volume 010 300

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 07:04, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་« »ལྗོན་ཤིང་བཞུགས་སོ། །

«ཐུགས་རྗེའི་སྤྲིན་མཚོས་ཉེས་བརྒྱའི་ནད་སེལ་བ། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཏེ། །རྟེན་གཞིའི་ལུས་ལ་འབྱུང་བཞི་འདུ་བའི་ནད། །གང་དེའི་གེགས་སེལ་བདུད་རྩིའི་ལྗོན་ཤིང་བྲི། །དེ་ཡང་གདོད་མའི་ངང་ལས་མ་རིག་པས་འཁྲུལ་དུས་ངོ་བོ་དུག་གསུམ་གྱིས་རྒྱུ་བྱས། རྐྱེན་འབྱུང་བ་བཞི་འདུས་པ་ལས་རླུང་མཁྲིས་བད་ཀན་གསུམ་དུ་བྱུང་སྟེ། སོ་སོའི་རྩལ་མ་སྙོམས་པ་ལས་ནད་དུ་གྱུར་པ་རྣམས་ཀྱང༌། བསྡུ་ན་ཚ་གྲང་གཉིས་སུ་འདུས་པས། དེའི་གཉེན་པོར་ལུས་ཀྱི་སྟོད་སྨད་གར་ན་ཡང༌། ཚ་བའི་ནད་ལ་བསིལ་བའི་དམིགས་པ་དང༌། གྲང་བའི་ནད་ལ་དྲོ་བའི་དམིགས་པས་གདོན་པར་བྱ་སྟེ། ལུས་ལ་རྩ། རྩ་ལ་རླུང་དང་ཁྲག་དང་ཁམས་གནས་ཤིང༌། དེའི་ནང་ན་ཡི་གེ་གནས་ཏེ། ལུས་དང་རླུང་གི་གནད་བསྟུན་ནས་ཡི་གེ་བརྗོད་པས། རྩ་ནང་གི་ཡི་གེ་གསལ་བས་ནད་ཐོན་པར་འགྱུར་བའི་ཕྱིར། གནད་དེ་ལྟ་བུས་གདོན་པར་བྱའོ། །དེ་ལ་སྔོན་འགྲོ་བླ་མའི་རྣལ་འབྱོར་ན་སར་བསྒོམ་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ནད་དེ་སངས་སངས་དག་པར་བསམ་ལ། གསོལ་བ་སྙིང་ནས་གདབ་བོ། །དངོས་གཞི་ལ་གཉིས་ལས། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་སྤྱིར་ནད་བསལ་བ་ནི། སྤྱི་བོ་ནད་ཡ་རྐན་ཡན་ཆད་གང་ན་ཡང་ཨཱོཾ་གྱིས་བྱ་སྟེ། ཚད་པའི་ནད་དམ་བད་མཁྲིས་ན་བའི་སར། ཨཱོཾ་དཀར་བསིལ་ལས་བདུད་རྩིའི་རྒྱུན་བབས་པས། ཚད་ནད་ཐམས་ཅད་མེ་ལ་ཆུ་བཏབ་པ་ལྟར་ཞི་བ་དང༌། ཚད་ནད་ཨཱོཾ་ལ་འདུས་ཏེ་ཁོལ་བུར་སྐར་ཁུང་ནས་བྱེའུ་འཕུར་བ་ལྟར་དོན་པར་བསམས་ལ། ཨཱོཾ་ཧ་ཞེས་དྲག་པོ་བརྗོད་ནས། རླུང་ཕྱིར་འཕངས་ཤིང་ནང་དུ་མི་གཟུང་ངོ༌། །གྲང་བ་དང་རླུང་ཡིན་ན་ཨཱོཾ་དམར་པོ་ལས་བདུད་རྩི་མེ་ལྟ་བུ་བབས་པས་ནད་བསྲེགས་པར་བསམས་ལ། ཨཱོཾ་ཧཱུྃ་ཞེས་རིང་པོས་རླུང་ཚུར་རྔུབ་སྟེ་གནན་ཞིང༌། ཕར་འགྲོ་དུས་ནད་རྣམས་སངས་སངས་སོང་བར་བསམས་པས་ཞི་བར་བྱེད་དོ། །མགྲིན་པའི་མ་རྐན་ནས་ནུ་མའི་གོང་ཡན་ཆད་ལ་ཨཱཿདང༌། སྙིང་ཀ་མན་ཆད་ཐམས་ཅད་ལ་ཧཱུྃ་གིས་བྱ་བ་དང༌། དམིགས་པ་དང་གནད་ཐམས་ཅད་འདྲ་བས་ཐོན་ནོ། །ཡི་གེ་སོ་སོས་བྱ་བ་ནི། མགོ་ན་བ་ལས་སྣ་མང་པོའི་དུགས་བྱ་ཞིང༌། གྷ་དབུགས་ཀྱིས་ཐུབ་ཐང་བཟླས་ཏེ། ཕྱིར་གདོན་པ་དང༌། ནང་དུ་རླུང་བསྐྱིལ་བ་ནི་གོང་དང་འདྲའོ། །རྨའི་ནད་ལ་དང་པོ་ཁྲག་གཅད་པ་ནི། ཨཱོཾ་སུ་ཏྲ་ཕཊ་ཅེས་བདུན་བཏབ་པས་ཆོད་པ་དང༌། རླུང་སེམས་ནམ་མཁར་གཏད་དེ་དྲི་ཆུའི་དྭངས་མ་དྲོད་མ་ཡལ་བ། ས་སྦྱིན་པོ་བསྲེས་ཏེ་བྱུགས་ལ། གྷ་དཀར་སེར་བསམ་ནས། བདུད་རྩི་བབས་པས་སོས་པར་བསམས་ལ། གྷ་མང་དུ་འདོན་ཞིང་སྐབས་སུ་དྲི་ཆུས་བཀྲུས་པས་ འཚོའོ། །རོ་སྟོད་ན་བ་ལ་ལུས་འདར་བཤད་དུ་བྱེད་ཅིང༌། ཧ་དྲག་པོ་བརྗོད་པའམ། ཡཾ་མང་དུ་བཟླས་ཤིང་རྒྱུ་མ་གྱེན་ལ་འུབ་ཀྱིས་དྲངས་ཏེ། རླུང་དང་བསྲེས་པས་ཕན་ནོ། །རྐང་པ་ན་བ་ལ་ཡན་ལག་འགལ་མེ་ལྟར་བསྐོར་ཞིང་ཕུ་བརྗོད་དོ། །མིག་ན་བ་ལ་དྷ་དང༌། རྣ་བ་ལ་མཾ་དང༌། སྣ་ལ་ཛ་དང༌། ལྕེ་ལ་ཊཱཾ་དང༌། ལུས་ཀྱི་དབང་པོ་ལ་ཤའོ། ཁོལ་བུར་ཟེར་བ་དང༌། ཕོ་ལོག་དང༌། སྐྲན་བྱུང་བ་ལ་རླུང་སེམས་ལྟེ་བར་གཏད་ལ་རཾ་བརྗོད་དོ། །ཕོ་བ་འཁྲིལ་བའམ་འབྱམས་པ་ལ་ལག་པ་མཉེ་ཞིང་ཀྵ་བརྗོད་པའོ། །གློ་མཆིན་ན་བ་དང༌། ཡི་ག་འཆུས་པ་དང༌། གློ་ལྡང་བ་རྣམས་ལ་ཀ་གདོན་ཞིང་རླུང་ཕྱིར་འཕངས་སོ། ། སྙིང་རླུང་དང༌། སྨྱོ་ནད་དང༌། བརྒྱལ་འབོག་ཅན་ལ་ཁུ་ཚུར་སྙིང་ཀར་བརྡུང་པ་དང༌། རླུང་ཕྱིར་འཕངས་པ་དང༌། བྷ་དྲག་པོ་བརྗོད་པ་གསུམ་དུས་གཅིག་ཏུ་བྱས་པའི་མཐར་རླུང་ནང་དུ་གཟུང་ངོ༌། །མཁལ་མ་འཁྲས་པ་དང༌། ཡན་ལག་བཤལ་བ་དང༌། གཞོག་མི་བདེ་བ་དང༌། རྩ་སྦྲིད་པ་དང༌། མཁྲིས་པའི་ནད་རྣམས་ལ། ཆུའི་འགྲམ་དུ་ཕཊ་བརྗོད་ཅིང༌། ནད་རྣམས་ཕཊ་ལ་འདུས་པ་ཆུའི་དཀྱིལ་དུ་སོང་བར་བསམ་ཞིང༌། ཁ་སྣ་ཆུ་ངོས་ལ་གཏད་དོ། །སྐབས་སུ་ཚ་དང་ས་སྣའི་དུགས་བྱའོ། །རྐང་པ་ཁོལ་བུར་ན་བ་དང༌། ཚིགས་ལ་ཆུ་སར་ཁོལ་བུར་ཞུགས་ཏེ་ན་བ་དང༌། སྒུར་བ་དང༌། ཞ་འཁུམས་ཐམས་ཅད་ལ་ལག་པ་གཡས་གཡོན་རལ་གྲི་བསྐོར་བའི་ཚུལ་དུ་བྱ་སྟེ། ཨེ་དྲག་ཏུ་བརྗོད་པའོ། ། སྐྲངས་པ་དང༌། ཤ་རོ་དང༌། ལྷོག་འབྲས་དང༌། སྦྲུལ་དང་སྡིག་པ་ལ་སོགས་པས་ཟིན་ན་དྲི་ཆེན་བྱུགས་ཏེ། རླུང་འཕངས་ལ་ཨཱུ་རིང་པོ་བརྗོད་པའོ། །ཆུ་དང་དྲི་མ་འགགས་ན། སྒལ་ཚིགས་ཁུར་ཚུར་ཀྱིས་བརྡུང་ཞིང་མཉེས་ཏེ་བཾ་བརྗོད་པའོ། །སྐད་འགགས་ན་རླུང་གྱེན་ལ་དྲངས་ཏེ་ཨཱི་བརྗོད་དོ། །དེ་ཐམས་ཅད་ཀྱི་ཚེ་ཚ་གྲང་གི་ནད་གང་ཡིན་ངོས་བཟུང་ལ། རླུང་དང་ཡི་གེའི་ཁ་དོག་དང་རེག་བྱ་སྔ་མ་ལྟར་ཤེས་པར་བྱ་སྟེ་གདོན་པ་ཡིན་ནོ། །དེ་ལྟ་བུའི་ཐབས་ཀྱང་ལན་བདུན་ནམ། ཉེར་གཅིག་གམ། ལོ་གྲངས་སམ། བརྒྱ་རྩ་བརྒྱད་དུ་བྱས་པས། མི་ཐོན་མི་སྲིད་པས་ན་འབད་པས་བྱ་བ་གལ་ཆེའོ། །ལན་རེ་ཙམ་གྱིས་ནི་མི་འགྲུབ་པས་ཤིན་ཏུ་མང་བར་བྱའོ། །གཞན་ཡང་བདེ་ཆེན་འཁོར་ལོར་ཨཱོཾ། ལོངས་སྤྱོད་འཁོར་ལོར་ཨཱཿ» «ཆོས་ཀྱི་འཁོར་ལོར་ཧཱུཾ། སྤྲུལ་པའི་འཁོར་ལོར་སྭཱ། བདེ་སྐྱོང་འཁོར་ལོར་ཧཱ་བསམས་ཏེ། ཚ་གྲང་གྱི་བྱེ་བྲག་ཤེས་པས། སྔ་མ་ལྟར་ལས་ཕྱི་ནང་གི་ནད་ལ་རླུང་དང་ཡི་གེ་བརྗོད་ནའང་སེལ་ལོ། །ཡང་གཞོགས་གཡས་ཐམས་ཅད་ལ་སྤྱི་བོ་ནས་རྐང་པ་གཡས་ཀྱི་མཐེ་བོང་གི་བར་དུ་ཚོན་རེ་བཅལ་བར། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་རྣམས་བསམ་ཞིང༌། གཡོན་ལ་འཁྱིད་རེའི་སར། ཨ་ཨཱ། ཨི་ཨཱི། ཨུཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་བསམ་སྟེ་སྔ་མ་ལྟར་འཁྱིད་གང་རེའི་ས་ཚོད་རྩིས་པ་དེའི་ཕྱི་ནང་གི་ནད་བྱུང་སར། སྔ་མ་བཞིན་བྱས་པས་ནད་ཐམས་ཅད་ལས་གྲོལ་བར་ངེས་པ་ཡིན་ནོ། །དེ་ལྟར་ནད་འདོན་གནད་ཀྱི་གདམས་པ་འདི། དུམ་དུམ་ཁྲིགས་དང་དུས་བཞི་མཉམ་སྦྱོང་སོགས། །ཟབ་མོའི་དོན་བསྡུས་ཉམས་སུ་བླང་བའི་གནད། ། གཅིག་ཏུ་དྲིལ་ནས་ལེགས་པར་བཀོད་པ་ཡིན། །བདག་གིས་གནད་འདི་མྱོང་བས་ཡིད་ཆེས་ཤིང༌། །གཞན་ལ་བསྟན་པས་ནད་ལས་རྣམ་པར་གྲོལ། །དེ་ཕྱིར་ཟབ་མོའི་གནད་འདི་གཅེས་པས་ན། །མངོན་སུམ་སྒོམ་པའི་གྲོགས་སུ་བཅང་བར་གྱིས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །ནད་ཆེན་སྲིད་པའི་ཉོན་མོངས་ལས་གྲོལ་ཏེ། །བདུད་རྩིའི་བདག་པོ་དྲང་སྲོང་སྲིད་མེད་བུ། །རྒྱལ་བའི་གོ་འཕང་མཐའ་ཡས་ཐོབ་པར་ཤོག» «།གསང་བ་སྙིང་ཏིག་གི་གནད་ལས་རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩི་ལྗོན་ཤིང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༠༽རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང༌།

»- PAGE 144 -- PAGE 145 -- PAGE 142 -