས་རབ་ཏུ་འབད་ན་མྱུར་དུ་གྲོལ་ཏེ། འཕགས་པ་གོ་ཆ་བཀོད་པ་བསྟན་པའི་མདོ་ལས། གང་ལ་ལ་ཞིག་སྐྱེ་བ་མེད་པ། འགག་པ་མེད་པ། ཤིན་ཏུ་ཟབ་པ་སྟོང་པ་ཉིད་ཀྱི་ཆོས་འདི་ནན་ཏན་ཆེན་པོ་དང༌། བརྩོན་འགྲུས་ཀྱིས་ཡོངས་སུ་སྒྲུབ་པར་བྱེད་ན། མྱུར་དུ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ལ་མཁས་པ་དང༌། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་དང༌། བླ་ན་མེད་པའི་ཆོས་ཡོངས་སུ་སྡུད་པ་འཐོབ་ཅིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྡགས་པ་བརྗོད་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང༌། བཟོད་པ་རྣམ་པར་དག་པ་དང༌། བླ་ན་མེད་པའི་བརྩོན་འགྲུས་དང༌། དམིགས་པ་མེད་པའི་བསམ་གཏན་དང༌། ཤེས་རབ་ཆེན་པོ་ཐོབ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང༌། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་བས། རྒྱལ་པོ་ཆེན་པོ་བཞིས་གདུགས་ཐོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་ཤིང༌། ལྷ་དང་མི་རྣམས་ལ་སྣང་བ་ཆེན་པོ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་འགྱུར་རོ་ཞེས་སོ། ། « དེ་ལྟར་ཕ་རོལ་ཏུ་ཕྱིན་དྲུག་བཤད་པའི་དོན་བསྡུ་བ་ནི།» ད་ནི་དེ་ཐམས་ཅད་ཀྱི་མཇུག་བསྡུ་པ་ནི། སྦྱིན་པ་ནས་ཤེས་རབ་ཀྱི་བར། ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་ན། །སྒྱུ་མའི་སྐྱེ་བོ་ཇི་བཞིན་ཤེས་པར་བྱ། །འཁོར་གསུམ་མི་རྟོག་དགེ་བའི་ཚོགས་གཉིས་ཀྱིས། །རྒྱལ་བའི་གོ་འཕང་ཞི་བ་ཐོབ་པར་འགྱུར། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བ་གང་ལའང་བྱེད་པ་པོ་བདག་ཉིད། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ། བྱེད་དུས་ནས་བདེན་ཞེན་མེད་པ་སྤྲུལ་པ་ལྟ་བུའི་བློའམ་སྒྱུ་མ་ལྟ་བུས་སྤྱད་ན་མྱུར་དུ་སངས་རྒྱས་འཐོབ་སྟེ། དཀོན་མཆོག་སྤྲིན་གྱི་མདོ་ལས། གང་ལ་དགེ་བ་མི་དམིགས་པ་དང༌། ཇི་ལྟར་བྱ་བ་མི་དམིགས་པ་དང༌། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ། །དེ་ཡང་སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་སེམས་ཀྱིས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་སོ། །དེའང་ཤེས་རབ་ཀྱིས་ལྟ་བ་དག་ཅིང༌། ཐབས་ཀྱིས་སྤྱོད་པ་དག་ན་ལམ་ལ་གོལ་ས་མེད་པས་སངས་རྒྱས་ཚེགས་མེད་པར་འགྲུབ་ཅིང་མཁའ་ལ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ཏེ། ཇོ་བོ་རྗེའི་ཞལ་ནས། དེ་ལྟར་ལྟ་བས་མ་རྨོངས་ཤིང༌། །སྤྱོད་པ་ཤིན་ཏུ་དག་གྱུར་ན། །གོལ་བའི་ལམ་དུ་མི་འགྲོ་སྟེ། །འོག་མིན་གནས་སུ་འགྲོ་བར་ འགྱུར། །ཞེས་སོ། ། « སྤྱི་དོན་གསུམ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི།» ད་ནི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ། དེ་ལྟར་དགེ་ལེགས་སྦྲིན་གྱི་བཞོན་པ་ཡིས། །འགྲོ་སེམས་གཙང་མའི་ལོ་ཐོག་ལེགས་བསྐྲུན་ཏེ། །སྲིད་པའི་ཉེས་ཚོགས་དབུལ་བས་རབ་ཕོངས་པའི། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོས་ཏེ། བློ་གྲོས་དང་ཞིང་དྲི་མ་མེད་པའི་མཁའ་དབྱིངས་དག་པར་དགེ་བའི་རྩ་བ་རྣལ་དུ་བྱུང་བའི་ཆུ་འཛིན་འཐུག་པོས་འཁྲིགས་ཏེ། ཆོས་ཆར་རབ་ཏུ་བསིལ་པའི་བདུད་རྩིའི་རྒྱུན་བབ་པ་དག་གིས། སྐྱེ་དགུ་དམ་པའི་ཆོས་རབ་དགེ་བ་ལ་གཞོལ་བའི་ལོ་ཐོག་བསྐྲུན་ནས། སྲིད་པར་དབུལ་ཞིང་ཕོངས་པའི་སྡུག་བསྔལ་མཐའ་དག་ཞི་སྟེ་བྱང་ཆུབ་ཀྱི་སྙིང་པོའི་བདེ་བས་ཚིམ་ཞིང་ངལ་སོས་པར་ཤོག་ཅིག་ཅེས་སྨོན་པ་ཡིན་ ནོ། །སྡུག་བསྔལ་མེ་ཚོགས་གདུངས་བའི་འཇིག་རྟེན་འདིར། །ཆོས་ཆར་དྲི་མེད་བདུད་རྩིའི་རྒྱུན་བབ་པས། །འགྲོ་ཀུན་སེམས་ཀྱི་དམ་པར་རབ་རྟོགས་ནས། །བསིལ་གྱུར་ཡེ་ཤེས་རྒྱ་མཚོ་ཐོབ་པར་ཤོག །ཡོན་ཏན་པདྨོས་གང་བ་མཛེས་པའི་མཚོ། །ས་དང་ལམ་གྱི་ངང་མོས་ཉེར་བསྟེན་ཞིང༌། །ཕ་རོལ་ཕྱིན་དྲུག་དབའ་རླབས་ཆིལ་ཆིལ་གཡོ། །ཚོགས་གཉིས་ཆུ་གཏེར་རྒྱ་ཆེན་སྤྱོད་པར་ཤོག །དུས་རིང་ཐོག་མཐའ་མེད་ནས་ཡང་དང་ཡང༌། །སྲིད་གསུམ་འཁོར་བའི་དགོན་པར་འཁྱམས་གྱུར་ཏེ། །གྲངས་མེད་སྡུག་བསྔལ་མང་པོས་གདུངས་བ་ཀུན། །བདག་གི་བདེ་བས་བདེ་ཆེན་སངས་རྒྱས་ཤོག །ཆོས་ཀུན་རྨི་ལམ་སྒྱུ་མའི་ཚུལ་མཐོང་ནས། །བདེན་པར་ཞེན་པའི་བློ་ནི་ཕྱིར་ཕྱོགས་ཏེ། །སྤྲུལ་འདྲའི་ངང་ནས་དགེ་ཚོགས་རབ་བསྒྲུབ་ཅིང༌། །སྣང་སྲིད་འཁོར་འདས་ཕྱམ་གཅིག་དག་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་བརྒྱད་པའི་འགྲེལ་པའོ།། །། དགེའོ། །དགེའོ། །«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༡༽ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། སྨད་ཆ།»- PAGE 4 -- PAGE 5 -

- PAGE 1 -