volume 005 142

From Rangjung Yeshe Wiki Texts
< Klong chen rab byams gsung 'bum
Revision as of 07:03, 22 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ་བཞུགས་སོ༔

EMBED Photoshop.Image.7 \s «རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ རིགས་ལྔའི་ཕྱིའི་སྒྲུབ་ཐབས་བསྟན་པར་བྱ་སྟེ༔ ཀློང་གསལ་ལས༔ ལུས་ཀྱིས་ཁྱབ་ཚད་ཐམས་ཅད་ལ༔ ཕུང་པོ་ལྔ་ནི་རིགས་ལྔ་དངོས༔ ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས༔ ཞེས་པས༔ རང་གི་ལུས་སེམས་འདི་རྒྱལ་བ་རིགས་ལྔའི་ངོ་བོར་ཡེ་ནས་གནས་ཀྱང་༔ སེམས་མ་རིག་འཁྲུལ་བའི་དབང་གིས་རིགས་དྲུག་ཏུ་འཁོར་ཞིང་འཁྱམས༔ དེ་ལས་གྲོལ་བར་བྱེད་པ་ལ་རིགས་ལྔ་ཡབ་ཡུམ་གྱི་སྒྲུབ་ཐབས་བཤད་དེ༔ འདི་ལ་ཡང་གསུམ་སྟེ༔ རྣལ་འབྱོར་རྣམ་པ་གསུམ་གྱི་སྒོ་ནས་བསྒྲུབ་པར་བྱ་སྟེ༔ དེ་ལ་ལྷའི་རྣལ་འབྱོར་དང༔ སྔགས་ཀྱི་རྣལ་འབྱོར་དང༔ རྫོགས་རིམ་གྱི་རྣལ་འབྱོར་རོ༔ དང་པོ་ལྷའི་རྣལ་འབྱོར་བསྐྱེད་པ་ནི༔ སྐད་ཅིག་གིས་རང་ཐ་མལ་གྱི་སྤྱི་གཙུག་ཏུ་ཨཿདཀར་པོ་གཅིག་བསྒོམ༔ དེ་ལས་འོད་འཕྲོས་རང་གི་ལུས་འོད་དུ་ཞུ་བར་བསམ༔ འོད་ཟེར་ཕྱིར་འཕྲོས་ཕྱི་སྣོད་ཀྱི་འཇིག་རྟེན་ཡང་འོད་དུ་ཞུ་བར་བསམ༔ ཨོཾ་ཨཱཿཧཱུྃ་མཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་བརྗོད་པས་ཐམས་ཅད་སྟོང་པ་ཉིད་དུ་བསམ༔ དྷརྨ་དྷརྟུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་བརྗོད་པས་ཀུན་ལ་ཁྱབ་པའི་ཚད་མེད་པའི་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་བཛྲ་ཙིཏྟ་ཧཱུྃ་ཞེས་པས་རང་གི་སེམས་ཉིད་ཡི་གེ་ཧཱུྃ་ཞིག་ཏུ་གྱུར༔ ཧཱུྃ་དེ་ལས་ཨེ་འཕྲོས་པས་ཐམས་ཅད་ནམ་མཁའ་སྟོང་པར་གྱུར༔ ཧཱུྃ་ལས་ཡཾ་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་གྱུར༔ ཧཱུྃ་ལས་བཾ་འཕྲོས་པས་ཡེ་ཤེས་ཀྱི་རྒྱ་མཚོར་གྱུར༔ ཧཱུྃ་ལས་ལཾ་འཕྲོས་པས་རཏྣའི་ས་གཞིར་གྱུར༔ ཧཱུྃ་ལས་བྷྲུཾ་འཕྲོས་པས་རཏྣའི་གཞལ་ཡས་ཁང་དུ་བསམ༔ བྷྲུཾ་བྷི་ཤ་གྷི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲུཾ༔ ཞེས་བརྗོད་པས་གཞལ་ཡས་ཁང་གི་ནང་དུ་དབུས་སུ་སེངྒེའི་ཁྲི༔ ཤར་དུ་གླང་པོ་ཆེའི་ཁྲི༔ ལྷོར་རྟའི་ཁྲི༔ ནུབ་ཏུ་རྨ་བྱའི་ཁྲི༔ བྱང་དུ་ཤང་ཤང་གི་ཁྲི་བསྐྱེད་ལ་དེའི་སྟེང་དུ་ཉི་ཟླ་པདྨའི་གདན་ལྔ་བསྐྱེད་ལ་དེ་དག་གི་དབུས་ཀྱི་ལྟེ་བ་ལ་ཨཱོཾ༔ ཤར་དུ་ཧཱུཾ༔ ལྷོར་ཏྲཱཾ༔ ནུབ་ཏུ་ཧྲཱི༔ བྱང་དུ་ཨཱ་བསམ༔ ས་བོན་དེ་རྣམས་ལས་འོད་་འཕྲོས་པས༔ འཕགས་པ་ཐམས་ཅད་ལ་མཆོད་པ་ཕུལ༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཚུར་འདུས་པས་ཕྱག་མཚན་ལ་ས་བོན་གྱིས་མཚན་པར་བསྒོམ༔ ཡང་ཡུམ་གྱི་ས་བོན་ཨེ༔ བཾ་ལཾ་རཾ་ཡཾ་དེ་ལས་འཕྲོས་འདུས་པ་ལས་མཚམས་བཞིར་ཡུམ་བཞི༔ དབུས་སུ་ཡུམ་གཙོ་བོ་དང་གཉིས་སུ་མེད་པར་བསྐྱེད་དོ༔ ཡུམ་བཞིའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿབཞི་ལས་འོད་་འཕྲོས་པས་ཕྱོགས་བཞིར་སྒོ་མ་བཞི་བསྐྱེད་དོ༔ ཇི་ལྟར་བསྐྱེད་པ་ནི༔ ཞལ་གཅིག་ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ རྒྱན་་ཐམས་ཅད་ཀྱི་བརྒྱན་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བསྐྱེད་དོ༔ ཡུམ་གྱི་སྐུ་མདོག་དང་ཕྱག་མཚན་དབང་ཆོག་ལྟར་བསྐྱེད་དོ༔ སྒོ་མ་བཞི་ཡང་དབང་ཆོག་ལྟར་བསྐྱེད་དོ༔ ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་ཁར་ཧཱུཾ་མཐིང་ཁ་བསྒོམ་མོ༔ དེ་ནས་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ༔ ཞེས་བརྗོད་པས་སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེའི་དྲ་བས་ལུས་ཐམས་ཅད་གཏམས་པར་བསམ༔ དེ་ནས་སྙིང་ཁའི་རང་གི་ས་བོན་ལས་འོད་འཕྲོས་པས་རང་རང་གི་ཕྱོགས་ནས་ཡེ་ཤེས་སེམས་དཔའ་རང་རང་གི་ཚུལ་དུ་སྤྱན་དྲངས་ལ་ཡི་གེ་བཞིས་བསྟིམ༔ དེ་ནས་ཡབ་ཡུམ་རང་གི་ཐུགས་ཀར་ཉི་ཟླའི་སྟེང་དུ་རང་རང་གི་ས་བོན་ལས་རང་རང་གི་སྙིང་པོས་མཚན་པར་བསམ་ཏེ་བཟླས་པ་བྱས་པས༔ དེ་དག་ལས་་འོད་དཔག་ཏུ་མེད་པ་འཕྲོས་པས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསམ་ཞིང་བཟླས་པ་བྱའོ། །དེ་ཡན་ཆད་ནི་བསྐྱེད་པ་ལྷའི་རྣལ་འབྱོར་རོ༔ ༈ ད་གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཨཱོཾ་ཛྷི་ན་ཛྷི་ག༔ ལཾ་དེ་ཤྭ་ར་ཏེ་སྟྭཾ༔ ཧཱུྃ་བཛྲ་དྷྲིག༔ མུཾ་ད་དུ་ཤྭ་རི་སྟྭཾ༔ སྭཱ་རཏྣ་དྷྲིག༔ མཾ་མོ་ཧ་ར་ཏི་སྟྭཾ༔ ཨཾ་ཨ་རོ་ལི་ཀ༔ བྱཾ་རཱ་ག་ར་ཏི་སྟཱཾ༔ ཧཱ་པྲ་ཛྙཱ་དྷྲིག༔ ཏཱཾ་བཛྲ་ར་ཏི་སྟཱཾ༔ ཛཿཧཱུཾ་བཾ་ཧོ་སི་ཏི་ཧཱུཾ༔ ཞེས་ཡབ་ཡུམ་འཁོར་བཞི་དང་བཅས་པའི་སྙིང་པོ་འདི་ནུས་ཚད་བཟླས་སོ༔ དེ་ནི་བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ༔ གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ ལྷ་་ཐམས་ཅད་ས་བོན་ལ་བསྡུ༔ ས་བོན་མི་དམིགས་པར་ན་བུན་ཡལ་བ་ལྟར་གྱུར་ནས་སྟོང་པའི་ངང་ལ་བཞག་གོ༔ དེ་ནི་རྫོགས་རིམ་གྱི་རྣལ་འབྱོར་རོ༔ དེ་ལྟར་ཡི་དམ་བཅས་ན་ལུས་ལ་བདེ་བ་འབྱུང་༔ ངག་ལ་ནུས་པ་འབྱུང་༔ སེམས་ལ་རྟོགས་པ་འཆར༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་འདག༔ དུག་ལྔ་གནས་སུ་དག༔ དུག་གསུམ་རང་སར་གྲོལ༔ ཡེ་ཤེས་ལྔ་རང་བཞིན་གྱིས་འཆར༔ རབ་ཚེ་གཅིག་ལ་སངས་རྒྱ༔ འབྲིང་བར་དོ་ལ་སངས་རྒྱ༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་སངས་རྒྱའོ༔ རིགས་ལྔ་ཕྱི་ལྟར་སྒྲུབ་པ་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ དགེའོ༔«༄༅། །རིགས་ལྔ་ནང་གི་སྒྲུབ་པ་བཞུགས་སོ༔

«རིགས་ལྔ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ༔ རིགས་ལྔ་ནང་ལྟར་སྒྲུབ་པ་ནི༔ ཀློང་གསལ་ལས༔ སྟོང་གསལ་རིག་པ་ཡེ་ཤེས་ལྔ༔ ཐབས་ཤེས་ཟུང་འཇུག་རང་རིག་དངོས༔ ཞེས་པས༔ རང་རིག་མི་འགྱུར་བ་ནི་རྣམ་པར་སྣང་མཛད༔ ཀུན་ཏུ་བཟང་པོ་རིག་རྩལ་མ་འགགས་པ་ནི་རིགས་བཞི་ཡབ་ཡུམ་སྒོ་མ་བཞིར་ཤར་རོ༔ དེས་ན་ལོགས་ནས་བསྒྲུབ་ཏུ་མེད་དེ་རང་ལ་རང་གསལ་བཏབ་པས་ཆོག་པས་ཕྱིར༔ སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་བྱ་སྟེ༔ རང་ཉིད་ཀུན་བཟང་ཡབ་ཡུམ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཀུན་བཟང་མོ་དང་གཉིས་མེད་འཁྲིལ༔ ཕྱག་མཚན་རྡོ་རྗེ་དྲིལ་བུ་འཛིན༔ སྐྱིལ་ཀྲུང་རིན་ཆེན་རྒྱན་གྱིས་བརྒྱན༔ ལོངས་སྐུ་མཚན་དཔེ་ལྡན་པར་བསྐྱེད༔ སྤྱི་བོ་རྡོ་རྗེ་སེམས་དཔའ་དང་༔ མགྲིན་པར་རིན་ཆེན་འབྱུང་ལྡན་དང་༔ སྙིང་ཁར་སྣང་བ་མཐའ་ཡས་ཉིད༔ ལྟེ་བར་དོན་ཡོད་གྲུབ་པ་བསྐྱེད༔ ཡན་ལག་བཞི་ལ་སྒོ་མ་བཞི༔ ཀུན་ཀྱང་ཡབ་ཡུམ་འཁྲིལ་སྦྱོར་ལ༔ སྐུ་མདོག་རིགས་ཀྱི་ཁ་དོག་འཛིན༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ སྐད་ཅིག་ཙམ་ལ་བསྐྱེད་ནས་ཀྱང་༔ གསང་བའི་སྙིང་པོ་འདི་ཉིད་བཟླས༔ ཨོཾ་ཨཱཿཧཱུཾ༔ ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨཱཿ སི་ཏི་ཕ་ལ་ཧཱུཾ་ཛ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ སྒྱུ་མ་ལྟ་བུར་ཤེས་བྱས་ལ༔ སྔགས་ནི་གྲགས་སྟོང་བཟླས་པར་བྱ༔ རྫོགས་རིམས་དབྱེར་མེད་ངང་ལ་བཞག༔ དེ་ལྟར་བསྒྲུབས་པའི་ཡོན་ཏན་ཡང་༔ ཚེ་འདིར་ཡོན་ཏན་ཀུན་འབྱུང་ཞིང་༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད༔ སྐུ་ལྔ་ཡེ་ཤེས་མངོན་དུ་འགྱུར༔ སྐྱེ་བ་འདི་ལ་རྫོགས་སངས་རྒྱའོ༔ རིགས་ལྔ་ནང་ལྟར་སྒྲུབ་པ་ནི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཨྠིྀ༔ དགེའོ༔» ༔«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༥༽བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ།»- PAGE 74 -- PAGE 73 --PAGE 71-