volume 011 365
༄༅། །གདམས་ཁྲིད་དོན་གྱི་མདོ་ཆིངས་བཞུགས་སོ། །གདམས་ཁྲིད་དོན་གྱི་མདོ་ཆིངས་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཆར་འབེབས་དཔལ་མགོན་བླ་མ་དང༌། ། མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །བླ་མེད་རྡོ་རྗེ་སྙིང་པོའི་ཐེག་པ་འདིར། །ཇི་ལྟར་འཇུག་ཚུལ་གནད་ཀྱི་མན་ངག་བྲི། །དད་པ་རབ་དང་ལྡན་པའི་སྐལ་བཟང་གིས། །འཁོར་བའི་གནས་ལས་བརྒལ་བར་བྱ་དོན་དུ། །དམ་པའི་བླ་མ་རབ་ཏུ་མཉེས་བྱས་ཏེ། །སྔོན་དུ་གསེར་ལ་སོགས་པའི་མཎྜལ་ ཕུལ། །ཚོགས་ཀྱི་འཁོར་ལོས་མཆོད་ནས་གསོལ་བ་གདབ། །དེས་ཀྱང་མཚན་བཏགས་རྗེས་སུ་བཟུང་བྱས་ལ། །ལོ་ཟླའི་སྔོན་དུ་བླ་མའི་རྣལ་འབྱོར་ དང༌། །མཎྜལ་གསོལ་འདེབས་ལུང་འབོགས་བརྩོན་པར་བྱ། །དུས་ལ་བབས་ཚེ་དབེན་པའི་གནས་དག་ཏུ། །སྒྲུབ་པའི་མཐུན་རྐྱེན་ཚོགས་ཆས་ཀུན་བསགས་ལ། །ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་བྱ། །དེ་ནས་སྣོད་ལྡན་རིགས་ཀྱི་བུ་རྣམས་ལ། །ཐུན་མོང་སྔོན་འགྲོ་ལམ་ཁྲིད་རྫོགས་པར་གདབ། །དམིགས་པ་རེ་ལ་རབ་འབྲིང་ཐ་མའི་རིམ། །ཞག་ལྔ་གསུམ་རེར་བརྩོན་པས་ཉམས་སུ་བླང༌། །དེ་ནས་སྤྲོས་མེད་གསང་བའི་དབང་བསྐུར་ ལ། །ལམ་ཁྲིད་ཆེན་མོ་ཤིན་ཏུ་འབྱོངས་པར་གདབ། །དབང་ཁྲིད་གང་བྱེད་སྔོན་དུ་མཎྜལ་དང༌། །བརྒྱུད་པའི་གསོལ་འདེབས་དད་གུས་ཚད་མེད་བྱ། ཁྱད་པར་ཁྲིད་དམིགས་ཀུན་གྱི་སྔོན་འགྲོ་རུ། །མཎྜལ་གསོལ་འདེབས་ཤིན་ཏུ་གཅེས་པར་བསྟན། །འདིས་ནི་ཚོགས་རྫོགས་སྒྲྀབ་གཉིས་བྱང་བ་དང༌། །བླ་མ་སྒྲུབ་པའི་མཆོག་གི་སྙིང་པོར་འགྱུར། །དེ་ཡི་བྱིན་རླབས་རྟོགས་པ་ཤུགས་ལ་འཆར། །ཏིང་འཛིན་ལྷུན་གྲུབ་གེགས་དང་བར་ཆད་སེལ། ཁྲིད་དམིགས་རེ་ལ་རབ་འབྲིང་སྔར་དང་མཚུངས། ཁྱད་པར་སེམས་ཀྱི་སྔོན་འགྲོའི་དུས་དག་ ཏུ། །དྲི་བ་གཟབ་ལ་ཐེ་ཚོམ་ཆོད་པར་བྱ། །ཡུན་རིང་འབད་པས་འདི་ཡི་རང་གནད་གཟབས། །གནས་ལུགས་རྟོགས་པས་ཤེས་རབ་རྩལ་ལ་རེག །དེ་ཡི་གནད་དུ་འདི་ལས་ལྷག་པ་མེད། །ཞག་འགས་དོན་གྱི་སྙིང་པོ་དངོས་སུ་མཐོང༌། །གདམས་པའི་ཁྱད་ཆོས་ཀུན་ལས་འཕགས་པ་ཡིན། །འོག་མའི་ལམ་དུ་ལོ་མང་བསྒོམས་པ་ལས། །འདི་ཡི་དམིགས་གནད་ཞག་གཅིག་དོན་ལ་ ཉེ། །དེ་བས་མོས་གུས་བརྩོན་འགྲུས་རབ་བསྐྱེད་ལ། །སྐད་ཅིག་མ་ཡེངས་བསམ་མནོ་ཞིབ་མོར་གཏང༌། །རྟོགས་པ་འབུལ་ཞིང་ཐེ་ཚོམ་ཆོད་པར་བྱ། ། དོན་སྤྱིའི་སྒོམ་པས་སེམས་ཉིད་རྟོགས་དུས་མེད། །རང་གི་མ་མཐོང་མུན་པའི་མདའ་འཕེན་འདྲ། །འདིར་ནི་རང་གི་དངོས་སུ་མཚུངས་རྟོགས་པས། །རང་རིག་ཆོས་སྐུ་འོད་གསལ་ཉི་ཤར་འདྲ། །ཡིད་དཔྱོད་བློ་བྲལ་མངོན་སུམ་ཨེ་མ་ཧོ། །དེ་ནས་དངོས་གཞི་ཁྲེགས་ཆོད་ངོ་སྤྲད་ལ། །གཞི་གྲོལ་ཟང་ཀ་རིག་པའི་ཐག་ཆོད་གྲོགས། ཁྱུང་ཆེན་ལ་སོགས་མང་ཉུང་ཅི་རིགས་བཤད། །ཞག་འགའ་དེ་ཡི་དོན་ལ་བརྟན་ཆགས་བྱ། །འདི་ནི་ཀ་དག་ཆོས་སྐུའི་དོན་ཆེན་ཏེ། ། ལྟ་བའི་རྫོགས་ཆེན་ངོ་མཚར་རྨད་བྱུང་བས། །ཐག་ཆོད་དགོངས་པས་གཏན་ལ་ཕེབས་པར་བྱ། །དེ་ནས་ཐོད་རྒལ་འོད་གསལ་ངོ་སྤྲོད་ལ། །ལྷུན་གྲུབ་རང་གསལ་གཟུགས་སྐུ་རང་གནས་དོན། །རང་བྱུང་ནང་གསལ་ཕྱིར་སྣང་ཡིད་ཆེས་བྱ། །དེ་ཡི་གསལ་འདེབས་སྣང་བཞི་མཐའ་རྟེན་བསྟན། །འབྲིང་དང་ཐ་མའི་གདམས་ངག་རྫོགས་པར་བྱ། ཁྱད་པར་དུ་ཡང་གནད་ཀྱི་ངོ་སྤྲོད་ནི། །གཞི་ལམ་འབྲས་གསུམ་ཞུགས་དོན་གསུམ་གནས་དང༌། །ངོ་སྤྲོད་རྣམ་བཞི་སྒྲ་འོད་ཟེར་གསུམ་དང༌། གསང་ལམ་ཐུགས་རྗེ་རྒྱུན་གྱི་ངོ་སྤྲོད་རྣམས། ཤིན་ཏུ་གཟབས་ལ་གཏན་ལ་ཕེབས་པར་བྱ། །དེ་ནས་དབང་པོའི་ཚད་དང་རབ་སྦྱོར་ལ། ཁྲེགས་ཆོད་ཐོད་རྒལ་རྒྱབ་ཆོས་ཅི་འོས་བཤད། །དད་བརྩོན་ཆེ་ཞིང་སྒྲུབ་ངེས་གང་ཟག་ལ། །ཉམས་ལེན་ལག་ཁྲིད་འཆུགས་མེད་དངོས་སུ་བསྟན། ཁྲིད་རྒྱབ་ཚར་ནས་ཚོགས་ཀྱི་གཏང་རག་བྱ། །ཟླ་བ་གསུམ་གཉིས་གཅིག་གིས་རིམ་པ་བཞིན། །རབ་འབྲིང་ཐ་མའི་དབང་ཁྲིད་གདམས་པ་གྲུབ། །དེ་རྗེས་བརྩོན་པས་ལོ་ཟླར་ཉམས་སུ་བླང༌། །འདི་དག་ཐོག་མའི་གདམས་ཁྲིད་མན་ངག་གོ། །དེ་ནས་ལོ་ནི་གཅིག་ལ་སོགས་པ་ན། །སྐལ་བཟང་དད་ལྡན་བརྩོན་པའི་སློབ་མ་དེས། །བླ་མ་མཆོག་ལ་དབང་རྫོགས་གསོལ་བ་གདབ། ། དེས་ཀྱང་རི་རྩེ་ལུང་སྟོང་ལ་སོགས་པར། །སློབ་མ་ཁྲིད་ལ་སྔོན་འགྲོ་སྤྱོད་པ་བརྩམ། །སྔོན་གྱི་ལམ་འཁྱེར་བོགས་འབྱིན་རྩལ་སྦྱང་བྱ། །རུ་ཤན་ཕྱེད་ནས་ཤིན་ཏུ་སྤྲཽས་མེད་དང༌། །རབ་ཏུ་སྤྲོས་མེད་དབང་རྫོགས་དུས་གཅིག་བསྐུར། ། དགའ་སྟོན་བྱ་ཞིང་དམ་བཅའ་སྒྲུབ་ཡོན་དབུལ། །དེ་ནས་གསང་ཆེན་ངེས་པའི་རྒྱུད་རྣམས་དང༌། །ལུང་དང་མན་ངག་གདམས་ཁྲིད་རྒྱ་ཆེར་བསྟན། །དད་བརྩོན་སྒྲུབ་ལ་སྙིང་པོར་བྱེད་རྣམས་ལ། །གསང་བའི་གནད་རྣམས་མ་ལུས་ཚང་བར་བྱིན། །བསྟན་པའི་སྙིང་པོ་འཛིན་པར་ནུས་རྣམས་ལ། །རྒྱུད་ལུང་མན་ངག་ལུང་རྣམས་ཚང་བར་བྱིན། །བརྒྱུད་པའི་བྱིན་རླབས་ཆུ་བོ་འབབ་པ་ལ། །གཏད་རྒྱ་བཀའ་ལུང་ངེས་པའི་སྙིང་པོ་བྱིན། །དེ་ལས་གཞན་དུ་བླ་མ་མཆེད་མི་གུས། །ཚེ་འདིའི་ཞེན་པ་ཅན་ལ་གདམ་གཞུག་སྦ། །ཅི་ཕྱིར་གདམས་ཀྱང་དེ་ལ་ཕན་མི་ཐོགས། །གསང་བའི་གནད་རྣམས་འཆུགས་ཤིང་བྱིན་རླབས་ཡལ། །བཀའ་བསྒོ་འཆོལ་ནས་བཀའ་ཆད་འབྱུང་བའི་ཕྱིར། །སྣོད་དང་མི་ལྡན་རྣམས་ལ་གསང་ཞིང་སྦ། །སྣོད་ལྡན་རྣམས་ལ་བྱིནཞིང་བཀའ་རྒྱས་གདབ། །དེས་ནི་བསྟན་པའི་སྙིང་པོ་ཡུན་རིང་གནས། །སྤྱིར་ན་གསང་སྔགས་དབང་ཁྲིད་མན་ངག་ལ། ཁྲིགས་ཆགས་དང་ནི་དུམ་བུའི་ལུགས་གཉིས་ཏེ། ། སྐལ་ལྡན་ཡང་རབ་རྣོན་པོའི་རིགས་རྣམས་ལ། །དབང་བཞི་དུས་གཅིག་གདམས་ཁྲིད་ཁྲིགས་ཆགས་གསུངས། །འོན་ཀྱང་བརྟག་དཀའ་མངོན་ཤེས་མི་ལྡན་ཕྱིར། །ཕྱག་བཞེས་ཉིད་ལ་དུམ་བུའི་ལུགས་འདི་མཛད། །དེ་བས་འདི་ཉིད་ཤིན་ཏུ་ལེགས་པར་མངོན། །སྐལ་ལྡན་ཡིན་ན་བསྒུག་ལོངས་ཡོད་པ་ དང༌། །དོན་གཉེར་ཆེ་བས་ཅིས་ཀྱང་རྫོགས་པར་ཐོབ། །སྐལ་བ་ཡོད་མེད་རང་བཞིན་མི་ཤེས་པར། །ཟབ་མོའི་དབང་ཁྲིད་དུས་གཅིག་རྫོགས་པར་ གདབ། །གསང་སྒོ་འཆོལ་ན་དཔོན་སློབ་གཉིས་ཀ་ལ། །མཁའ་འགྲོ་གྲུབ་པ་ཅན་གྱི་བཀའ་ཆད་འབྱུང༌། །དེ་བས་དུམ་སྐྱོང་འཁྲིད་པའི་ཐབས་ཟབ་འདི། ། སྔོན་བྱུང་བླ་མས་སྙན་བརྒྱུད་རིན་ཆེན་རྣམས། །རིམ་གྱིས་འཁྲིད་པའི་ལོ་རྒྱུས་ཡིད་ཆེས་མཐོང༌། ཁོ་བོས་ཀྱང་ནི་རིག་འཛིན་བླ་མ་ལ། །རབ་འབྲིང་ཐ་མའི་ཞབས་ཏོག་སྲི་ཞུ་བྱས། །མཉེས་བཞིན་པ་ཡིས་ཐུགས་རྗེས་བཟུང་བ་ལས། ། དུམ་བུའི་ལུགས་སུ་བར་བར་གནད་རྣམས་ཐོས། །ལོ་དྲུག་སོང་རྗེས་དབང་བཞི་རྫོགས་པ་དང༌། །ཕྲ་མོའི་གདམས་ཁྲིད་ངོ་སྤྲོད་གཏད་རྒྱ་ཐོབ། །དེ་བས་གསང་ཆེན་དོན་གྱི་ཐེག་པ་འདི། །ཤིན་ཏུ་ཟབ་དྲགས་གཉན་ལ་བབས་ཆེ་ བས། །ལོ་རེ་ཟླ་རེས་ཞུས་དག་ག་ལ་ཆོད། །ཡུན་དུ་སྒྲུབ་ཅིང་ཡུན་དུ་ཇ་མ་བརྟེན། །ཡུན་དུ་བསྲིངས་པ་དོན་ཆེན་ཡུན་གྱིས་འགྲུབ། །ངང་ཐུང་རེས་འཇོག་ཡོན་ཏན་ཐོབ་དུས་མེད། །ཟབ་ཅིང་རྒྱ་ཆེ་བསྟན་པའི་སྙིང་པོ་འདི། །མཁའ་ལྟར་རྒྱ་ཆེ་ཟབ་ཅིང་རྟོགས་དཀའ་བས། །བླ་མ་བརྟེན་ཞིང་སྒྲུབ་པ་ཡུན་བསྲིངས་པས། །ཆོས་རྣམས་རྫོགས་ཤིང་མཐར་ཐུག་ངེས་པ་རྙེད། །དེ་ཕྱིར་རིམ་གྱིས་དུམ་སྐྱོང་གནད་དུ་ཆེ། །ཕྱིན་ཆད་རྗེས་སུ་འཇུག་པའི་བུ་རྣམས་ ཀྱིས། །དབང་ཁྲིད་གདམས་པ་དེ་ལྟར་བརྟེན་པར་བྱ། །བླ་མའི་བཀའ་རྒྱ་ཡིན་ནོ་སྙིང་ལ་ཕུར། །རྗེས་འཇུག་གཏད་རྒྱ་ཡིན་ནོ་དམ་དུ་ཟུང༌། །ངེས་པའི་སྙིང་གཏམ་ཡིན་ནོ་བརྩོན་པས་སྒྲུབས། །སྙིང་པོའི་གདམས་པ་ཡིན་ནོ་ཟད་སར་སྐྱོལ། །གཙོ་བོ་དམ་ཚིག་ཡིན་ནོ་རྣམ་དག་སྲུངས། །བྱིན་རླབས་རྩ་བ་ཡིན་ནོ་མོས་གུས་སྐྱེད། །དངོས་གྲུབ་རྩ་བ་ཡིན་ནོ་སྒྲུབ་ལ་རེམས། །བླ་མས་བྱིན་གྱིས་བརླབ་ཀྱིས་གསོལ་བ་ཐོབ། །ཡི་དམ་དངོས་གྲུབ་སྟེར་གྱིས་བསྐྱེད་རྫོགས་སྒོམས། །མཁའ་འགྲོས་སྟོང་གྲོགས་བྱེད་ཀྱིས་ཚོགས་གཏོར་ཤོམས། །བཀའ་སྲུང་བར་ཆད་སེལ་གྱིས་མཆོད་ལ་བརྩོན། །ཚེ་འདི་འཁྲུལ་པ་ཡིན་གྱིས་ཞེན་པ་ཆོད། །ཅིས་ཀྱང་དགོས་མེད་ཡིན་གྱིས་དངོས་འཛིན་ཐོང༌། །གདམས་པའི་མཐར་ཐུག་ཡིན་གྱིས་སེམས་ཉིད་ལྟོས། །འདིར་བདེ་ཕྱི་མར་སྐྱིད་ཀྱིས་ཆོས་རང་མཛོད། །འཇིག་རྟེན་བྱ་བ་བཏང་ན་ངང་གིས་བདེ། །སྣང་བ་ཆོས་ལ་བསྒྱུར་ན་དེས་ཀྱང་བདེ། །ཟབ་དོན་སྙིང་པོ་བསྒྲུབས་ན་ཤིན་ཏུ་བདེ། །གནས་ལུགས་ཟད་སར་སྐྱོལ་ན་ལོས་ཀྱང་བདེ། །དེ་བས་སྐལ་ལྡན་མོས་གུས་ཡོད་པ་རྣམས། །གདམས་པའི་མཆོག་འདི་ནན་ཏན་སྙིང་པོར་མཛོད། །ཚེ་འདིར་འཁོར་བའི་རྒྱ་མཚོ་རབ་བརྒལ་ནས། །ཞི་བ་བྱང་ཆུབ་མྱ་ངན་འདས་ཐོབ་འགྱུར། །ཚུལ་འདི་གདམས་ཁྲིད་དོན་གྱི་སྙིང་པོའི་ཆིངས། །མ་འོངས་སྐལ་ལྡན་རྣམས་ལ་གདམས་པ་སྟེ། །རང་གཞན་དོན་གཉིས་འགྲུབ་པར་བྱེད་དོན་དུ། །མ་ནོར་མ་འཁྲུལ་གོ་རིམ་ལག་ཁྲིད་བསྡེབས། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །མངོན་པར་བྱང་ཆུབ་མཛད་པ་མཐའ་ཡས་ཤོག །གདམས་ཁྲིད་དོན་གྱི་མདོ་ཆིངས་ཞེས་བྱ་བ། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། གངས་རི་ཐོད་དཀར་གྱི་མགུལ། ཀུན་ཏུ་བཟང་པོའི་ནགས་ནང༌། ཟླ་བ་ཆུ་ཤེལ་གྱི་ཁང་བཟངས་སུ་ལེགས་པར་སྦྱར་བ་རྫོགས་སོ།། །། དགེའོ། །དགེའོ། །དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༡༽གདམས་ཁྲིད་དོན་གྱི་མདོ་ཆིངས།
»-PAGE 314--PAGE 315--PAGE 312-